གྲོགས་པོས་གྲོགས་པོར་ལབ་པའི་མདོ།
དང་པོ། དཔེ་ཀློག་གལ་ཆེན་ཡིན་ཚུལ་ལབ་པ།
སྙན་ངག་འབྲི་བ་སླ་མོ་མིན་མོད་ཀྱང་།། ཁྱོད་དང་ང་ལ་དགའ་ཕྱོགས་ཡོད་པས་ན།།
མདོ་མེད་ངས་ཀྱང་འབད་པ་བྱ་ངེས་ཡིན།། འབྲི་འདོད་ཁྱོད་ཀྱང་བློ་སེམས་བརྟན་པར་འཚལ།།
སྙན་ངག་ལོ་རྒྱུས་སོགས་དང་བཀྱེད་ནས་ཡོད།། དཔེ་ཀློག་གལ་པོ་ཆེ་ལ་ནན་ཏན་ཡིན།།
མདོ་མེད་ངས་ཀྱང་ཐུབ་ཚོད་ནུས་ཚོད་བྱེད།། འབྲི་འདོད་ཁྱོད་ཀྱང་ལོབས་པར་ཤུ་རེ་བྱོས།།
དཔེ་ཆ་འདྲ་མིན་གཉིས་ཀྱི་ཁ་ཕྱེ་ནས།། བློ་འབབ་ཚིག་རེ་མིག་གིས་ཨེ་ཟིན་ལྟོས།།
མདོ་མེད་ངས་ཀྱང་བློ་ལ་འཛིན་ངེས་ཡིན།།འབྲི་འདོད་ཁྱོད་ཀྱང་ཟིན་བྲིས་ལེགས་པོར་ཐོབ།།
སྙན་ངག་དམ་ལྷོད་གཉིས་ཀྱི་སྤྱི་ཁོག་འཚོལ།། རྒྱ་བོད་ཕྱི་ནང་ཀུན་ལ་ཁྱད་མེད་བྱོས།།
མདོ་མེད་ངས་ཀྱང་གོ་བ་ཨེ་ལོན་བལྟ།། འབྲི་འདོད་ཁྱོད་ཀྱང་བསམ་བློ་ཡང་ཡང་ཐོངས།།
སྲོལ་རྒྱུན་མགོ་ཡི་མཆོད་བརྗོད་སྐྱུར་མ་འཇོག།། རང་མོས་ཚིག་གི་གཅོད་མཚམས་བསྲེས་མི་ཉན།།
མདོ་མེད་ངས་ཀྱང་ཡང་དང་བསྐྱར་དུ་ཀློག ། འབྲི་འདོད་ཁྱོད་ཀྱང་ངག་ལ་བྱང་བར་བགྱིས།།
སྒྲུང་གཏམ་མི་སྣའི་བཞེངས་སྐྲུན་ཡིད་ལ་ཟུངས།། ལྷུག་པའི་སྐད་ཆའི་སྒྱུ་རྩལ་གཟས་ནས་སློག།
མདོ་མེད་ངས་ཀྱང་གནད་ཞིག་ཐོན་ལ་རེ།། འབྲི་འདོད་ཁྱོད་ཀྱང་ཉམས་མྱོང་གསོག་ལ་རེམ།།
ཆོས་གཞུང་ན་ཡང་སྙན་ངག་གདམས་པ་ཡོད།། ལ་གཞས་ཁོག་པ་རྩོམ་འབྲིའི མན་ངག་ཡིན།།
མདོ་མེད་ངས་ཀྱང་རྒྱུན་དུ་གཉི་ཀ་འདོན།། འབྲི་འདོད་ཁྱོད་ཀྱང་གང་དགར་མ་འཇོག་སློགས།།
གཉིས་པ། འབྲི་སྦྱོང་གི་ཟུར་སྣེ་ལབ་པ།
ཚིག་རྐང་ལོང་དང་ཤོ་ལོ་ཀ་ཡིས་ལོང་།། སྲོལ་རྒྱུན་སྙན་ངག་ཡིན་པའི་ངེས་པ་མེད།།
མདོ་མེད་ངས་ཀྱང་དམ་པའི་གསུང་ལ་མཇལ།། འབྲི་འདོད་ཁྱོད་ཀྱང་མེ་ལོང་མ་ལ་སློབ།།
