གསོ་རིག་སློབ་དཔོན་ཆེན་མོ་རྒན་རིན་པོ་ཆེ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་ལ་བཅར་འདྲི་ཞུས་པ།

དེ་ཡང་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་འཆད་ཉན་དང་ཐོས་བསམ་གང་ལའང་ཆེས་མེད་དུ་མི་རུང་ཞིང་གལ་གནད་ཆེ་བའི་ཐབས་ལམ་ཞིག་ནི། རིག་གཞུང་དེའི་ངོས་དང་ཟུར་རེ་རེ་ནས་གསལ་བར་བྱེད་པའི་བགྲོ་གླེང་གི་བྱེད་ཐབས་སམ། ཡང་ན་བཅར་འདྲིའི་གཏམ་གླེང་ངམ་དེ་མིན་དྲི་བ་དྲིས་ལན་གྱི་སྒོ་ནས་གསལ་བར་བྱེད་པ་དེ་ཡིན། དེ་ལྟ་བུའི་བྱེད་ཐབས་དེས་ནི་བརྗོད་དོན་གྱི་རྩ་བ་འཛིན་སླ་ཞིང་། དངོས་ཤུགས་ཟུར་བསྟན་གྱི་ཁྱད་པར་དག་ཀྱང་ཤེས་སླ་ལ། དབང་པོ་རབ་འབྲིང་ཀུན་ལ་གོ་བདེ་ལྟ་བདེའི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ཏུ་མངོན།

དེས་ན་གསོ་རིག་སློབ་དཔོན་ཆེན་མོ་རྒན་རིན་པོ་ཆེ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས། ལོ་མང་པོའི་ནད་ཐོག་ལག་ལེན་དང་། གཞུང་ལུགས་ལྟ་གྲུབ། སྨན་རྫས་སྦྱོར་བཟོ་དང་། བགྲོ་གླེང་གཏམ་བཤད་སོགས་གསོ་དཔྱད་བསྟན་པའི་བྱ་བཞག་ལ་རྨད་དུ་བྱུང་བའི་ཕྱག་རྗེས་ཟབ་མོ་བཞག་པ་ནི། རང་རེ་སྨན་པ་རྒན་དར་གཞོན་གསུམ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན་པས་མུན་དོང་ལ་མདའ་འཕེན་པ་དང་། ལ་རྒྱབ་ཀྱི་ལྗོན་ཤིང་བརྩི་བའི་ངལ་བ་བསྟེན་པའི་དགོས་པ་མ་མཆིས་སྙམ།

ད་ལམ་གུས་པས་ལོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་རང་ནུས་ཅི་ལྕོགས་ཀྱིས་སྦྱང་བརྩོན་བྱས་པའི་བརྒྱུད་རིམ་ཁྲོད། ལོ་རྒྱུས་དང་གཞུང་ལུགས་སོགས་དཀའ་བའི་གནས་ལ་དོགས་པ་ཅི་རིགས་སུ་མཆིས་པ་དེ་དག རང་ཉིད་གཙོས་པའི་གསར་བུ་བ་དག་ལ་ཕན་པའི་རེ་བ་དང་བཅས་ཏེ་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་བྱིངས་དང་འབྲེལ་བའི་དྲི་བ་སྣ་ཚོགས་བཏོན་པ་ལ་ཐུགས་སྤྲོ་བ་དང་བཅས་ཏེ་བཀའ་ལན་གནང་བ་ལས། འདིར་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་གཞུང་ལུགས། ལག་ལེན་དང་ལྟ་གྲུབ་ཐད་ལ་ཐུན་མོང་མ་ཡིན་པའི་རིགས་པའི་ཁྱད་ཆོས་དང་། བསམ་བློའི་སྒྲོམ་གཞི་དག་མང་མང་གིས་གོ་ཐུབ་ཅིང་ངེས་ཤེས་འདྲེན་ཐུབ་པའི་བཀའ་ལན་དག་དཀྱུས་གཅིག་ཏུ་བྱས་ཏེ་སྒྲ་སྡུད་འཕྲུལ་འཁོར་ལས་ཡེ་གེར་ཕབ་ཅིང་། སླར་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས་པས་ཚིག་དོན་གང་ཅིར་ཞུ་དག་གཏན་འབེབས་མཛད་ཅིང་། བགྲོ་གླེང་གི་ཚུལ་དུ་བྱས་ཏེ་དྲ་ལམ་དག་ཏུ་དགོད་པའི་བཀའ་ཡི་གནང་བ་ལེགས་པར་ཐོབ་པ་བརྒྱུད་འདི་ག་དྲ་ཚིགས་སུ་སྤེལ་བ་ཡིན།

དོལ་སྨྱོན།

ཐོག་མར་རིན་པོ་ཆེ་མཆོག་ནས་སྐུ་སྒེར་གྱི་ཕྱག་ལས་དང་དཔེ་ཁྲིད་ཀྱི་མཛད་བྲེལ་སོགས་ལ་མ་འཛེམས་པར་གུས་པའི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ནས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྟབས་བདེ་ཞིག་དང་དེའི་ནང་ནས་བཤེས་གཉེན་བསྟེན་ཕྱོགས་དང་སློབ་གཉེར་གནང་ཕྱོགས། དེའི་རྗེས་ནས་བོད་དང་རྒྱ་གར་དེ་བཞིན་ཕྱི་རྒྱལ་སོགས་རྒྱལ་ཁབ་ཁག་ཏུ་གསོ་རིག་གི་བསྟན་པ་ལ་ཕྱག་ལས་གནང་བའི་སྐོར་ངོ་སྤྲོད་ཅུང་ཟད་གནང་རོགས།

