འབྲོག་བུ་དཀོམ་བཀྲའི་སྙན་ངག་གསར་བ་ཁག་ལྔ།

འབྲོག་བུ་དཀོམ་བཀྲ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-07-14


              དྲང་བོར་ལབ་པ།

ང་རང་སློབ་གྲྭར་ཞུགས་པའི་མཐུན་རྐྱེན་དུ། །
ལོ་དེའི་དཔྱིད་མགོ་གསར་དུ་ཚེས་པའི་ཚེ། །
ཨ་མ་ངེད་གཉིས་རྒྱུན་རིང་འཚོ་མྱོང་བའི། །
མགོ་ཡི་མཐིང་སྨུག་སྦྲ་ཆུང་ལྟེབས་བྱས་ཏེ། །
ནོར་རྣམས་མ་སྤུན་ནུ་བོར་བཅོལ་ནས་ནི། །
འདྲུད་འཐེན་འཁོར་ལོར་བསྡད་དེ་རྫོང་ལ་སྤར། །
ཁང་མིག་གྱན་གཉིས་གཡར་ཏེ་འཚོ་ཐབས་བྱས། །
རང་ནི་འབྲོག་པའི་འཚོ་བར་གོམས་དྲགས་པས། །
ཤིན་ཏུ་བློས་གཏོང་དཀའ་བའི་ཚོད་དུ་གདའ། །
གཡག་རྒན་ཁྲ་རིལ་རྟ་རྒན་ཁམ་ལུ་སོགས། །
སྐྱིད་སྡུག་ལས་ལ་བསྐོས་པའི་སེམས་ཅན་རྣམས། །
ཚོན་རིས་ཤིན་ཏུ་གསལ་བའི་རི་མོ་བཞིན། །
བྱིས་བློའི་དྲན་ཀོར་ངོས་སུ་ཝ་ལེར་འཁོར། །
སྣང་བརྙན་དེ་དག་དེ་འདྲའི་གཙང་བ་ལ། །
མི་སེམས་ས་རྡུལ་འཚུབ་པའི་གྲམ་ཐང་དུ། །
སྡུག་པའི་མེ་ཏོག་ལན་གཅིག་སྐྱེས་པ་དེ། །
དུས་ཀྱི་ཚ་བས་རྨང་ནས་བཅོམས་ནས་ཐལ། །
དེང་སང་འབྲོག་སའི་རི་ལ་བལྟས་པ་ན། །
ཤིན་ཏུ་བློ་བ་ཉེ་བའི་དུད་སྨུག་ཅིག །
སྤྲིན་གྱི་འདབ་མར་བསྙེས་ཏེ་གཡོ་བ་མཐོང་། །
དེ་ནི་བརྩེ་ཆེན་སུ་ཡི་རྣམ་ཤེས་བཞིན། །
ང་ལ་རྒྱང་མིག་བལྟ་བའི་སྣང་བ་སྟེར། །

ཟང་ཟིང་འུར་གྱིས་བསླུས་པའི་འཁོར་བ་རུ། །
རྨོངས་པའི་འཆིང་ཐག་ཁྲ་མོ་དམ་དྲགས་པས། །
ཅི་འདི་མེད་པར་ཧ་ལེ་ཧོལ་ལེར་ལུས། །
གཞན་དོན་མ་ཟད་རང་དོན་མི་འཁྱོངས་པར། །
གཉིད་དང་ཟས་ཀྱིས་ཉིན་མཚན་ཕུད་པ་འདི། །
ཕ་རོལ་ཁྲེལ་བའི་གཞི་ལས་ཅི་ཞིག་ཡོད། །

དགེ་བའི་ལས་ལ་བར་ཆད་བཏང་བ་དང་། །
བརྩེ་བའི་བཤེས་ལ་ཚིག་མཚོན་བཏབ་པ་སོགས། །
སྤྱོད་ལམ་ཉེས་པའི་སྡིག་པ་ཅི་ཡོད་པ། །
གཙང་ཆབ་ཁྲུས་ཀྱིས་དག་པ་མི་སྲིད་པས། །
ནམ་མཁའི་དབྱིངས་ལ་སྤྲིན་ནག་ལྡིང་བ་ལྟར། །
ནམ་ཞིག་ང་ཡི་ཐོག་ལ་སྨིན་ངེས་སོ། །

ཐོས་པ་དགའ་དང་བློ་བཟང་གྲགས་པ་སོགས། །
མ་ཡི་འདོད་དོན་ཡོངས་སུ་བསྐངས་པ་ཡི། །
སྐྱེས་ཆེན་སེམས་དཔའ་དག་གི་མཛད་རྗེས་ལ། །
ཐོས་ཆུང་ཆུ་བུར་ཨེན་ཙམ་གཡར་བ་ན། །
ངོ་གནོངས་ཁ་སྐྱེངས་ཡིད་ལ་གདུང་བ་འཚུབ། །
ང་ཡི་མ་ལགས་ང་ཡི་ཆེད་དུ་ནི། །
རྒས་ཤིང་མི་ཚེ་ཟད་པ་འགྱོད་པའི་རྒྱུ། །

