༧སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྤྲུལ་གདན་སར་འཁོད་པའི་དགའ་སྟོན་ལ་ཕུལ་བ།

༄། །༧སྐྱབས་རྗེ་བཀའ་དྲིན་མཚུངས་མེད་གྲུབ་དབང་པདྨ་ནོར་བུའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་འཇུག་པ་དང་བཅས་པར་རང་གི་མི་ཚེའི་མྱོང་བ་དང་སྦྱར་ཏེ་བསྔགས་པ་ཡང་སྤྲུལ་རིན་པོ་ཆེ་གདན་སར་ཞབས་སོར་འཁོད་པའི་བཀྲ་ཤིས་དགའ་སྟོན་གྱི་ཆེད་དུ་ཕུལ་བའི་ཚིགས་བཅད་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་བཞུགས་སོ།།

གདོད་ནས་རྡུལ་བྲལ་ཆོས་དབྱིངས་མཁའ་ལ་ལྷུན་གྲུབ་སྣང་བྱེད་ཉིན་མོའི་མགོན།།
གང་འདུལ་གདུལ་བྱའི་མོས་ངོར་འཛུམ་པའི་མཁྱེན་བརྩེ་འོད་ཀྱི་དྲ་བས་མཛེས།།
བགྲང་ཡས་ཚོགས་གཉིས་ཤིང་རྟས་དྲངས་པའི་ཐེག་གསུམ་འཁོར་ལོའི་མུ་འཁྱུད་ཅན།།
སྲིད་གསུམ་འདི་ན་མཚུངས་ཟླ་བྲལ་བ་ཤཱཀྱའི་རྒྱལ་པོས་ཤིས་པ་སྩོལ།།

རྒྱལ་ཀུན་གསང་གསུམ་ཆུ་གཏེར་ལས་འཁྲུངས་སྙིགས་མའི་གདུང་སེལ་རྒྱུ་སྐར་གཙོ།།
གསང་ཆེན་ཐེག་རིམ་རྒྱ་མཚོའི་མཛོད་འཆང་ཐུགས་རྗེ་ཕྱོགས་མེད་འཇུག་པ་ཡིས།།
འགྲོ་བློའི་རྨོངས་མུན་མ་ལུས་འཇོམས་མཛད་ཕན་བདེ་འབྱིན་པའི་བསིལ་ཟེར་ཅན།།
སངས་རྒྱས་གཉིས་པ་སྐྱབས་སུ་བསྙེན་ནོ་གཏན་གྱི་མགོན་དུ་བཞུགས་པར་མཛོད།།

བལྟ་བས་མི་ངོམས་མཚན་དཔེ་ཀུན་མཛེས་རིན་ཆེན་རྒྱན་ལ་དགྱེས་པ་ཡི།།
ཟབ་རྒྱས་གསུང་གི་དཔལ་ཡོན་ཕྱུག་པའི་སྒྲ་དབྱངས་དྲུག་ཅུའི་རོལ་མོ་ཅན།།
ཇི་ལྟ་ཇི་སྙེད་མཁྱེན་རབ་གཏེར་འཆང་འཇམ་མགོན་སྨྲ་བའི་ལྷ་གཅིག་གིས།།
གཟུངས་སྤོབས་བློ་གྲོས་དྲི་མེད་རྒྱས་ལ་མཆོག་ཐུན་དངོས་གྲུབ་སྩོལ་ཅིག་ཀྱེ།།

བགྲང་ཡས་ལེཊ་བཤད་རིན་ཆེན་ཚོམས་ལས་སྙིང་ཐིག་ཡིད་བཞིན་ནོར་བུའི་ཏོག།
བསམ་ཡས་ཐོས་བསམ་རྒྱལ་མཚན་རྩེ་མོར་གུས་རྟག་བརྩོན་པས་མཆོད་པ་ཡིས།།
དཔག་ཡས་ཐེག་པའི་མངོན་རྟོགས་སྤྲིན་ཆེན་ཐུགས་ཀྱི་མཁའ་ལ་སྤྲོ་དང་ལྷན།།
མཐའ་ཡས་འགྲོ་བའི་ཉོན་མོངས་གདུང་སེལ་ཡབ་རྗེ་འཇིཊ་མེད་ཕུན་ཚོགས་རྒྱལ།།

སྔ་འགྱུར་ཐུབ་བསྟན་གངས་རིའི་སྤོ་ལ་བཤད་སྒྲུབ་ཟུང་འབྲེལ་རྒྱལ་མཚན་བཙུགས།།
འཆད་རྩོད་རྩོམ་པའི་ཆོས་ཀྱི་སྒྲ་དབྱངས་སྲིད་འདིའི་སྐྱེ་བོའི་དཔལ་དུ་བསྒྲགས།།
མཁས་བཙུན་བཟང་པོའི་སྙན་པའི་བ་དན་ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན།།
སྡེ་གསུམ་ཀློང་དགུའི་སྟོན་པ་ཟླ་མེད་པད་མ་ནོར་བུས་བདག་སྐྱོངས་ཤིག།

ཁྱེད་ཀྱི་རྟོགས་བརྗོད་ཟབ་རྒྱས་མ་ལུས་བདག་གི་བྱིས་བློས་གཞལ་དཀའ་ཡང་།།
དད་བརྩོན་དགའ་སྐྱོ་ཚོར་འདུས་ཟིན་པའི་དངོས་སུ་མྱོང་གོམ་བྱུང་བ་དག།
སྒྲོ་བཏགས་ཚིག་གིས་ལྷན་པ་མེད་པར་དོན་གྱི་དམར་ཁྲིད་རྗེན་པའི་གཏམ།།
འཆད་ལ་སྤྲོ་འོ་ལྷ་ཡི་ལྷ་མཆོག་འཇིགས་མེད་ཆོས་ཀྱི་སྒྲ་དབྱངས་གསོན།།

རྫོགས་སྤྲུལ་ལྔ་པས་ལུང་གིས་བསྔགས་པའི་མཚན་ལྡན་མཆོག་སྤྲུལ་ཀུ་མུ་ཏ།།
རིགས་ཀྱི་མྱུ་གུ་ཀོང་ཡུལ་བཟུང་ཡང་ཡོངས་འཛིན་ཆོས་ཀྱི་ཟླ་བ་ཡིས།།
མན་ངག་སྙིང་པོ་ཟེར་གྱིས་ཉེར་སྲུང་མཁྱེན་རབ་འདབ་སྟོང་སྨད་ནས་བཞད།།
དོན་གཉེར་སྐྱེ་བོའི་ཡིད་དབང་གསོ་བའི་མཆོད་སྡོང་ཆེན་པོར་གྱུར་འདི་རྨད།།

ཐུགས་བསྐྱེད་དུས་སྨིན་ཉི་ཟླའི་དཀྱིལ་འཁོར་རྣམ་དཀར་དགེ་བའི་རླུང་ཤུགས་ཀྱིས།།
གདུལ་བྱའི་རྨོངས་མུན་རྩད་ནས་གཞོམ་ཕྱིར་ཕྱོགས་མེད་ཞིང་དུ་ཉེར་དྲངས་པས།།
མཛད་འཕྲིན་ནམ་མཁའི་ཕ་མཐར་སོན་པའི་གྲགས་པ་དཀར་པོའི་ཟེར་འཕྲེང་ཅན།།
འཕགས་ཡུལ་ལྷོ་ཡི་འཛིན་མའི་རྒྱན་དུ་དཔལ་ལྡན་ཀླུ་དབང་ལས་ཀྱང་མཛེས།།

ཟླ་ཤེལ་གངས་རིས་ཡོངས་སུ་འཁྱུད་པའི་བསིལ་ལྡན་ཁ་བའི་སྨན་ལྗོངས་ནས།།
སྙིགས་མའི་གདུང་སེལ་ཆོས་ཀྱི་བདུད་རྩི་བརྒྱུད་པ་རྣམ་བཞིའི་ཆུ་བོའི་རྒྱུན།།
ཕྱོགས་ཀྱི་སྐྱེ་བོའི་བསྒོ་སྐལ་འདྲེན་ལ་དེད་དཔོན་དང་པོའི་མཚན་འཆང་བ།།
གསང་ཆེན་ཐུགས་ཀྱི་བསྟན་པའི་བདག་པོ་དྲི་མེད་བཤེས་གཉེན་ཕེབས་པ་འདྲ།།

རྒྱལ་བསྟན་དྲི་མེད་རིན་ཆེན་གདུགས་མཆོག་གནག་སྤྱོད་རླུང་གིས་སྒྱེལ་ཉེ་དུས།།
བཤད་སྒྲུབ་ཟུང་འབྲེལ་གསེར་གྱི་ཀ་བར་འཆད་རྩོད་རྩོམ་པའི་དཔུང་ཤུཊ་ཀྱིས།།
ཐར་བའི་བློ་ཅན་དགེ་འདུན་སྡེ་ལ་ཚུལ་ཁྲིམས་གྲིབ་བསིལ་སྦྱིན་མཁས་པའི།།
སྐྱེས་མཆོག་ཁྱེད་ཀྱི་རྣམ་ཐར་མཇལ་ཚེ་མཁན་ཆེན་ཞི་འཚོ་གཤེགས་པ་བཞིན།།

ངེས་འབྱུང་བློ་ཡི་རྩ་བ་བརྟན་པའི་བསླབ་གསུམ་ས་བརྟོལ་ལྗོན་པའི་རྩེར།།
ཚད་མེད་རྣམ་བཞིའི་ལོ་འདབ་རབ་རྒྱས་ཕྱིན་དྲུག་མེ་ཏོག་ཚོམས་བུས་མཛེས།།
དག་མཉམ་ལྟ་བའི་གེ་སར་དགོད་ལ་རིམ་གཉིས་འབྲས་བཟང་སྨིན་པ་ཡི།།
སུམ་ལྡན་འདུས་པའི་འཁོར་གྱིས་ཡོངས་བསྐོར་ཤཱཀྱའི་དགེ་སློང་ཡིད་ལ་དྲན།།

བླ་མེད་ཐུགས་བསྐྱེད་ཟླ་ཞལ་འཛུམ་ལ་བསམ་སྦྱོར་གདུག་པའི་ཆོ་འཕྲུལ་གྱིས།།
ཕྱི་ནང་འགལ་རྐྱེན་སྤྲིན་ནག་འཕྱུར་ཡང་ལེགས་སྨོན་དུས་སུ་སྨིན་པའི་ཆར།།
སྐལ་ལྡན་འདུས་པའི་ཞིང་བཟང་ལ་ཐིམ་མཁས་གྲུབ་འདུས་སྡེ་རྒྱས་དང་ལྷན།།
མི་མཐུན་གཡུལ་རྒྱལ་དབྱར་རྔའི་སྒྲ་དབྱངས་འཛམ་གླིང་ཁྱོན་ལ་ལྡིར་བ་དྲན།།

