ཁ་བ་ལྷ་མོའི་སྙན་ངག་གསར་པ། 《གོས་ཆེན་ཕྱི་ནང་འཐོར་བའི་གཞས》

©CLASS中文 པར་པ། ཟླ་བ་དབྱངས་ཅན།
རྨིག་ཆུང་རླུང་གི་འཁོར་ལོ་འཛིན། །
རྟ་ཕོ་ཤེའུ་ཆུང་རི་ལ་གཏོང་། །
སྤྱན་ཆུང་སྐར་མའི་གཟི་མདངས་འཁྱིལ། །
ཁྱེའུ་ཆུང་རྡོ་རྗེ་གཞིས་ནས་སྐྱུར། །
སྔོན་བསགས་ལས་ཀྱི་སྨོན་ལམ་གྱིས། །
འདོ་བ་ཡིན་ཡང་དུངས་ཤ་ཟབ། །
སྐྱེ་རབས་དུ་མའི་ལས་འབྲས་ཀྱིས། །
ཁྱེའུ་ཆུང་ཆུང་སྙིང་ཤར་སྐྱེས། །
རྨི་ལམ་ཡིན་པས་འཇིག་རྟེན་འདི། །
སྙིམ་པའི་མཐིལ་ནས་འཇིག་ཅིང་ཉིལ། །
འཁྲུལ་སྣང་ཡིན་པས་འཁོར་བ་འདི། །
སྙིང་གའི་སྲུབས་ནས་འཐོར་ཅིང་ཞིག །
ལས་འཕྲོ་ཆད་པས་སྐར་ཆུང་དེ། །
ཉག་ཁིས་ཕ་གིར་ཡལ་ཞིང་སོང་། །
ལན་ཆགས་ལྕི་བས་རྒྱབ་གཟུགས་དེས། །
ཉིན་ཞག་གྲངས་ལ་ན་ཟུག་གཏོང་། །
དྲི་བསུང་ཞིག་གིས་དབྱར་གཞུང་གཅིག །
འཇའ་ཚོན་རི་མོ་ཁྱུད་ཅིང་སོང་། །
གདངས་དབྱངས་ཤིག་གིས་དུས་ཚིགས་གཅིག །
སྙན་མོ་གཞས་ཀྱིས་བཏེགས་ནས་སོང་། །
བསིལ་བསིལ་རླུང་གིས་དྲི་ཟ་ཡི། །
འཇིག་རྟེན་ཧྲིལ་པོ་ལོངས་སུ་སྤྱད། །
དབྱར་གཞུང་གཅིག་གི་ཁ་དོག་ཏུ། །
འཚོ་བ་གོས་ཆེན་རི་མོ་འདྲ། །
ཟམ་ཟིམ་ཆར་བས་སྲིད་གསུམ་གྱི། །
ཕུན་ཚོགས་མ་ལུས་སྐད་ཅིག་རོལ། །
དུས་ཚིགས་གཅིག་གི་ཉིན་སྲིབ་ཏུ། །
འཁོར་བ་སྐལ་བ་རྫོགས་ལྡན་འདྲ། །
ཆར་དང་སྨུག་པའི་ནང་ལོང་ནས། །
གནས་རི་བྲག་དཀར་ཕོ་བྲང་འདྲ། །
ཁ་བས་སྒང་གཞོང་གཡོགས་པའི་དུས། །
ཁྱོད་རང་འཁོར་བས་རི་ལ་ཁྲིད། །
སྤང་གཞོང་སྔོན་མོའི་ཁུགས་སོ་ནས། །
གཙང་མོ་ཤེའུ་གཡུ་འབྲུག་འདྲ། །
ཆུ་ཆེན་འཁྱགས་པས་བཟུང་བའི་ཚེ། །
ཁྱོད་རང་འཚོ་བས་ཀློང་ལ་ཁྲིད། །
འདི་ནས་མཐོ་ནས་མཐོ་རུ་བཏེགས། །
དེ་ནས་ཕར་ནས་ཕར་ལ་བཀྱེད། །
འོད་ཀྱང་ཇེ་ཆུང་ཇེ་ཆུང་གྱུར། །
ཁྱོད་ཀྱང་ཕལ་བའི་མི་རུ་སྤྲུལ། །
མི་ཡུལ་དབྱར་ཁས་ཡང་གཅིག་བསྐྱུར། །
མི་སེམས་ཐལ་བར་ཡང་གཅིག་བསྲེགས། །
མི་འབྲལ་སྙིང་གི་གཡར་དམ་ཞིག །
མི་འགྱུར་གཡུང་དྲུང་རི་མོ་དག །
དགའ་ན་སྨན་ཆུང་དགོད་འཛུམ་འཚེར། །
སྙིང་གི་རུས་པར་མདུད་པ་རྒྱག །
སྐྱོ་ན་སྨན་ཆུང་ངུ་ཤུམ་རྒྱག །
སྣང་བའི་གསེབ་ལ་གྲི་ཆུང་འཛུགས། །
ཆགས་སྡང་རི་མོ་གསལ་ཡང་གསལ། །
རྡོ་རྗེ་མགུར་མ་དག་ཀྱང་དག །
དཔུང་བ་གཤིབ་ན་གློ་སྙིང་འབུལ། །
ལག་རྡང་གློད་ཚེ་ཕྱི་ལག་སྤྲོད། །
ཁྱོད་ཀྱིས་རུ་བ་རི་ནས་ཟུངས། །
ངས་ཀྱང་མཚེར་ས་སྤང་ལ་འདེབས། །
སྦྲ་རྒན་ཚང་གིས་སྟོང་ལུག་འཚོས། །
སྦྲེའུ་ཙེ་ཅན་ཡང་ར་ལུག་འདེད། །
ཡང་ན་ཨ་འཇམ་ཚ་རུས་ལན། །
མིན་ན་གཡུ་འབྲུག་དགུ་རིས་ལན། །
གོས་ཆེན་ཕྱི་ནང་འཐོར་བའི་དུས། །
འཚེམ་བུ་བ་ལ་སྡང་དགོས་མེད། །
2025.3.29
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།