འབྲོག་པའི་རྩྭ་ས་ཨ་བྲས་བརླགས་གྱུར་ཏེ། །
སྤང་གཞུང་ས་ནག་བརྡོལ་བའི་སྐབས་འདི་ལ། །
ཡར་བལྟས་རི་བོ་ཉིལ་བའི་འཇིགས་པ་མཐོང་། །
མར་བལྟས་ཆུ་མོ་རྙོགས་པའི་སྦགས་བཙོག་མངོན། །
ཡིད་ཀྱི་དྲན་ཤེས་བརྟན་པའི་འབྲོག་ཕྲུག་རྣམས། །
རྒྱན་པོ་འུར་ལ་གཡེང་བའི་གཤིས་འདི་ལས། །
འབྲོག་རུའི་ཚེ་ཐག་ཐུང་བའི་ཆག་འཇིག་གསལ། །
སྤྲང་བོ་སྨྱུག་ཐོགས་ང་འདྲ་ཁ་གཅིག་གིས། །
མ་འོངས་རྒྱང་གཟིགས་གནང་བའི་ཚུལ་གྱིས་ནི། །
སྙིང་གཏམ་འོ་རློན་ཇི་ལྟར་དྲངས་གྱུར་ཀྱང་། །
འབྲོག་པས་དངུལ་གྱི་བསླུ་བྲིད་མི་བཟོད་པས། །
རང་ས་བཙོང་སྟེ་གཏེར་ཁ་སྔོག་པ་སོགས། །
རང་ལ་ཅི་གནོད་ཅི་སྡུག་ཁོ་ཚོས་བྱེད། །
རྒུད་པའི་ཆུ་སྣ་ཐུར་དུ་འདྲེན་པ་ལ། །
ཁོང་ཅག་འདི་འདྲ་བྲེལ་དོན་ཨ་རེ་མཚར། །
ཡུལ་འདིའི་མཚེར་ས་འཛིན་པའི་དང་པོ་སྟེ། །
རྩེ་དབུས་སྦྲ་སར་ཚང་གི་ཤུལ་ལུས་ངས། །
རང་གཞན་བྱ་བ་འཕྱུག་པའི་གཞི་མཐོང་ནས། །
གང་དྲན་གང་ཤར་ཡི་གེར་ཕབ་པ་འདི། །
མཁས་རྣམས་གད་མོ་ཤོར་བའི་བའི་རྒྱུ་རུ་བསྔོ། །
                     ༢༠༡༥/༡/༢༤

             རང་མཚང་རྙེད་པའི་མགུར།

དགུང་གི་སྤྲིན་དཀར་ཕར་འགྲོ། །
བྲེལ་བྲེལ་དེ་འདྲ་མ་གནང་། །
ཡ་ཐོད་སྤྱན་གཉིས་ཕྱེས་ཏེ། །
དོག་མོ་ས་ལ་གཟིགས་དང་། །
ས་ནི་རྡུལ་གྱིས་གཡོགས་པས། །
ཅི་ཡང་མི་མཐོང་མ་གསུང་། །
གསེར་ཏོག་སེར་པོས་བརྒྱན་པའི། །
འདུ་ཁང་དམར་པོའི་མཐའ་ཡི། །
ཕོ་ཆུང་ང་ལ་གཟིགས་དང་། །
ང་ནི་ཆོས་སྐོམ་ཆེ་བ། །
བཀའ་བསྟན་ཡིག་བརྒྱས་མ་ཚིམས། །
ད་རེས་ཕྱག་སྐོར་བགྱིས་ཏེ། །
ཉིན་མཚན་དབྱེ་ཐིག་སྦྲེལ་ཡོད། །
སྐོར་བ་ལན་གཅིག་ལན་གཉིས། །
སེམས་ཅན་ཕན་བདེའི་དོན་ཡིན། །
རྐང་མཐིལ་ཁྲག་རྣག་བརྡོལ་ནས། །
རྒྱུད་པར་ན་ཟུག་སྐྱེས་ཀྱང་། །
བློ་ཁ་འུར་གྱིས་གཟིར་ནས། །
ལྷོད་མོར་སྡོད་བཟོད་མེད་སྐབས། །
འདི་ལྟར་དབེན་པར་བཅར་བ། །
སྨན་སྣ་ཀུན་གྱི་མཆོག་གོ །

བན་ཆུང་མགོ་རེག་ཀན་ཚོའི། །
ཆོས་སྐད་བློ་ལ་སིམ་པ། །
གྲྭ་རྒན་མགོ་ཟེ་དག་གི། །
ཆོས་ཀྱི་ཉམས་ལེན་མཚར་བ། །
སྐོར་མཐའི་སེར་སྐྱ་ཕོ་མོའི། །
ཡིད་ཀྱི་སྨོན་ལམ་དག་པ། །
ཆོས་ལྡན་བོད་ཀྱི་ཡུལ་འདིའི། །
ནངས་དགོང་མཁའ་དབུགས་གཙང་བ། །
ང་ནི་འདི་ནས་རྒས་ཏེ། །
ཚེ་ཡི་འཕེན་པ་རྫོགས་ན། །
ལས་བསོད་ཆེ་སོང་སྙམ་ཡོད། །

