ལྷོད་པ།(ཞར་བཀོད་གཉིས་ཡོད)
མཐོ་ལ་བྱ་གཤོག་རྒྱོང་བའི་ཚུལ་ཞིག་གམ།།
ཡང་ན་ཤིང་ལོ་ཆུ་ལ་ལྷུང་སོང་ངམ།།ཕྱི་ནས་སྒྲ་མཆེད་སྒྲ་ཡིས་འུར་སློང་སྟེ། །
ཁམས་ཀྱི་རྩ་སྒུལ་ཚོར་བས་གླུ་ཡང་ལེན། །
སྙིང་གི་དབུས་སུ་ཡང་འཕྲད་ཡང་ཕྱིར་མཆེད། །
ཇ་མདོག་ཁམ་སྨུག་ཡང་བཙགས་རླངས་པ་བྱུང་། །
གཡང་ཊི་མདངས་ལྡན་སོར་གྱིས་ཡང་ཡང་བླངས། །
གཏམ་གྱིས་རི་བོ་ཡང་སྙིལ་ཡང་སླར་རྩིག །
གམ་གྱི་མི་དེ་ཉེ་བོ་དགྲ་བོ་གང་། །
མ་ཕྱེས་འཇིག་རྟེན་ཡངས་མོ་ཅིའི་མི་དོག །
གསོབ་གཟུགས་གྱང་ལ་ཁེན་པའི་ངང་ཚུལ་ལམ། །
ལྡེབས་ལས་རི་མོ་གསོན་པ་གང་ཡིན་ནམ། །
བལྟས་ན་མཐོང་ངམ་མི་གསལ་དཀའ་སྣང་དེས། །
དྲུང་དང་རྒྱང་གཉིས་གཅིག་ཏུ་སྲེ་སྙིང་སྐྱེས། །
སེམས་ཀྱི་ཚོར་བའི་ནགས་ཀུན་འབྲེག་ཀྱང་འདོད། །
ཁུར་བོ་ལུས་ཀྱིས་ཀྱང་ཁུར་སེམས་ཀྱིས་ཁུར། །
གཡག་རྒན་གཡུང་མོའི་གཤིས་ལས་རྒོད་བག་ཅན། །
བྱིས་པ་ཡང་ངུ་ཡང་དགོད་གར་མ་ལྟར། །
གཤིས་ཀྱང་གཅིག་མིན་གཉིས་སུ་ཡང་མ་ངེས། །
ཕྱི་ནས་ཚུར་སྣང་ནང་ནས་ཀྱང་གཞན་འཆར།
མི་བརྒྱ་གཅིག་ཏུ་བརྩི་བའི་གྲངས་ཀ་ལྟར། །
ཟླུམ་པོར་བྲིས་ཀྱང་རི་མོ་ནོར་བ་སྟེ། །
ཚེར་མ་སྟོང་གི་རྩེ་མོར་ལྟ་ཐབས་སུ། །
ཅེར་གྱིས་བཞག་སྟེ་སྤུ་རིས་ཀུན་བོར་ནས། །
གོམ་བརྒྱ་ཕྱོགས་བཞིར་སྤོས་ན་ཐོགས་བྲལ་ཨང་། །
2025.1.20
འཇའ་འོད་ཐིག་ལེར་བྲིས་པའི་ལྷ་ཚོགས་ཞེས་བྱ་བ།
ངའི་སྤྱི་བོར་འཇའ་ཤར་འོད་ཟེར་བཀྲ། །
ལྷ་ལག་པས་མ་བཞེངས་རང་བྱོན་འདྲ། །
ཕྱག་གུར་གྱི་ཐིག་ལེའི་དབུས་ན་འཁྱུག །
ཐུགས་རྒྱུད་སྐུད་ལྷན་ཅིག་དཀྲོལ་ལམ་ཅི། །
དབྱངས་ཞི་བས་སེམས་སྒོ་ཧར་གྱིས་ཕྱེས། །
མཚོ་སྔོ་མེར་ཅན་བྱུང་རླབས་ཀྱང་བྱུང་། །
གདངས་བར་སྣང་ལས་བྱུང་སེམས་ལས་བྱུང་། །
འཇམ་པདྨའི་གདན་ལས་ཟླ་འོད་འཕྲོ། །
ཞབས་གར་བཞག་ལས་ཀྱང་པདྨ་མ་བཞད། །