རྒན་རིན་པོ་ཆེ།

གསོ་བ་རིག་པའི་བསྟན་པ་ལ་ངས་བྱ་བ་གང་ཡང་བྱེད་ཐུབ་ཡོད་མ་རེད། སྤྱིར་སྟངས་ང་རང་ ༡༩༥༦ ལ་སྐྱེས་ཤིང་། དེའི་རྗེས་སུ་སློབ་གཉེར་འདོད་པ་ཚིམས་པ་ཞིག་བྱེད་ཐུབ་ཡོད་མ་རེད། ལྷག་པར་དུ་ཆུང་དུས་ཀྱི་དུས་ཚོད་དེ་སྒོ་ཟོག་འཚོ་བ་སོགས་ཀྱིས་རྫོགས་པ་རེད། དེའི་ཞར་ཞོར་ལ་ཡི་གེ་སློབ་པ་དང་འདོན་པ་བློ་འཛིན་དང་གཞུང་གི་རྩ་བ་ཕྲན་བུ་རེ་བློ་ལ་འཛིན་པ་མ་གཏོགས་གང་ལྟར་ཕན་ཐོགས་པའི་སློབ་གཉེར་ཡག་པོ་ཞིག་བྱུང་ཡོད་མ་རེད། དེ་ནས་ ༡༩༦༤ ལོ་ལ་རིག་གནས་གསར་བརྗེ་མགོ་ཚུགས་ཤིང་། དེ་དུས་སློབ་གཉེར་བྱེད་ཀྱི་ཡོད་པ་ཤེས་པ་དང་སློབ་གཉེར་གྱི་དཔེ་ཆ་དག་མིག་གིས་མཐོང་བ་སོགས་བྱུང་ན་ཉེན་ཁ་ཤིན་ཏུ་ཆེན་པོ་རེད། དེ་དུས་སློབ་སྦྱོང་བྱེད་རྒྱུ་ཡོད་མ་རེད་ལ་སྒོ་ཟོག་འཚོ་བ་སོགས་ལས་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་ཡོད་མ་རེད། 

དེ་ནས་ ༡༩༨༠ ཐམ་པའི་ལོ་ལ་ང་རང་ལྷ་ས་ལ་ཡོང་བ་རེད། དང་པོའི་འཆར་གཞི་ལྟར་ན་ང་རང་གི་གོང་མ་དེ་ཚོའི་གདན་ས་སེ་ར་ལ་ཕྱིན་ནས་སློབ་གཉེར་ཏོག་ཙམ་བྱེད་རྒྱུ་བྱས་པ་རེད། དེ་དུས་བོད་ལ་ཆོས་སྒོ་ཕྱེ་ཙམ་ཡིན་དུས་སེ་ར་ལ་སློབ་གཉེར་བྱེད་ས་ཅང་ཡོད་མ་རེད། ང་རང་གི་རྒན་ལགས་རྒན་ཐུབ་བསྟན་ཡར་འཕེལ་ཞུ་བ་སེ་ར་ལ་བཞུགས་ཡོད་རེད། ང་རང་ཁོང་གི་སྐུ་མདུན་ལ་བཅར་ནས་གཞུང་ཆེན་པོ་ལ་སློབ་གཉེར་ཅུང་ཙམ་བྱས་པ་རེད། དེ་ནས་སེ་རར་སྡད་པའི་གོ་སྐབས་སམ་ཕན་ཐོག་ཡོད་པ་ཞིག་མ་བྱུང་ནས་ལྷ་ས་ལ་མར་ཡོང་བ་རེད། ལྷ་ས་སྨན་རྩིས་ཁང་ལ་ཟུར་དུ་རྒན་ཚེ་རྣམ་རིན་པོ་ཆེ་བསྟེན་པ་རེད། དེ་དུས་ཚེ་རྣམ་རིན་པོ་ཆེ་བཙོན་ཁང་ནས་གཡར་པོའི་ཚུལ་དུ་མ་གཏོགས་མར་གཏན་འཇག་ཕེབ་ཐུབ་ཡོད་མ་རེད། ཉི་མ་ཁ་ཤས་ལ་མར་གཡར་དེ་ནས་ཉི་མ་ཁ་ཤས་ནས་ཡར་འབྱོར་ཐོ་རྒྱག་པར་ཕེབས་དགོས་པ་སོགས་དེ་འདྲ་བྱས་པ་རེད། དེ་དུས་རྒན་བློ་བཟང་དབང་ཕྱུག་སོགས་ཁོང་རྣམ་པ་ཀྲུང་གོའི་གསོ་རིག་ཀུན་བཏུས་ཀྱི་རྩོམ་སྒྲིག་པར་གདན་འདྲེན་ཞུས་འདུག ང་དེ་དུས་ཡོན་ཀྲང་བྱམས་པ་འཕྲིན་ལས་ཀྱིས་ཐུགས་ཁུར་གནང་ནས་ཡི་གེ་ཉམས་གསོ་ལས་ཀའི་ཁོང་ཡིན་ཅིང་། དེ་ནས་ཞར་དང་ཞོར་ནས་ཁོང་རྣམ་པ་གཉིས་ལ་བསྟེན་ནས་ཏོག་ཙམ་ཏོག་ཙམ་བྱས་ནས་གང་ལྟར་མེད་པ་ལས་དྲག་ཙམ་ཞིག་ཤེས་པ་རེད།