ལས་ངན་ཆགས་སྡང་བཙན་པ། །
སྒྱུ་མའི་རྣམ་རྟོག་རྒོད་པ། །
གཞན་ཕན་བསམ་པ་ཆུང་བ། །
བསགས་པའི་དགེ་རྩ་ཉུང་བ། །
བསམ་གཏན་ཐག་པ་ཕྲ་བ། །
ཁོང་ཁྲོའི་མེ་ལྕེ་དྲགས་པ། །
ཕྱོགས་རེས་དབང་ཤེད་ཆེ་བ། །
འཁོར་བའི་འཆིང་ཐག་དམ་པ། །
མ་རིག་རྨོངས་པ་སྟུག་པ། །
བསླབ་གསུམ་ཐོས་པ་ཆུང་བ། །
སྒོ་གསུམ་གུས་པ་ཞན་པ། །
རྣམ་གཡེང་འདྲེན་ཤུགས་ཐུ་བ། །
ག་ལེ་ག་ལེེར་བསམ་ན། །
ངན་འགྲོའི་རྒྱུ་ནི་བསགས་པར། །
གྲོགས་དན་གཞན་ན་མེད་དེ། །
རང་སེམས་རྒྱ་སྟག་ངར་མ། །
ང་རྒྱལ་ཁྲག་གིས་འགྲངས་སྟེ། །
འཇིག་རྟེན་ཁྲ་ཁྲའི་གཞུང་ལ། །
སྤོབས་ཀྱིས་མཆོངས་པ་ཙམ་མོ། །
            ཞལ་ཤུལ་དགོན་དུ་བྲིས།

             ང་ལ་འབྲེལ་བ་ཅི་ཡོད།

ཁྱོད་རང་ཆང་གིས་བད་དེ། །
ཆང་སྐྱོན་འཇིགས་པོ་བསྟན་ནས། །
ཆང་གྲོགས་ཁ་སྣ་རྨས་པ། །
ང་ལ་འབྲེལ་བ་ཅི་ཡོད། །

ཕ་ཞང་བཙན་ན་སུ་སྐྲག །
མ་ཞང་གཉན་ན་སུ་སྒུར། །
ཁྱོད་ཀྱི་རིགས་རུས་ཆོ་འབྲང་། །
ང་ལ་འབྲེལ་བ་ཅི་ཡོད། །

མོ་ཧྲེང་འདོད་པས་སྨྱོས་ཏེ། །
ཕོ་སར་བརྒྱ་གྲངས་བཙལ་ནས། །
འཁྲིག་པ་རྒྱགས་ཚད་སྤྱད་པ། །
འུ་ཚོར་འབྲེལ་བ་ཅི་ཡོད། །

རྒྱ་བླས་སྒོར་མོ་བདའ་ནས། །
རྒྱ་གྲོང་ག་ཙམ་འགྲིམས་ཏེ། །
རྒྱ་མོ་སུ་སུ་སྤྱད་པ། །
བོད་ལ་འབྲེལ་བ་ཅི་ཡོད། །

ཁྱོ་ཤུག་འཆམ་པོ་ཡིན་མིན། །
འཚོ་ཚིས་སྣུམ་པོ་ཡོད་མེད། །
གཅེས་ཕྲུག་ལངས་ཤོར་ཡིན་མིན། །
ཁྱོད་ལ་འབྲེལ་བ་ཅི་ཡོད། །

ཁྱོད་རང་ཕྱུག་པོ་ཡིན་མིན། །
དུས་བཅད་ཟླ་ཕོགས་ཡོད་མེད། །
གོ་ཐོབ་མཐོ་དམའ་གང་ཡིན། །
ངེད་ལ་འབྲེལ་བ་ཅི་ཡོད། །

རྐང་ལག་ཞ་ན་ཅི་རེད། །
ཁ་ལྕེ་ལྐུགས་ན་ཅི་རེད། །
སོ་སོའི་ལས་ཀྱི་བསྐོས་ཐང་། །
གནམ་གྱི་དགོངས་པ་ཡིན་འགྲོ། །

ང་ཡིས་སྙན་ངག་ཕྲིས་མིན། །
རྒྱ་བོད་ཡིག་ཚད་བཟང་ངན། །
མི་གཤིས་སྤྱོད་ལམ་ཡག་མིན། །
ཁྱོད་ལ་འབྲེལ་བ་ཡོད་དམ། །

ཨ་ཕོ་བཟི་ན་ཅི་ཉེས། །
བཟི་རྟགས་བསྟན་ན་དྲག་ག །
གྲིབ་མའི་ནང་གི་འཚོ་བར། །
ད་སྐབས་སྙིང་ནས་ཞེད་དོ། །

གླ་མོ་གླས་ན་ཅི་སྐྱོན། །
ཨེད་ཛི་འགོས་ཀྱང་ཅི་འགྱོད། །
ཚེ་སྲོག་རྟ་རྔ་ཕྲ་མོ། །
འཇིག་སྟངས་ཁ་ཁ་སོ་སོ། །

ཀ་ཡེ་རོགས་པ་རོགས་གཅེས། །
ཨེན་ཙམ་ལྷོད་པོར་བཞུགས་དང་། །
སྨྲ་མཁན་ཁྲམ་པའི་གདོང་ལ། །
རྒྱུག་པས་རྡེག་དགོས་བྱུང་འདུག །

དེང་གི་རྨི་ལམ་འདི་ཡང་། །
གཏམ་གྱི་ཚེར་མས་བརྙས་ཏེ། །
གར་འགྲོ་གཏོལ་མེད་བྱུང་བ། །
ངན་ཁག་སུ་ལ་དཀྲི་འོས། །

ང་ཡི་མི་ཚེའི་སྒྲུང་ལ། །
གོས་ཀྱི་རྣ་ཙོར་མི་མཁོ། །
ལས་ཀྱི་ཉི་ཐིག་སེར་པོས། །
ཕྱི་མིག་ལན་གཅིག་གནང་རོགས། །
             ༢༠༡༥/༠༡/༡༡

             སྒོ་ཁའི་ཧ་པ་ལ་བྲིས་པ།

ཁྱི་ཚེ་ལོ་དགུ་ཟེར་ཡང་། །
ཁྱེད་རང་དེ་ལས་བརྒལ་ཏེ། །
བགྲང་བྱ་བཅུ་བཞིར་སོན་པར། །
ང་རང་མཉེས་པོ་བྱུང་ཡོད། །

