《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་བདག་གི་ལོ་རྒྱུས་མཐའ་དཔྱོད།

                                    བཤད་བྱ་མདོར་བསྟན་པ།

སྤྱིར་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནི་སྔོན་རབས་ཀྱི་ལོ་རྒྱུས་གཙུག་ལག་བསྟན་བཅོས་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《དེབ་ཐེར་སྔོན་པོ་》དང་《རྦ་བཞེད་ཞབས་བཏགས་མ་》སོགས་ཀྱི་དགོངས་པ་ལ་མིང་ཚིག་གི་ཚོམས་ཀྱིས་ལྷད་བཏབ་པ་ཙམ་ལས། རྗེས་སུ་ འབྱུང་བ་ལ་ངེས་པར་དུ་གདེང་འཇོག་བྱ་དགོས་པའི་ལོ་རྒྱུས་ཀྱི་དོན་སྙིང་ ངམ་ལྟ་བ་གཞན་པ་གང་ཡང་མེད་ནའང་། འདི་ཉིད་ཐུན་མོང་གི་སྣང་ཚོད་དུ་གནའ་བོའི་ཤེས་རིག་གི་འགྱུར་བ་དང་སྤྱི་ཚོགས་ཀྱི་འགལ་བ་ཅི་རིགས་ལ་ངེས་ཤེས་འདྲེན་པར་ལོ་རྒྱུས་ཀྱི་གཞུང་ལུགས་དག་ལས་ཕྱི་མོའམ་མེ་ལོང་ལྟ་བུའི་གཙུག་ལག་ཅིག་ཏུ་ངོས་འཛིན་པས་ན། དེ་ལ་དགག་གཞག་རྩོད་སྤོང་གི་རིགས་ལམ་གྱིས་ལེགས་པར་བརྟག་ནས་བོད་ཀྱི་ལོ་རྒྱུས་ཀྱི་དེ་ཉིད་ལ་ངེས་ཤེས་རྣལ་མ་ཞིག་བསྐྱེད་རྒྱུ་ནི། ཡོད་ཚད་གཞན་དབང་དུ་གྱུར་བའམ་ཆབ་སྲིད་ཀྱི་དགོས་དབང་གིས་ལོ་རྒྱུས་ཀྱི་ངོ་བོ་ཉིད་ལ་རྫུན་བཟོས་ཀྱི་དྲི་མས་སྒྲིབ་བཞིན་པའི་དུས་འདིར། རང་ཉིད་ཀྱི་རིག་གནས་ཀྱིས་རང་ཉིད་འཕུང་བར་བཏང་བའི་མི་རིགས་འདི་ཉིད་ལ་དུས་རབས་ཀྱིས་བཀོ་བསྐལ་དུ་བཞག་པའི་ཐུན་མོང་གི་འགན་ཁུར་ཞིག་རང་རེད། དེ་བས་བདག་གིས་འདིར་ས་བཅད་མ་སྟོང་བར་རང་ཉིད་ཀྱི་ཤེས་བྱ་དང་རིགས་ལམ་གྱིས་ནུས་ཚོད་དུ་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལ་དོགས་སློང་གིས་བོད་ཀྱི་གནའ་རབས་རིག་གནས་ཀྱི་འགྱུར་བ་དང་རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་དེའི་སྐབས་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་བྱེ་བྲག་ཏུ་བཤད་པ་བཅས་ས་བཅད་གཉིས་སུ་བྱས་ནས་གླེང་ཡོད་ཅིང་། ལོ་ཚིགས་ཀྱི་ཐད་ནས་བོད་ཀྱི་ལོ་རྒྱུས་ལ་ངེས་ཤེས་འདྲེན་པར་བཀའ་དྲིན་གཞལ་མཐའ་བྲལ་བའི་སྔོན་བྱོན་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ནི་ནང་བསྟན་ཆོས་ལུགས་ཀྱི་སྡེ་ལས་གནས་བརྟན་སྡེ་བའི་རྩིས་ཀྱི་ལུགས་དབང་བཙན་པར་བྱས་ནས་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོ་སྟེ་སྤྱི་ལོ་སྔོན་གྱི་ལོ་544ནས་ལོ་རྩིས་ཀྱི་འགོ་འཛིན་པར་འདོད་པའི་ལུགས་དང་། བོན་པོ་རྣམས་ཀྱིས་ནི་སྟོན་པ་གཤེན་རབས་ཀྱི་འདས་ལོ་དབང་བཙན་པར་བྱས་ནས་སྤྱི་ལོ་སྔོན་གྱི་ལོ་1897ནས་ལོ་རྩིས་ཀྱི་འགོ་འཛིན་པའི་ལུགས་དང་། འཇིག་རྟེན་རྐྱང་བའི་ལོ་རྒྱུས་སྨྲ་བ་དག་གིས་ནི་གནའ་བོའི་བོད་བཙན་པོའི་རྒྱལ་རབས་དབུ་ཚུགས་པའི་ལོ་ཚིགས་དབང་བཙན་པར་བྱས་ནས་སྤྱི་ལོ་སྔོན་གྱི་ལོ127ནས་ལོ་རྩིས་ཀྱི་འགོ་འཛིན་པའི་ལུགས་དང་། ཇོ་ལོ་ཙྭ་བ་ཟླ་བའི་འོད་ཟེར་གྱིས་གཏན་ལ་ཕབ་པའི་རྩིས་སྲོལ་ལྟར་ལོ་རྒན་དྲུག་ཅུ་ལ་རབ་བྱུང་གཅིག་ཏུ་བརྩི་ལུགས་དབང་བཙན་པར་བྱས་ནས་སྤྱི་ལོ་1027ནས་ལོ་རྩིས་ཀྱི་འགོ་འཛིན་པའི་ལུགས་བཅས་འདོད་ཚུལ་མི་འདྲ་བ་བཞི་ཡོད་ཅིང་། ལོ་རྒྱུས་ཞེས་པ་ནི་རིག་གནས་ལོ་རྒྱུས་ཀྱི་འཕེལ་འགྲིབ་གཙོ་བོར་བསྟན་པའི་གཞུང་ལུགས་ཤིག་ཡིན་དགོས་པས། ས་ཆེན་པོའི་རྡུལ་དང་མཉམ་པའི་གསེར་གྱི་རི་བོ་བརྩིགས་ཀྱང་དྲིན་བཟོ་བྲལ་བའི་འགྲོ་མིའི་རིག་གནས་ཀྱི་ཡབ་ཆེན་དག་གི་དྲིན་དྲན་པ་དང་དཀའ་བ་རྗེས་སུ་དྲན་པའི་ཕྱིར་ཏུ། དེ་རྣམས་ཀྱི་འཁྲུངས་འདས་གང་རུང་ཞིག་མི་རིགས་ཤིག་གི་སྤྱི་རྩིས་སུ་གཏན་ལ་ཕབ་པར་གནོད་པ་ཆེར་མེད་ནའང་། རིག་གནས་ལོ་རྒྱུས་ནི་མི་རིགས་ཕན་ཚུན་འབྲེལ་འདྲེས་དང་རྒྱུས་ལོན་དང་དཔྱད་བསྡུར་བྱས་ནས་གྲུབ་པ་ཞིག་ཡིན་ཞིང་། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱང་མི་རིགས་གཞན་གྱི་རིག་གནས་ལོ་རྒྱུས་དང་འབྲེལ་བ་ཆེ་བ་དང་དེ་དག་དང་དཔྱད་བསྡུར་བྱས་ནས་གླེང་དགོས་པ་ཞིག་ཏུ་མཐོང་བས། འདིར་རྩོམ་པ་དང་ཀློག་པ་བདེ་ལེགས་འབྱུང་ཆེད་དུ་ཡོངས་གྲགས་སུ་སྟོན་པ་ཡེ་ཤུའི་འདས་ལོ་དབང་བཙན་པར་བྱེད་པའི་ལུགས་ཀྱི་རྗེས་སུ་འབྲང་ནས་གོང་འོག་གི་ལོ་ཚིགས་དག་དེ་བཞིན་དུ་གཏན་ལ་ཕབ་པར་བྱའོ།།