གང་ལྟར་འདོད་པ་ཁེངས་པ་ཞིག་བྱུང་ཡོད་མ་རེད། མི་ཚོ་ནང་བཞིན་སློབ་གྲྭ་འགྲིམས་སློབ་གཉེར་བྱས་པ་ལྟ་བུ་མིན་པར་ང་རང་གི་སློབ་གཉེར་དེ་ཚོ་ང་རང་གི་འདོད་པ་ཁེངས་པ་ཞིག་བྱུང་ཡོད་མ་རེད། ཞར་དང་ཞོར་ནས་ཏོག་ཙམ་ཏོག་ཙམ་ཤེས་པ་དེ་ཚོ་རྒན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་རེད། རིགས་ལམ་ཏོག་ཙམ་ཡོད་པ་དེ་ཚོ་རྒན་ཐུབ་བསྟན་ཡར་འཕེལ་དང་ཁོ་རང་རྣམ་པ་ཚོའི་ཐུགས་རྗེ་བྱིན་རླབས་རེད།

དང་པོ་ཕ་ཡུལ་ནས་སྨན་སློབ་སྦྱོང་བྱེད་ས་དེ་ ༡༩༧༠ ནང་ང་རང་ཏོག་ཙམ་ན་བ་རེད། དེ་དུས་རྒན་ཀུན་དགའ་ལ་བསྟེན་ནས་སྒེར་ངོས་ནས་སྨན་ལ་དོ་སྣང་ཏོག་ཙམ་བྱུང་བ་རེད་གཞན་ཅང་ཡོད་མ་རེད།  དེ་རྗེས་ང་རང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་། རྒྱ་གར་དུ་སླེབས་ནས་རྡ་ས་སྨན་རྩིས་ཁང་དུ་དགེ་རྒན་བྱས་ནས་ཏོག་ཙམ་བསྡད་པ་རེད། དེ་ནས་ ༡༩༩༣ ལོ་མཇུག་ཏུ་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་གཞུང་གི་ངོས་ལེན་ཐོག་བོད་ཀྱི་གསོ་བ་རིག་པའི་སྡེ་ཚན་ཟུར་དུ་འཛུག་འཆར་ལ་བརྟེན། ཆོས་དོན་ལས་ཁུངས་ཀྱིས་སྨན་རྩིས་ཁང་དུ་ཝཱ་ཎ་མཐོ་སློབ་ལ་སྨན་དགེ་ཞིག་གཏོང་དགོས་པའི་བཀའ་ཕེབས་པ་ལྟར། སྨན་རྩིས་ཁང་ནས་ང་རང་བཏང་བ་རེད། ཐོག་མའི་འཆར་གཞི་ལྟར་ན་ང་ཟླ་བ་དྲུག་གི་བར་དུ་གཡར་བ་རེད། དེ་རྗེས་གཞན་ཞིག་ཚབ་ཏུ་གཏོང་བའམ་ཡང་ན་ང་རང་རང་འཇག་སྡོད་དགོས་པ་སོགས་གནས་ཚུལ་གསལ་པོ་བྱུང་ཡོད་མ་རེད། གང་ལྟར་དེ་འདྲ་བྱས་ནས་ ༡༩༩༣ སྤྱི་ཟླ་ ༡༢ པ་ནས་ཟུང་ ༢༠༡༣ སྤྱི་ཟླ་ ༦ པ་བྱེད་དུས་ལོ་ཉི་ཤུ་ཙམ་ཝཱ་ཎ་རུ་བསྡད་པ་རེད།

ད་ཞེ་དྲགས་ཞེ་དྲགས་ཆོ་ཡོད་པ་ཞིག་བྱུང་ཡོད་མ་རེད། གང་ལྟར་བསྡད་པའི་ཡུན་ལ་སློབ་ཚན་གྱི་འཆར་གཞི་སྒྲིག་པ། སློབ་ཚན་འཁྲིད་པ། སློབ་ཚན་འཁྲིད་པ་དེ་ཡང་གང་ཐུབ་ཀྱིས་འབད་བརྩོན་བྱས་པ་ཞིག་ལ་སློབ་ཚན་འཁྲིད་པ་ཙམ་མིན་པར་སྨན་པ་ཚོ་ལ་མཁོ་ངེས་པའི་ལག་ལེན་རྣམས་སྤུས་དག་ཅིག་ཡོངས་བར་འབད་བརྩོན་བྱས་པ་རེད་དེ་སྤུས་དག་ཅིག་ད་ལྟ་བར་ཡོང་ཐུབ་ཡོད་མ་རེད། ཕྱོགས་གཅིག་ནས་རྒྱ་གར་གཞུང་གིས་སླབ་པ་སློབ་གཉེར་གྱི་འགྲོ་སོང་ཆ་ཚང་གནང་བར་བཀའ་དྲིན་ཆེན་པོ་རེད་དེ། ཕྱོགས་གཅིག་ནས་སྒོར་སྟོང་ཕྲག་ཆ་ཤས་ཀྱི་འགྲོ་སོང་གཏོང་བ་ལའང་གཞུང་ལ་ཆོག་མཆན་ཞུ་བ་དང་། ཆོག་མཆན་ལ་སྒུག་དགོས་པ་སོགས་མང་པོ་ཞིག་འདོད་པ་ནང་བཞིན་ཞིག་བྱེད་རྒྱུ་གང་ཡང་ཡོད་མ་རེད།