ལྷ་མིན་ལས་འགོངས་ལྷ་ཡི་གནས་མཆོག་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ཞེས།།
བཟོ་རྒྱལ་བི་ཤོའི་འཕྲུལ་ཐབས་ཀྱིས་བསྐྲུན་ལྟ་ན་སྡུག་པའི་ཞིང་མཆོག་ཏུ།།
ཁྲི་ཕྲག་འདུས་པའི་དགེ་འདུན་ཚོགས་ལ་ཟབ་རྒྱས་ཆོས་ཚུལ་དཔག་ཡས་ཀྱིས།།
སྨིན་གྲོལ་བདུད་རྩིའི་བསྒོ་བཤའ་འགྱེད་པའི་རྫོགས་ལྡན་དུས་ཀྱི་དགའ་སྟོན་དྲན།།

ཆེ་དགུའི་རལ་རྩེར་ཞབས་སོར་བཀྲ་བའི་འཇིགས་མེད་སྤོབས་པའི་གཏེར་བརྒྱ་ཡིས།།
ཕྱོགས་ཀྱི་འཛིན་མར་འཁོར་ལོས་བསྒྱུར་ལྟར་མཛད་འཕྲིན་རྩིབས་སྟོང་གཡོ་བ་ན།།
སྐལ་ལྡན་ཡིད་ཀྱི་བརྟན་པ་ཀུན་འཕྲོག་སྒོ་གསུམ་ལྟོས་བཅས་ཡོངས་ཕུལ་ཏེ།།
འདི་ཕྱིའི་སྐྱབས་གནས་ཁྱེད་ལ་རེ་བའི་འདུན་པ་བརྟས་པའི་སློབ་ཚོགས་དྲན།།

སྙིང་རྗེའི་རང་གཟུགས་པད་དཀར་འཆང་བ་ཤཱཀྱའི་དགེ་སྦྱོང་ཆེན་པོ་དང་།།
སྨྲ་བའི་ཟླ་བ་འཇམ་པའི་དབྱངས་དངོས་མཁན་ཆེན་ཡིད་བཞིན་ནོར་བུ་མཆོག།
མཐུ་སྟོབས་ནུས་པའི་རྒྱལ་ཀུན་གསང་འཛིན་གྲུབ་དབང་དམ་པ་ཁྱེད་གསུམ་གྱིས།།
སྟོན་འཁོར་ལྷན་འཛོམས་བཀྲ་ཤིས་རེ་ཁ་གོ་ལའི་ཁྱོན་ལ་བསྐྲུན་པ་དྲན།།

བཤད་སྒྲུབ་ཟུང་འབྲེལ་གཡུར་དུ་བཟའ་བའི་མཐོ་སློབ་རིག་པའི་དགའ་ཚལ་དེར།།
རིས་མེད་བཤེས་གཉེན་མགྲོན་དུ་བསུས་ཏེ་ལེགས་བཤད་ཆོས་ཀྱི་སྟོན་མོ་ཡིས།།
དཔྱོད་ལྡན་གཞོན་ནུ་ནར་མར་གསོས་པས་རིགས་རྩལ་ཁོང་ནས་རྒྱས་དང་ལྷན།།
འཕགས་བོད་གཉིས་སུ་ཉི་ཟླ་ལྟར་གྲགས་ཀུན་གྱི་མགྲིན་པ་བྲེལ་བ་དྲན།།

མཁས་པའི་གསུང་རབ་རིན་ཆེན་དང་པོ་བརྗེད་ངས་རྐུན་པོས་སྦས་པ་ན།།
ཐོས་གསམ་སྒོམ་པའི་ཀྱོ་བ་རྣོ་བའི་བློ་ལྡན་གཏེར་སྟོན་སྟོང་ཕྲག་གིས།།
ཤེས་རབ་ཀློང་ནས་གབ་པ་མངོན་བྱུང་མདོ་སྔགས་ལྟ་བའི་ཤན་འབྱེད་དག།
མ་འོངས་བསྟན་པའི་བཙས་སུ་བཞག་པ་ཉིད་ཀྱི་ཕུལ་བྱུང་མཛད་རྣམ་དྲན།།

དབྱངས་གསལ་སོ་བཞིའི་ལྡུམ་རར་ཉུལ་བའི་གྲྭ་ཆུང་རྐང་དྲུག་རྩེ་དགའ་ཡིས།།
རྣམ་དབྱེ་བརྒྱད་ཀྱི་འདབ་མས་ཡོངས་འཁྱུད་བདག་གཞན་དུས་གསུམ་གེ་སར་ལ།།
ཚིག་ཕྲད་རྟགས་ཀྱི་སྦྲང་རྩི་གཞིབ་བཞིན་ཁྱེད་ཉིད་འབྱོན་བཞུད་བསུ་སྐྱེལ་གྱིས།།
གླུ་དང་གར་གྱིས་རྩེད་འཇོ་རོལ་བའི་བཅོས་མིན་བྱིས་པའི་བྱ་སྤྱོད་དྲན།།

གཞུང་ཆེན་ལྔ་ཡི་དཀའ་བའི་གསེར་ཁམས་རྣམ་དཔྱོད་འཕྲུལ་གྱིས་བཞུས་པ་ལ།།
གུས་རྟག་བརྩོན་པའི་བཙོ་སྦྱོང་ལེགས་བྱས་ཤེས་རབ་གསུམ་གྱི་མཆོད་སྡོང་དེར།།
རྣམ་དག་ཚུལ་ཁྲིམས་མུ་ཁྱུད་མཛེས་ཤིང་དྲན་ཤེས་བག་ཡོད་མེལ་ཚེ་ཡིས།།
དུས་རྣམས་ཀུན་ཏུ་སྲུང་ལ་དགྱེས་པའི་ཉིད་ཀྱི་མཚན་ལྡན་གྲྭ་བཙུན་དྲན།།

སྔ་འགྱུར་མཁས་གྲུབ་གཙུག་ན་ཟླ་བས་བཀའ་གཏེར་དག་སྣང་སྦས་པ་ན།།
གྲུབ་དབང་ཁྱེད་ཉིད་ཛ་ཧུ་ཟོལ་གྱིས་མཉེས་པ་གསུམ་གྱིས་ལེགས་མཆོད་པས།།
དབང་བཞིའི་གདམས་ངག་གང་གའི་ཆབ་རྒྱུན་ལྷོ་ཡི་འཛིན་མར་དྲངས་དང་ལྷན།།
གདུལ་བྱའི་རྒྱུད་ཀྱི་སྒྲིབ་བཞི་ཡོངས་འཁྲུད་སྐུ་བཞིའི་ས་བོན་བཞག་པ་དྲན།།

བྱིང་རྒོད་སྤྲིན་བྲལ་ཉམས་ལྔ་མཐར་ཕྱིན་ཞི་བའི་ཏིང་འཛིན་མཁའ་དབྱིངས་སུ།།
སྤྲོས་མཚན་རབ་རིབ་དྲི་མ་ཡོངས་དག་ལྷག་མཐོང་ལྟ་བའི་འོད་ཟེར་གྱིས།།
གཉིས་འཛིན་རྨོངས་པའི་མུན་པ་གཏན་གཞིལ་མཁྱེན་གཉིས་ཡེ་ཤེས་སྣང་བ་ལ།།
ལོངས་སུ་སྤྱོད་པའི་རྟོགས་ལྡན་རྒན་པོས་བརྒྱུད་འཛིན་སློབ་བུ་སྐྱོང་བ་དྲན།།

ཕུལ་བྱུང་སྔ་འགྱུར་ནོར་བུའི་མཛོད་ལས་བཀའ་གཏེར་རིན་ཆེན་དོ་ཤལ་དེ།།
རྨད་བྱུང་རྣམ་དཔྱོད་ཁོང་ནས་རྒྱས་པའི་དད་ལྡན་སྐྱེ་བོའི་མགྲིན་པ་ལ།།
རབ་བྱུང་བསྙེན་རྫོཊ་ཟ་འོག་གོས་བཅས་བཀའ་དམ་ཕྱག་རྒྱས་བསྩལ་བ་ཡི།།
མཚར་བྱུང་ཆོས་ཀྱི་དགའ་སྟོན་མ་ལུས་མྱོང་བའི་སྐལ་བཟང་ཡིད་ལ་དྲན།།

རྣལ་འབྱོར་ཆེན་པོའི་ལྟ་བའི་བཙན་རྫོང་གཏན་ཚིག་བཞི་ཡིས་གཏན་ལ་ཕབ།།
བསྐྱེད་རྫོཊ་ཟུང་འཇུག་སྒོམ་པའི་འཕྲང་ལ་ཆོས་ཉིད་གཟེར་བཞིས་རྒྱས་གདབ་པས།།
བསྙེན་སྒྲུབ་ལས་ཀྱིས་སྤྱོད་པའི་སྲོག་འཕྲོག་འཁོར་འདས་ཆོས་ཀུན་ཉམས་འོག་ཆུད།།
རྩ་གསུམ་དངོས་གྲུབ་ཆོས་སྐྱོང་བྲན་འཁོལ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དྲན།།

ཁྱེད་ཀྱི་ཐུཊ་བསྐྱེད་དགུ་ཚིགས་ལས་བྱུང་བསྟན་དགོན་རྒྱུ་སྐར་ཕྲེང་བ་ལས།།
མཐོ་སློབ་ཆེན་མོ་ཉི་ཟླ་ཟུང་གི་བཤེས་གཉེན་དམ་པའི་འོད་སྣང་གིས།།
གནའ་དེང་ཤེས་བྱའི་རིག་པའི་མྱུ་གུ་བསིལ་དྲོད་རེས་ཀྱིས་བསྐྱངས་པ་ཡི།།
ལུགས་གཉིས་དཔལ་ཡོན་ཁོ་ལག་ཡོངས་རྫོགས་ཆོས་ཀྱི་མཆེད་པོ་མ་ལུས་དྲན།།

དཀའ་བ་བརྒྱ་ཕྲག་ཁུར་དུ་འཁྱེར་ཏེ་ལུགས་གཉིས་ཐེམ་སྐས་བགྲོད་པ་ན།།
གསང་ཆེན་རྙིང་མའི་རྒྱལ་སར་དབང་བའི་ངེས་དོན་བཤེས་གཉེན་ཆེན་པོ་ཞེས།།
ལྷ་མི་གཉིས་ཀྱི་མཆོད་སྡོང་གྱུར་པའི་ངོ་མཚར་གཏམ་གྱི་རོལ་མོ་ཡི།།
བྱུང་བ་འདི་དག་མཁས་བླུན་ཀུན་གྱིས་སྨྲ་བའི་འདབ་སྟེགས་གྱུར་པ་དྲན།།

ཁྱེད་ཞབས་པད་མོར་འདུད་ལ་དགའ་བའི་ཕྱོགས་ཀྱི་ར་ཡིག་གཉིས་པའི་ཚོགས།།
གསུང་གི་བདུད་རྩིས་ཡོངས་སུ་མྱོས་ཤིང་དགའ་བའི་གར་སྟབས་གཡོ་བཞིན་དུ།།
ཕུན་ཚོགས་སྡེ་བཞིའི་སྦྲང་རྩའི་བང་མཛོད་གཏན་པ་མེད་པའི་མཆོད་སྤྲིན་གྱིས།།
ཡང་སློབ་བརྒྱུད་འཛིན་སྐྱོང་བའི་བྱ་བས་དུས་རྣམས་ཀུན་དུ་བྲེལ་བ་དྲན།།