                                           བཤད་བྱ་རྒྱས་པར་བསྟན་པ།

                                          ས་བཅད་དང་པོ། གནའ་རབས་ཀྱི་ལོ་རྒྱུས་མཐའ་དཔྱོད།

དང་པོ། ལོ་རྒྱུས་ཀྱི་གོ་དོན་སྤྱིར་བསྟན་པ།

ལོ་རྒྱུས་ཞེས་པ་འདི་ལ་གོ་དོན་བྲལ་ཚུལ་མི་འདྲ་བ་གཉིས་ཡོད་ཅིང་། འགའ་ཞིག་གིས་ནི་གནའ་དུས་སུ་བཙན་པོ་དང་ཞང་བློན་ཆེ་བརྒྱུད་དང་མཛངས་མི་རྣམས་ཀྱི་མཛད་རིམ་གྱི་ལོ་ཚིགས་དག་རུས་པར་བསྐོས་ནས་སྐུད་པར་རྒྱུས་པས་ན་ལོ་རྒྱུས་དང་། ལ་ལས་ ནི་སྔར་འདས་ཀྱི་ལོ་ཚིགས་སོགས་ལ་རྒྱུས་མངའ་འདྲེན་པས་ན་ལོ་རྒྱུས་ཞེས་འགྲེལ་ཡོད། སྔ་མ་ལ་ཚིག་འགྲེལ་གྱི་གོ་དོན་ཚང་ནའང་དེ་ནི་སྔོན་རབས་པས་ནང་དོན་ལེན་ཚུལ་གྱི་གནད་ཚང་བའི་ཚོད་ཙམ་དུ་གདེང་འཇོག་བྱེད་དགོས་པའི་རིན་ཐང་ཉིད་དུ་ཟད། ཕྱི་མ་ལ་ལོ་རྒྱུས་ཞེས་པའི་ཚིག་འགྲེལ་གྱི་དོན་ཡོངས་སུ་ཚང་བས་བདེན་ཆོག་ཆོག་གི་སྣང་བ་འབྱུང་ནའང་། ངེས་པར་དུ་དོགས་པ་བྱེད་དགོས་པ་འདི་འདྲ་ཡོད་དེ། ལོ་རྒྱུས་ཀྱི་རིག་གཞུང་དེ་ནི་སྔར་འདས་ཀྱི་ལོ་ཚུགས་ཙམ་ལ་ངེས་ཤེས་འདྲེན་པའི་རིགས་པར་གོ་ན་ ལོ་རྒྱུས་རིག་པ་འབྱུང་བའི་དགོས་པ་ཆེར་མ་མཐོང་ཞིང་། ལོ་རྒྱུས་རིག་པའི་བརྗོད་བྱ་གཙོ་བོ་ནི་སྔོན་སོང་གི་ཤེས་རིག་གི་འཕེལ་འགྲིབ་དང་དེའི་རྒྱུ་རྐྱེན། རྗེ་འབངས་བར་གྱི་འགལ་བ་དང་དེའི་འབྱུང་རྐྱེན་དག་གི་བཟང་ངན་གང་ཡོད་ལ་དགག་གཞག་བྱེད་པ་དེ་ཡིན་ཅིང་། མི་རིགས་སམ་ཤེས་རིག་གང་དེའི་མ་འོངས་པར་ལམ་སྟོན་གྱི་སྒྲོན་མེ་བྱེད་པ་དེ་ནི་ལོ་རྒྱུས་རིག་པའི་ཐུན་མོང་མ་ཡིན་པའི་བཀོ་བསྐལ་དུ་བབ་པའི་ལས་འགན་ཉིད་ཡིན། དེ་བས་ལོ་རྒྱུས་རིག་པ་ནི་སྔོན་སོང་གི་ཤེས་རིག་གི་འཕེལ་གྲིབ་དང་རྗེ་འབངས་ཀྱི་འགལ་བ་སོགས་ལ་ངེས་ཤེས་འདྲེན་བྱེད་ཅིག་ཡིན་པར་མ་ཟད། ཤེས་རིག་ཡོད་ཚད་ཀྱི་བཟང་ངན་ཤ་འབྱེད་པའི་རིག་པ་ཞིག་དང་། སྤྱི་ཚོགས་ཤིག་གི་མ་འོངས་པའི་ལམ་ལུགས་ལ་ལམ་སྟོན་བྱེད་པའི་སྒྲོན་མེའི་དོད་བྱེད་པའི་རིག་པ་ཞིག་ཀྱང་ཡིན། དེ་བས་མི་རིགས་ཤིག་ལ་མ་འོངས་པར་ལེགས་ཉེས་ཅི་འབྱུང་ནི་ལོ་རྒྱུས་འཕེལ་འགྱུར་ལ་རག་ལས་ཤིང་། ལོ་རྒྱུས་འཕེལ་འགྱུར་དེ་ཡང་རིག་གནས་གསར་བ་འབྱུང་བའི་རྒྱུ་རྐྱེན་ལ་བརྟེན་ཡོད་པ་དང་། རིག་གནས་གསར་བ་མ་འབྱུང་ན་ལོ་རྒྱུས་ལ་འགྱུར་བ་མི་འགྲོ་བ་བཅས་ནི་ཕན་ཚུན་རྗེས་སུ་འགྲོ་ལྡོག་གི་ཆོས་ཉིད་ཅིག་རེད། དེ་བས་མི་རིགས་གང་ཞིག་གི་ལོ་རྒྱུས་ལ་འགྱུར་བ་མི་འགྲོ་བ་ནི་མི་རིགས་གང་དེ་ནུབ་པའི་སྔ་ལྟས་ཡིན་པས། མི་རིགས་གང་ཞིག་གི་ཁ་རྗེ་དབང་ཐང་གཞན་དབང་དུ་གྱུར་རྗེས་སུ་དེའི་རྒྱུ་རྐྱེན་ཡོད་ཚད་རང་ཉིད་དང་རང་ཉིད་ཀྱི་རིག་གནས་མ་གཏོགས་ཁག་འགེལ་ས་གཞན་དུ་མེད། དེའི་ཕྱིར། རིག་གནས་གསར་གཏོད་ནི་ལོ་རྒྱུས་ཀྱིས་དུས་རབས་རེ་རེའི་ནང་དུ་འགྲེང་བའི་སྐྱེས་བུ་རྣམས་ལ་བཏོན་པའི་རེ་བ་ཡིན་ཞིང་། དེའི་ཕྱིར། ལོ་རྒྱུས་མ་ཤེས་པར་ཤེས་རིག་གང་ཞིག་སྦྱངས་ཀྱང་གནད་དུ་མི་འགྲོ་ཞིང་། ལོ་རྒྱུས་ལ་བྱང་ཆ་མེད་པར་མི་རིགས་རིང་ལུགས་ཀྱི་ལངས་ཕྱོགས་འཛིན་མི་ཐུབ་པ་ཡིན། གཞན་ཡང་ཤེས་རིག་ཡོད་ཚད་དང་དེའི་འཕེལ་འགྲིབ་གང་ཡོད་མིས་བཟོས་ནས་ཡོང་སྟབས། ལོ་རྒྱུས་རིག་པའི་གཞུང་ལུགས་སུ་གནའ་བོའི་སྐྱེས་ཆེན་དག་གི་མཚན་ཐོ་དང་འཁྲུངས་འདས་ཀྱི་ལོ་ཚིགས་དག་ནི་རང་ཤུགས་སུ་འབྱུང་སྲིད་པའི་ཆོས་ཉིད་ཅིག་རེད། འོན་ཀྱང་།གོང་དུ་སོང་ཟིན་པའི་ངོས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་དེ་ཁྱེར་ནས་ལོ་རྒྱུས་རིག་པའི་གཞུང་ལུགས་ཤིག་རྩོམ་པ་ནི་སྔར་གྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་བསམ་བློར་མ་གྲུབ་པས་ལས་སླ་མོའི་སྒོ་ནས་བསྒྲུབ་ཐུབ་པ་ཞིག་མ་རེད།