ངག་བདུད་པ་བརྒྱ་གྲོལ་སེམས་རྒྱ་གྲོལ། །
ཡིད་དཔལ་གྱི་རི་འདབས་རྒྱ་བསྐྱེད་ན། །
མཚོ་ཐོལ་གྱིས་བྱུང་ཡང་འདིར་ཤོང་ངོ་། །
མཚོ་ལོས་ཤོང་མཚོ་སྟེང་ལྷ་ཚོགས་ཤོང་། །
ལྷ་དགྱེས་པའི་བསང་གི་དུད་པ་ཤོང་། །
བསང་དུད་པ་མཐོ་ན་ལྷ་ངོ་མཐོ། །
ལྷ་གནམ་ན་བཞུགས་བསམ་མ་ལེགས་མོད། །
སེམས་ངོས་མཉམ་གདན་ལ་མ་བཞུགས་སྔོན། །
གདན་དམའ་སོང་ཞེས་ཀྱང་བློ་རྩེ་འགྱོད། །
སྙན་མི་སྙན་སྒྲ་འདི་ངོས་མཉམ་ཀྱང་། །
ཞེ་དག་པའི་སྒྲ་ལ་ངོས་མཉམ་བྲལ། །
མགུར་ལྷ་ཚོགས་ཁྲོད་ནས་མ་ཐོས་པ། །
ནང་རོ་མཉམ་དགའ་བའི་སྒྲ་བརྒྱ་བསྒྲགས། །
ལུས་སྒྱུ་མའི་གར་ཡང་ཐོལ་བྱུང་འདྲ། །
ཚིག་གང་བྱུང་རྣ་སྒོར་དཔེ་མེད་བྱུང་། །
ངས་ལྷ་ཚོགས་ཁྲོད་ནས་དགའ་སྟོན་རྙེད། །
གླིང་ཉི་མ་གསལ་ན་གསལ་རྒྱུ་རེད།
ལག་སྙུ་གུ་བྲོ་དང་འདྲིས་སོང་ངོ་། །
བྲོ་དབྱངས་ཅན་ལྷ་མོས་འཁྲབ་དང་འདྲ། །
དཔེར་བྲིས་ན་མི་བརྒྱ་དགོད་ཀྱང་ཆོག །
གླུ་ལེན་པའི་མི་ཚོགས་མེ་ཏོག་སྟེ། །
དེ་ཐམས་ཅད་བྲོ་འདིས་བཟི་སོང་ངོ་། །
མདུན་ཤོག་སྐྱ་དབྱར་གྱི་སྤང་གཤོངས་དང་། །
རྒྱ་ཆེ་ཆུང་འདྲ་ཞེས་ལབ་ཀྱང་རྒྱག །
གོང་མཁས་བརྒྱས་བླ་མར་བསྟོད་པ་དེ། །
བྲིས་ངོ་མ་སྙུ་གུ་སྟོང་ཡིན་ནོ། །
དབྱངས་གཅིག་གིས་ལོ་བརྒྱ་འགོར་སོང་ངོ་། །
གླུ་ཐ་ལ་ལེན་ན་དགའ་ཡང་དགའ། །
བླངས་ཚར་ན་ནམ་མཁའི་བྱ་ཡང་འཕུར། །
མདའ་གཅིག་གིས་བྱ་བརྒྱ་ག་ལ་སོད། །
དེ་འདྲོགས་ཀྱང་ཁག་འདེད་མི་བྱེད་མོད། །
བྱ་འཕུར་ནས་ནམ་མཁའ་སྟོང་སོང་ངོ་། །
གླིང་ཉི་མ་གསལ་ན་གསལ་རྒྱུ་རེད། །
ཞག་རེས་མོ་འཛམ་བུ་གླིང་ལ་འོང་། །
ལ་གྱེན་ཐུར་རྩོད་པའི་གཏམ་ཐུང་འགའ། །
བརྒྱ་ཐོས་ཀྱང་ཉ་མོ་ཆུ་འདོད་རེད། །
ལག་སོར་རྩེ་གར་འཁྱུག་སྤྱི་བཞག་རེད། །
ཞལ་རླངས་པ་ཐོལ་ལེ་ཅི་ཡང་འབྲི། །
བྲིས་མི་ཚར་ཆུ་རྔ་རྒྱ་མཚོ་རེད། །
སྔོ་ཀྲིག་གེ་བཞུར་ན་ལོ་སྟོང་རེད། །