བགྲང་ཡས་ཚོགས་གཉིས་ཆུ་འཛིན་དཀྲིག་ལས་མཁྱེན་བརྩེ་སྦྲང་ཆར་འཇོ་བ་ཡིས།།
སྐལ་ལྡན་སྐྱེ་བོའི་བསོད་ནམས་ཞིང་སར་དད་གསུམ་མྱུ་གུ་བསྐྱེད་པའི་ཚུལ།།
སྒྲོ་བཏགས་ཚིག་གིས་བསླུས་པ་མ་ཡིན་དོན་གྱི་འབྲས་བཟང་བཅུད་འཛིན་པའི།།
ཤར་ནུབ་སྐྱེ་བོའི་མགྲིན་པའི་སྒྲ་དབྱངས་རྒྱུན་ཆད་མེད་པར་སྒྲོག་པ་དྲན།།

ལོག་འཚོས་རྙོགས་པའི་དྲི་མས་མ་སྦག་འཛད་མེད་གཏེར་གྱི་བང་མཛོད་ལས།།
གཏན་པ་མེད་པའི་མཆོད་སྦྱིན་སྤྲིན་ཆེན་འཁོར་གསུམ་དག་པས་སྤྲོ་བ་ན།།
ཉམ་ཐག་དབུལ་བའི་གདུང་བ་ཀུན་བསལ་དགའ་མགུ་ཡིད་རབ་ཚིམས་བྱེད་པའི།།
མགོན་མེད་ཟས་སྦྱིན་སྨོན་ལམ་སྟོབས་ཀྱིས་སླར་ཡང་ཞིང་འདིར་ཕེབས་པ་དྲན།།

བསམ་ངན་སྦྱོར་རྩུབ་གདུག་པའི་དགྲ་ལ་བྱམས་བརྩེ་མཚོན་གྱིས་ལན་བྱིན་ཞིང་།།
རྣམ་དཔྱོད་ཡངས་པའི་སློབ་མའི་མགུལ་དུ་དམ་ཚིག་འཆིངས་ཐག་འཇོག་པ་ཡི།།
ཐབས་ཤེས་དབྱེར་མེད་སྒྱུ་རྩལ་ཕྱུག་པའི་གྲུབ་དབང་ལྷ་སྲས་དམ་འཛིན་ཁྱེད།།
སྐུ་ཡི་གཟི་བརྗིད་ལྷམ་མེར་མངོན་བཞིན་བསྟན་འགྲོའི་མགོན་དུ་བཞུགས་པ་དྲན།།

མདོ་རྒྱུད་སེམས་གྱི་གདམས་པའི་མཛོད་འཆང་བརྒྱུད་གསུམ་རིན་ཆེན་མན་ཤེལ་ལ།།
ཆོལ་ཁ་ཆོས་ལུགས་ཕྱོགས་ཞེན་དང་བྲལ་དམ་སེལ་གཡའ་ཡིས་མ་གོས་པའི།།
སྔ་འགྱུར་མཁས་གྲུབ་གཤེགས་ཤུལ་ཟིན་པ་དོན་གྱི་རྣམ་ཐར་གཙང་མའི་དཔལ།།
ཕྱི་རབས་སློབ་བུའི་རྒྱན་དུ་བཞག་པའི་ཕུལ་བྱུང་མཛད་རྗེས་ནམ་ཡང་དྲན།།

སྔ་འགྱུར་བཀའ་གཏེར་གསེར་དངུལ་ཚོམས་སུ་སྙིང་ཐིག་ནོར་བུས་སྤྲས་པ་ཡི།།
གྲུབ་དབང་གོང་མའི་རྣམ་ཐར་འཛིན་པའི་བཟོ་རྒྱལ་མཁས་པར་སྤྲུལ་བ་ན།།
རིས་མེད་སྐྱེས་བོས་རྣམ་དཔྱོད་རིན་ཆེན་དད་དམ་གཙང་མས་ཕུལ་བ་རྣམས།།
ཁྱེད་ཀྱི་ཐབས་ཤེས་འཕྲུལ་གྱིས་བཅོས་པའི་སྣོད་ལྡན་ཉེར་སྤྱོད་མོད་པ་དྲན།།

རྒྱལ་བའི་དབང་པོ་པད་མ་ཀ་རའི་ཐུགས་རྗེའི་འོད་ཕུང་བསྡུས་པ་ལས།།
སྐུ་གསུམ་ཀུན་འདུས་གཞལ་མེད་ཁང་བཟང་ཟངས་མདོག་དཔལ་གྱི་རི་བོ་ཞེས།།
དད་ལྡན་ཡིད་མཁར་ནམ་ཡང་འཛུམ་པ་རིན་ཆེན་སྣ་ལྔའི་ཚོམས་བུ་ཅན།།
མ་ལ་ཡ་ཡི་ནགས་སུ་བསྐྲུན་པའི་དགའ་སྟོན་ཉམས་སུ་མྱོང་བ་དྲན།།

རྒྱལ་ཡུམ་མཚོ་རྒྱལ་རྗེས་སུ་སློབ་པའི་ཕྱོགས་ཀྱི་བཙུན་མ་ཟླ་བ་དགའ།།
བཤད་སྒྲུབ་ཟུང་གི་བསིལ་ཟེར་ལ་བསྟེན་བློ་གྲོས་འདབ་རྒྱ་བཀྲོལ་བ་དང་།།
འཆད་རྩོད་རྩོམ་པའི་དྲི་བསུང་འཕྱུར་བའི་འདུས་སྡེ་དར་ཞིང་རྒྱས་པ་ཡི།།
དགའ་སྐྱིད་གླིང་དེར་ལོ་གཅིག་ཕྱིན་པའི་མྱོང་ཚོར་ད་དུང་གསལ་པོ་དྲན།།

མགོན་པོ་ཁྱེད་དང་མཁན་ཆེན་པདྨ་ཕྱག་མཛོད་ཀུན་བཟང་རྣམ་གསུམ་པོ།།
སྔོན་ནས་སྨོན་ལམ་གཏད་རྒྱས་བཏབ་པའི་མཁན་སློབ་ཆོས་རྒྱལ་རྣམ་པ་ལྟར།།
གཅིག་གྲོགས་གཅིག་གིས་གྲུ་དཔུང་འདེགས་པའི་རྟེན་འབྲེལ་དུས་སུ་སད་པ་ཡིས།།
རྙིང་བསྟན་སླར་ཡང་རྨང་ནས་བསླང་བའི་ཟུམ་མེད་ཕུལ་བྱུང་མཛད་རྗེས་དྲན།།

རྣམ་གླིང་དགོན་པའི་ཞལ་ཏ་ནས་བཟུང་སྔ་འགྱུར་བསྟན་པའི་བདག་པོ་བར།།
ཉིན་མཚན་ཀུན་ཏུ་གཡེལ་བ་མེད་པར་དགེ་འདུན་འདུས་པའི་འཚོ་བའི་ཆེད།།
ཆོས་བཤད་དབང་བསྐུར་དཀོར་ཁ་གྲོང་ཆོག་ས་ཁུར་རྡོ་བརྩིག་ལ་སོགས་པའི།།
སྐུ་ངལ་གནང་བའི་རྣམ་ཐར་རིང་མོས་མཁས་པའི་ཞལ་ཡང་འགགས་པ་དྲན།།

གཉུག་མར་གནས་དང་གློ་བུར་ལྷག་པའི་གྲྭ་བཙུན་སྟོང་ཕྲག་དུ་མའི་ཆེད།།
ཟས་གོས་གནས་མལ་ནར་མར་སྦྱོར་ཡང་འབྱོར་བ་འཛད་མེད་འཕེལ་བ་ཡི།།
སྔོན་དང་ད་ལྟའི་ལོ་རྒྱུས་ཁྲོད་ན་ཁྱེད་ལས་གཞན་ཞིག་མ་དམིགས་པས།།
བླ་མེད་ཕ་རྒན་ཁྱེད་ཀྱིས་གསོས་པའི་འཁོར་མེད་བཀའ་དྲིན་ཡང་ཡང་དྲན།།

རི་བོ་གངས་ཅན་བརྒྱུད་ན་འཚོ་བའི་ཤཱཀྱའི་རྗེས་འབྲངས་ཕལ་མོ་ཆེས།།
ཁྱེད་ཀྱི་མཚན་སྙན་རྣ་བས་ཐོས་དང་མཇལ་བའི་མདུན་པ་རུམ་བཞིན་དུ།།
ལེ་དབར་སྟོང་ཕྲག་སྒོར་གྱིས་བསླུས་ཤིང་ཚ་གྲང་དཀའ་ངལ་ཁྱད་བསད་དེ།།
རྣམ་གླིང་གསེར་གྱི་ལྷ་ཁང་མདུན་ནས་དད་པའི་སྙིམ་པ་འཐོར་བ་དྲན།།

ཁྱེད་དང་ཡུན་རིང་འགྲོགས་པའི་སྐྱེ་བོས་ལོག་སྒྲུབ་ཇི་ལྟར་བྱས་ན་ཡང་།།
ཐུགས་ཀྱི་རེ་ཐག་གཏན་དུ་མི་ལྟུང་ད་དུང་ལྷག་པར་མཛའ་བ་ཡིས།།
མ་གཅིག་བུ་ལ་སྡུག་པ་ཇི་བཞིན་ཟས་དང་ནོར་གྱིས་བསྐྱངས་པའི་ཚུལ།།
དངོས་བྱུང་ལོ་རྒྱུས་རྣ་བས་ཐོས་ཤིང་རང་མཐོང་གསལ་ལ་མ་འདྲེས་དྲན།།

སྟོབས་དང་འབྱོར་བས་ཡོངས་སུ་བཏང་བའི་ས་མཐའི་དགེ་སྦྱོང་སྤྲང་པོ་ཡིས།།
ཧིན་སྒོར་སུམ་བརྒྱས་སོན་རྩ་ལ་བསྟེན་དགེ་འདུན་བཞི་སྟོང་འདུ་བའི་གནས།།
རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ཞེས་པ་དཔལ་ལྡན་འབྲས་སྤུངས་ཉེ་བའི་སར།།
བཤད་སྒྲུབ་ཟུང་འབྲེལ་བཙས་སུ་བཞག་པའི་དོན་ལྡན་རྣམ་ཐར་ཡིད་ལ་དྲན།།

བོད་ཀྱི་ཆོས་རིག་གསོ་སྐྱོང་ཆེད་དུ་རིས་མེད་དགེ་འདུན་འདུས་པའི་སྡེར།།
ཐུན་མོང་ཐུན་མིན་རིག་གནས་མ་ལུས་དགོས་འདོད་ཀུན་འབྱུང་གྲྭ་གསུམ་གྱིས།།
ཇོ་མོ་གླིང་མའི་མགོ་ནག་ཡོངས་ཀྱི་རེ་འབྲས་དོན་ལྡན་གནང་བཞིན་དུ།།
རྒྱུས་མེད་མི་ཡུལ་སྐུ་ཚེ་རྫོགས་ཀྱང་ཐུགས་འདུན་བོད་ལ་ཆེ་བ་དྲན།།