འབྲོག་ཁྱི་ལ་བོ་བཞིན་དུ། །
གཟུགས་བོང་སྟོབས་ཆེན་མེད་ཀྱང་། །
ཟོལ་མེད་ལྷག་བསམ་དཀར་པོས། །
ཁྱིམ་འདི་ཚེ་གང་བསྲུངས་སོང་། །

བཤང་གཅི་འཛིངས་པའི་མལ་དུ། །
མི་ལོ་བཅུ་བཞིར་ཉལ་ཡང་། །
ཁྱེད་ཀྱི་རྨི་ལྟས་ཡག་བཙོག །
ང་ཡིས་གཅིག་ཀྱང་མ་གོ །

ཁྱིམ་མཚེས་རྒད་མོ་ཁྲོས་ཉིན། །
འཆི་མེད་ཚེ་ཟད་ཟེར་བཞིན། །
ཁྱེད་ལ་དམོད་མོ་བོར་བར། །
ང་ཡིས་ཚིག་གཅིག་མ་ཤོད། །

སྒོ་ཁྱིམ་སྲུང་བའི་དོན་ལ། །
ལམ་འགྲོ་པྲ་ཆལ་ལག་ནས། །
རྡོ་ལོག་ལན་མང་ཉོས་པར། །
ང་ཡིས་དགྲ་ལན་མ་ལོན། །

རྒས་པའི་ཡན་ལག་འདར་བ། །
ཟུག་པའི་གཅོང་སྐད་གཉོམ་པ། །
མིག་གི་རྣོ་དབལ་ཉམས་པ། །
ངེད་ཀྱི་ཧ་པ་སྙིང་རྗེ། །

ཁྱེད་ལ་ན་ཚ་ཡོང་ན། །
སྨན་པར་བསྟེན་པ་ལྟ་ཅི། །
ཁྱི་ལྟོ་དགའ་ཞིག་མེད་པ། །
གནས་ཁང་བདག་པོའི་སྐྱོན་ཡིན། །

སྐྱིད་ལ་རྒུན་ཆང་མེད་པ། །
སྡུག་ལ་སེམས་གསོ་ཉུང་བ། །
ཁྱིམ་མི་བཟའ་ཚང་མེད་པའི། །
ཧ་པ་ངེས་ངེས་སྙིང་རྗེ། །

ཁྱེད་རང་ལོ་ན་ཕྲ་དུས། །
ཧ་མོ་འགའ་རེའི་གྲས་ནས། །
གསར་རྟགས་བསྟན་པ་དྲན་ན། །
གཅིག་པུར་ཁོང་དགོད་ཤོར་ཡོང་། །

སྐྱེས་པར་སྔ་གཞུག་ཡོད་ཀྱང་། །
འཆི་བར་སྔ་གཞུག་མེད་པས། །
ཁྱེད་རང་སྔ་བ་ཡིན་ན། །
ཁྱི་རོ་སྒང་ལ་ངས་འཇོག །
            ༢༠༡༥/༡/༣༠

              གཏན་གྱི་འདུན་མ་བོར་ཚུལ།

ཉི་མའི་ཟེར་མ་འཇམ་པོའི་ཀློང་དུ་བྱ་རོག་ཁྱུ་ཞིག་ངལ་བ་དང་བཅས་རྒྱང་དུ་འཕུར། །
སྤྲིན་པ་དུམ་བུ་རེ་འགའ་གྲིབ་མས་ཁྲིད་དེ་ས་གཞིའི་སྒང་དུ་འབབ་སྙམ་བྱེད། །
བརྩེ་ལྡན་ཁྱོད་ཀྱི་མིག་གི་རྒྱལ་མོ་རྡུལ་གྱིས་མ་གོས་ཁྲ་ཆི་ལེར། །
དྲན་པའི་རྫིང་བུ་དྭངས་མོའི་ངོགས་སུ་ངང་མོ་བཞིན་དུ་འཇུག་པར་བྱེད། །

ལོ་ཟླ་ག་ཚོད་འགྱངས་སོང་སོར་མོ་བཀུག་སྟེ་བགྲང་བར་རིགས། །
གཏམ་རྒྱུད་ག་ཙམ་རྙིང་སོང་མེ་ལོང་ཕྱིས་ཏེ་བལྟ་བར་འོས།
ཕྲན་ནི་བྱེ་རྡུལ་འཚུབ་པའི་གཞིས་ཀ་འདི་ནས་རྒས་པ་འམ། །
འཆི་ཁའི་ཕྱི་མིག་ཕྲ་མོར་གཏན་དུ་གཟུམ་པ་མེད་པ་འདྲ། །

ཕ་མ་བུ་ཕྲུག་ཆུང་མ་ལ་སོགས་འཇིག་རྟེན་འདི་ཡི་འདོགས་ཐག་སྟེ། །
འདི་ཙམ་ལ་ནི་ཞེན་པ་ཆགས་ཏེ་རང་ནི་འཚོ་བའི་བྲན་དུ་འགྱུར། །
བརྩེ་བའི་མེ་ཏོག་ཆུན་པོ་འདི་དག་ཡིད་ལ་བཅངས་ཤིང་བཏགས་པ་ཡིས། །
ང་ནི་འཆི་བའི་གཡབ་མོར་དངངས་པའི་མི་ཆུང་སྙིང་མེད་ཅིག་ཏུ་གྱུར། །
                        ༢༠༡༥/༣/༢༠