ཆ་ཡ་འཁེལ་སྟངས་ཐོག་མའི་གོམ་པ་ཡིན།། ཚིག་ངལ་གསོ་ས་ལམ་གྱི་འགག་འཕྲང་ཡིན།།
མདོ་མེད་ངས་ཀྱང་གོང་སྤེལ་ཅི་ཐུབ་བྱ།། འབྲི་འདོད་ཁྱོད་ཀྱང་རྒྱུན་དུ་མཉམ་པར་ཞོག །
ཀ་ཕྲེང་འབྲི་བ་དོན་གྱིས་སླ་མོ་མིན།། སྒྲ་རྒྱན་སྦྱར་ན་བསྟན་བྱ་བོར་ཉེན་ཆེ།།
མདོ་མེད་ངས་ཀྱང་ཁ་སྐད་ཁོ་ནའི་འབྲི།། འབྲི་འདོད་ཁྱོད་ཀྱང་རྒྱུན་སྤྱོད་མིང་གིས་བསྒྲིགས།།
རང་མོས་རང་དགར་བྲིས་ཆོག་ཙམ་ཞིག་མིན།། རང་ངོར་སྙན་ཡང་གཞན་ལ་གྱོང་བོ་ཡོད།།
མདོ་མེད་ངས་ཀྱང་འཚོ་བར་སྦྱར་ནས་འབྲི།། འབྲི་འདོད་ཁྱོད་ཀྱང་བརྗོད་བྱའི་འོས་དང་བསྟུན།།
ཚིག་བསྡུས་ཆེ་ན་ཀློག་པོས་གོ་རྙེད་དཀའ།། ཞིབ་བརྗོད་ཆེ་ན་ཉོག་ནས་སྙན་ཆ་ཕུད།།
མདོ་མེད་ངས་ཀྱང་ཚད་གཞི་ཚོར་བས་འཛིན།། འབྲི་འདོད་ཁྱོད་ཀྱང་གཞན་དང་ཞིབ་བསྡུར་བྱོས།།
མངོན་བརྗོད་བཀོལ་ཡང་སྐྱོན་དུ་འགྲོ་ངེས་མིན།། གཏམ་རྒྱུད་སྦྱར་ན་མཆན་ཞིག་འོག་ཏུ་ཐོབ།།
མདོ་མེད་ངས་ཀྱང་དམངས་ཁྲོད་ངག་རྒྱུན་བསྡུ།། འབྲི་་འདོད་ཁྱོད་ཀྱང་རྣམ་ཐར་སྣ་མང་སློབ།།
ནས་སྒྲ་དེ་སྒྲ་མང་ན་སུན་སྣང་འབོད།། རྗེས་ནས་དེ་ནས་མང་ན་བླ་སྲོག་སྟོར།།
མདོ་མེད་ངས་ཀྱང་སྤང་བྱ་ཅིའི་ཀྱང་སྤོང་།། འབྲི་འདོད་ཁྱོད་ཀྱང་སྙིགས་དོར་བཅུད་ལེན་དགོས།།
སྒྲུང་གཏམ་གྲུབ་ཆ་རྣམ་གསུམ་གསལ་ལ་ལོངས།། གསར་གཏོད་སྐུལ་སློང་སོགས་ཀྱིས་སྟོང་མི་རུང་།།
མདོ་མེད་ངས་ཀྱང་ཁ་གསལ་གོ་བདེར་འགོད།། འབྲི་འདོད་ཁྱོད་ཀྱང་མཇུག་བསྡུ་ལེགས་ལ་བརྩོན།།
ལྷུག་རྩོམ་དོན་གྱི་བྱུང་རིམ་སྐྱབས་སུ་རེ།། དེ་ཡི་སྟེང་ལ་ ཚིག་གི་སྒྱུ་རྩལ་སྣོན།།
མདོ་མེད་ངས་ཀྱང་ད་ནས་འགོ་རྩོམ་རྒྱུ།། འབྲི་འདོད་ཁྱོད་ཀྱང་དེ་བཞིན་ཡོང་བར་འཚལ།།
འགྱུར་རྩོམ་སྒྱུར་བྱའི་གོ་བ་བཤད་མ་དགོས།། བཀོལ་བྱའི་ཚིག་ཀྱང་འོས་བདམས་ཤེས་དགོས།།