ད་དུང་ཡང་འབད་བརྩོན་བྱེད་བཞིན་པ་རེད། སློབ་འཁྲིད་བྱེད་པ་ཙམ་མིན་པར། གལ་ཆེས་ཤོས་སུ་སློབ་གཉེར་བ་དག་སྤུས་དག་ཟེར་ནའང་འདྲ་དེང་སང་གི་འཛམ་གླིང་གི་མི་འདྲ་བོ་ཡོང་བ་ལ། ཕྱོགས་གཅིག་ནས་ལག་ལེན་གང་ཡོད་པ་དེ་ཚོ་སྦྱང་ས་ཡོད་པ་དང་། སྦྱངས་པ་ཙམ་མིན་པར་སྦྱངས་ཟིན་པ་དེ་ཚོར་ཉམས་ཞིབ་བྱེད་དགོས་པ་དེ་ཚོ་མཐོ་རིམ་སློབ་གྲྭ་ཞིག་ལ་མཚོན་ན་གལ་ཆེན་པོ་ཞེ་དྲགས་རེད། དེ་འདྲའི་དམིགས་ཡུལ་བཞག་ནས་འབད་བརྩོན་བྱེད་བཞིན་པ་རེད་དེ་གང་དགོས་པ་དེ་དང་གང་བསམ་པ་དེ་ད་དུང་ཡོང་ཁག་པོ་རེད། 

ཡང་སློབ་གྲྭ་རང་ལ་མཚོན་ན་རྒྱ་གར་ནང་གི་གཙུག་ལག་སློབ་གཉེར་ཁང་ཞིག་ཆགས་སྡད་ཡོད་དུས། དེ་བརྒྱུད་ནས་ ༢༠༠༨ ལོར་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གཞུང་གི་རྩ་ཁྲིམས་ཐོག་ངོས་ལེན་ཡོང་ཐབས་ལ་འབད་བརྩོན་བྱས་པ་རྒྱུད་རྒྱ་གར་གཞུང་གིས་དེ་ངོས་ལེན་བྱས་ན་འགྲིམས་མིན་གྱི་བརྟག་དཔྱད་ཆེད། གཟིགས་རྟོགས་ཚོགས་ཆུང་ཞིག་ཟུར་དུ་བཙུགས་པ་རེད། ལས་ཀ་བྱེད་མཁན་མང་པོ་ཡོད་རེད་དེ་ཐོག་མའི་མགོ་འཛུག་ས་དེ་ངེད་ཚོའི་སློབ་གྲྭ་ནས་ཡིན་པ་རེད། སློབ་གྲྭའི་ནང་དགེ་རྒན་དང་འཛིན་སྐྱོང་ལས་བྱེད་སོགས་མཁས་པ་མང་པོ་ཡོད་རེད། ཡིན་ནའང་ཁོང་རྣམ་པ་བོད་ཀྱི་གསོ་བ་རིག་པ་ལ་འབྲེལ་བ་དམིགས་བསལ་མེད་དུས། ང་རང་ལ་མཚོན་ན་དེའི་ཐད་ནས་རྒྱ་གར་གཞུང་གི་མཁས་པ་དེ་ཚོ་ལ་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་བྱེད་རྒྱུ་དང་། དེའི་རྒྱབ་ལྗོངས་ཀྱི་གཞུང་དང་འབྲེལ་བ་ལྟ་གྲུབ་དང་ལོ་རྒྱུས་སོགས་མང་པོ་ཞིག་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་ཡག་པོ་བྱུང་བ་རེད། རྒྱ་གར་གཞུང་གིས་བཙུགས་པའི་རྟོག་ཞིབ་ཚོགས་པའི་མི་སྣ་དག་ཀྱང་བློ་གཟུ་བོར་གནས་པ་མཁས་པའི་དབང་པོ་ཉམས་མྱོང་ཡོད་པ་དེ་འདྲ་ཤ་སྟག་རེད། དེ་འདྲ་བྱས་ནས་རྒྱ་གར་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཟིགས་ནས་དུས་ཚོད་ཡུན་རིང་མ་འགོར་བར་བོད་ཀྱི་གསོ་བ་རིག་པའི་རིང་ལུགས་དེ་ཁྲིམས་ཐོག་ནས་ངོས་ལེན་ཐོབ་པ་རེད། 