སྐུ་ཞབས་སྙུན་གཞི་དྲག་ཏུ་ལྕི་ཞིང་དགུང་ན་མཐོན་པོར་གཤེགས་ན་ཡང་།།
ཤར་ནུབ་དད་ལྡན་རེ་འདུན་བསྐང་ཆེད་ཉིན་མཚན་བར་མེད་བྱོན་པ་ཡི།།
སྐུ་ངལ་མཐའ་དག་རིས་སུ་བྲིས་པ་རིག་མཛོད་པད་མའི་རང་མདངས་སུ།།
གསལ་ལ་མ་འདྲེས་བརྒྱུད་མར་བཀོད་པའི་ལོ་རྒྱུས་མཐའ་དག་ཡིད་ལ་དྲན།།

ཁྱེད་དང་མཇལ་བའི་ཐོག་མའི་ལོ་དེར་དམན་བུ་ཕོ་ལོ་བཅོ་ལྔ་ཡིན།།
དེ་ནས་བཟུང་སྟེ་སོ་གསུམ་ཟིན་པ་མི་ལོ་བཅོ་བརྒྱད་མ་སོང་བར།།
དཀའ་བ་བརྒྱ་ཕྲག་ཁུར་དུ་འཁྱེར་བཞིན་ཁྱེད་ཀྱི་རྗེས་སུ་བསྙེགས་པ་ཡི།།
སྔོན་སོང་ལས་ལ་ཕྱིར་མིག་ཅེར་ཚེ་དགའ་སྐྱོ་འདྲེས་མའི་སྣང་ཚུལ་དྲན།།

མི་མྱ་དགོན་ཞོལ་དང་པོ་མཇལ་དུས་ཞལ་ནག་སྤྲིན་རུམ་མཐུག་པོ་བཞིན།།
དཔལ་ཡུལ་དགོན་ནས་གཉིས་པ་མཇལ་བས་སླར་ཡང་སྔོན་མའི་ངང་ཚུལ་ཅན།།
རྣམ་གྲོལ་གླིང་ནས་གསུམ་པ་མཇལ་ཡང་སྔ་མའི་རྣམ་པ་མ་འགྱུར་ཞིང་།།
ཁོ་བོར་ཞལ་གསུང་ཚིག་གཅིག་མ་འབྱིན་མི་ལོ་བཅུ་ཕྲག་ཕྱིན་པ་དྲན།།

དུས་སྐབས་ཤིག་ནས་ལོ་གཅིག་ལྷག་ལ་སྐུ་མདུན་གཏན་ནས་འགྲོ་མ་འདོད།།
འབྱོན་བཞུད་དུས་སུ་དོ་སྣང་མེད་པར་གྲལ་དུ་མཇལ་ཡང་སྣང་མེད་ཀྱིས།།
འབྲས་སྤུངས་དགོན་པར་འགྲོ་བར་བསམ་ནས་ལམ་ལ་ཆས་གྲབ་བྱས་ན་ཡང་།།
སྐུ་ཆེན་མདུན་དུ་དམ་བཅའ་བཞག་པ་ཡིད་ངོར་འཆར་བཞིན་ལུས་པ་དྲན།།

དགོན་གཞུང་གྲྭ་ཤག་སྨོན་ལམ་སོགས་སུ་ཐོ་འགོད་བྱས་པར་ཁག་པའི་དུས།།
ལོ་སར་ཚེས་གཅིག་རྒྱང་མཇལ་ཙམ་གྱིས་རྫོང་སར་འགྲོ་བར་ཐག་བཅད་ཀྱང་།།
ཞབས་གཉིས་སྙུང་ཞིང་དབུ་སྐྲ་སེ་བཞིན་ཁྲི་སྟེང་འབྱོན་བཞུད་དཀའ་བ་ཡི།།
སྐུ་ངལ་མཐོང་དང་ཁོ་བོའི་སྡུག་བསྔལ་ཁྱད་དུ་བསད་ནས་བསྡད་པ་དྲན།།

ཁྱེད་ཀྱི་བླ་མེད་ཕྱག་བཞེས་ལ་འཕྲེང་དད་པའི་འདབ་སྟོང་ཁོང་ནས་འཕྱུར།།
ཉམས་ཆུང་བུའི་སྟེང་གནག་པར་སེམས་དུས་སྐྱོ་བའི་སེམས་པ་ཁོང་དུ་ཆུད།།
དད་དང་སྐྱོ་བ་སྤེལ་མའི་ངང་ནས་བགྲང་བྱ་བཅུ་གཅིག་འདས་པའི་རྗེས།།
ཞལ་གྱི་དཀྱིལ་འཁོར་འཛུམ་ཙམ་བྱུང་བས་དགའ་བདེས་རྟག་ཏུ་མྱོས་པ་དྲན།།

ཁྱེད་ཉིད་ཐུགས་བརྒྱལ་གཏིང་ནས་བཞེངས་དུས་ཧྱ་གྷྲི་ཝ་ཁྲོས་པ་བཞིན།།
བཀའ་བཀྱོན་དྲག་པོ་མེ་དཔུང་མཆེད་པས་སྙིང་གི་རུས་པ་འཐོར་ལ་ཁད།།
ཟས་ཀྱི་དང་ག་ཡིད་ལ་མེད་པར་མཚན་གང་ངུས་པའི་མཆི་མ་ཡིས།།
སྔས་དང་མལ་སར་བརླན་པའི་བྱུང་བ་ད་དུང་མ་བརྗེད་ལྷང་ངེར་དྲན།།

ཁོ་བོའི་ང་རྒྱལ་བྲག་རིའི་མགོ་བོར་ཞལ་འབེབ་ཐོག་གིས་གཞུས་དང་ལྷན།།
སྙིང་པོའི་དབེན་པ་འདམ་བུའི་ཚལ་རྣམས་ལག་ལྡན་ཁྱུ་ཡིས་གཞོམ་པ་ལྟར།།
ལོ་དགུའི་བར་ལ་ལྡང་དུ་མེད་པའི་བཀའ་དམ་དྲག་པོས་ནོན་པ་ན།།
སྐུ་ཐུང་གྱད་ཆེན་སྤྲུལ་པར་གྲགས་ལ་ཡིད་ཆེས་ཁོང་ནས་རྙེད་པ་དྲན།།

མཇལ་ན་སྤྲོ་བའི་མཛེས་པའི་ཞལ་ལས་དགྱེས་འཛུམ་ཚེམས་ཀྱི་མདངས་ཕྱུང་སྟེ།།
བརྩེ་བའི་ཉམས་བརྒྱས་གསུང་མཆིད་ཉག་གཅིག་རེ་ལྡན་ཡིད་ལ་ལྷུང་དང་ལྷན།།
བཟོད་ཐབས་བྲལ་བའི་ཚོར་བདེས་བཟི་བཞིན་དགའ་བའི་སྐོར་བྲོ་ཅིར་ཡང་བསྒྱུར།།
རས་བལ་ལས་ཀྱང་ཡང་བའི་ལུས་འདི་འཕུར་ན་ཆོག་པའི་ཉམས་སྣང་དྲན།།

དུས་འདི་ནས་བཟུང་བཟང་ངན་སྤེལ་མའི་ཞལ་མཆིད་རྣམ་པ་སྣ་ཚོགས་ཀྱིས།།
མཚམས་རེར་ང་ཡིས་གང་ཞུས་ཀུན་ལ་ལགས་སོ་གསུང་གིས་གཟེངས་སུ་བསྟོད།།
ཐེངས་རེར་སྨད་པའི་གཏམ་གྱི་སྦྱོར་བས་སེམས་ལ་ཟུག་རྔུ་ལྕི་ན་ཡང་།།
སྤྱི་སྒེར་གཉིས་ཀྱི་བྱ་བའི་ཆེད་དུ་ཁྱེད་མདུན་ནམ་རྒྱུན་འདུར་བ་དྲན།།

ལེགས་ཉེས་དཔྱོད་པའི་བློ་གྲོས་ཆུང་བའི་གླེན་རྒན་ལུག་དང་འདྲ་བ་བདག།
གཟིམ་ཁང་སྒོ་ནས་འཛུལ་མ་ཐག་ཏུ་འཛུམ་ཞལ་པདྨའི་མདངས་ངོམ་བཞིན།།
མདུན་ནས་གང་ཞུས་ཞལ་རྩེད་ཁོ་ནས་ཡིན་མིན་ཐག་ཆོད་གཏན་མེད་པར།།
ཕྱིར་ལོག་མ་བྱེད་ཐབས་མེད་བྱུང་བའི་གནས་ཚུལ་རིམ་བྱུང་ཡིད་ལ་དྲན།།

གཞུང་ལུགས་མ་ལུས་མཐའ་རྒྱ་གཅོད་ལ་རིག་པའི་གཤོག་རྩལ་རྫོགས་པ་ཡི།།
མཁས་མང་དགེ་འདུན་ཁྱུང་ཆེན་གྲལ་དུ་དབང་བརྟུལ་ཕོ་རོག་ནག་ཆུང་ངས།།
ལུང་རིགས་མེད་པའི་རྡོ་རྗེའི་འགྲོས་ཀྱིས་ཚིག་གི་ཨོག་འགྱུར་སྒྲོག་བཞིན་དུ།།
འཛིན་རིམ་དགུ་ཡི་ཐེམ་པ་ཕལ་ཆེར་བྱ་དགའི་རྒྱལ་མཚན་བསྒྲེངས་པ་དྲན།།

མི་ཡུལ་འགྲིམས་པའི་ལོ་ཟླ་རིང་མོར་ཉིད་ཀྱི་བྱམས་བརྩེའི་ཕྱག་ཟུང་འོག།
གཞུང་ལུགས་ལྟ་བའི་མིག་མཆོག་རྙེད་ཅིང་རིགས་པ་སྨྲ་བའི་གྲལ་མཐར་ཟིན།།
ཟས་གོས་གནས་མལ་ཡོ་བྱད་མ་ལུས་ཡིད་ལ་གང་འདོད་གནང་བ་ཡི།།
བཀའ་དྲིན་ཆེ་བའི་ཡོན་ཏན་བསམ་དུས་ཁྱེད་ཀྱི་ཞལ་བཟང་ཡང་ཡང་དྲན།།

འོན་ཏང་ཁོ་བོས་ཁྱེད་རྗེས་བསྙེགས་པ་ཚེ་འདིའི་འཚོ་བའི་ཆེད་མིན་ལ།།
མཚན་དང་སྙན་གྲགས་གོ་ཐོབ་གཉེར་བཞིན་ངོམ་སོ་འདོད་པ་དེ་བས་མིན།།
བརྒྱུད་པའི་ཕྱག་བཞེས་དྲི་མ་མེད་པའི་ལམ་སྲོལ་རྣལ་མ་རྙེད་ཕྱིར་དུ།།
རྒྱལ་མཚམས་འགག་སྒོ་ཐེངས་གསུམ་བརྒལ་ཏེ་ཐ་མ་མདུན་ལ་ཐོན་པ་དྲན།།