ཆུ་ཤེས་ན་ལྷ་ལ་མཆོད་པ་རེད། །
དད་ཤེས་ན་བདུད་རྩི་རང་འབབ་རེད། །
ད་ལ་ཆེན་ཁ་བ་དགུ་འབབ་རེད། །
འགྲོ་ཟེར་ན་ལྷམ་མེད་གོས་མེད་རེད། །
ཙག་ཁངས་སྐྱས་གནའ་འཁེངས་ད་འཁེངས། །
སེམས་བརྟན་ན་གནའ་རི་གངས་རྒན་རེད། །
མདོར་དེད་ན་ར་ལུག་སྤང་འདོད་རེད། །
2025.1.25
རི་ཁྲོད་སྒོམ་པ་ཆུ་ཁུར་གྱི་དལ་བའི་ངག་རྟ་ཞེས་བྱ་བ།
དལ་ལྷང་ལྷང་བྱུང་ན་རང་དབང་ཅི། །
དབྱངས་ཟིལ་གནོན་སེམས་ལ་མདའ་ཕོག་འདྲ། །
སེམས་གར་ཆུང་དྲིལ་བུ་ལྕེ་ཐོགས་མས། །
འབྲུ་མང་བའི་གླེགས་བམ་མ་མཛད་ཀྱང་། །
ཚིག་སེམས་ཐོག་ལྷུང་ན་ལྷ་ཡང་ངུ་། །
བློ་གསལ་ན་སྨུག་པ་ཅི་ལ་འཁོར། །
དགུང་སྨུག་པ་ཐང་ལ་ལྷུང་ཡང་ཅི། །
མགུར་ད་འཐེན་སྣང་སྟོང་ད་སྒོམ་ཡིན། །
སྒོམ་བྲག་གི་དབུས་ནས་བྱུང་བ་མིན། །
ཡིད་གངས་དཀར་འཛུམ་ཆུང་གྲོལ་བ་ཡིན། །
སྡུག་སྲིད་པ་སྐྱིད་ལ་སྐུར་བ་འདི། །
ཞེན་ལོག་པའི་ངེས་འབྱུང་རང་འཁོར་དང་། །
གཅིག་བྱས་ན་ཏིང་འཛིན་དེར་འབྲེལ་ཡིན། །
ཆོས་ཡིག་དྲུག་བདུད་རྩི་ཆང་དང་འདྲ། །
ཁོ་འགྲེལ་ཤེས་སྒོམ་ཤེས་དེ་ལ་མངར། །
གསལ་ཟེར་ན་ཉི་མ་ཤར་འདྲ་དགོས། །
གཏམ་དེ་བཤད་དེ་ཡང་ཀུ་རེ་འདྲ། །
གང་བཤད་པའི་གཏམ་ལ་གང་དད་ན། །
ཆོས་དེར་བཤད་དེ་འདུལ་འགྲོ་དོན་འདྲ། །
དོན་ཆེན་པོ་ནོར་བུ་ཐང་རྙེད་ཡིན། །
གོང་སྒོམ་ཆེན་བླ་མ་སྨྱོས་དང་འདྲ། །
ཆོས་ཡང་བཤད་གདམས་པའི་མཚོ་མོ་བསྐྱིལ། །
གྲོལ་ཤེས་ན་ཡིད་ཀྱི་མདུད་པ་གྲོལ། །
བཤིག་མ་ཤེས་འཆིང་བའི་ཞགས་པ་འདི། །
རྒྱ་ཟབ་མོ་སྲིད་པའི་འདོགས་ཐག་འདྲ། །
བཀའ་ཡོད་ན་གནམ་ལྕགས་ཐོག་དང་འདྲ། །
གནོད་ཉེས་ན་དགེ་བའི་རྩི་ཏོག་འབྲེག །
ཚེ་བསོད་ནམས་བུམ་པ་ཆུ་བླུགས་འདྲ། །
ཆུ་བསིལ་ཡང་ཞིམ་ཡང་རང་ལག་སྟེ། །
རྗེ་ཁྲོ་ཡང་འཛུམ་ཡང་ཅི་བྱར་ཡོད། །
2025.1.1
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།