གཞུང་ལུགས་དེ་ཁྲིམས་ཐོག་ནས་ངོས་ལེན་ཡོད་དུས་རིམ་པས་སློབ་གཉེར་བྱེད་སའི་སློབ་གཉེར་ཁང་དང་། སྨན་སྦྱོར་རིག་པ་དག་ཀྱང་ཁྲིམས་ཐོག་ནས་ངོས་ལེན་བྱེད་ཆོག་པ་བཅས་གང་ལྟར་དེའི་ཐད་ནས་ལས་འགན་གལ་ཆེན་ཞིག་བསྒྲུབས་པ་ཡིན་བསམ་གྱི་ཡོད། ང་ལ་མཚོན་ན་ཚོགས་པ་དེའི་ནང་དུ་མིང་འཁོད་བཞག་པ་དེ་འདྲ་ཡོད་མ་རེད། ཡིན་ནའང་འབྲེལ་ཡོད་ཀྱི་ཆ་ནས་ཁོང་རྣམ་པར་སྙན་ཞུ་འབུལ་བ་དང་། ངོ་སྤྲོད་བྱེད་པ་སོགས་སྤྱིར་བཏང་མི་མང་པོ་ཞིག་དང་འབྲེལ་བ་ཡོད་རེད་དེ། ང་རང་རྒྱུས་ཡོད་ཀྱི་ཆ་ནས་དམིགས་གསལ་གྱི་ཕན་ཐོགས་པོ་བྱུང་སོང་བསམ་གྱི་ཡོད།

དེ་བཞིན་དུ་སློབ་གཉེར་ཁང་འདི་དང་ཕྱི་རྒྱལ་ཁབ་ཁག་ལ་ཐད་ཀར་འབྲེལ་བ་ཡོད་པ་དཔེར་ན། ཨ་རི་ལ་གཙུག་ལག་སློབ་གཉེར་ཁང་ལྔ་ཙམ་དང་རྒྱུན་ལྡན་འབྲེལ་བ་ཡོད་པ་དང་། ཨོ་སི་ཏྲི་ལ་ཡ་དང་ལྷོ་ཀོ་རི་ཡ་སོགས་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ནས་ཤེས་ཡོན་བརྗེ་ལེན་དང་སློབ་ཕྲུག་དང་མཁས་དབང་སོགས་ཕན་ཚུན་འགྲོ་འོང་ཡོདཔ་རེད། ང་རང་ལ་མཚོན་ན་སྐབས་དེ་དག་ཏུ་བོད་ཀྱི་གསོ་བ་རིག་པ་དེ་ག་འདྲ་ཞིག་ཡིན་པ་དང་ད་ལྟའི་གནས་སྟངས་གང་དུ་སླེབས་པ་སོགས་ངོ་སྤྲོད་ཕྲན་བུ་ཕྲན་བུ་ཞིག་བྱེད་རྒྱུའི་གོ་སྐབས་མང་དུ་བྱུང་བ་རེད། སློབ་གཉེར་ཁང་དེ་དག་གི་སློབ་ཕྲུག་ཡིན་ནའང་འདྲ། དེ་མིན་དགེ་རྒན་ལས་བྱེད་དག་ཡིན་ནའང་འདྲ། རྒྱུས་མེད་པ་དག་ལ་ངོ་སྤྲོད་ཕྲན་བུ་རེ་བྱེད་ཡོང་དུས་དོ་སྣང་ཆེན་པོ་ཞིག་ཡོང་གི་འདུག དོ་སྣང་བྱུང་བ་ནང་བཞིན་ཕན་ཐོགས་ཀྱི་རེད་ཅེས་ལམ་སང་ང་ཚོའི་རེ་བ་ནང་བཞིན་མི་བྱུང་ཡང་ག་ལེར་ག་ལེར་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག

སྤྱིར་བཏང་ངའི་བསམ་ཚུལ་ལ་བོད་ཀྱི་གསོ་བ་རིག་པ་དེ་འཛམ་གླིང་འདིར་མ་ཉམས་པར་གནས་ཐུབ་པ་ཡིན་ན། འཛམ་བུ་གླིང་གི་མི་མང་གི་འཕྲོད་བསྟེན་ལ་ཕན་ཐོགས་ཀྱི་རེད་མ་གཏོགས་ང་ཚོ་བོད་མི་ཁ་ཤས་ཤིག་ལ་དེ་བརྒྱུད་ནས་ཕན་ཐོགས་ཆེན་པོ་དང་ཁེ་བཟང་ཆེན་པོ་ཞིག་ཡོང་གི་རེད་བསམ་པའི་དམིགས་ཡུལ་གང་ཡང་ཡོད་མ་རེད། སྤྱིར་འཛམ་གླིང་འདིར་བོད་ཀྱི་གསོ་རིག་ཙམ་མིན་པར། སྨན་བཅོས་རིང་ལུགས་མང་པོ་ཞིག་ཡོད་རེད། ཡིན་ནའང་ནད་པ་མང་པོ་ཞིག་ལ་བོད་སྨན་འདི་བརྒྱུད་ནས་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་ལ་ཕན་ཐོགས་པོ་ཡོད་པ་དངོས་ཡོད་རེད་ལ། འཛམ་གླིང་གི་མཁས་པ་མང་པོ་ཞིག་གིས་ཀྱང་མཁྱེན་བཞིན་པ་རེད། གོང་ཞུས་ལྟར་ཁྲིམས་ཀྱི་ཐོག་ནས་ལག་ལེན་བསྟར་ཆོག་པ་ཞིག་བྱུང་བ་དང་འགྲོ་བ་མང་པོས་འདི་བེད་སྤྱོད་བྱེད་རྒྱུ་བྱུང་ན། མི་མང་པོ་ཞིག་གི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ས་རེད་བསམ་གྱི་ཡོད།