སྙན་བརྒྱུད་ཟབ་མོའི་སྨིན་ཁྲིད་ཆེད་དུ་སྔ་ཕྱི་ཐེངས་ལྔ་བཅར་གྱུར་ཀྱང་།།
ཁྱེད་ཀྱང་བཞུཊ་ན་ང་ཡང་འདུག་ཡོད་ག་ལེར་གྱིས་དང་འགྲིཊ་འགྲོ་ཞེས།།
ལོ་ཟླ་ཞག་གྲངས་ཕྱིར་བཤོལ་ཁོ་ནས་མི་ཚེ་ཕྱེད་ཀ་ཧྲིལ་གྱིས་རྫོགས།།
དམིཊ་བསལ་མན་ངག་ཚིག་གཅིག་མ་ལོན་སྐྱོ་བས་རེ་ཐག་ཆད་པ་དྲན།།

མཁན་སློབ་དགེ་འདུན་བྱིངས་ཀྱི་སེམས་ལ་དམན་བུ་ཁོ་བོ་མཛའ་ན་ཡང་།།
འཕྲོག་བྱེད་མིག་ཅན་སྐྱེ་བོ་འགའ་ལ་ང་ཡི་བསླབ་གསུམ་མུན་པར་གྱུར།།
བཅོལ་ཆུང་བློ་འདི་ཁེངས་པའི་བྲག་རི་ཉིན་རེར་མཐོ་བ་རྟོགས་དང་ལྷན།།
གཉིས་འཛིན་གཞོམ་པའི་སྟ་གྲི་ངར་མས་རང་གཞན་ཚར་གཅོད་སྙམ་པ་དྲན།།

མིང་དོན་མཚུངས་པའི་སྤྲུལ་སྐུའི་རྣམ་ཐར་ཚེ་ཕྱེད་བར་དུ་འབད་གྱུར་ཀྱང་།།
འགལ་རྐྱེན་བར་ཆད་མཚོ་ལྟར་བདོ་ཞིང་མཐུན་རྐྱེན་ཉིན་མོའི་སྐར་མ་ཙམ།།
རང་དོན་སྒྲུབ་ལ་རབ་བྱུང་བསྙེན་རྫོགས་དགོས་གལ་དེ་ཙམ་མ་མཐོང་བས།།
སློབ་བུའི་སེམས་པ་མགོ་མཇུག་ལྡོག་སྟེ་ཁྱིམ་པའི་ཕྱོགས་ལ་གཏད་པ་དྲན།།

ཕྱི་ཡི་རྐྱེན་ངན་དྲག་རླུང་འཚུབ་མས་གོང་འོག་གཉིས་ཀ་དཀྲུག་ཅིང་འདར།།
ནང་གི་དུག་ལྔ་སྤྲིན་ནག་སྟུག་པོས་ལུས་སེམས་གཉིས་ཀ་སྒྲིབ་ཅིང་རྨོངས།།
གསང་བའི་རྡོ་རྗེ་རུས་མེད་འདི་ཡང་ཉིན་མཚན་གཉིས་ཀར་ལང་ཞིང་མཆོང་།།
དུས་ངན་སྙིགས་མའི་ལྟས་ངན་མཐའ་དག་མི་ངན་ཁོ་བོར་བབ་པ་དྲན།།

བླ་མ་ཁྱེད་དང་མཆེད་པོ་དག་ལ་ལྷག་བསམ་མཚུངས་མེད་མ་དགོས་ན།།
ང་ལ་དགོས་དོན་གཏན་མེད་སྙམ་ནས་རབ་བྱུང་བསྙེན་རྫོགས་སྡོམ་པ་ཕུལ།།
དགའ་སྐྱོ་ཆགས་སྡང་སྣ་ཚོགས་ཁྲོད་ནས་སྦྱོར་བའི་ལས་ལ་འབད་ན་ཡང་།།
བུད་མེད་ལུས་ཀྱི་ཟིལ་ངར་མ་བཟོད་ལུས་འདར་ངག་ཀྱང་འགག་པ་དྲན།།

དགེ་འདུན་འདུས་པའི་ཞལ་གྱི་མདུན་ནས་དགེ་རྒན་མིང་བྱང་ཁུར་ཁུལ་གྱིས།།
མཁན་སློབ་གྲལ་དུ་ལན་གཉིས་ཞུགས་ཀྱང་གདོང་ལ་མེ་དཔུང་མཆེད་པ་ལྟར།།
ངོ་ཚ་འཇིགས་སྐྲག་ཆེན་པོས་ནོན་ཏེ་གནས་བཟོད་གཏན་དུ་བྲལ་བ་ན།།
ཁྱེད་ཀྱི་མདུན་ནས་རྩ་དགོངས་འགྲོ་བའི་དམ་བཅའ་སྙིང་ལ་བཅུགས་པ་དྲན།།

མགོན་ཁྱེད་དག་ཞིང་ཐུགས་འདུན་གཏད་པའི་ལོ་ཕྱེད་གོང་གི་དུས་བཟང་དེར།།
ཕ་ཡུལ་ཕྱོགས་དང་རང་གི་གནས་ཚུལ་ལྷག་ལུས་མེད་པར་ཞུས་དང་ལྷན།།
རང་ཡུལ་དགོན་པར་ལྟ་རྟོག་གྱིས་སོགས་བསླབ་བྱ་སྣ་ཚོགས་གནང་བའི་མཐར།།
མཁན་སློབ་ལག་འཁྱེར་དགོས་འདོད་ཇི་བཞིན་ལྷག་ལུས་མེད་པར་བསྩལ་བ་དྲན།།

བཀའ་མོལ་ཡོངས་ཀྱི་ཐ་མའི་དུས་དེར་སྤྱན་གཉིས་ནམ་མཁའི་དབྱིངས་སུ་གཟིགས།།
ཕྱག་གཡས་ཁུ་ཚུར་དམ་དུ་བསྡམས་ཏེ་ཅོག་སྟེང་ཤེད་ཀྱིས་ཐེངས་འགའ་བཙུར།།
ཚང་མ་ལ་བཀའ་སློབ་གནོངས་ཤོག་ཨ་ཞེས་ལན་གཉིས་གཟབ་ནན་གསུངས་པ་དང་།།
ལགས་སོ་ཞུས་པས་ཨཽ་ཡ་གསུང་བཞིན་དབུ་འགུགས་འཛུམ་ཞལ་གནང་བ་དྲན།།

ཁྱེད་ཐུགས་གཏད་སོ་ཉག་གཅིག་ཡོད་ས་ཚུལ་ཁྲིམས་རྒྱན་བཟང་འཆང་བ་ཡི།།
བསྟན་ལ་ལྷག་བསམ་མཆོག་ཏུ་དགེ་བའི་ཤེས་རབ་གསུམ་གྱི་འོད་སྣང་ཅན།།
བརྟན་མཁས་གཉིས་ལྡན་ཁོ་ན་ཡིན་པར་ཡིད་ཆེས་གཏིང་ནས་རྙེད་ན་ཡང་།།
མདུན་གྱི་དགེ་སྦྱོང་ཁྱིམ་པའི་ལུས་དེར་ངུར་སྨྲིག་ཙམ་ལས་མེད་པ་དྲན།།

སྐུ་ཡི་རྣམ་འགྱུར་མཇལ་བ་ཉིད་ནས་ཐུགས་ངལ་ཆེ་བ་ཡོངས་སུ་ཤེས།།
བདག་ལ་ཐུགས་རེ་ཅུང་ཟད་ཡོད་པ་དེ་དུས་མ་ལུས་རྟོགས་གྱུར་ཀྱང་།།
ཁྱེད་ཀྱི་རེ་བའི་འཆིང་ཐག་འདོགས་སའི་སྡོམ་པའི་ཨ་ལུང་སྔོན་ནས་ཆད།།
ཁོ་བོ་གང་དྲན་སེམས་རྗེས་འབྲང་བ་སྨྱོན་པའི་ལམ་ལ་ཆས་པ་དྲན།།

དེ་ནས་བཟུང་སྟེ་བརྩོན་པ་ཆེན་པོས་ཐོག་མར་རང་ཉིད་གཙང་སེལ་གྱིས།།
བསྟན་དང་འགྲོ་ལ་གནོད་པར་སེམས་པའི་ཕྱི་ནང་ཆེ་ཆུང་ཐམས་ཅད་སྟེང་།།
གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་བསྟན་དགྲའི་སྟེང་དུ་ཆས་པ་བཞིན།།
ཚུལ་འཆོས་ངོ་སྲུང་གཏན་དུ་སྤངས་ཏེ་ཡོད་ཚད་ཆམ་ལ་འབེབ་པ་དྲན།།

ཚེ་ཕྱེད་ཆོས་པའི་བསམ་སྦྱོར་མ་གཏོགས་འཇིག་རྟེན་ལུགས་ལ་མ་བྱང་ཞིང་།།
ཨུ་ཚུགས་ཁོ་ནས་མི་ཚེ་སྐྱེལ་བའི་ཀླད་རྙིང་ཅེར་ལོང་མགོ་མཁྲེགས་བདག།
འཚོ་བ་གསར་བའི་གྲུ་ཁ་དེ་ནས་ཆོས་མིན་སྲིད་མིན་གར་སྟབས་ཀྱིས།།
བགྲང་བྱ་གཉིས་ལ་ལམ་ངོ་མ་ཤེས་ཡུལ་གྲུ་དུ་མར་འཁྱམས་པ་དྲན།།

ཆོས་ཀྱི་རྒྱལ་མཚན་བསྒྲེངས་མ་ནུས་ཀྱང་བདུད་ཀྱི་སོ་ཁ་བསྙིལ་བ་ཡི།།
དམ་བཅའ་བཙན་པོ་ཡིད་ལ་འཆང་བཞིན་ཟས་གོས་གཉིས་ཀས་ཕུང་ན་ཡང་།།
སྤྲུལ་མིང་གནང་ན་ཡོན་འབུལ་ཟེར་བར་ཡིག་ཆ་ཚིག་གཅིག་སྤྲད་མེད་ལ།།
ཆོས་ཚོགས་འགའ་ཞིག་ལག་ཏུ་སོན་ཡང་སྣང་མེད་ངང་དུ་གཡུག་པ་དྲན།།

བསྟན་པའི་འཕེལ་འགྲིབ་སྐྱེ་འགྲོའི་བདེ་སྡུག་མཆེད་ཀྱི་མདུན་ལམ་གསུམ་པོ་ལ།།
ཅུང་ཟད་སྨན་པའི་རེ་འདུན་དང་བཅས་དངུལ་ལོར་ཡོད་ཚད་བཏང་བ་ཡིས།།
སྨྱོ་གཏམ་ཐམས་ཅད་གཅིག་ཏུ་སྤུངས་པའི་རྒྱལ་ཁབ་རིག་པས་བསྐོར་བའི་དེབ།།
བོད་ཀྱི་སྐྱ་སེར་ཆེ་དགུའི་སྤྱན་སྔར་དངོས་སམ་བརྒྱུད་ནས་ཕུལ་བ་དྲན།།

སྔོན་ནས་མི་འཕྲོད་དུག་བཞིན་མཐོང་བའི་ཕུང་གསུམ་སྤྱོད་ངན་དེ་དག་ལ།།
མདོ་སྔགས་བཀའ་ལུང་རྡོ་རྗེའི་མེ་ཆར་ཐེ་ཚོམ་མེད་པར་འབེབས་དང་ལྷན།།
བསྟན་ལ་འཁུ་བའི་ལོག་སྨོན་ཅན་རྣམས་གཟི་མདངས་ཉམས་ཏེ་མོག་པོར་གྱུར།།
ཚེ་སྲོག་ཤོར་ཡང་འགྱོད་པ་མེད་པའི་དཔའ་བའི་དཔུང་གིས་བཟི་བ་དྲན།།