གཉིས་པ། གནའ་བོའི་བྲན་གཡོག་རྒྱལ་ཕྲན་སྐབས་ཀྱི་མཐའ་དཔྱོད།

སྤྱིར་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལ་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་ནའང་། དེ་དག་ནི་གནའ་བོའི་རྒྱལ་ཕྲན་དང་རུས་རྒྱུད་སྐབས་ནས་བཟུང་ཕ་ཤུལ་བུས་འཛིན་གྱི་སྲིད་དབང་གི་བྱེད་པ་ལ་བརྟེན་ནས་སྔ་ཕྱི་ལུ་གུ་བརྒྱུད་དུ་བྱུང་བའི་ངག་ཐོག་གི་ ལོ་རྒྱུས་གཤའ་མ་དག་ལ་རྗེས་སུ་ཆོས་ལུགས་དར་སྤེལ་གྱི་གོ་ཐོབ་ལ་དམིགས་ནས་ལྷ་སྒྲུང་གིས་སླད་བྱུང་རྒྱལ་དུ་བཏབ་ཡོད་ནའང་། དེ་དག་ནི་རྩ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་བཟོ་བཅོས་བྱས་པའི་སྐྱོན་ཙམ་དུ་ཟད་པས་ངེས་པར་དུ་བརྟག་དཔྱད་ཀྱི་ཡུལ་དུ་འཇོག་དགོས་པའི་རིན་ཐང་ཞིག་ཡོད་ཆོག་པ་ཡིན། གཞན་དུ་དེབ་ཐེར་འདིའི་བརྗོད་བྱ་མང་ཆེ་བ་ནི་སྔོན་བྱོན་གྱི་གྲུབ་མཐའ་གཞན་པའི་མཁས་པ་རྣམས་ཀྱི་གསུང་སྒྲོས་ཀྱི་སླད་ཞུགས་པ་མང་སྟེ། དཔེར་ན།འཇིག་རྟེན་ཆགས་རིམ་བཤད་པའི་སྐབས་སུ་“ཁམས་ཀྱི་དྭངས་མ་གཉིས་ལྷན་གཅིག་ཏུ་ལྷུང་བ་ལས་སྒོ་ང་གཉིས་སུ་གྱུར་པ་ཉི་འོད་ཀྱིས་བསྐྱངས་ཤིང་ཁྱེའུ་གཉིས་བུ་རམ་གྱི་ཤིང་གསེབ་ཏུ་ ཞུགས་པས་མིང་དེ་ལྟར་དུ་གྲགས་ལ་”ཞེས་གསུངས་ཡོད་ཅིང་། སྐབས་འདིར་ཁམས་ཀྱི་དྭངས་མ་གཉིས་ནི་གང་ལ་དངོས་འཛིན་དགོས་པ་གསལ་ཁ་མེད་ནའང་། སྤྱིར་ཁམས་ཞེས་པ་ནི་མཐའ་དང་གནས་དང་སེམས་ཀྱི་འགྱུར་བ་བཅས་མང་དག་ཅིག་ལ་གོ་བ་ལེན་ཆོག་ཀྱང་། སྐབས་འདིར་ཁམས་ཞེས་པ་ནི་ཁམས་བཞིའམ་ཁམས་ལྔ་རུ་གྲགས་པ་དེ་ས་ཆུ་མེ་རླུང་དང་ནམ་མཁའ་དང་བཅས་པར་དངོས་འཛིན་དགོས་པ་ཡིན། ཁམས་དེ་དག་གི་བྱེད་པ་ལ་བརྟེན་ནས་སྒོ་ང་བྱུང་བ་ལས་རིགས་དྲུག་དང་འགྲོ་མི་འབྱུང་བའི་ ལུགས་ནི་བོན་གྱི་གཞུང་ལུགས་ཀྱི་བཤད་ཚུལ་ཞིག་ཡིན་ཏེ། གོང་གི་ལུང་ཚིག་འདི་དང་བོན་གྱི་གཞུང་ལུགས་《སྲིད་པའི་མཛོད་ཕུག་གི་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་》ལས་“རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད་ཅེས་པ། རླུང་མེ་ཆུ་ས་འབྱུང་ལྔའི་བཅུད་ལས། འོད་སྒོང་དང་མུན་སྒོང་གཉིས་སུ་བྱུང་སྟེ། དེ་ཡང་རྒྱུ་ལྔ་དྭངས་མའི་བཅུད་”ཅེས་གསུངས་པ་དང་ལྟ་བ་འམ་ཚིག་སྒྲོག་སོགས་གང་ཐད་ནས་ཀྱང་ཤིན་ཏུ་ཆ་འདྲ་བའི་སྣང་བ་སེམས་དང་ལྡན་པ་སུ་ལའང་འབྱུང་སྲིད་པ་ཡིན་པས། མ་བརྟག་མ་དཔྱད་པར་སྔོན་རབས་ཀྱི་གཞུང་ཚིག་རང་ཉིད་ཀྱི་ལྟ་བ་ཡན་གར་བ་དེ་དང་ཉོག་བསྲེས་བྱས་པ་ཙམ་ལས་གཞན་གྱི་དགོས་པ་གང་ཡང་མ་མཐོང་ལགས།ད་ནི་སྐབས་སུ་བབ་པའི་བཤད་བྱ་དངོས་ལ་འཇུག་པར་བྱ་སྟེ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“སོ་ནམ་གྱི་བྱ་བ་ལ་བརྩམས་པས། ཕན་ཚུན་དུ་རྩོད་པ་དང་མཚང་འབྲུ་བ་བྱུང་བ་རྣམས་ལ་དྲང་པོའི་ཐིག་གིས་གཅོད་པའི་ཞལ་ལྕེ་བར། ཀུན་གྱིས་བཀུར་ཞིང་འདུད་པ་ལས། མང་པོས་བཀུར་པའི་རྒྱལ་པོ་ལ་སྔ་བར་གྲགས་ཤིང་། དེ་ནས་རིམ་བཞིན་འོད་མཛེས། དགེ་བ། དགེ་མཆོག གསོ་སྦྱོང་འཕགས་ཏེ་སྔོན་གྱི་རྒྱལ་པོ་སྡེ་ལྔར་བརྗོད་ལ།…འདི་ལྔ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔར་གྲགས་ཤིང་། ཕྱི་མ་བཞིས་ནི་གླིང་བཞི་ནས་གཅིག་གི་བར་ལ་དབང་སྒྱུར་བས། གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ ནོ།།” འདིར་གསེར་དངུལ་ཟངས་ལྕགས་ཞེས་པ་ནི་རྒྱལ་པོ་དེ་དག་གི་དབང་དང་འབྱོར་བའི་མཐོ་དམན་ལ་གོ་དགོས་པ་འདྲ།ཡང་ཕན་ཚུན་དུ་རྩོད་པ་ཞེས་པ་ནི་སོ་ནམ་གྱི་དབུལ་ཕྱུག་གི་དབང་གིས་རུས་རྒྱུད་ཚོ་བ་ཕན་ཚུན་བར་དུ་དམག་འཁྲུག་བྱུང་བའི་དོན་སྟོན་པ་ཡིན་ཞིང་། མཚང་འབྲུ་བ་ཞེས་པ་ནི་རུས་རྒྱུད་ཚོ་བ་ནང་ཁུལ་གྱི་འགལ་བ་སྟོན་པ་ཡིན། དྲང་པོའི་ཐིག་གིས་གཅོད་པའི་ཞལ་ལྕེ་ཞེས་པས་ཡི་གེ་མ་བྱུང་གོང་གི་དུས་སྟོན་པ་ཡིན་ཞིང་། ཀུན་གྱིས་བཀུར་ཞིང་འདུད་པ་ལས། མང་པོས་བཀུར་པའི་རྒྱལ་པོ་ལ་སྔ་བར་གྲགས་ཞེས་པས་རུས་རྒྱུད་ཚོ་བའི་མི་རྣམས་ཀྱིས་རྒྱུ་འབྱོར་ལ་དོ་དམ་དང་འཁྲུག་པ་ལ་དཔུང་སྣེ་འདྲེན་པའི་རྗེ་བོ་ཞིག་གྲོས་བསྡུར་གྱི་ལམ་ལུགས་ཀྱིས་འདེམས་བསྐོས་བྱེད་པའི་རིག་གནས་གསར་བ་ཞིག་དང་ལེན་བྱས་པའི་ལོ་རྒྱུས་སྟོན་པ་ཡིན། དེ་ནི་གདོད་མའི་སྐབས་ཀྱི་མོ་རྒྱུད་ཁ་དབང་བཙན་པའི་དུས་རིམ་མམ་རུས་རྒྱུད་ཚོ་བའི་དུས་རིམ་འདས་ནས་བྲན་གཡོག་རྒྱལ་ཕྲན་འབྱུང་བའི་ལོ་རྒྱུས་ཤིག་རང་རེད། དེ་དག་གི་གནས་ཚུལ་ནི་སྤྱི་ལོ་མ་ཚེས་གོང་ལོ་2500ཡས་མས་ཀྱི་ལོ་རྒྱུས་ཤིག་ཏུ་སྣང་ནའང་མཐའ་གཅིག་ཏུ་ནི་ཁ་ཚོད་གཅོད་དཀའ་བ་ཞིག་རེད། ཡང་དེ་ཉིད་ལས་“རྒྱལ་པོ་འདི་དག་ནས་རིམ་པར་བརྒྱུད་དེ་ཟས་གཙང་ཡན་ཆོད་དུ་ལོ་གྲངས་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་བྱུང་བར་གྲགས་ལ་”ཞེས་གསུངས་ཡོད་ནའང་། སྔོན་དུས་ཀྱི་མཁས་པ་རྣམས་ཀྱིས་ནི་རང་ཉིད་ཀྱི་གསུང་རབས་ཀྱི་ཚིག་གི་ཕྲེང་བ་ལ་ཉམས་བཏོད་ཆེད་དུ་“ཟླ་གཞོན་ལན་བརྒྱར་བཞུས་པའི་ཁུ་བ་”ཞེས་པ་དང་། “ཀློང་དགུ་”ཞེས་པ་དང་། “འཇིག་རྟེན་འགྲོ་བའི་མགོན་པོའི་ཞབས་དྲུང་དུ་ལན་བརྒྱར་ཞུས་”ཞེས་པ་སོགས་རྣམས་གྲངས་མཐའ་ཡས་པའི་དོན་སྟོན་པར་མཐོང་ནའང་གནད་ལ་ངེས་པ་མ་མཐོང་བས། འདིར་ཡང་ལོ་གྲངས་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་འདས་པར་གསུངས་པ་ཡང་ཚིག་ཉམས་སྟོན་པའི་ཕྱིར་དུ་ཡིན་ལས་ཆེ་སྟེ། དེ་ལྟ་མིན་ན་མིའི་རིགས་ཀྱི་ལོ་རྒྱུས་ལས་བྲན་གཡོག་རྒྱལ་ཕྲན་འབྱུང་བ་སྔ་དྲགས་པའི་སྐྱོན་འབྱུང་བའི་ཕྱིར།ཞལ་ལ་ནང་བའི་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་རག་ཙམ་ཞིག་བརྗོད་འདུག་ཀྱང་། འདི་སྐོར་ལ་མཐའ་དཔྱོད་གཏོང་བར་བོད་ཀྱི་ཤེས་རིག་འཕེལ་རྒྱལ་དང་མ་འོངས་པའི་ལམ་ཀར་འབྲེལ་བ་ཅུང་ཙམ་ཡང་མེད་པས། གླེང་བའི་ངལ་བ་དང་དུ་མ་བླངས།