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་ངག་གསར་བ་ཁག་ལྔ།

2015-07-14 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།


              དྲང་བོར་ལབ་པ།

ང་རང་སློབ་གྲྭར་ཞུགས་པའི་མཐུན་རྐྱེན་དུ། །
ལོ་དེའི་དཔྱིད་མགོ་གསར་དུ་ཚེས་པའི་ཚེ། །
ཨ་མ་ངེད་གཉིས་རྒྱུན་རིང་འཚོ་མྱོང་བའི། །
མགོ་ཡི་མཐིང་སྨུག་སྦྲ་ཆུང་ལྟེབས་བྱས་ཏེ། །
ནོར་རྣམས་མ་སྤུན་ནུ་བོར་བཅོལ་ནས་ནི། །
འདྲུད་འཐེན་འཁོར་ལོར་བསྡད་དེ་རྫོང་ལ་སྤར། །
ཁང་མིག་གྱན་གཉིས་གཡར་ཏེ་འཚོ་ཐབས་བྱས། །
རང་ནི་འབྲོག་པའི་འཚོ་བར་གོམས་དྲགས་པས། །
ཤིན་ཏུ་བློས་གཏོང་དཀའ་བའི་ཚོད་དུ་གདའ། །
གཡག་རྒན་ཁྲ་རིལ་རྟ་རྒན་ཁམ་ལུ་སོགས། །
སྐྱིད་སྡུག་ལས་ལ་བསྐོས་པའི་སེམས་ཅན་རྣམས། །
ཚོན་རིས་ཤིན་ཏུ་གསལ་བའི་རི་མོ་བཞིན། །
བྱིས་བློའི་དྲན་ཀོར་ངོས་སུ་ཝ་ལེར་འཁོར། །
སྣང་བརྙན་དེ་དག་དེ་འདྲའི་གཙང་བ་ལ། །
མི་སེམས་ས་རྡུལ་འཚུབ་པའི་གྲམ་ཐང་དུ། །
སྡུག་པའི་མེ་ཏོག་ལན་གཅིག་སྐྱེས་པ་དེ། །
དུས་ཀྱི་ཚ་བས་རྨང་ནས་བཅོམས་ནས་ཐལ། །
དེང་སང་འབྲོག་སའི་རི་ལ་བལྟས་པ་ན། །
ཤིན་ཏུ་བློ་བ་ཉེ་བའི་དུད་སྨུག་ཅིག །
སྤྲིན་གྱི་འདབ་མར་བསྙེས་ཏེ་གཡོ་བ་མཐོང་། །
དེ་ནི་བརྩེ་ཆེན་སུ་ཡི་རྣམ་ཤེས་བཞིན། །
ང་ལ་རྒྱང་མིག་བལྟ་བའི་སྣང་བ་སྟེར། །

ཟང་ཟིང་འུར་གྱིས་བསླུས་པའི་འཁོར་བ་རུ། །
རྨོངས་པའི་འཆིང་ཐག་ཁྲ་མོ་དམ་དྲགས་པས། །
ཅི་འདི་མེད་པར་ཧ་ལེ་ཧོལ་ལེར་ལུས། །
གཞན་དོན་མ་ཟད་རང་དོན་མི་འཁྱོངས་པར། །
གཉིད་དང་ཟས་ཀྱིས་ཉིན་མཚན་ཕུད་པ་འདི། །
ཕ་རོལ་ཁྲེལ་བའི་གཞི་ལས་ཅི་ཞིག་ཡོད། །

དགེ་བའི་ལས་ལ་བར་ཆད་བཏང་བ་དང་། །
བརྩེ་བའི་བཤེས་ལ་ཚིག་མཚོན་བཏབ་པ་སོགས། །
སྤྱོད་ལམ་ཉེས་པའི་སྡིག་པ་ཅི་ཡོད་པ། །
གཙང་ཆབ་ཁྲུས་ཀྱིས་དག་པ་མི་སྲིད་པས། །
ནམ་མཁའི་དབྱིངས་ལ་སྤྲིན་ནག་ལྡིང་བ་ལྟར། །
ནམ་ཞིག་ང་ཡི་ཐོག་ལ་སྨིན་ངེས་སོ། །

ཐོས་པ་དགའ་དང་བློ་བཟང་གྲགས་པ་སོགས། །
མ་ཡི་འདོད་དོན་ཡོངས་སུ་བསྐངས་པ་ཡི། །
སྐྱེས་ཆེན་སེམས་དཔའ་དག་གི་མཛད་རྗེས་ལ། །
ཐོས་ཆུང་ཆུ་བུར་ཨེན་ཙམ་གཡར་བ་ན། །
ངོ་གནོངས་ཁ་སྐྱེངས་ཡིད་ལ་གདུང་བ་འཚུབ། །
ང་ཡི་མ་ལགས་ང་ཡི་ཆེད་དུ་ནི། །
རྒས་ཤིང་མི་ཚེ་ཟད་པ་འགྱོད་པའི་རྒྱུ། །