གཙོ་བོ༧སྐྱབས་མགོན་རིན་པོ་ཆེས་བོད་པ་གཅིག་པུ་མིན་པར་འཛམ་གླིང་སྤྱིའི་ཞི་བདེ་དང་ལུས་སེམས་བདེ་ཐང་ལ་ཐུགས་ཁུར་ཞེ་དྲགས་གནང་གི་ཡོད་རེད། དེ་ལྟ་བུའི་རླབས་ཆེན་གྱི་ཐུགས་ཁུར་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཡོད་ཚད་ལ་འཛམ་གླིང་ཡོངས་ནས་དོ་སྣང་ཤུགས་ཆེར་གནང་གི་ཡོད་རེད། དེའི་ཡ་གྱལ་ལམ་ཆ་ཤས་ལྟ་བུའི་བོད་ཀྱི་གསོ་བ་རིག་པ་དེ་ལའང་འཛམ་གླིང་མི་མང་ནས་དོ་སྣང་དང་ཐུགས་ཁུར་གནང་གི་ཡོད་རེད། བྱས་ཙང་དེའི་རྒྱུད་འཛིན་ནམ་ལས་འགན་ལྟ་བུ་ང་རང་ཚོ་ཆགས་སྡད་ཡོད་རེད། སོ་སོས་སློབ་སྦྱོང་བྱེད་པ་དང་མི་ལ་ངོ་སྤྲོད་བྱེད་པ། དེའི་སྟེང་ནས་ལག་ལེན་བྱེད་རྒྱུ་སོགས་མི་རིགས་གཞན་ལས་ཀྱང་བོད་ཀྱི་མི་རིགས་འདི་ལ་འགན་ཆེ་བ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་གོང་ཞུས་ལྟར་བོད་མི་ཁ་ཤས་ཤིག་གི་ལྟོ་གོས་ཆེད་དུ་མ་ཡིན་པར། རིང་ལུགས་དང་ལག་ལེན་དག་མ་ཉམས་པར་འཛམ་གླིང་འདིར་མུ་འཐུད་ནས་གནས་པ་ཡིན་ན་འཛམ་གླིང་སྤྱིའི་འཕྲོད་བསྟེན་ལ་གཏན་གཏན་ཕན་ཐོགས་ཡོད་པ་དེ་རྨོངས་དད་དང་ཡིད་ཆེས་ཙམ་མ་རེད། རིག་པ་དེའི་གཞུང་ལུགས་དང་ལག་ལེན་གང་ལ་བལྟས་ཀྱང་འཛམ་གླིང་མི་མང་ལ་དགོས་མཁོ་ཡོད་པའི་རིག་གཞུང་ཞིག་གཏན་གཏན་ཆགས་སྡད་ཡོད་རེད། བྱས་ཙང་དེ་ལ་རྒྱུས་ཡོད་བྱེད་པ་དང་ཁྱབ་སྤེལ་བྱེད་པ། མ་ཉམས་པར་རྒྱུན་འཛིན་བྱེད་པ་དེ་སྤྱིར་འཛམ་གླིང་སྤྱི་ལ་འགན་ཡོད་རེད་དེ། ཁྱད་པར་དེ་དང་འབྲེལ་བ་ཡོད་པའི་བོད་མི་རིགས་ལ་དམིགས་གསལ་འགན་ཡོད་པ་རེད། གཞན་ཅང་མི་འདུག གང་ལྟར་བསམ་པ་བཟང་པོ་ཙམ་ཞིག་རེད། གཞན་རེ་བ་ནང་བཞིན་ནུས་པ་ཞིག་ཐོན་གྱི་མི་འདུག དེ་འདྲ་ཞིག་རེད།།

དོལ་སྨྱོན།

དེ་ཡང་བོད་ཀྱི་གསོ་བ་རིག་པའི་ཐོག་མའི་བྱུང་ཚུལ་ལམ་ལོ་རྒྱུས་ཀྱི་སྔ་ཚད་ཐད། གསོ་རིག་ལོ་རྒྱུས་སྨྲ་བ་རྣམས་བཞེད་པ་མི་མཐུན་པ་དུ་མ་ཞིག་མཆིས་པ་སྟེ། ལ་ལས་ལོ་ཆིག་སྟོང་བཞི་བརྒྱ་ཡས་མས་སུ་འདོད་པ་དང་། ལ་ལས་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་འདོད་པ། ཡང་ལ་ལས་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་འདོད་པ་སོགས་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་མཆིས་པས། རིན་པོ་ཆེ་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་སྔ་ཚད་དེ་ཅི་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