གསུམ་པ། འགྲོ་མིའི་བྱུང་ཚུལ་སྐོར་གྱི་ལོ་རྒྱུས་མཐའ་དཔྱོད།

དེ་ཡང་འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ་》ལས་ “བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིག་པའི་གནོད་པ་མེད།”ཅེས་གསུངས་པ་འཐད་ལྡན་གྱི་ལེགས་བཤད་དུ་མཐོང་སྟེ། དེ་ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“འཕགས་པའི་ཐུགས་རྗེས་རིགས་བསྒྱུར་བའི་སྤྲེའུ་ཞིག་དང་། འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱིས་རི་དྭགས་གཟུགས་བརྙན་བློའི་ཟླ་གཞོན་དྭངས་མའི་ངོས་སུ་ཤར་བའི་བྲག་སྲིན་མོ་གཉིས་ཚོགས་པ་ལས་རིགས་དྲུག་ནས་ཚེ་འཕོས་པའི་སྤྱོད་ཚུལ་མི་འདྲ་བའི་ཕྲུག་གུ་དྲུག་བྱུང་བ་ཡང་། ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་ཁོག་གྲིམས་པ། མ་རིགས་རྣམས་གདོང་དམར་སྡིག་ལས་ལ་རྔམས་ཤིང་རོ་གྱོང་བ་བྱུང་བ་དེ་དག་ལས་རིམ་པར་འཕེལ་བས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། རུས་ཆེན་བཞི་ལས་གྱེས་པའི་ཁམས་”ཞེས་གསུངས་སོ།། གོང་དུ་སོང་ཟིན་པ་ལྟར་སྔོན་རབས་པ་རྣམས་ཀྱིས་བརྩམས་པའི་ཆོས་འབྱུང་དག་ལ་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་ནའང་། དེ་ཡང་གདོད་མའི་དུས་ཀྱི་ཕ་ཤུལ་བུས་འཛིན་ནམ་རུས་རྒྱུད་འཚོ་བའི་བྱེད་པ་ལ་བརྟེན་ནས་ངག་ཐོག་གི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་རྗེས་སུ་ཆོས་ལུགས་དར་སྤྲེལ་གྱི་དགོས་དབང་ལ་དམིགས་ནས་ལྷ་སྒྲུང་གི་བསླད་བཏབ་པ་ཡིན་པས། དེ་ལའང་རྩ་བའི་ལོ་རྒྱུས་ཆོས་ཉིད་ཀྱི་ངོ་བོ་ཡོད་སྲིད་པའི་ཆ་ནས་འདིར་བསྟན་པའི་ཆོས་འབྱུང་གི་ལུང་དུམ་ལ་ཡང་མཐའ་དཔྱོད་ཀྱི་ཡུལ་དུ་འཛིན་པའི་རིན་ཐང་ཡོད་ཆོག་པ་ཡིན། འདིར་འཕགས་པ་དང་འཕགས་མ་སྒྲོལ་མ་གཉིས་ཀྱིས་རིགས་བསྒྱུར་བའམ་སྤྲུལ་བ་ཞེས་པ་ནི་ལྷ་སྒྲུང་གི་རྣམ་པ་ཡིན་པས་འདོར་དགོས་པ་ཡིན་ནའང་། དེ་ལས་མིའི་རིགས་ཀྱི་མཆེད་ཁུངས་ནི་བྲག་སྲིན་གྱི་རིགས་དང་སྤྲེལ་རིགས་གཉིས་ཡིན་པར་བསྟན་པའི་གསུངས་ནི་བསྟན་བྱ་དངོས་དང་མཐུན་པའི་ལུགས་སུ་མཐོང་དགོས་པ་ཡིན། ཡང་བྲག་སྲིན་མོ་དང་སྤྲེའུ་གཉིས་ལས་ཕོ་གསུམ་མོ་གསུམ་བྱུང་བ་ལས་བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་དྲུག་ཏུ་བྱུང་བར་བསྟན་པའོ།། དེ་དང་མཐུན་པ་ཞིག་ནི་བོན་གཞུང་《སྤྱི་སྤུངས་》ལས་“སྟོན་པ་ཀུན་ཏུ་བཟང་བོ་དང་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་གཉིས་འགྲོ་བ་བརྟེན་གནས་མེད་པ་རྣམས་། ཐུགས་རྗེས་བཟུང་བའི་ཕྱིར། སྲིད་པ་རྣམ་པར་འཕྲུལ་བའི་ཏིང་ངེ་འཛིན་ལ་བཞེངས་ནས། ཐབས་དང་ཤེས་རབ་སྙོམ་འཇུག་གིས། དགོངས་པ་ལ་བཞུགས་ཏེ། …བསམ་དང་དྲན་གཉིས་རྒྱ་མཚོ་གླིང་དགུར་སྤྲུལ་བ་ལས། ཕྱི་མོ་གནམ་ཕྱི་གུང་རྒྱལ་ཞེས་བྱུང་། ཤེས་དང་རིག་གིས། ཁ་ལེ་སྟོང་འབྱམ་གྱི་བག་ལས་སྤྲུལ་བ་ལས། རིན་པོ་ཆེའི་སྒོ་ང་གཅིག་ཏུ་སྲིད། དེ་རང་གིས་རང་བརྡོལ་བའི་ནང་དུ། སངས་པོ་འབུམ་ཁྲི་ཞེས་བྱ་བྱུང་། ”ཞེས་དང་། 《སྲིད་པའི་མཛོད་ཕུག་》ལས་“ཆུ་ལྕགས་རྒྱལ་མོ་(ཕྱི་མོ་གནམ་ཕྱི་གུང་རྒྱལ།)དང་ཡབ་སངས་པོ་འབུམ་ཁྲི་བཤོས་པ་ལས་མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས་ཞེས་དང་། སྲིད་རྗེ་དྲང་དཀར་སོགས་མིང་པོ་དགུ་རྣམས་སྲིད་པའི་ལྕམ་མོ་མི་འདྲ་བ་དགུ་དང་བཆོས་པ་ལས་སྲས་ཀྱི་རྣམ་གྲངས་དུ་མ་ཞིག་བྱུང་ཡོད། ”ཅེས་གསུངས་ཤིང་། སྐབས་འདིར་བཤོས་ཞེས་པ་ནི་ལུས་འབྲེལ་གྱི་དོན་ཡིན། དེ་དག་གི་རྒྱུད་རིམ་པར་འཕེལ་ནས་བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་དྲུག་ཏུ་གྱེས་པར་བརྗོད་དོ།། བཤད་ཚུལ་སྔ་མ་ནི་ནང་བསྟན་ཆོས་འབྱུང་དུ་གྲགས་པའི་ལུགས་ཡིན་ཞིང་། ཕྱི་མ་ནི་བོན་གྱི་ཆོས་འབྱུང་གཙུག་ལག་ཏུ་གྲགས་པའི་བཤད་ཚུལ་ཡིན། དེ་གཉིས་ལ་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་ནའང་བོད་ཀྱི་རྩ་བའི་མི་བརྒྱུད་གང་ལས་མཆེད་པའི་ཆོས་ཉིད་གསལ་བོར་སྟོན་པར་ལུགས་གཉིས་ཞལ་མཐུན་ཅིང་། དེ་གཉིས་ནི་བོད་ཀྱི་གདོད་མའི་དུས་ཀྱི་མི་རྒྱུས་ལ་ངེས་ཤེས་འདྲེན་བྱེད་ཀྱི་གཙུག་ལག་འགང་ཆེན་ཞིག་ཏུ་སྣང་། མི་རིགས་ཤིག་རྒྱུད་གང་ལས་མཆེད་པའི་ལོ་རྒྱུས་ལ་དོགས་ཞིབ་བྱེད་དགོས་ན་མི་རིགས་གང་དེའི་གདོད་མའི་ལྷ་སྒྲུང་དང་གནའ་རབས་ཀྱི་གཙུག་ལག་བསྟན་བཅོས་གང་རུང་དུ་ཇི་ལྟར་གསུངས་པ་དེ་ལྟར་དུ་ཐག་བཅོད་པ་ལས། ཆབ་དཔལ་རིག་གསུམ་གྱིས་དུས་ཡུན་ངེས་ཅན་ཞིག་ལ་དབང་བསྒྱུར་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་མི་རིགས་ཕན་ཚུན་གཅིག་འོག་གཅིག་ལ་བསྡུ་བ་ནི་གཏན་ཚིགས་ཀྱིས་འགྲེལ་བཤད་ཐུབ་པ་ཞིག་མ་རེད། གཞན་ཡང་བོད་མི་ནི་སྤྲེལ་དང་བྲག་སྲིན་ལས་མཆེད་པར་བཤད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་དེ་ལྷ་སྒྲུང་གི་རྣམ་པར་བཟོས་པའི་གཏམ་རྒྱུད་དེ་ཡང་སྤྱི་ལོ་མ་ཚུགས་གོང་གི་རྒྱ་གར་དང་བོད་ཀྱི་བྲན་གཡོག་རྒྱལ་ཕྲན་གང་རུང་དུ་བྱུང་བའི་ལོ་རྒྱུས་ཤིག་ལ་གཞི་བཅོས་ནས་བརྩམས་པར་སྣང་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་དེས།། བོད་ཡུལ་ཡི་དྭགས་དུད་འགྲོའི་འགྲོ་བ་ཀུན།། མི་ལུས་ཐོབ་ཏུ་རུང་བའི་དུས་གཟིགས་ནས།། པོ་ཊ་