འབྲོག་པའི་རྩྭ་ས་ཨ་བྲས་བརླགས་གྱུར་ཏེ། །
སྤང་གཞུང་ས་ནག་བརྡོལ་བའི་སྐབས་འདི་ལ། །
ཡར་བལྟས་རི་བོ་ཉིལ་བའི་འཇིགས་པ་མཐོང་། །
མར་བལྟས་ཆུ་མོ་རྙོགས་པའི་སྦགས་བཙོག་མངོན། །
ཡིད་ཀྱི་དྲན་ཤེས་བརྟན་པའི་འབྲོག་ཕྲུག་རྣམས། །
རྒྱན་པོ་འུར་ལ་གཡེང་བའི་གཤིས་འདི་ལས། །
འབྲོག་རུའི་ཚེ་ཐག་ཐུང་བའི་ཆག་འཇིག་གསལ། །
སྤྲང་བོ་སྨྱུག་ཐོགས་ང་འདྲ་ཁ་གཅིག་གིས། །
མ་འོངས་རྒྱང་གཟིགས་གནང་བའི་ཚུལ་གྱིས་ནི། །
སྙིང་གཏམ་འོ་རློན་ཇི་ལྟར་དྲངས་གྱུར་ཀྱང་། །
འབྲོག་པས་དངུལ་གྱི་བསླུ་བྲིད་མི་བཟོད་པས། །
རང་ས་བཙོང་སྟེ་གཏེར་ཁ་སྔོག་པ་སོགས། །
རང་ལ་ཅི་གནོད་ཅི་སྡུག་ཁོ་ཚོས་བྱེད། །
རྒུད་པའི་ཆུ་སྣ་ཐུར་དུ་འདྲེན་པ་ལ། །
ཁོང་ཅག་འདི་འདྲ་བྲེལ་དོན་ཨ་རེ་མཚར། །
ཡུལ་འདིའི་མཚེར་ས་འཛིན་པའི་དང་པོ་སྟེ། །
རྩེ་དབུས་སྦྲ་སར་ཚང་གི་ཤུལ་ལུས་ངས། །
རང་གཞན་བྱ་བ་འཕྱུག་པའི་གཞི་མཐོང་ནས། །
གང་དྲན་གང་ཤར་ཡི་གེར་ཕབ་པ་འདི། །
མཁས་རྣམས་གད་མོ་ཤོར་བའི་བའི་རྒྱུ་རུ་བསྔོ། །
                     ༢༠༡༥/༡/༢༤

             རང་མཚང་རྙེད་པའི་མགུར།

དགུང་གི་སྤྲིན་དཀར་ཕར་འགྲོ། །
བྲེལ་བྲེལ་དེ་འདྲ་མ་གནང་། །
ཡ་ཐོད་སྤྱན་གཉིས་ཕྱེས་ཏེ། །
དོག་མོ་ས་ལ་གཟིགས་དང་། །
ས་ནི་རྡུལ་གྱིས་གཡོགས་པས། །
ཅི་ཡང་མི་མཐོང་མ་གསུང་། །
གསེར་ཏོག་སེར་པོས་བརྒྱན་པའི། །
འདུ་ཁང་དམར་པོའི་མཐའ་ཡི། །
ཕོ་ཆུང་ང་ལ་གཟིགས་དང་། །
ང་ནི་ཆོས་སྐོམ་ཆེ་བ། །
བཀའ་བསྟན་ཡིག་བརྒྱས་མ་ཚིམས། །
ད་རེས་ཕྱག་སྐོར་བགྱིས་ཏེ། །
ཉིན་མཚན་དབྱེ་ཐིག་སྦྲེལ་ཡོད། །
སྐོར་བ་ལན་གཅིག་ལན་གཉིས། །
སེམས་ཅན་ཕན་བདེའི་དོན་ཡིན། །
རྐང་མཐིལ་ཁྲག་རྣག་བརྡོལ་ནས། །
རྒྱུད་པར་ན་ཟུག་སྐྱེས་ཀྱང་། །
བློ་ཁ་འུར་གྱིས་གཟིར་ནས། །
ལྷོད་མོར་སྡོད་བཟོད་མེད་སྐབས། །
འདི་ལྟར་དབེན་པར་བཅར་བ། །
སྨན་སྣ་ཀུན་གྱི་མཆོག་གོ །

བན་ཆུང་མགོ་རེག་ཀན་ཚོའི། །
ཆོས་སྐད་བློ་ལ་སིམ་པ། །
གྲྭ་རྒན་མགོ་ཟེ་དག་གི། །
ཆོས་ཀྱི་ཉམས་ལེན་མཚར་བ། །
སྐོར་མཐའི་སེར་སྐྱ་ཕོ་མོའི། །
ཡིད་ཀྱི་སྨོན་ལམ་དག་པ། །
ཆོས་ལྡན་བོད་ཀྱི་ཡུལ་འདིའི། །
ནངས་དགོང་མཁའ་དབུགས་གཙང་བ། །
ང་ནི་འདི་ནས་རྒས་ཏེ། །
ཚེ་ཡི་འཕེན་པ་རྫོགས་ན། །
ལས་བསོད་ཆེ་སོང་སྙམ་ཡོད། །

ལས་ངན་ཆགས་སྡང་བཙན་པ། །
སྒྱུ་མའི་རྣམ་རྟོག་རྒོད་པ། །
གཞན་ཕན་བསམ་པ་ཆུང་བ། །
བསགས་པའི་དགེ་རྩ་ཉུང་བ། །
བསམ་གཏན་ཐག་པ་ཕྲ་བ། །
ཁོང་ཁྲོའི་མེ་ལྕེ་དྲགས་པ། །
ཕྱོགས་རེས་དབང་ཤེད་ཆེ་བ། །
འཁོར་བའི་འཆིང་ཐག་དམ་པ། །
མ་རིག་རྨོངས་པ་སྟུག་པ། །
བསླབ་གསུམ་ཐོས་པ་ཆུང་བ། །
སྒོ་གསུམ་གུས་པ་ཞན་པ། །
རྣམ་གཡེང་འདྲེན་ཤུགས་ཐུ་བ། །
ག་ལེ་ག་ལེེར་བསམ་ན། །
ངན་འགྲོའི་རྒྱུ་ནི་བསགས་པར། །
གྲོགས་དན་གཞན་ན་མེད་དེ། །
རང་སེམས་རྒྱ་སྟག་ངར་མ། །
ང་རྒྱལ་ཁྲག་གིས་འགྲངས་སྟེ། །
འཇིག་རྟེན་ཁྲ་ཁྲའི་གཞུང་ལ། །
སྤོབས་ཀྱིས་མཆོངས་པ་ཙམ་མོ། །
            ཞལ་ཤུལ་དགོན་དུ་བྲིས།