བསྟན་དང་འགྲོ་ལ་འཚེ་བར་དགའ་ཞིང་དུག་ལྔ་རང་རྒྱུད་ཤོར་བ་ཡི།།
དམ་སྲི་མ་ལུས་གཅིག་ཏུ་བརྫུས་པའི་དགའ་རབ་དབང་ཕྱུག་ཕོ་ཉ་དག།
བླ་ཆེན་མི་དཔོན་གསོབ་ཏུ་ཞུགས་རྣམས་ཚིག་གི་ནུས་པས་མ་ཐུལ་ན།།
ལྷ་ལུང་དཔལ་རྡོར་ཕྱག་གི་མདའ་དེ་སླར་ཡང་བླང་ལ་སྤྲོ་བ་དྲན།།

སྒོར་མོ་གོ་གནས་སྟུ་གསུམ་མ་གཏོགས་བསྟན་འགྲོ་སེམས་ལ་མི་མཛའ་བའི།།
ཕུང་གསུམ་བརྒྱུད་པའི་འདྲེ་གྲལ་སྒྲིག་བཞིན་དགོན་པ་ཡོད་ཚད་ཚོང་རྫས་བསྒྱུར།།
དགོས་རྒྱུའི་བརྒྱུད་གསུམ་ཉམས་ལེན་མེད་པར་མི་དགོས་དངུལ་ལོ་ཁོ་ན་ཡིས།།
གཞན་སེམས་བསླུ་བའི་གྲབ་ཤོམ་མཐོང་དུས་གཏིང་ནས་ཡིད་ག་འཆུས་པ་དྲན།།

གཞན་སྐྱོན་གཞོབ་བྱེད་ཞུགས་ཀྱི་རྩེ་མོར་རང་སྐྱོན་ལྷན་དུ་སྒྲོན་པ་ཡི།།
རང་གཞན་གཉིས་མེད་བརྟུལ་ཞུགས་སྤྱོད་པས་ཤར་ནུབ་སྲང་ལ་ཁྱི་ལྟར་ལྡོམ།།
གང་ཤར་རང་གྲོལ་གཏད་སོ་ཀུན་ཞིག་བཟོ་མེད་རང་གཤིས་ལྷང་གིས་མངོན།།
འདིར་སྣང་ཆོས་ལ་ཞེན་ཆགས་ལྟུང་བའི་ཐབས་ཀྱི་མཆོག་དེ་རྙེད་པ་དྲན།།

དོན་གཉིས་སྒྲུབ་ལ་ཤིན་ཏུ་དགའ་ཡང་བསྡུ་བ་རྣམ་བཞིས་གཏན་དུ་དོར།།
རྣམ་རྟོག་གང་ཤར་རྗེས་སུ་རྒྱུགས་པས་ལུགས་གཉིས་རྟོད་ཕུར་ས་ལ་འགྱེལ།།
སྒྱུ་མའི་ནོར་ལ་ཆགས་ཞེན་ཆུང་བས་གྲོགས་དང་ཉེ་བའི་མིག་ནས་ཟག།
བླ་མ་ཁྱེད་དང་གྲྭ་བ་མ་བཙོང་ཐུན་གསུམ་ཟས་ཀྱང་ཆད་པ་དྲན།།

བརྩེ་བའི་མཛའ་གྲོགས་སྒྲོལ་དཀར་ལྷ་མོའི་བྱམས་པའི་ཟས་གོས་ལ་བརྟེན་ནས།།
དབྱིན་ཇིའི་ལུང་པར་གཞིས་སྤོས་བྱས་ཏེ་ཆང་སའི་དགའ་སྟོན་གནང་བ་དང་།།
བུ་དང་བུ་མོའི་བཙས་སྟོན་རོལ་བའི་འཁོར་བའི་གནས་ལུས་ལོངས་སྤྱོད་དག།
མ་འབད་ཡིད་ངོར་རྟག་ཏུ་མཛའ་བ་འགོག་ཐབས་གཏན་མེད་གྱུར་པ་དྲན།།

ཐེ་ཝན་ལྗོངས་ནས་ནུབ་ལ་འཁོར་དུས་མི་ཚེ་དཀྱུས་མའི་འཚོ་བ་ཡིས།།
ཆུང་མའི་གམ་དུ་འདུག་འདོད་ཡོད་ཀྱང་ཨ་སྤྲུལ་ཚང་གི་ཞལ་འཕྲོས་ལས།།
འཇིག་རྟེན་ཤེས་ཡོན་ཚད་ལྡན་མེད་ན་འཁོར་བའི་བྱ་བ་དཀའ་བས་ན།།
ཆོས་སྤེལ་གྱིས་ཞེས་གསུངས་པ་དེ་ལྟར་ཤམ་དཀར་གོན་ནས་ཡོང་བ་དྲན།།

སེམས་ལ་གང་དྲན་ཁ་ནས་བཤད་པས་དགེ་རྒན་གྲོགས་ཀྱི་དགྲ་རུ་གྱུར།།
བསྟན་པའི་འཕེལ་འགྲིབ་ཉིན་ལྟར་སེམས་པས་ཁྱིམ་གྱི་སོ་ཚིས་རྩ་ནས་ལྷོད།།
མི་འགྲུབ་དོན་ཆེན་ཡིད་ལ་བཀལ་བས་ལུས་སེམས་འཆལ་མ་འཆོལ་དུ་གྱུར།།
སེམས་ཅན་བློས་བཏང་རྩ་བའི་ལྟུང་བས་དུས་དང་དུས་སུ་གོས་པ་དྲན།།

གུ་རུའི་སྦས་ཡུལ་འབྲས་མོ་ལྗོངས་སུ་ཀུན་བཟང་བདེ་ཆེན་གླིང་པའི་མདུན།།
ངོ་སྤྲོད་གནད་ཀྱི་གདམས་པ་ནོད་དུས་ཁྱེད་ཀྱི་བྱིན་རླབས་འཕོས་པའམ།།
ཡིད་བཞིན་ནོར་བུའི་ཐུགས་རྗེའི་ཆ་ཙམ་ཡང་ན་དཔལ་སྤྲུལ་ཐུབ་བཟང་གི།།
ཉམས་རྟོགས་ཅུང་ཟད་ཐོབ་པའི་རྟགས་སུ་སྔོན་ནས་རིག་ངོ་ཟིན་པ་དྲན།།

སངས་རྒྱས་གཉིས་པའི་རྒྱལ་ཚབ་ཆེན་པོ་རྡོ་གྲུབ་ཐུབ་པ་མཇལ་དང་ལྷན།།
བརྟན་བརླིང་བརྗིད་ཆགས་སྐུ་ཡི་གཟི་མདངས་ལྷམ་མེར་ལྷན་ནེར་གཡོ་བ་ཡི།།
གྲུབ་དབང་ཁྱེད་ཀྱི་ཐུགས་གཤིས་ལྟ་བུའི་རྣམ་ཀུན་མངོན་རྟོགས་ངོམ་པ་ན།།
སེམས་ལ་མི་ཤིགས་རང་ཚུགས་ཟིན་པའི་ཉམས་སྣང་ཅུང་ཟད་ཤར་བ་དྲན།།

དངོས་སུ་བཞུགས་དུས་ཞལ་བཀྱོན་མང་ཡང་ཞེ་ནས་ལོག་ལྟ་མ་སྐྱེས་ཤིང་།།
གཉེན་དང་འབྱོར་བས་ཤོམ་ར་ངོམས་ཏེ་དབུ་བསྐོར་བྱ་བ་དྲན་མ་མྱོང་།།
ཁྱེད་ཀྱི་རྣམ་ཐར་མདུན་དུ་འཕྱར་བཞིན་ཟོག་པོའི་ལས་ལ་ཞུགས་པ་མེད།།
འདི་ཕྱི་གཉིས་ཀར་སྨན་པའི་བྱ་བས་སྒྲུབ་པའི་མཆོད་པ་ཕུལ་བ་དྲན།།

དད་ལྡན་སློབ་བུར་བཀའ་བཙན་ཆེ་ཞིང་ཆོས་མེད་མི་ལ་བྱམས་སྐྱོང་གིས།།
དངུལ་དང་ནོར་གྱིས་ལེགས་སྐྱེས་བསྩལ་བར་ཁྱེད་ལ་སོམ་ཉིད་ཟོས་མྱོང་ཡང་།།
སྙིང་ནས་བརྩེ་བའི་ཐུགས་འདུན་གཏོད་ས་སྐལ་ལྡན་བུ་མཆོག་ཡིན་ངེས་པའི།།
ཉིད་ཀྱི་རྣམ་ཐར་སྲང་ལ་གཞལ་དུས་ཐབས་མཁས་བསྡུ་བཞིའི་སྤྱོད་ཚུལ་དྲན།།

རྣམ་གླིང་བྲལ་ནས་ལོ་དྲུག་སོང་ཡང་བཀའ་ཆེམས་གཙང་མ་ཡིད་ལ་ཡོད།།
རྒྱང་རིང་ཡུལ་ནས་གདན་སར་བལྟས་ཏེ་སྐབས་དང་དུས་ཀྱི་འགག་རྩ་ལ།།
རང་ནུས་གང་ཡོད་སྙེམས་པ་འཆང་བཞིན་རང་དོན་ཡོད་ཚད་བློས་བཏང་སྟེ།།
བསམ་འཆར་གང་ཡོད་ལྷག་ལུས་མེད་པར་གསལ་ལ་མ་འདྲེས་ཞུས་ཡོད་དོ།།

ཚིག་ངན་ཟེར་ལ་དགའ་བ་མིན་ཏེ་འཇམ་པོ་ངག་གིས་ཐུབ་ཐབས་བྲལ།།
མི་མང་ནང་ལ་དམའ་འབེབ་མིན་ཡང་གཅིག་པུར་བཤད་ན་ནུས་པ་ཆུང་།།
གཅིག་དང་འབྲེལ་བ་ཡོད་ཙམ་མིན་པར་སུ་དང་ཐུག་ཚད་ཐམས་ཅད་སྦྱོར།།
ཁྱིམ་པ་ཡིན་ན་ཉེས་པ་ཆུང་ཡང་རབ་བྱུང་ཆ་ལུགས་འཆང་འདིས་གཟེར།།

གོ་ཐོབ་ཆེན་པོར་རློམ་པ་མེད་ལ་ཆེ་ཆུང་གང་ལའང་འགྲན་སེམས་མེད།།
འོན་ཏང་བསྟན་དོན་དངུལ་ལ་བརྗེ་བའི་དུས་ངན་སྐྱེ་བོའི་སྤྱོད་ངན་རྣམས།།
དང་དུ་ལེན་ལ་ཐུགས་སྤྲོ་བརྟས་ཤིང་གོང་མའི་རྣམ་ཐར་མ་བརྩོན་དུས།།
བླ་མའི་བཀའ་བཞིན་བསམ་འཆར་ཕུལ་ཡང་ད་ནི་རང་དོན་སྒྲུབ་ལ་བྲེལ།།