ལ་ཡི་རི་ལ་གནས་པ་ཡི།། སྤྲེའུ་ཞིག་སྤྲུལ་ཡོངས་རྫོགས་དགེ་བསྙེན་བྱིན།།”ཞེས་དང་། “ལྷ་མོ་སྒྲོལ་མས་སྤྲུལ་པ་བྱས་པ་ཡི།། བྲག་སྲིན་མོ་ཞིག་དེར་འོངས་ཆགས་པའི་བརྡ།། ཉིན་ཞག་འགའ་བྱས་སྤྲེའུའི་སེམས་གཡོས།།”ཞེས་དང་། “སྤྲེའུ་སྙིང་རྗེས་བྲལན་གྱུར་ཅི་བྱས་སྙམ།། སྐད་ཅིག་ཙམ་གྱིས་པོ་ཊ་ལ་རུ་སོང་།།…འཕགས་པའི་ཞལ་ནས་དེ་ཡི་ཁྱིམ་ཐབ་གྱིས།། ཁྱོད་ཀྱི་གཞན་དོན་རླངས་ཆེན་འགྱུར་རོ་གསུང་།།”ཞེས་དང་། “སྤྲུལ་བའི་སྤྲེལ་བྲག་སྲིན་འདུས་པ་ལས།། རིས་དྲུག་ནས་འཕོས་སྤྲེའུ་ཕྲུག་དྲུག་ཞིག་བྱུང་།…ལོ་འགའ་ལོན་ནས་བལྟ་རུ་ཕྱིན་པའི་ཚེ།། དེ་ལས་མི་མིན་སྤྲེའུ་མིན་བཞི་བརྒྱར་འཕེལ།། ཤིང་ཐོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད།། ཡི་དྭགས་ལྟ་བུ་སྙིང་རྗེའི་གནས་སུ་མཐོང་།། རང་གིས་གསོས་པས་མ་སོས་རབ་ཏུ་ངལ།། རྫུ་འཕྲུལ་མཐུ་ཡིས་པོ་ཊ་ལ་རུ་སོང་།། འཕགས་པའི་དྲུང་དུ་ཐལ་སྦྱར་གསོལ་བཏབ་པ།། ཀྱེ་མ་ཁྱིམ་ཐབ་འཁོར་བའི་བཙོན་ར་་དང་།། བུད་མེད་བདུད་ཀྱི་ཕོ་ཉར་མ་ཤེས་ལ།། འདོད་པ་དུག་གི་ལོ་མར་མ་རཏོགས་པས།། བུ་ཚ་འཁོར་བའི་འདམ་དུ་བདག་ཚུད་དོ།།…བྱམས་མགོན་བདག་ལ་སྐྱོབ་པར་མཛོད་ཅེས་གསོལ།། སྤྱན་རས་གཟིགས་དབང་ཞལ་ནས་རིགས་ཀྱི་བུ།། སྡུག་བསྔལ་མི་དགོས་ཁྱོད་ཀྱི་སྤྱོད་པ་ལེགས།། ཁྱོད་ཀྱི་རིགས་བརྒྱུད་དེ་རྣམས་མིར་གྱུར་ནས།། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར།། དེ་ཀུན་ང་ཡིས་ཆོས་དང་ཟང་ཟིང་གིས།། ཀུན་ནས་སྐྱོང་ཞེས་བཞེངས་ཏེ་བོད་ཡུལ་གཟིགས་།། རི་རབ་ཟོམ་ནས་འབྲུ་སྣ་ལྔ་བླངས་ཏེ།། བོད་དུ་གཏོར་བས་མ་རྨོས་ལོ་ཏོག་བྱས།།། རིན་ཆེན་སྣ་ལྔ་ཕྱག་གིས་བཅུས་ནས་གཏོར།། སྨོན་ལམ་མཛད་པས་མ་འོངས་སྐབས་སྐབས་སུ།། རིན་ཆེན་གཏེར་ཀུན་ས་ལས་རིམ་གྱིས་འབྱུང་།། བྱང་ཆུབ་སེམས་དཔས་རང་གི་རིགས་རྒྱུད་རྣམས་།། ཁྲིད་དེ་མ་རྨོས་པ་ཡི་ལོ་ཏོག་བསྟན།།”ཞེས་པ་འདིར་སྤྱན་རས་གཟིགས་ཞེས་པ་དང་འཕགས་མ་སྒྲོལ་མ་ཞེས་དང་། སངས་རྒྱས་བསྟན་པ་ཞེས་པ་སོགས་ནི་གནའ་བོའི་ལོ་རྒྱུས་ཀྱི་ངོ་བོ་ཉིད་ལ་རྗེས་སུ་སྟེ་ནང་བསྟན་སྔ་དར་རམ་ནང་བསྟན་བར་དར་གང་རུང་ལ་ནང་བསྟན་གྱི་ཆོས་འབྱུང་རྩོམ་མཁན་རྣམས་ཀྱིས་སྔར་གྱི་ལོ་རྒྱུས་གཙུག་ལག་ལ་བཟོས་བཅོས་སམ་ཚིག་སྣོན་གནང་བ་ཡིན་ངེས་པས་འདོར་བྱ་ཡིན། གཞན་དུ་འདིར་བསྟན་དོན་ལ་འཕགས་པ་སྤྱན་རས་གཟིགས་ཞེས་པས་རྗེ་བོ་སྟོན་པ་དང་། དགེ་སྙེན་གྱི་སྤྲེའུ་ཞེས་པས་རྗེ་བོ་གང་དེའི་མངའ་ལ་གཏོགས་པའི་བློན་པོ་ཞིག་སྟོན་པ་དང་། པོ་ཊ་ལ་ཞེས་པས་རྗེ་བོ་གང་དེའི་གནས་སམ་ཕོ་བྲང་སྟོན་པ་དང་། མི་མིན་སྤྲེའུ་མིན་བཞི་བརྒྱ་ཞེས་པས་བློན་པོ་གང་དེའི་མངའ་འབངས་སྟོན་པ་དང་། ཤིང་ཐོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད་ཅེས་གསུངས་པ་ལས་ཤིང་ཐོག་ནི་འབྲུ་རིགས་ལ་གོ་དགོས་ཤིང་། བཀྲེས་པས་འཐབ་ཅིང་རྩོད་ཅེས་པ་ནི་རུས་རྒྱུད་རྒྱལ་ཕྲན་གཅིག་གི་ནང་ཁུལ་གྱི་རྒྱུ་འབྱོར་འཕྲོག་རྩོད་ཀྱི་འཁྲུག་པར་གོ་དགོས་པ་ཡིན། རང་གིས་གསོས་པས་མ་སོས་རབ་ཏུ་ངལ།། ཞེས་པ་ནས། ཀུན་ནས་སྐྱོང་ཞེས་བཞེངས་ཏེ་བོད་ཡུལ་གཟིགས་།། ཞེས་པའི་བར་དུ་རྗེ་བོ་གང་དེ་དང་བློན་པོ་གང་དེའི་བར་གྱི་མངའ་རིས་ཀྱི་འབྲེལ་བ་དང་རྒྱུ་འབྱོར་གྱི་འབྲེལ་བ་སོགས་སྟོན་ཅིང་། རི་རབ་ཟོམ་ནས་ཞེས་པས་རྗེ་བོ་གང་དེའི་རྒྱུ་ནོར་གྱི་མཛོད་ཁང་སྟོན་པ་ཡིན། བླངས་པ་ནི་གནང་བའི་དོན་ཡིན། འབྲུ་སྣ་ལྔ་དང་རིན་ཆེན་སྣ་ལྔ་ཞེས་པ་ལས་རྗེ་བློན་འབངས་གསུམ་གྱི་དངོས་བྱུང་ལོ་རྒྱུས་ཤིག་དང་རིགས་འགྲེལ་ནས་བསྟན་པའི་ལོ་རྒྱུས་དང་ལྷ་སྒྲུང་ངོ་བོ་གཅིག་ཏུ་འདྲེས་པའི་གཏམ་རྒྱུད་དེ་ནི། རུས་རྒྱུད་ཚོ་བའི་དུས་རིམ་འདས་ནས་བྲན་གཡོག་རྒྱལ་ཁབ་ཚུགས་ནས་ཡུན་རིང་འགོར་བའི་དུས་སུ་བྱུང་བའམ། སྤྱི་ལོ་ཚུགས་རྗེས་ཏེ་མིའི་རིགས་ཀྱིས་གསེར་དངུལ་ཟངས་ལྕགས་ཀྱི་རིན་ཐང་ལ་ངེས་ཤེས་ཐོབ་པའི་རྗེས་སུ་བྱུང་བར་མཐོང་ཐུབ་པ་ཡིན། ཆོས་མཁས་དགའ་ལས་བསྟན་པའི་འཕགས་པ་སྤྱན་རས་གཟིགས་དབང་དང་དེས་རིགས་བསྒྱུར་བའི་སྤྲེའུ་གཉིས་ཀྱི་འབྲེལ་བ་དེ་དག་རྗེ་བློན་བར་གྱི་དངོས་བྱུང་གཏམ་རྒྱུད་ཅིག་དང་སྦྱར་ན་འབྱོར་བདེ་བས་དེ་ལྟར་དུ་དོགས་པ་ཡིན། 《ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་》ལུང་ཚིག་དེ་ཡང་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཀྱི་བཤད་ཇི་མ་ཇི་བཞིན་དུ་སྣང་ཞིང་། དཔའ་བོ་གཙུག་ལག་ཕྲེང་བ་དང་ཉང་ཉི་མ་འོད་ཟེར་རྣམ་གཉིས་ཀྱི་བར་དུ་དུས་རབས་གསུམ་ལྷག་གི་བར་རྒྱུགས་པས། དཔའ་བོ་གཙུག་ལག་ཕྲེང་བས་སྔོན་རབས་ཀྱི་ལོ་རྒྱུས་བསྟན་བཅོས་ལ་ལད་ཟློས་བྱས་པར་མཐོང་། འདི་ཡང་གནའ་རབས་ཀྱི་ལོ་རྒྱུས་སམ་གཏམ་རྒྱུད་གཤའ་མ་དག་རྗེས་སུ་ལྷ་སྒྲུང་དང་གཏམ་རྒྱུད་གཞན་པར་བསྒྱུར་བའི་སྐྱོན་ཅུང་ཙམ་རེ་མཆིས་ནའང་། དེ་ཡང་རྩ་བའི་ཆ་ནས་བོད་མི་ནི་གདོད་མའི་དུས་ནས་བཟུང་མདོ་དབུས་མཐོ་སྒང་འདི་རུ་གནས་ཆགས་པར་བསྟན་པའོ།། ཡང་དེ་ཉིད་ལས་“ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར།། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།། ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི།། ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་།།”ཞེས་པའི་ལུང་ཚིག་ལས་ས་དབུས་མཐོ་སྒང་འདིར་གནས་པའི་གདོད་མའི་མི་རྣམས་ཐོག་མར་དུད་འགྲོ་ལས་རིམ་འགྱུར་བྱུང་སྟེ་ཟས་སུ་ལོ་ཏོག་ཟ་བ་དང་། དེ་ནས་དུས་རིམ་ངེས་ཅན་ཞིག་འདས་རྗེས་སུ་རྡོས་བཟོས་ཀྱི་ལག་ཆའི་རིགས་ལམ་ལ་བརྟེན་ནས་རི་དྭགས་རྨོན་པའི་དུས་རིམ་དུ་བར་བརྒལ་བྱུང་ཞིང་། དེ་ནས་ས་རྒོད་ཞིང་དུ་རྨོས་ནས་འབྲུ་རིགས་འདེབས་པའི་འཚོ་སྒྲུབ་ཀྱི་དུས་རབས་སུ་ཞུགས་པ་བཅས་མཐོང་ཐུབ་པ་ཡིན། འདི་དག་ཀྱང་གདོད་མ་ནས་བརྒྱུད་པའི་ངག་རྒྱུན་གྱི་ལོ་རྒྱུས་ལ་རྗེས་སུ་སླད་སྐྱོན་གང་ཡང་མ་ཐེབས་པའི་གཙུག་ལག་ཅིག་རེད། སྐབས་འདིའི་ལུང་ཚིག་སྔ་ཕྱི་གཉིས་སུ་“བོད་ཡུལ་གཟིགས་”ཞེས་པ་དང་“བོད་ཡུལ་གང་”ཞེས་པས་དུད་འགྲོ་ལས་རིམ་འགྱུར་བྱུང་བའི་བོད་མིའི་རུས་ཆེན་བཞིའམ་རུས་ཚན་དྲུག་གི་གདོད་མའི་མེས་རབས་རྣམས་གནས་ཆགས་ཡུལ་ནི་མིའམ་ཡུལ་བྱེ་བྲག་པའི་མིང་སྤྱི་མིང་དུ་ཆགས་པའི་བོད་ཀྱི་ཡུལ་འདིའི་གནས་གང་ཞིག་ཡིན་པ་ཚིག་ལས་རྟོགས་ཐུབ་པ་ཡིན། ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“རྒྱལ་པོ་རུ་ཏ་ཏི་དཔུང་བཅས། རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་ལས་འཕེལ་བའི་རིགས་ཀྱང་ཡོད་སྲིད་”ཅེས་གསུངས་པ་ནི་ལེགས་པར་ངེས་པའི་གཏམ་དུ་གོ་དགོས་ཏེ། མདོ་འདུས་ཀྱི་ལུང་ཚིག་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས་“ནུབ་ཕྱོགས་དམུ་ཡི་ཡུལ།། ཤར་ཕྱོགས་རྒྱ་ཡིས་ཡུལ།། ལྷོ་ཕྱོགས་མུན་མི་ཡུལ།། ཤར་ལྷོ་འཇང་གི་ཡུལ།། བྱང་ཕྱོགས་ས་ལེ་དལ་ཕྲལ།། བྱང་ཤར་ཧོར་གྱི་ཡུལ།། གངས་ཅན་བོད་ཀྱི་ཡུལ།། མི་རིགས་སུམ་བརྒྱ་དྲུག་ཅུ་གནས།། ཡུལ་ཆེན་བཅུ་དྲུག་དང་།། ཡུལ་ཕྲན་སྟོང་དང་བཅས།”ཞེས་དང་། ཡང་《ཆོས་འབྱུང་སྙིང་བོ་སྦྲང་རྩིའི་བཅུད་》ལས་“ཡུལ་ཕྲན་སྟོང་དང་། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང་། སྐད་རིགས་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་སྐད་དོ། རི་རྒྱུད་ཆེན་པོ་བཞི་ཡོད་དེ།”ཞེས་པ་ལས་བདུན་བརྒྱ་ཉི་ཤུ་དང་སུམ་རྒྱབ་དྲུག་ཅུ་གསུངས་པ་ནི་ཚིག་ཉམས་སྟོན་པ་དང་གྲངས་མང་པའི་དོན་སྟོན་པའི་ཆེད་དུ་གོ་དགོས་ནའང་། བོད་ཀྱི་ཡུལ་འདིར་ཡང་གནའ་དུས་སུ་ཕྱི་ཕྱོགས་ནས་ཡུལ་བྱོལ་དུ་འོང་བའི་མི་རིགས་གཞན་དག་འདུས་སྡོད་བྱས་པ་ནི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་གྱི་ལུང་ཚིག་དེས་ཤུགས་ལས་དཔོག་ནུས་པ་ཡིན། ཡིན་ཡང་། བོད་ཀྱི་གདོད་མའི་མེས་རབས་རྣམས་དང་རྒྱལ་པོ་རུ་པ་ཏི་དཔུང་ཚོགས་ཀྱི་བར་དུ་དུས་རབས་དུ་མ་འདས་ཡོད་པ་ཚིག་སྒྲོས་ལས་མཐོང་ཐུབ་སྟེ། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན་ཞེས་པས་ཆེས་གདོད་མའི་དུས་རབས་ཀྱི་མི་རྣམས་སྟོན་པ་དང་། རྒྱལ་པོ་རུ་པ་ཏི་དཔུང་ཚོགས་ཞེས་པས་རུས་རྒྱུད་ཚོ་བའི་དུས་རིམ་འདས་ནས་བྲན་གཡོག་རྒྱལ་ཁབ་ཚུགས་རྗེས་ཀྱི་དུས་རབས་སྟོན་པ་ཡིན་པས། དེ་གཉིས་ཀྱི་བར་ལ་མ་མཐའ་ཡང་ལོ་གྲངས་སྟོང་ཕྲག་དུ་མའི་ཁྱད་པར་ཞིག་ཡོད་སྲིད་པ་ཡིན་ནོ།། གནའ་དུས་སུ་བོད་དུ་འཁྱལ་བའི་མི་རིགས་གཞན་དག་ཀྱང་རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་སྐད་དང་ཡི་གེ་ཉམས་ནས་བོད་ཀྱི་མི་དང་རིག་གནས་ཀྱི་ཁུངས་སུ་འདྲེས་ནས་རྗེས་ཤུལ་ཕྲ་མོ་ཙམ་ཡང་མེད་གྱུར་ཡོད། རུས་རྒྱུད་ཚོ་བའི་དུས་རབས་དང་བྲན་གཡོག་རྒྱལ་ཕྲན་གྱི་དུས་རབས་སུ་གཅིག་གྱུར་གྱི་རྗེ་བོ་དང་ངེས་གཏན་གྱི་ཁྲིམས་ལུགས་ཤིག་མེད་པས། རུས་རྒྱུད་ཚོ་བ་དང་བྲན་གཡོག་རྒྱལ་ཕྲན་དེ་དག་གིས་ཐུན་མོང་དུ་སྤྱོད་པའི་སྐད་ཆས་ཁྱབ་ཚོད་ཀྱིས་སྤྱི་ཡོངས་ཀྱི་ས་ཁོངས་གཏན་འབེབས་བྱེད་དགོས་པ་ཡིན་པས། ད་སྐབས་མདོ་དབུས་ཁམས་གསུམ་དུ་གྲགས་པའི་ས་ཆ་ཁྱོན་ཆེ་བ་འདི་གདོད་མའི་དུས་ནས་བོད་སྐད་སྨྲ་བ་དག་གིས་བདག་གིར་བཟུང་བ་ནི་གནའ་བོའི་ལོ་རྒྱུས་གཙུག་ལག་ལས་ཤེས་ནུས་ཏེ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“སྟོད་མངའ་རིས་ཀྱི་ཆ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ།”ཞེས་གསུངས་ཤིང་། དེ་ཡང་གཙོ་བོ་བོད་ཀྱི་རྩ་བའི་རུས་ཆེན་བཞི་ལས་ཆད་པའི་རུས་རྒྱུན་ཚོ་བ་རྣམས་ཀྱི་ཁྱབ་ཚད་ཀྱི་ས་ཁོངས་སྟོན་པ་ཡིན་ཞིང་། གནའ་བོའི་ཡིག་རྙིང་དག་ལས་སྤྲེའུ་རིགས་ཞེས་པས་ཕོ་རིགས་སྟོན་པ་དང་བྲག་སྲིན་ཞེས་པས་མོ་རིགས་སྟོན་པ་ཡིན་ཞིང་། དེ་ཡང་གཙོ་བོ་གནའ་བོའི་རུས་རྒྱུད་ཚོ་བའམ་བྲན་གཡོག་རྒྱལ་ཕྲན་དག་གི་མེས་རབས་རྣམས་སྟོན་པ་ཡིན། དེ་བས་ལུང་ཚིག་འདི་ལས་བོད་ཡུལ་གྱི་ཆེས་གདོད་མའི་དུས་རབས་ཀྱི་མེས་པོ་རྣམས་ད་ལྟའི་གྲགས་ཚོད་ཀྱི་མདོ་དབུས་ཁམས་གསུམ་ཀུན་ཏུ་གནས་ཆགས་ནས་དབང་བསྒྱུར་བར་རྟོགས་ནུས་པ་ཡིན། འདིར་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཀྱི་གསུངས་སྒྲོས་ཕལ་མོ་ཆེ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ལུང་ཚིག་དག་ལ་བཟོ་བཅོས་མ་གནང་རང་སོར་དུ་བཞག་ཅིང་། རྩོམ་མཁན་རང་ཉིད་ཀྱི་ལོ་རྒྱུས་ཀྱི་ལྟ་སྟངས་གསར་བ་འདི་ཡིན་ཟེར་བ་ཞིག་མི་སྣང་བ་བཅས་ཀྱི་སྐྱོན་ཆ་ཤིན་ཏུ་མང་དྲགས་པས། འདི་ཉིད་ལ་ཆོས་འབྱུང་མཁས་དགའི་རྗེས་སུ་བྱུང་བ་ལ་ལྷག་དོན་གྱི་ཁྱད་ཆོས་གང་ཡང་མེད།