             ང་ལ་འབྲེལ་བ་ཅི་ཡོད།

ཁྱོད་རང་ཆང་གིས་བད་དེ། །
ཆང་སྐྱོན་འཇིགས་པོ་བསྟན་ནས། །
ཆང་གྲོགས་ཁ་སྣ་རྨས་པ། །
ང་ལ་འབྲེལ་བ་ཅི་ཡོད། །

ཕ་ཞང་བཙན་ན་སུ་སྐྲག །
མ་ཞང་གཉན་ན་སུ་སྒུར། །
ཁྱོད་ཀྱི་རིགས་རུས་ཆོ་འབྲང་། །
ང་ལ་འབྲེལ་བ་ཅི་ཡོད། །

མོ་ཧྲེང་འདོད་པས་སྨྱོས་ཏེ། །
ཕོ་སར་བརྒྱ་གྲངས་བཙལ་ནས། །
འཁྲིག་པ་རྒྱགས་ཚད་སྤྱད་པ། །
འུ་ཚོར་འབྲེལ་བ་ཅི་ཡོད། །

རྒྱ་བླས་སྒོར་མོ་བདའ་ནས། །
རྒྱ་གྲོང་ག་ཙམ་འགྲིམས་ཏེ། །
རྒྱ་མོ་སུ་སུ་སྤྱད་པ། །
བོད་ལ་འབྲེལ་བ་ཅི་ཡོད། །

ཁྱོ་ཤུག་འཆམ་པོ་ཡིན་མིན། །
འཚོ་ཚིས་སྣུམ་པོ་ཡོད་མེད། །
གཅེས་ཕྲུག་ལངས་ཤོར་ཡིན་མིན། །
ཁྱོད་ལ་འབྲེལ་བ་ཅི་ཡོད། །

ཁྱོད་རང་ཕྱུག་པོ་ཡིན་མིན། །
དུས་བཅད་ཟླ་ཕོགས་ཡོད་མེད། །
གོ་ཐོབ་མཐོ་དམའ་གང་ཡིན། །
ངེད་ལ་འབྲེལ་བ་ཅི་ཡོད། །

རྐང་ལག་ཞ་ན་ཅི་རེད། །
ཁ་ལྕེ་ལྐུགས་ན་ཅི་རེད། །
སོ་སོའི་ལས་ཀྱི་བསྐོས་ཐང་། །
གནམ་གྱི་དགོངས་པ་ཡིན་འགྲོ། །

ང་ཡིས་སྙན་ངག་ཕྲིས་མིན། །
རྒྱ་བོད་ཡིག་ཚད་བཟང་ངན། །
མི་གཤིས་སྤྱོད་ལམ་ཡག་མིན། །
ཁྱོད་ལ་འབྲེལ་བ་ཡོད་དམ། །

ཨ་ཕོ་བཟི་ན་ཅི་ཉེས། །
བཟི་རྟགས་བསྟན་ན་དྲག་ག །
གྲིབ་མའི་ནང་གི་འཚོ་བར། །
ད་སྐབས་སྙིང་ནས་ཞེད་དོ། །

གླ་མོ་གླས་ན་ཅི་སྐྱོན། །
ཨེད་ཛི་འགོས་ཀྱང་ཅི་འགྱོད། །
ཚེ་སྲོག་རྟ་རྔ་ཕྲ་མོ། །
འཇིག་སྟངས་ཁ་ཁ་སོ་སོ། །

ཀ་ཡེ་རོགས་པ་རོགས་གཅེས། །
ཨེན་ཙམ་ལྷོད་པོར་བཞུགས་དང་། །
སྨྲ་མཁན་ཁྲམ་པའི་གདོང་ལ། །
རྒྱུག་པས་རྡེག་དགོས་བྱུང་འདུག །

དེང་གི་རྨི་ལམ་འདི་ཡང་། །
གཏམ་གྱི་ཚེར་མས་བརྙས་ཏེ། །
གར་འགྲོ་གཏོལ་མེད་བྱུང་བ། །
ངན་ཁག་སུ་ལ་དཀྲི་འོས། །

ང་ཡི་མི་ཚེའི་སྒྲུང་ལ། །
གོས་ཀྱི་རྣ་ཙོར་མི་མཁོ། །
ལས་ཀྱི་ཉི་ཐིག་སེར་པོས། །
ཕྱི་མིག་ལན་གཅིག་གནང་རོགས། །
             ༢༠༡༥/༠༡/༡༡

             སྒོ་ཁའི་ཧ་པ་ལ་བྲིས་པ།

ཁྱི་ཚེ་ལོ་དགུ་ཟེར་ཡང་། །
ཁྱེད་རང་དེ་ལས་བརྒལ་ཏེ། །
བགྲང་བྱ་བཅུ་བཞིར་སོན་པར། །
ང་རང་མཉེས་པོ་བྱུང་ཡོད། །