རྒན་རིན་པོ་ཆེ།

མ་གཞི་ནས་གསོ་བ་རིག་པ་དེ་ཙམ་ནས་བྱུང་བ་རེད་ཅེས་ཤོད་ཁག་ཙམ་རེད། སྤྱིར་བཏང་གིས་འཛམ་གླིང་ནང་སྨན་བཅོས་འཕྲོད་བསྟེན་གྱི་ལོ་རྒྱུས་ལ་བསམ་བློ་གཏང་བ་ཡིན་ན། ལོ་རྒྱུས་མཁས་དབང་ཚོས་སྤྱིའི་བཤད་སྟངས་ལ་མི་ཡི་འགྲོ་བ་ནམ་བྱུང་ཡོད་ན་དེ་དུས་ནས་སྨན་བྱུང་བའམ་མགོ་ཚུགས་པར་འདོད་པ་རེད། དེ་ཡིན་པའི་རྒྱུ་མཚན་ཡང་། མི་ཡི་འགྲོ་བ་དེ་ཡང་ད་ལྟའི་དུས་ལྟར་དཔལ་འབྱོར་དང་རིག་གཞུང་སོགས་གང་ཐད་ནས་བློ་བུར་དུ་ཡར་རྒྱས་ཡོད་པ་དེ་འདྲ་མ་རེད། ཐོག་མར་འཛམ་གླིང་གི་ཆགས་རིམ་ལ་བལྟས་པ་ཡིན་ན། སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་སྨྲ་བ་དག་གིས་དང་པོ་འབུ་སྲིན་སོགས་སྲོག་ཆགས་ཆུང་ཆུང་ནས་རིམ་གྱིས་མི་ཡི་འགྲོ་བྱུང་བར་སྨྲ་བ་རེད།

གང་ལྟར་མི་ཟེར་བ་ཞིག་ཆགས་པ་དང་། དེ་དག་འཚོ་བ་ལ་སྤྱོད་པ་སོགས་མི་རེ་གཉིས་ནས་རིམ་གྱིས་མི་ཚང་དང་གྲོང་སྡེ་སོགས་སྤྱི་ཚོགས་ཤིག་གི་ངོ་བོར་གྱུར་པའི་སྔ་རོལ་ན་མི་ཚོའི་གནས་གོས་དག་དེང་སང་གི་རི་དྭགས་སོགས་ཀྱི་སྡད་སྟངས་ལྟ་བུ་ཞིག་ཡིན་རྒྱུ་རེད། སྐབས་དེ་དག་ཏུ་དགོས་མཁོའམ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ནི། འཁྱག་པ་དང་ལྟོགས་པ་སོགས་འཚོ་བའི་གནས་སྟངས་དེ་ད་ལྟའི་གནས་དང་གཏན་ནས་མི་འདྲ་བས། ཤ་རྗེན་པ་དང་ཆུ་གྲང་མོ་སོགས་གང་རག་པ་དག་བེད་སྤྱད་ནས་སྲོག་འཚོ་བའི་ཐབས་ཤེས་བྱས་པ་རེད། དེ་འདྲ་བྱེད་ཡོང་དུས་ད་ལྟའི་མི་ལས་དཀའ་ངལ་མང་བ་ཞིད་ཕྲད་ཡོང་དུས། དཀའ་ངལ་དེ་རིགས་སེལ་བའི་ཐབས་ཤེས་ཤིག་གནམ་ནས་ཟག་འོང་བ་མ་རེད། དེ་ལ་བསམ་བློ་ཞིག་འཁོར་གྱི་ཡོད་རེད། བསམ་བློ་དང་ཉམས་མྱོང་དག་རིམ་གྱིས་བརྒྱུད་འོང་དུས་མེ་བེད་སྤྱོད་པ་དང་ཆུ་བསྐོལ་ནས་འཐུང་བ་སོགས་ཐབས་ཤེས་གསར་དུ་གཏོད་དུས་སྨན་བཅོས་ལོ་རྒྱུས་དེ་མི་ཡི་འགྲོ་བ་བྱུང་བ་དང་དུས་མཉམ་དུ་མགོ་ཚུགས་པ་ཤིག་རེད་མ་གཏོགས། བློ་བུར་དུ་སྨན་ཤེས་མཁན་ཞིག་གནམ་ནས་ཟགས་ཤིང་དེ་ནས་ང་ཚོས་སློབ་སྦྱོང་བྱས་པ་ལྟ་བུ་ཞིག་སུས་ཀྱང་བསམ་བློ་གཏོང་གི་ཡོད་མ་རེད། 