བཞི་བ། གདོད་མའི་དུས་ཀྱི་མོ་རྒྱུད་དག་གི་ལོ་རྒྱུས་མཐའ་དཔྱོད།

དེ་ཡང་འཛམ་གླིང་གི་ལོ་རྒྱུས་སུ་འགྲོ་མིའི་བསྐལ་བ་ཡ་ཐོག་གི་དུས་སྐབས་སུ་རང་བྱུང་གི་སྐྱེ་དངོས་ལོངས་སྤྱོད་མཐའ་ཡས་པས། མོ་རྒྱུད་རྣམས་ལ་མ་རྨོས་པའི་ལོ་ཏོག་གི་ཡོང་འབབ་འབོལ་ཆེ་ཞིང་། ཕོ་རྒྱུད་རྣམས་ལ་རི་དྭགས་རྨོན་པའི་རིག་པ་དང་ཡོང་འབབ་ཧ་ཅང་ཞན་པས་འཚོ་ཐབས་ཀྱི་ལྟོ་བ་མོ་རྒྱུད་རྣམས་ལ་བརྟེན་དགོས་པ་དང་། གཞན་དུ་སྐབས་དེར་མོ་རྒྱུད་རེ་རེ་ལ་ཁྱོ་ག་འདི་ཡིན་ཞེས་ཟེར་བ་ཞིག་མེད་པས། ཁྱིམ་ཚང་དང་རུས་རྒྱུད་ཀྱི་རྣམ་པ་འཐུས་ཚང་བ་ཞིག་གྲུབ་མེད་ཕྱིར། བྱིས་པ་དག་ནར་སོན་སྐབས་ཡུམ་མ་གཏོགས་ཡབ་སུ་ཡིན་ངོ་ཤེས་མི་སྲིད་པ་ཡིན། མི་རྒྱུས་དང་འབྱོར་བ་དེ་དག་གི་རྒྱུ་རྐྱེན་གྱི་དབང་གིས་ཕོ་རྒྱུད་རྣམས་ཉམ་ཆུང་བ་དང་དབང་ཐང་མེད་པར་ཆགས་ཡོད་ཅིང་། དེ་ལ་བལྟོས་ཏེ་མོ་རྒྱུད་རྣམས་དབང་ཆེ་བ་དང་བཙན་ཤུགས་ཆེ་བ་སོགས་ཀྱི་རྣམ་པ་དང་གཤིས་ཀ་གྲུབ་ཡོད། དེ་ཡང་སྔོན་གྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་དོ་སྣང་གི་ཡུལ་དུ་མ་གྱུར་བ་སྟེ། འཛམ་གླིང་ལོ་རྒྱུས་ལས་གདོད་མའི་སྐབས་ཀྱི་མོ་རྒྱུད་དག་གི་གནས་ཚུལ་གང་བཤད་དེ་དག་དང་ཤིན་ཏུ་འདྲ་བའི་བཤད་ཚུལ་རེ་གཉིས་ཤིག་ནི། བོད་ཀྱི་ལོ་རྒྱུས་གཙུག་ལག་ཏུ་ཡང་སྣང་བ་འདིར་ཅུང་ཙམ་གླེང་བར་སྤྲོ་སྟེ། དེ་ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་ཁོག་གྲིམས་པ། མ་རིགས་རྣམས་གདོང་དམར་སྡིག་ལས་ལ་རྔམས་ཤིང་རོ་གྱོང་བ་བྱུང་བ་”ཞེས་གསུངས་ཤིང་། དེ་དང་འདྲ་བ་ཞིག་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ཀུན་ཀྱང་ཕ་རིགས་མ་རིགས་གཉིས་སུ་གནས།། སྤྲེའུ་བྱང་སེམས་ཕ་རིགས་བྱུང་རྣམས།། དད་རྩོན་བརྩེ་ལྡན་གཏོང་ཕོད་དག་ལ་དགའ།། རྒྱུད་འཇམ་ཚིག་བཙུན་སྨྲ་མཁས་ངང་ཚུལ་བཟང་།། འོན་ཀྱང་སེམས་ཆུང་ལུས་སེམས་ཡང་བ་ཡིན།། བྲག་སྲིན་མ་ཡི་རིགས་གྱུར་གཙོ་ཆེ་རྣམས།། ཉོན་མོངས་ཆེ་ཞིང་འགྲན་སེམས་ཕྲག་དོག་རྒྱས།། ཟས་ནོར་ལ་སྲེད་ཁྲོ་གཏུམ་གཞན་སྐྱོན་སྒྲོག། འོན་ཀྱང་ལུས་ཤེད་སྙིང་སྟོབས་ཆེ་བ་ཡིན།།”ཞེས་གསུངས་སོ།། དེབ་ཐེར་དཔྱིད་གླུའི་ལུང་ཚིག་དེ་ཡང་ཆོས་འབྱུང་མཁས་དགའི་གསུངས་ཚིག་ལ་བཟོ་བཅོས་བྱས་པའམ་ཚིག་བསྡུ་བྱས་པ་ཙམ་དུ་ཟད་པར་མཐོང་བས། འདིར་ཆོས་འབྱུང་མཁས་དགའི་ལུང་ཚིག་ལ་ཚིག་འགྲེལ་ལམ་གོ་བ་བླངས་པས་འཐུས་པར་བྱ་སྟེ། གནའ་བོའི་ལོ་རྒྱུས་གཙུག་ལག་དག་ཏུ་སྤྲེའུ་ཞེས་པ་ཕོ་རིགས་ལ་གོ་དགོས་པ་དང་། བྲག་སྲིན་ཞེས་པ་མོ་རིགས་ལ་གོ་དགོས་པ་བཅས་ནི་མ་དག་རྒྱུན་འབྱམས་སུ་སོང་བའི་སྣང་ཚུལ་ཞིག་ཡིན། སྐབས་འདིའི་ལུང་ཚིག་གང་ཡོད་ཕྱོགས་གཅིག་ཏུ་བསྡུས་པར་དོན་ལ་“བྱང་སེམས་”ཞེས་པ་དང་“སྲིན་མོ་”ཞེས་པའི་དངོས་མིང་གཉིས་ཀྱི་དོན་འགྲེལ་ཡིན།དེ་ཡང་“དད་རྩོན་ཅན་དགའ་”ཞེས་པས་གདོད་མའི་དུས་སུ་དད་པ་ནི་ཉམ་ཆུང་དང་ནུས་མེད་དག་གི་རང་སེམས་གསོ་བྱེད་ཀྱི་བྲོད་ཙམ་ཡིན་པས། དེ་ལ་དང་དོད་བྱེད་པ་དང་དགའ་མོས་བསྐྱེད་པ་ནི་སྐབས་དེའི་མི་རྣམས་ཀྱི་རང་ཉིད་ཀྱི་འཚོ་བ་ཉམ་ཆུང་དུ་སྟོན་པའོ།། “བརྩེ་ལྡན་ཅན་ལ་དགའ་”ཞེས་པས་སྐབས་དེའི་ཉམ་ཆུང་གི་ཕོ་རིགས་རྣམས་ཧ་ཅང་འཚོ་བ་ཐབས་རྡུགས་ཡིན་ཞིང་། དུས་དང་གནས་མ་ཡིན་པར་དུད་འགྲོ་བཞིན་དུ་འཁྱམ་སྡོམ་བྱས་ཏེ་ངལ་ཞིང་དུབ་པའི་དུས་སུ་ཕན་ཚུན་ལ་རོགས་བྱེད་པ་ལ་བརྩེ་ལྡན་ཅན་ཞེས་འབོད་ཅིང་། དེ་ཡང་ཤིན་ཏུ་ཉམ་ཆུང་གི་གནས་བབ་སྟོན་པ་ཡིན། “གཏོང་ཕོད་ཅན་ལ་དགའ་”ཞེས་པས་གདོད་མའི་སྐབས་སུ་ཕོ་རྒྱུད་དག་ལ་རི་དྭགས་རྔོན་པའི་རིག་པ་དང་ལག་ཆ་དབེན་པས་རྒྱུན་དུ་མོ་རྒྱུད་དག་ལ་ལྟོ་བ་ཁེན་ནས་ཡོད་ཕྱིར། མོ་རྒྱུད་འབྲུ་རིགས་དང་ལོ་ཏོག་མང་ཙམ་སྟེར་མཁན་དག་ལ་དམིགས་སུ་བརྩི་བསྐུར་བྱེད་པས་དེ་ལྟར་དུ་བརྗོད་པའོ།། དེ་ཡང་སྐབས་དེའི་ཕོ་རྒྱུད་དག་གི་འཚོ་བ་གཞན་རྟེན་དང་འཁུས་ཞན་དུ་སྟོན་པའོ།། “རྒྱུད་འཇམ་ཞེས་པ་”ནི་ནང་གི་སེམས་རྒྱུད་ལ་གོ་དགོས་ཤིང་། “ངང་ཚུལ་བཟང་ཞེས་པ་”ནི་ཕྱིའི་རྣམ་འགྱུར་ཞི་དུལ་ཡིན་པ་ལ་གོ་དགོས་པ་ཡིན། དེ་དག་ཀྱང་སྐབས་དེའི་ཕོ་རྒྱུད་དག་གི་ལུས་སེམས་གཉིས་ཆ་མོ་རྒྱུད་རྣམས་ཀྱི་གཞན་དབང་དུ་གྱུར་ཡོད་པ་མཚོན་ཐུབ། “ཚིག་བཙུན་”ཞེས་པ་ནི་ཚོ་བའམ་ཚོགས་སྡེའི་ལས་སྒོ་ཀུན་ལ་བསམ་ཚུལ་འདོན་པའི་དབང་མེད་པ་ལ་གོ་དགོས་ཤིང་། “སྨྲ་མཁས་”ཞེས་པ་ནི་སྐབས་དེའི་འབྱུང་ལྔའི་ལྷ་རིགས་ལ་དད་པ་བྱེད་མཁན་ནི་གཙོ་ཆེ་བ་ཕོ་རྒྱུད་དག་ཡིན་ཅིང་། དེ་བས་ལྷ་སྒྲུང་སོགས་སྨྲ་བ་ལ་མཁས་ཤིང་བྱང་བས་དེ་ལྟར་དུ་བརྗོད་པར་འདོད། “འོན་ཀྱང་”ཞེས་པ་ནི་མི་མཐུན་པའི་ཚིག་རྒྱན་ཡིན་ཞིང་གོ་བ་ལེན་མི་ཐུབ་པའང་མིན། “སེམས་ཆུང་”ཞེས་པས་གདོད་མའི་སྐབས་ཀྱི་ཕོ་རྒྱུད་དག་གི་འཚོ་བ་གཞན་རྟེན་ཡིན་ཞིང་། དབང་མེད་པ། རང་བྱུང་གིས་གནོད་པ་ཆེ་བ་བཅས་ཀྱིས་རང་ཉིད་ལ་ཉམ་ཆུང་དང་ནུས་མེད་ཀྱི་ཚོར་འདུ་རྒོད་པས་སེམས་ཆུང་ཞེས་པའོ།། “ལུས་སེམས་ཡང་བ་”ཞེས་པས་གོང་དུ་བཤད་ཟིན་པའི་རྒྱུ་རྐྱེན་དག་གི་དབང་གིས་མོ་རྒྱུད་སུས་ཀྱང་གཏོང་ཕོད་དང་བརྩེ་ལྡན་གྱི་ཉམས་བསྟན་ན་འགུག་སླ་བ་བཅས་ཀྱི་དོན་སྟོན་པ་ཡིན་ནོ།།