འབྲོག་ཁྱི་ལ་བོ་བཞིན་དུ། །
གཟུགས་བོང་སྟོབས་ཆེན་མེད་ཀྱང་། །
ཟོལ་མེད་ལྷག་བསམ་དཀར་པོས། །
ཁྱིམ་འདི་ཚེ་གང་བསྲུངས་སོང་། །

བཤང་གཅི་འཛིངས་པའི་མལ་དུ། །
མི་ལོ་བཅུ་བཞིར་ཉལ་ཡང་། །
ཁྱེད་ཀྱི་རྨི་ལྟས་ཡག་བཙོག །
ང་ཡིས་གཅིག་ཀྱང་མ་གོ །

ཁྱིམ་མཚེས་རྒད་མོ་ཁྲོས་ཉིན། །
འཆི་མེད་ཚེ་ཟད་ཟེར་བཞིན། །
ཁྱེད་ལ་དམོད་མོ་བོར་བར། །
ང་ཡིས་ཚིག་གཅིག་མ་ཤོད། །

སྒོ་ཁྱིམ་སྲུང་བའི་དོན་ལ། །
ལམ་འགྲོ་པྲ་ཆལ་ལག་ནས། །
རྡོ་ལོག་ལན་མང་ཉོས་པར། །
ང་ཡིས་དགྲ་ལན་མ་ལོན། །

རྒས་པའི་ཡན་ལག་འདར་བ། །
ཟུག་པའི་གཅོང་སྐད་གཉོམ་པ། །
མིག་གི་རྣོ་དབལ་ཉམས་པ། །
ངེད་ཀྱི་ཧ་པ་སྙིང་རྗེ། །

ཁྱེད་ལ་ན་ཚ་ཡོང་ན། །
སྨན་པར་བསྟེན་པ་ལྟ་ཅི། །
ཁྱི་ལྟོ་དགའ་ཞིག་མེད་པ། །
གནས་ཁང་བདག་པོའི་སྐྱོན་ཡིན། །

སྐྱིད་ལ་རྒུན་ཆང་མེད་པ། །
སྡུག་ལ་སེམས་གསོ་ཉུང་བ། །
ཁྱིམ་མི་བཟའ་ཚང་མེད་པའི། །
ཧ་པ་ངེས་ངེས་སྙིང་རྗེ། །

ཁྱེད་རང་ལོ་ན་ཕྲ་དུས། །
ཧ་མོ་འགའ་རེའི་གྲས་ནས། །
གསར་རྟགས་བསྟན་པ་དྲན་ན། །
གཅིག་པུར་ཁོང་དགོད་ཤོར་ཡོང་། །

སྐྱེས་པར་སྔ་གཞུག་ཡོད་ཀྱང་། །
འཆི་བར་སྔ་གཞུག་མེད་པས། །
ཁྱེད་རང་སྔ་བ་ཡིན་ན། །
ཁྱི་རོ་སྒང་ལ་ངས་འཇོག །
            ༢༠༡༥/༡/༣༠

              གཏན་གྱི་འདུན་མ་བོར་ཚུལ།

ཉི་མའི་ཟེར་མ་འཇམ་པོའི་ཀློང་དུ་བྱ་རོག་ཁྱུ་ཞིག་ངལ་བ་དང་བཅས་རྒྱང་དུ་འཕུར། །
སྤྲིན་པ་དུམ་བུ་རེ་འགའ་གྲིབ་མས་ཁྲིད་དེ་ས་གཞིའི་སྒང་དུ་འབབ་སྙམ་བྱེད། །
བརྩེ་ལྡན་ཁྱོད་ཀྱི་མིག་གི་རྒྱལ་མོ་རྡུལ་གྱིས་མ་གོས་ཁྲ་ཆི་ལེར། །
དྲན་པའི་རྫིང་བུ་དྭངས་མོའི་ངོགས་སུ་ངང་མོ་བཞིན་དུ་འཇུག་པར་བྱེད། །

ལོ་ཟླ་ག་ཚོད་འགྱངས་སོང་སོར་མོ་བཀུག་སྟེ་བགྲང་བར་རིགས། །
གཏམ་རྒྱུད་ག་ཙམ་རྙིང་སོང་མེ་ལོང་ཕྱིས་ཏེ་བལྟ་བར་འོས།
ཕྲན་ནི་བྱེ་རྡུལ་འཚུབ་པའི་གཞིས་ཀ་འདི་ནས་རྒས་པ་འམ། །
འཆི་ཁའི་ཕྱི་མིག་ཕྲ་མོར་གཏན་དུ་གཟུམ་པ་མེད་པ་འདྲ། །

ཕ་མ་བུ་ཕྲུག་ཆུང་མ་ལ་སོགས་འཇིག་རྟེན་འདི་ཡི་འདོགས་ཐག་སྟེ། །
འདི་ཙམ་ལ་ནི་ཞེན་པ་ཆགས་ཏེ་རང་ནི་འཚོ་བའི་བྲན་དུ་འགྱུར། །
བརྩེ་བའི་མེ་ཏོག་ཆུན་པོ་འདི་དག་ཡིད་ལ་བཅངས་ཤིང་བཏགས་པ་ཡིས། །
ང་ནི་འཆི་བའི་གཡབ་མོར་དངངས་པའི་མི་ཆུང་སྙིང་མེད་ཅིག་ཏུ་གྱུར། །
                        ༢༠༡༥/༣/༢༠

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།