མགུར་དབྱངས་ཀློང་ནས་བརྡོལ་བ་ཡ་རེ་མཚན་ཞེས་པའི་ལན་དུ་བླངས་པ།
ཡང་འགའ་རེས་ཁྱོད་ཀྱི་མགུར་དབྱངས་ཀློང་ནས་བརྡོལ་བ་རེར་གཞན་ལྟར་འབད་རྩོལ་མི་དགོས་པར་ནམ་འདོད་དུས་ཐོགས་པ་མེད་པར་འཐེན་ཆོག་པ་ཡ་མཚན་ཆེ་ཟེར་བའི་ལམ་དུ་ཡིད་ལ་ཤར་བ་ལྟར་དབྱངས་འདི་བླངས་སོ། །
དྲང་སྲོང་ཐང་དཀར་རྒོད་པོ་དེ། ། ཚང་གི་ནང་ནས་གཤོག་སྒྲོ་རྒྱས། ། གཡང་ས་ཆོད་དུས་ནམ་མཁར་འཕུར། ། ད་ལྟ་ནམ་འཕང་ཆེས་ཆེར་བསྟོད། ། མཚན་ལྡན་བླ་མའི་སློབ་བུ་ངས། ། བླ་མའི་དྲུང་ནས་ཐོས་བསམ་བྱས། ། སྒྲོ་འདོགས་ཆོད་དུས་རི་ཁྲོད་འགྲིམས། ། ད་ལྟ་བསྒོམ་ལ་ཆེས་ཆེར་བརྩོན། ། ལྷ་བྱ་ཡིད་འོང་གོང་མོ་ཡིས། ། གཡའ་སྤང་ཁྲོད་ནས་རྩྭ་ཆུ་བཙལ། ། ད་ལྟ་གངས་གཡའི་མཚམས་ན་བསྡད། ། ན་བུན་ཁྲོད་ན་སྐད་སྙན་བསྒྱུར། ། གངས་ཅན་བོད་ཡུལ་གླུ་བ་ངས། ། རོང་དང་འབྲོག་ནས་ལྟོ་གོས་བཙལ། ། ད་ལྟ་དབེན་པའི་རི་ན་བསྡད། ། བུ་སློབ་ཁྲོད་ན་གླུ་དབྱངས་ལེན། ། རྭ་བཅུ་རྒྱས་པའི་ཤ་བ་ཡིས། ། རི་བོའི་རྩེ་ནས་རྒྱང་སོ་བལྟས། ། ཤོད་དུ་འོངས་ནས་དཀྱུས་རྩེད་བྱས། ། སླར་ཡང་རྫ་རི་མཐོན་པོ་བསྙེགས། ། རིག་པ་རྒྱས་པའི་རྣལ་འབྱོར་ངས། ། རི་ཁྲོད་དབེན་པར་ཕན་སེམས་སྦྱངས། ། གྲོང་དུ་སོང་ནས་ཆོས་བཤད་བྱས། ། སླར་ཡང་དབེན་པའི་རི་ཁྲོད་བསྙེགས། །བཏུང་བ་འབབ་ཆུ་བསིལ་མ་དེ། ། འབད་ཅིང་རྩོལ་བ་མི་དགོས་པར། ། རྣལ་འབྱོར་མགྲིན་ལས་རང་རྡོལ་བྱུང༌། ། སུས་ཐོས་ཉོན་མོངས་གདུང་བ་སེལ། ། ཞེས་བླངས། །
རྩོམ་ཁུངས། ངེད་དྲ་བ།