མོ་རྒྱུད་དག་ལ་“ཉོན་མོངས་ཆེ་”ཞེས་པས་སེམས་རྒྱུད་མ་འདུལ་བ་སྟེ་སྡུག་ལས་ལ་གོམས་པར་སྟོན་པ་ཡིན། “ཞིང་”ནི་ལྷག་བཅས་ལས་གཞན་འདྲེན་གྱི་ཕྲད་ཡིན། “འགྲན་སེམས་”ཞེས་པ་དང་ཕྲག་དོག་རྒྱས་ཞེས་པས་གདོད་མའི་སྐབས་ཀྱི་མོ་རྒྱུད་དབང་ཤུགས་དང་འབྱོར་བ་གང་ཅིའི་ཐད་ནས་གཙོ་བོ་ཡིན་པས། མོ་རྒྱུད་དག་ཕན་ཚུན་གྱི་བར་དུ་བློ་མི་ཉེ་བ་དང་ལྡང་སེམས་ཆེ་བ་བཅས་ཀྱི་དོན་སྟོན་པ་ཡིན། “ཟས་ནོར་ལ་སྲེད་”ཅེས་པས་གདོད་མའི་སྐབས་སུ་མོ་རྒྱུད་དག་གིས་ནི་འབྲུ་རིགས་དང་ལོ་ཏོག་འཚོལ་སྒྲུབ་ཀྱི་ལས་ལ་གཞོལ་ཅིང་། དེ་ནི་སྐབས་དེའི་དུས་རབས་དང་མི་ཚོགས་ཀྱི་འབྱོར་བ་མཚོན་བྱེད་ཡིན་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་རྒྱུ་འབྱོར་གྱི་བདག་པོ་དག་ཕན་ཚུན་ལ་འགྲན་སེམས་རང་ཤུགས་སུ་འབྱུང་བས། ཟས་ནོར་ལ་སྲེད་པའི་ཧམ་སེམས་ནི་མོ་རྒྱུད་དག་དང་འགྲོས་ནས་ཡོད་པའི་ནང་དོན་སྟོན་པའོ།། སྐབས་འདིའི་ཟས་ཞེས་པ་ནི་ཁ་ཟས་དང་ནོར་ཞེས་པ་ནི་བསོག་ཉར་བྱས་པའི་འབྲུ་རིགས་ལ་གོ་དགོས་པར་སྣང་། “ཁྲོ་གཏུམ་”ཞེས་པ་ལས་ཁྲོ་ནི་བཙན་ཤུགས་ཆེ་བའི་དོན་ཡིན་ཞིང་། གཏུམ་ནི་སྙིང་རྗེ་མེད་པའི་དོན་ཡིན། དེས་ཀྱང་གདོད་མའི་སྐབས་ཀྱི་མོ་རྒྱུད་དག་གི་གནས་ཚུལ་དངོས་སྟོན་པ་ཡིན། “གཞན་སྐྱོན་སྒྲོག”ཅེས་པས་གོང་དུ་སོང་ཟིན་པ་ནང་བཞིན་གདོད་མའི་སྐབས་ཀྱི་མོ་རྒྱུད་དག་དབང་འབྱོར་གྱི་གཙོ་བོ་ཡིན་པས། དབང་འབྱོར་ཆེ་བའི་སྐྱེས་མ་ཕལ་མོ་ཆེས་ནི་རང་དང་དབང་འབྱོར་མཉམ་པའི་སྐྱེས་མ་གཞན་དག་ནི་དད་རྩོན་དང་གཏོང་ཕོད་མེད་རབས་ཀྱི་ངན་དམོད་བྱེད་པའི་དོན་སྟོན་པའོ།། “འོན་ཀྱང་”ཞེས་པ་ནི་སྤྱིར་མི་མཐུན་པའི་ཚིག་རྒྱན་ཡིན་མོད། སྐབས་འདིར་དེར་གོ་ལེན་དགོས་མིན་ཁ་ཚོན་གཅོད་དཀའ་བས་བསྐྱུར་བཞག “ལུས་ཤེད་ཆེ་བ་”ཞེས་པ་ནི་དབང་ཤུགས་ཆེ་བར་གོ་བ་ལེན་དགོས་པ་འདྲ། “སྙིང་སྟོབས་ཆེ་”ཞེས་པས་གདོད་མའི་སྐབས་སུ་མོ་རྒྱུད་དག་དབང་དང་འབྱོར་བ་གང་ནས་ཀྱང་ཕོ་རྒྱུད་དག་ལ་བལྟོས་ཏེ་སྟོབས་ཆེ་བས། ལུས་སུ་དབང་ཉམས་དོད་པ་དང་སེམས་སུ་ང་རྒྱལ་ཆེ་བའི་དོན་སྟོན་པ་བཅས་སོ།། འདི་དག་ནི་རང་ཉིད་ཀྱིས་ལོ་རྒྱུས་ལ་ཡུན་རིང་དུ་སློབ་སྦྱོང་དང་དཔྱད་པ་བཏང་བ་བརྟེན་ནས་གོ་བ་ཆགས་པ་ནང་བཞིན་དུ་ཚིག་འགྲེལ་བྱས་པ་ཡིན་པས། གོ་བ་དང་ནང་དོན་གཞན་ཡང་ཡོད་སྲིད་པ་ཡིན། དེ་དང་འདྲ་བར་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》་ལས་“ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ནི་རིགས་གཉིས་སུ་འགྱུར་ཏེ། ཕའི་རིགས་སུ་གྱུར་པ་དེ་དག་ནི་དད་པ་ཆེ་བ། ཤེས་རབ་ཆེ་བ། སྙིང་རྗེ་དང་བརྩོན་འགྲུས་ཡོད་པ། ཐབས་མཁས་”ཞེས་དང་། ཡང་དེ་ཉིད་ལས་“མའི་རིགས་སུ་གྱུར་བ་དེ་དག་ནི་ཤ་དམར་པོ་དང་ཁྲག་དམར་མོ་ལ་དགའ་བ། ཞེ་སྡང་ཆེ་ཞིང་ཁོང་ཁྲོ་ལ་གཏུམ་པ། སྙིང་རྗེ་ཆུང་བ། ཚོང་དང་ཁེ་སྦོགས་ལ་དགའ་བ། ཟས་ནོར་ལ་མིག་ཕྲ་བ། ཀུ་ཅོ་ཆེན་པོ་དང་། གད་རྒྱངས་ཆེ་བ། ངོ་ལེབ་གསར་འགྲོགས་ཆེ་བ། མཛའ་བོ་ལ་བདག་གིར་སེམས་པ། མིག་སེར་ཆེ་བ། གཞན་གྱི་སྐྱོན་ཐོས་པ་ལ་དགའ་བ་”ཞེས་པ་ལ་ནི་ཚིག་གིས་བསླད་བཏབས་པའི་སྐྱོན་མང་ནའང་། ནང་དོན་གྱི་ཆ་ནས་ཆོས་འབྱུང་མཁས་དགའི་དགོངས་པ་དང་ཤིན་ཏུ་འདྲ་དྲགས་པས། འདིར་དེར་སྦྱར་ནས་རིགས་འགྲེལ་བྱས་འཐུས་པར་བསམ་ནས་ཚིག་འགྲེལ་དང་དོགས་པ་བསྐྱར་དུ་བྱེད་པའི་ངལ་བ་དོར་ཡོད། རྒྱས་པར་རྗེས་སུ་བདག་གི་ལོ་རྒྱུས་ཆེད་དེབ་ལས་མཐོང་ཐུབ་པ་ཡིན། གཞན་ཡང་རྒྱུན་ལྡན་དུ་འུ་ཚོའི་ངག་རྒྱུན་དུ་ཕ་རིགས་དག་བྱང་ཆུབ་སེམས་དཔའ་དང་མ་རིགས་དག་སྲིན་མོར་དངོས་འཛིན་པའི་སྣང་ཚུལ་ཞིག་ཡོད་པ་དེ་ཡང་འགའ་ཞིག་གིས་ནི་ནང་བསྟན་བོད་དུ་དར་རྗེས་ཀྱི་ཆོས་ལུགས་ཀྱི་བཤད་སྒྲོས་ཤིག་ཏུ་ལྟ་ནའང་། ཚིག་རྐྱང་གི་ངོས་ནས་དེ་ལྟར་བསམ་ཆོག་ནའང་། དོན་ལ་ནི་གདོད་མའི་སྐབས་ཀྱི་དངོས་ཡོད་ལོ་རྒྱུས་ལ་རྗེས་སུ་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་འགས་སླད་སྐྱོན་བཏང་ཙམ་ཡིན་ལས། དོན་དམ་དུ་དེ་དག་ཀྱང་གདོད་མའི་སྐབས་ཀྱི་ལོ་རྒྱུས་དངོས་ཡིན། གདོད་མའི་སྐབས་སུ་མོ་རྒྱུད་དག་ཕོ་རྒྱུད་དག་ལ་བལྟོས་ཏེ་དབང་ཤུགས་ཆེ་ནི་ལོ་རྒྱུས་གཙུག་ལག་གཞན་དུ་ཡང་མཐོང་དུ་ཡོད་དེ། 《སྲིད་པའི་མཛོད་ཕུག་གི་སྒྲ་འགྲེལ་》གྱི་ཕྱི་མོ་གནམ་ཕྱི་གུང་རྒྱལ་ཞེས་པའི་མིང་གི་འགྲེལ་བ་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》དུ་དྲངས་པ་ལས་“གནམ་ཕྱི་གུང་རྒྱལ་ཞེས་པ། གནམ་སྨན་འབུམ་གྱི་གཙོ་མོ་བྱེད་ཀྱིན། གནམ་བདུད་དོ་པོའི་མགོ་གནོན་པས་གནམ། སྲིད་པ་མོ་རྒྱུད་ཀྱི་ཕྱི་མོ་ཡིན་པས་ཕྱི། གནམ་རྒུ་ཚིགས་ཀྱི་སྟེང་ན་བཞུགས་པས་གུང་། བདུད་རོལ་པོ་རྐྱ་བདུན་ལས་རྒྱལ་བས་རྒྱལ་ཞེས་བྱའོ།།”ཞེས་གསུངས་ཤིང་། ཚིག་ལས་མཐོང་ཐུབ་པ་འདི་ལྟ་སྟེ། གནམ་སྨན་ཞེས་པ་ནི་མོ་རིགས་ལ་གོ་དགོས་ཤིང་། འབུམ་ཞེས་པ་ནི་ཚིག་ཉམས་སམ་གྲངས་མང་པའི་སྟོན་པའི་ཆེད་དུ་ཡིན་པ་ལས་དོན་དུ་འབུམ་ཡོད་པའི་དོན་མིན། གཙོ་མོ་བྱེད་ཅེས་པའི་ཚིག་འགྲོས་ལ་བརྟག་ན་གདོད་མའི་སྐབས་སུ་མོ་རྒྱུད་དག་ལའང་ཚོ་བ་དང་ཚོགས་པ་བྱས་ནས་གཙོ་བོ་རེ་ཡོད་སྲིད་པར་སྣང་། གནམ་བདུད་དོ་པོ་དང་བདུད་རོལ་པོ་རྐྱ་བདུན་ཞེས་པ་ནི་ཕོ་རིགས་ཀྱི་ཕྱོགས་སུ་གཏོགས་པ་མིང་གི་གཤིས་ལས་རྟོགས་ཐུབ་པའོ།། ལོ་རྒྱུས་ཀྱི་གསུངས་རབས་འདི་དག་ལས་མིའི་འགྲོ་བ་ཆགས་པ་ནས་བཟུང་དུས་ཡུན་རིང་མོར་མོ་རྒྱུད་དག་གིས་འགྲོ་མིའི་ཤེས་རིག་འཕེལ་རྒྱས་སུ་གཞན་གྱིས་དཔོག་པར་དཀའ་བའི་མཛད་རྗེས་བཞག་ཡོད་པར་རྟོགས་ཐུབ་ཅིང་། དེ་བས་འུ་ཚོས་བོད་ཀྱི་ཤེས་རིག་ལ་འཕེལ་རྒྱས་ཅི་འབྱུང་ཐ་དག་ཀྱང་གདོད་མའི་མོ་རྒྱུད་དག་གི་དཀའ་ངལ་གྲངས་མེད་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། གདོད་མའི་མོ་རྒྱུད་དག་གི་དྲིན་ལས་ད་ལྟའི་གྲགས་ཚོད་དུ་མདོ་དབུས་ཁམས་གསུམ་གྱི་སྣོད་བཅུད་འདི་གྲུབ་པ་ཡིན་ནོ།། ཞེས་དུས་ཚོད་དང་སློབ་སྦྱོང་གི་དབང་གིས་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགེའོ།།

                                            གནམ་ལྷུན་དུ་འབོད་པས་སྤྱི་ལོ2015ལོའི་ཟླ10ཚེས7ཉིན་བྲིས།

                                                                             རྩོམ་སྒྲིག་པ། དབང་མོ།

                                                                                           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་བདག་གི་ལོ་རྒྱུས་མཐའ་དཔྱོད།

2016-06-23 གནམ་ལྷུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།