ཁྱེད་ཀྱི་མཁྱེན་བརྩེ་ཆུ་འཛིན་ལས་བྱུང་ལྷག་བསམ་སྦྲང་ཆར་བསིལ་མ་ཡིས།།
རིས་མེད་འགྲོ་བའི་བསོད་ནམས་ཞིང་སར་ཕན་བདེ་མྱུ་གུ་བསྐྱེད་དོ་ཞེས།།
ལྷ་དང་ལྷ་མིན་སྐྱེ་བོའི་ཚོགས་ཀྱིས་ཀུན་ནས་བསྟོད་བསྔགས་ཕུལ་ན་ཡང་།།
ངོས་འཛིན་གནང་བའི་སྤྲུལ་མིང་ཕལ་ཆེར་དྲི་ཙམ་མེད་པ་ཅི་ཡིས་ནོངས།།

དེང་སང་མཁས་བླུན་ཕལ་གྱི་ངག་ནས་ཡང་སྤྲུལ་མི་དགོས་ཟེར་མོད་ཀྱང་།།
སྤྲུལ་སྐུ་མེད་ན་བོད་བརྒྱུད་ནང་བསྟན་འགྲོ་དོན་ཕལ་ཆེར་སྟོང་ངེས་པས།།
ངོས་འཛིན་དང་ནི་དགེ་རྒན་བསླབ་བྱ་ཤེས་ཡོན་བསྟི་གནས་མ་ནོར་ཞིང་།།
གལ་ཆེན་མ་གཏོགས་བླ་རྒན་ཡོད་ཚད་ཡང་སྲིད་འཚོལ་བ་ནོར་རམ་སྙམ།།

ཤར་ནུབ་དད་ལྡན་སྐྱེ་བོའི་ཁྲོད་དུ་མི་ལས་འདས་པའི་གསང་གསུམ་ལ།།
སྙིང་ནས་སྐྱབས་གནས་རེ་ལྟོས་འཆའ་མཁན་ནམ་ཡང་ལྡོག་ཏུ་མེད་པས་ན།།
སྤྲུལ་མིང་མེད་ཀྱང་ཉན་ཐོས་ལུགས་བཞིན་གང་ཟག་རང་རྒྱུད་འཛིན་པ་ཡི།།
འདུ་ཤེས་དེ་ཉིད་གཏན་དུ་མི་བསྟེན་སྤྲུལ་སྐུའི་རིན་ཐང་མ་བརླགས་ཤིག།

བོད་པའི་ཆོས་ལས་དར་བར་སྔ་ཞིང་ནང་པའི་སློབ་བརྒྱུད་རྒན་པའི་གྲས།།
རྒྱ་ནག་འབར་མ་ཤྲི་ལང་སོགས་ཀྱི་དགེ་འདུན་བགྲེས་གཞོན་ཐམས་ཅད་ལ།།
འགྲོ་དོན་དེ་ཙམ་ཆེན་པོ་མེད་འདི་སྤྲུལ་སྐུའི་རྣམ་གཞག་མེད་པ་དང་།།
གསང་བ་ཟབ་མོའི་ལྟ་གྲུབ་བྲལ་ཞིང་ཉམས་ལེན་མེད་པས་ཉེས་པའོ།།

གདོད་མའི་མགོན་པོ་མཁན་ཆེན་དམ་པ་ཡིད་བཞིན་ནོར་བུ་ཞལ་སྔ་ནས།།
ཆོས་སྒར་དེར་ཡོད་སྤྲུལ་སྐུ་ཡོངས་ཀྱི་གནས་ཚུལ་མ་ལུས་ཚུར་བསྡུས་ཏེ།།
ང་ཡི་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་དཔུང་གྲོགས་ཆེན་པོ་ཁྱེད་ཅག་ཡིན།།
གྲུབ་དབང་པད་མས་རྩ་ཆེན་གནང་བ་ངས་ཀྱང་བྱ་འོ་གསུངས་པ་དྲན།།

མགོན་ཁྱེད་ཞལ་ནས་གྲྭ་བ་བརྒྱ་ཡི་འགྲོ་དོན་ཐམས་ཅད་སྤུངས་ན་ཡང་།།
སྤྲུལ་སྐུ་གཅིག་གི་དོན་ཆེན་སྒྲུབ་ལ་བསྡུར་ས་གཏན་མེད་གསུང་བཞིན་དུ།།
དངོས་ཤུགས་བརྒྱུད་ནས་སྐུ་ཚེ་གང་པོར་འབད་པ་མ་ལུས་གནང་བ་ཡི།།
བཀའ་དྲིན་ཤེས་ན་སྤྲུལ་གོག་འདི་ཚོས་མགོ་བོ་གྱེན་དུ་བསྟན་ལ་རེམ།།

ཁོ་བོའི་མི་ཚེར་མཐོང་ཐོས་མཐའ་དག་གོ་འཛོལ་གཏན་ནས་བྱུང་མེད་ན།།
སྤྲུལ་སྐུ་རྣམ་པ་མཚན་གྱིས་ཁེངས་ཏེ་དོན་གྱི་རང་ས་བརླག་བཞིན་དུ།།
དཔལ་འབྱོར་ཁོ་ནའི་འདུ་འགོད་ཆེད་དུ་ལམ་ལོག་ལམ་སྟོར་སོང་བ་ཡི།།
འདི་ཕྱི་གཉིས་མེད་ཕུང་གསུམ་ལུས་རྟེན་སྡིག་སྡུག་གཏམ་གྱིས་ལེན་པ་འདྲ།།

སྣང་སྲིད་དག་མཉམ་ལྟ་བའི་གདེངས་ཀྱིས་ཆེ་དགུ་མ་ལུས་དབང་དུ་བསྡུས།།
སྒྱུ་མའི་ནོར་ལ་ཆགས་ཞེན་ཆོད་པས་འདོད་ཡོན་ཆར་དུ་བསྙིལ་བ་ཡི།།
དམ་པ་གོང་མའི་རྣམ་ཐར་མེད་ཀྱང་རྡུགས་བསྲན་ཚུལ་འཆོས་ལ་བརྟེན་ནས།།
སྒོ་གསུམ་མ་ལུས་བདག་པོ་ཐུབ་ན་ཚེ་མཇུག་དོན་གཉིས་འགྲུབ་ངེས་སོ།།

གཞུང་ཆེན་མ་ལུས་ཐུཊ་ལ་མངའ་ཞིང་བསྟན་པའི་ལ་རྒྱ་སྲོག་ལས་གཅེས།།
བསླབ་པ་རིན་ཆེན་མིག་ལྟར་སྲུང་བའི་དད་ལྡན་སློབ་བུར་བརྩེ་བ་ཅན།།
བརྟན་མཁས་གཉིས་ལྡན་མཁན་པོ་དག་ནི་ཤཀ་ཐུབ་སྲས་ཀྱི་དང་མ་ཉིད།།
འདི་ཕྱིའི་སྐྱབས་གནས་གཙོ་བོར་བསྙེན་ཏེ་དུས་ཀུན་གུས་པས་རབ་བཏུད་དོ།།

སྤྲུལ་སྐུ་ཟེར་དུས་སྙིང་རླུང་ལང་ཞིང་ཐོབ་སྒོར་མཐོང་དུས་འགྲམ་ཆུ་འཆོར།།
དགོས་རྒྱུའི་སྡོམ་གསུམ་རྒྱུད་ལ་མེད་པར་སྐྲ་དང་ཁ་སྤུ་བཞར་ཙམ་གྱིས།།
ཚུལ་ཁྲིམས་ལྡན་པའི་ཆེ་བ་འདོན་པའི་དུས་མཐའི་མཁན་དགེ་མིང་ཅན་ལ།།
གང་ནས་བལྟས་ཀྱང་སྙིང་པོ་མི་འདུག་བསྟན་པའི་དགྲ་བོ་གཤའ་མ་འོ།།

སྲིད་འདིའི་ཕུལ་བྱུང་ཚོར་བདེ་ཉག་གཅིག་གཞོན་ནུ་ཕོ་མོའི་འཁྱུད་སྦྱོར་ལ།།
མི་དགའ་སྐྱེ་བོ་ཤིན་དུ་དཀོན་ཡང་ཆོས་གོས་རྣམ་གསུམ་གོན་བཞིན་དུ།།
བསྟན་པའི་རྩ་ཁྲིམས་གཏན་དུ་མ་བརླགས་ལྕང་ལོ་ཅན་གྱི་རྗེས་སུ་ཤོག།
འདོད་ཡོན་མ་སྤོང་ལམ་དུ་བྱ་བའི་དགའ་སྟོན་མ་ལུས་འདི་ན་འདུག།

ཉིད་ཀྱིས་གནང་བའི་དྲིན་ལན་མཐའ་དག་ཚེ་འདིར་འཇལ་བར་དཀའ་ན་ཡང་།།
བསླུ་མེད་ལས་འབྲས་དཔང་དུ་བཙུགས་ཏེ་བསྟན་འགྲོར་སྨན་པའི་རེ་འདུན་གྱིས།།
མདོ་སྔགས་ཆོས་ཚུལ་ཐོས་པས་མ་ཚིམས་ཟབ་རྒྱས་ཟུང་འཇུག་མན་ངག་བཅུད།།
སྒོམ་པའི་མྱོང་བ་ཡིད་ལ་བསྐྱིལ་ཕྱིར་ཉམས་ལེན་ཆུ་བོའི་རྒྱུན་བཞིན་མཆིས།།

རྒྱུ་འབྲས་ཕྲ་ཞིབ་སྲང་ལ་གཞལ་བའི་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ཡིས།།
རིམ་དགུའི་ཆོས་ཚུལ་ཡིད་མཁར་འབྲི་ཆེད་མཚན་ལྡན་བླ་མ་མང་དུ་བསྟེན།།
གསར་རྙིང་གཉིས་ཀྱི་སྔོན་འགྲོ་ནས་བཟུང་དངོས་གཞིའི་ཁྲིད་རིམ་བསྡུར་བ་ན།།
གདོད་མའི་མགོན་པོ་རང་ཞལ་སྟོན་པའི་སྙིང་ཐིག་ལས་ལྷག་ཆོས་མ་དམིགས།།

ཨེ་མ་གངས་རིའི་ཆོས་བརྒྱུད་ཁྲོད་ཀྱི་ཆེ་བ་དྲུག་ལྡན་སྔ་འགྱུར་བའི།།
ངེས་གསང་ལེགས་བཤད་བཅུད་ལ་རོལ་བའི་མདོ་ཁམས་ཡུལ་གྱི་མུ་ཏོ་བ།།
གང་ཤར་མ་བཅོས་སེམས་རྗེས་འབྲང་བ་སྨྱོན་པ་ལྟ་བུའི་སྤྱོད་ཚུལ་གྱིས།།
རང་བྱུང་གཉུག་མའི་བཙན་ས་ཟིན་ཕྱིར་འཁོར་འདས་བར་ལག་སྒྱེལ་ལ་སྤྲོ།།