མདོ་མེད་ངས་ཀྱང་བསྒྱུར་བྱ་བདེ་མོ་འདེམས།། འབྲི་འདོད་ཁྱོད་ཀྱང་རེ་ཞིག་སྐྱུར་ཡང་ཆོག །
གསུམ། དག་ཆ་གནད་ཡིན་ལུགས་ལབ་པ།
རྩོམ་གྱི་རྒྱུ་ལ་ཐ་སྙད་ལས་ཅང་མེད།། དོན་གྱི་གནད་ལ་བརྡ་སྤྲོད་སྨན་ལས་མཆོག།
མདོ་མེད་ངས་ཀྱང་དག་ཡིག་གསར་བསྒྲིགས་འཛིན།། འབྲི་འདོད་ཁྱོད་ཀྱང་བརྡ་དཀྲོལ་མེ་ལོང་སློགས།།
རྣམ་དབྱེ་འཆུགས་ན་གོ་བ་གོལ་བར་འགྱུར།། ཚིག་རྒྱན་ཉམས་ན་འཛིན་སྟངས་འཛོལ་བར་ལོག །
མདོ་མེད་ངས་ཀྱང་རྩ་ཚིག་བློ་ལ་སྐྱོར།། འབྲི་འདོད་ཁྱོད་ཀྱང་དཔེ་བརྗོད་མང་དུ་ཞོག །
ཁ་སྐད་ནང་གི་བརྡ་རྙིང་བུ་རུམ་ཡིན།། ལོ་རྒྱུས་ཁུག་གི་ཆེད་སྤྱོད་ནོར་བུ་ཡིན།།
མདོ་མེད་ངས་ཀྱང་ཞིབ་བསྡུར་མང་དུ་བྱ།། འབྲི་འདོད་ཁྱོད་ཀྱང་དཔྱད་པ་ཡང་ཡང་ཐོངས།།
བཞི་བ། སྣ་སྒོར་མོ་ནས་བརྗོད་བྱ་འཚོལ་སྟངས་ལབ་པ།
དང་པོ་གཉིས་པ་བྲིས་ནས་ཡི་མ་ཆད།། བཞི་བ་ལྔ་བ་འཁྱོངས་ན་སྨྱོས་མ་འགྲོ།།
མདོ་མེད་ངས་ཀྱང་གནའ་ནས་བྲིས་པ་ཡིན།། འབྲི་འདོད་ཁྱོད་ཀྱང་མུ་རྒྱུན་སྐྱོང་བར་ཤོག །
ཡར་མར་འགྲོ་དུས་བརྗོད་བྱ་མིག་གིས་འཚོས།། དགོང་མོ་མ་གཉིད་སྔོན་དུ་མངལ་ལ་རུམ།།
མདོ་མེད་ངས་ཀྱང་མྱུར་བར་ཡི་གེར་ཕབ།། འབྲི་འདོད་ཁྱོད་ཀྱང་བརྗེད་དུ་མི་འཇུག་རོགས།།
ཨ་མའི་ངག་ན་སྙན་ངག་གསོན་པོ་ཡོད།། བརྩེ་དུང་མང་ཤས་རང་བྱུང་སྙན་ངག་ཡིན།།
མདོ་མེད་ངས་ཀྱང་སྙན་ངག་འདི་ལྟར་བཙལ།། འབྲི་འདོད་ཁྱོད་ཀྱང་སྙན་ངག་འདི་ལྟར་ཚོལ།།
ད་དུང་དཀའ་བའི་སྐོར་དང་བློ་འབྱེད་སྐོར།། སྙན་ངག་ཕྱོགས་ཀྱི་ཁ་བརྡ་མང་ན་ཡང་།།
མདོ་མེད་ངས་ཀྱང་རེ་ཞིག་ངལ་གསོར་བསྟེན།། འབྲི་འདོད་ཁྱོད་ཀྱང་ཁ་རོག་འདང་ཞིག་རྒྱོབས།།
༢༠༡༣ལོའི་ཟླ་༣པའི་ཚེས་༡༤དགོང་མོར།
རྩོམ་ཁུངས། ངེད་དྲ་བ།