རྣམ་པ་བཟང་ངན་གང་ལྟར་སྣང་ཡང་རིག་སྟོང་རྗེན་པའི་གསོས་སུ་གྱུར།།
གཞན་གྱིས་མི་སྙན་སྣ་ཚོགས་བསྒྲག་ཀྱང་གྲགས་སྟོང་བྲག་ཆ་ལྟ་བུར་བཟུང་།།
ཡིད་ལ་རྣམ་རྟོག་རླབས་བཞིན་འགྱུ་ཡང་ཆོས་སྐུ་རྒྱལ་པོའི་རྩལ་དུ་ཤར།།
འཁོར་འདས་གཉིས་ཞེས་མིང་གི་ཆོས་ལ་བླང་དོར་ཞེན་པ་གཅོད་ལ་བྲེལ།།

ནམ་ཞིག་གདོད་མའི་གྲོལ་གཞིའི་ཀློང་དུ་ཁྱད་ཆོས་དྲུག་གིས་འཚང་རྒྱ་དུས།།
བསྟན་དང་འགྲོ་ལ་ཕན་བདེ་བསྐྲུན་ཕྱིར་རྒྱལ་པོ་ལྟ་བུའི་སྤྱོད་པ་ཡིས།།
ནམ་མཁའ་ཇི་སྲིད་འཁོར་ལོ་གསུམ་གྱིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ།།
ཚང་ལ་མ་ནོར་འདོམས་པའི་མཐུ་གྲུབ་འཁོར་བ་དོང་ནས་སྤྲུག་པར་ཤོག།

རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་འགྲོ་མགོན་ཉི་མ་བཞུད་ན་ཡང་།།
གཞིས་ལུས་སློབ་བུའི་གདུང་བ་བསལ་ཕྱིར་ཡང་སྤྲུལ་དུང་ཟླ་འཁྲུངས་སོ་ཞེས།།
གྲགས་སྙན་རྔ་སྒྲས་ཡོངས་སུ་བསྐུལ་བའི་དགའ་བའི་ཀུ་ཅོ་སྒྲོག་དང་ལྷན།།
ལྟོ་འགྲང་འབའ་ཞིག་དོན་དུ་གཉེར་བའི་ལྡོམ་བུ་ང་ཡང་གཉིད་ལས་བསླངས།།

རིག་འཛིན་རྒྱལ་པོ་སངས་རྒྱས་རྡོ་རྗེའི་ལུང་གིས་ཟིན་པའི་སྐྱེས་བུ་ལ།།
གྲུབ་དབང་དམ་པ་ཐུབ་བཟང་མཆོག་གིས་ཞལ་བཞེས་ཡང་དག་ཐོབ་པ་ཡི།།
མཆོག་སྤྲུལ་ཁྱེད་ཉིད་དགེ་སློང་སྡོམ་གཙང་ཡང་ན་སྔགས་འཆང་ཚད་ལྡན་གྱིས།།
བསྟན་པའི་སྙིང་པོ་སྙིང་ཐིག་མ་བུ་འཛིན་སྐྱོང་སྤེལ་བའི་བྱེད་པོར་ཤོག།

ཙི་ནི་ཡུལ་གྱི་མཐོང་མཆན་ཐོབ་ཅིང་མཁའ་འགྲུལ་གླ་ཆ་རྙེད་སོང་ན།།
ཡང་སྤྲུལ་མཆོག་ཉིད་མཇལ་ལ་སྤྲོ་ཞིང་ཡུན་རིང་མིག་གིས་མ་མཐོང་བའི།།
ས་མཐོ་དང་གཙང་གངས་ཅན་ལྗོངས་སུ་དབྱར་གྱི་རྔ་ཆེན་ལྡིར་དང་ལྷན།།
སྤྲང་རྒན་རྐང་རྗེས་སླར་ཡང་འཇོག་པའི་འདུན་པ་རྨི་ལམ་ན་ཡང་ཡོད།།

ང་ཡི་ཚེ་བསྟོད་གཞོན་ནུའི་ལང་ཚོ་ཁྱེད་རྗེས་སྙེག་བཞིན་ལམ་དུ་ཟད།།
ང་ཡི་བཅོས་མིན་གུས་པའི་དད་ཕྱག་ཁྱེད་ཀྱི་མདུན་ལ་ཡོངས་སུ་སྤུངས།།
ང་ཡི་སེམས་ཀྱི་རེ་འདུན་ཉག་མ་ཁྱེད་ཀྱི་ཐུགས་ལ་ནམ་ཡང་བཏགས།།
ང་ཡི་མིག་ཆུའི་མཆོད་པ་ཕལ་ཆེར་ཁྱེད་ཀྱི་ཕྱོགས་སུ་ཕུལ་ནས་རྫོགས།།

ཁྱེད་དང་མཚུངས་པའི་བླ་མ་མཁྲེགས་པོ་བྱ་བྲལ་རྡོ་གྲུབ་རྣམ་གཉིས་ཙམ།།
ང་དང་འདྲ་བའི་སློབ་མ་གཏི་ཐུག་འཕགས་བོད་གཉིས་སུ་དཀོན་ངེས་པ།།
རང་གི་བྱུང་བར་ཕྱིར་མིག་ཅེར་དུས་ད་གཟོད་གསལ་ལ་མ་འདྲེས་མཐོང་།།
དགའ་སྐྱོ་མིག་ཆུས་མཁུར་ཚོས་བརླན་བཞིན་འདས་སོང་མ་ལུས་ཡི་གེར་བཀོད།།

སྐྱེ་བ་སྐྱེ་བར་ཁྱེད་རྗེས་འབྲང་ཞིང་ཞུམ་མེད་གཟུངས་སྤོབས་བློ་གྲོས་ཀྱིས།།
འགྱུར་མེད་རང་གཤིས་རྟག་ཏུ་བརྟན་པའི་རྒྱལ་སྲས་སྤྱོད་པའི་ལམ་བཟང་ལ།།
འབད་པ་བརྒྱ་ཕྲག་ཁུར་དུ་འཁྱེར་བཞིན་སྲིད་མཚོར་དུབ་པའི་ཡིད་ཅན་རྣམས།།
འཇུག་སྒོ་གསུམ་གྱི་ལམ་དེར་བཀྲི་བའི་འདྲེན་པའི་དེད་དཔོན་ཉིད་གྱུར་ཅིག།

རྫུན་དང་གཡོ་སྒྱུས་དད་ལྡན་བསླུ་བཞིན་ལས་ངན་ཚབ་ཆེན་མ་བྱས་ཤིང་།།
འཆི་ལ་ཐུག་ཀྱང་བདེན་པའི་དབུ་འཕང་ཁྲམ་པའི་ལག་ཏུ་མི་འཇོག་པའི།།
སྙིང་གི་དམ་བཅའ་སྙིང་དབུས་སྟིམ་འདིས་དམ་པ་གོང་མའི་རྗེས་ཟིན་ཏེ།།
བསྟན་འགྲོར་སྨན་པའི་བསམ་སྦྱོར་མ་ལུས་རྟག་ཏུ་བརྟན་པའི་མཐུ་ཐོབ་ཤོག།

ཤེར་ཕྱིན་འཚོལ་བའི་སེམས་དཔའི་གཙོ་བོ་རྟག་དུ་ངུ་ཡི་རྟོགས་བརྗོད་གཅིག།
ཕྱག་རྒྱ་ཆེན་པོའི་མན་ངག་དོན་གཉེར་ན་རོ་པན་ཆེན་མཛད་རྣམ་གཉིས།།
ཚེ་གཅིག་ཟུང་འཇུག་གོ་འཕང་བརྙེས་པའི་མི་ལ་བཞད་པ་རྡོ་རྗེ་ཡི།།
རྣམ་ཐར་མཉམ་པའི་གདེངས་ཚོད་མེད་ཀྱང་ཕ་མའི་དྲིན་ལན་སོད་པར་ཤོག།

ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ཕྱུག་པའི་དལ་འབྱོར་རྟེན་བཟང་ཉེར་ཐོབ་ནས།།
ཚེ་རིང་ནད་མེད་བསམ་དོན་ལྷུན་གྲུབ་རིགས་རྒྱུད་ལང་ཚོས་མཛེས་པ་ཡི།།
མི་འདོད་ཉེར་འཚེའི་མིང་ཡང་མེད་པར་ཆབ་འབངས་ཡར་གྱི་ཟླ་ལྟར་འཕེལ།།
ཀུན་ལ་དགེ་བའི་བཀྲ་ཤིས་གཞི་མ་གཞན་ཕན་ཁོང་ནས་རྒྱས་པར་ཤོག།

ཅེས་པ་འདི་ནི་ཡག་པོ་ཡོད་མེད་གང་ལྟར་ཡང་༧་སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཁོ་བོར་རྩོམ་ཡག་པོ་འདུག་ཅེས་བསྟོད་བསྔགས་ཐོབ་ཅིང་། དང་པོ་ཞལ་མཇལ་ནས་བཟུང་མཐར་གྱེས་ཕྱག་མ་ཞུས་པར་སྔ་ཕྱིའི་དུས་དང་བསྟུན་ཏེ། བགྲང་བྱ་བཅོ་བརྒྱད་རིང་ཞབས་ལ་གཏུགས་ཤིང་། ལོ་བཅུ་བཞི་ལ་ཉིད་ཀྱིས་གསོས། ལོ་དགུ་ལ་གནམ་ཆོས་སྔོན་རྩ་རྫོགས་གསུམ་ནས་བཟུང་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་རིམ་པར་མནོས་ཤིང་། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་སློབ་མཐར་སོན་པ་དང་། ཤེས་ཡོན་དང་མཐུན་པའི་གོ་ཐོབ་གནང་བ་འདི་དག་གིས་མཁས་བླུན་གཉིས་ཀའི་གྲལ་དུ་ལང་ཐུབ་པ་བྱུང་བ་སོགས་བཀའ་དྲིན་མཆོག་ཏུ་དགེ་བའོ། །རིན་པོ་ཆེ་མཆོག་གི་ཡང་སྤྲུལ་ཁྲི་འདོན་ལ་བཅར་མ་ཐུབ་ཀྱང་། གྲུབ་དབང་བླ་མས་བཀའ་ཡིས་གཉེར་གཏད་ཅིང་གསུང་གིས་དབུགས་དབྱུང་ཐོབ་པའི་ཤཱཀྱའི་རིག་པ་འཛིན་པའི་དགེ་བསྙེན་ཨོ་རྒྱན་ཉི་མར་འབོད་པས་དངོས་འབྱོར་གྱི་མཆོད་པས་དབུལ་ཡང་རྟེན་འབྲེལ་མཚོན་ཆེད་དུ་སྔོན་འགྲོའི་བསགས་སྦྱང་གི་ཐུན་གསེང་འགའ་སྤྱད་དེ་རང་མྱོང་རྣམས་བཅས་བཅོས་མེད་པར་ཨ་དཀོན་རིན་པོ་ཆེའི་གདན་ས་བསམ་ཡས་གླིང་གི་མཚམས་ཁང་བདེ་བ་ཅན་ནས་སྤྱི་ལོ་༢༠༡༤་ཟླ་བ་༡༠པའི་ཚེས་༡༡་ལ་ཡོངས་སུ་ཚང་བར་བྲིས་པའོ།།།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༧སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྤྲུལ་གདན་སར་འཁོད་པའི་དགའ་སྟོན་ལ་ཕུལ་བ།

2015-02-05 ཨོ་རྒྱན་ཉི་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།