འོན་ཀྱང་འཇིག་རྟེན་བྱེད་པ་པོ་ཁས་ལེན་མཁན་ཨཱ་ཡུ་ཝེ་དྷ་སོགས་ཁོང་རྣམ་པ་ལྟ་བུ་ཡིན་ན། འཇིག་རྟེན་བྱེད་པ་པོ་ཡོད་པར་འདོད་པ་དང་། འཇིག་རྟེན་བྱེད་པ་པོ་ཡོད་པ་ནང་བཞིན་འགྲོ་བ་མི་བྱེད་པ་པོ་ཡང་ཡོད་པར་འདོད། མི་ལ་དགོས་མཁོ་ཡོད་པའི་བྱ་བ་ཞིང་འདེབ་པ་དང་ནད་མེད་པ་སོགས་མདོར་ན་བྱེད་པོ་ཉི་ཤུ་རྩ་ལྔ་སོགས་འདོད་ཀྱི་ཡོད་རེད། དེའི་ནང་ནས་ཚེ་ཡི་རིག་བྱེད་ལ་མཚོན་ན་བྱེད་པ་པོ་ཚངས་ཡིན་པ་དང་། རིམ་གྱིས་མི་ཡུལ་ལ་དར་བར་འདོད་པ་སོགས་ཁོང་རྣམ་པས་འཇིག་རྟེན་བྱེད་པ་པོ་ཁས་ལེན་པའི་རྒྱུ་མཚན་དེ་ལ་བརྟེན་ནས་ད་ལྟའི་རིག་གཞུང་ཡོད་ཚད་ལ་བྱེད་པ་པོ་ཁས་ལེན་པ་རེད། ང་ཚོ་བོད་ཀྱི་གསོ་རིག་པ་ལ་དེ་ནང་བཞིན་གྱི་བྱེད་པ་པོ་ཞིག་རྩ་བ་ནས་ཁས་ལེན་རྒྱུ་མེད་པ་རེད། དེ་ཡང་བོད་མི་རིགས་ཀྱི་འབྱུང་ཁུངས་དེ་སྤྲེའུ་ནས་བྱུང་ནའང་འདྲ། དེ་མིན་གཞན་ནས་བྱུང་བ་སོགས་བཤད་ཚུལ་མང་པོ་ཡོད་རེད་དེ་གང་ལྟར་ད་ལྟ་བོད་ཀྱི་ས་འོག་ནས་ཐོན་པའི་ཅ་ལག་དག་ལ་བལྟས་པ་ཡིན་ན་མི་ཡི་བྱུང་རིམས་ཧ་ཅང་སྔ་བའི་གྲས་སུ་གཏོགས་ཀྱི་ཡོད་རེད། 

དེས་ན་བོད་དུ་མི་བྱུང་བ་ནས་བཟུང་ན་ཚ་ཡོད་ཡོད་པ་རེད་ལ། ན་ཚ་དེ་ལ་དགོས་མཁོ་ཡོད་པའམ་ནད་དེ་སེལ་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། དེ་ལྟར་འབད་བརྩོན་རིམ་གྱིས་བྱས་ནས་ཡར་རྒྱས་སུ་ཕྱིན་ཏེ་ད་ལྟའི་སྨན་གྱི་གཞུང་ལུགས་དང་ལག་རྩལ་འདི་དག་ཆགས་པ་རེད། བྱས་ཙང་ངས་བསམ་ན་བོད་ཀྱི་གསོ་བ་རིག་པ་དེ་དེ་ལྟ་བུའི་བརྒྱུད་རིམ་ཞིག་ནས་བྱུང་བ་ལས་བློ་བུར་ཞིག་ལ་མགོ་ཚུགས་པ་ཞིག་མིན་པ་རེད། དེས་ན་ད་ལྟ་བོད་ཀྱི་ས་འོག་ནས་ཐོན་པའི་བཅའ་དངོས་དག་གི་ལོ་ཚད་དེ་སྟོང་ཕྲག་དགུ་བཅུ་ཙམ་ལ་འགྲོ་གི་ཡོད་རེད། བཅའ་དངོས་དེ་དག་བེད་སྤྱོད་མཁན་གྱི་མི་དག་དེའི་སྔོན་ནས་ཡོད་ཡོད་པ་རེད། 

འོན་ཀྱང་ང་ཚོའི་སྲོལ་རྒྱུན་གྱི་རིག་གཞུང་གང་ཞིག་ཡིན་རུང་འཇིག་རྟེན་བྱེད་པ་པོ་མཁས་མི་ལེན་རུང་རིག་གཞུང་དེ་མགོ་འཛུག་མཁན་ཞིག་ཁས་ལེན་གྱི་ཡོད་རེད། དེ་འདྲ་ཡིན་དུས་བོད་ཀྱི་ལོ་རྒྱུས་ཟེར་ནའང་འདྲ་གསོ་བ་རིག་པའི་ལོ་རྒྱུས་ཟེར་ནའང་འདྲ་ད་ལྟ་ཕྱོགས་བསྡོམས་བྱས་པ་དེ་ཚོའི་བཤད་སྟངས་ལྟར་ན། བོད་ཀྱི་གསོ་བ་རིག་པ་དེ་བོད་ཀྱི་རིག་གཞུང་རྙིང་པ་ཞིག་གི་ཡ་གྱལ་དུ་འཇོག་དགོས་པ་ལྟ་བུ་ཞིག་རེད། སྤྱིར་འཛམ་གླིང་འདིར་མི་ཡི་འགྲོ་བ་བྱུང་ནས་བཟུང་མི་དེ་དག་གི་རེ་བའམ་དམིགས་ཡུལ་ནི་བདེ་བ་འདོད་པ་དེ་རེད། དེ་སྒྲུབ་པའི་ཆེད་དུ་རང་བྱུང་གི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ། དེ་ཡང་འགའ་ཞིག་ནི་འབད་བརྩོན་སྣ་ཚོགས་ཀྱི་སྒོ་ནས་དཀའ་ངལ་དེ་ལས་རྒྱལ་བ་དང་། ཡང་འགའ་ཞིག་ནི་རེ་བ་དང་དམིགས་ཡུལ་ཙམ་ལས་དཀའ་ངལ་དེ་དག་ལས་ཕམ་ཉེས་སུ་སོང་བའང་བྱུང་ཡོད་རེད། དེས་ན་མི་ཡི་ཐབས་ཤེས་ཀྱིས་མི་སེལ་བའི་དཀའ་ངལ་མང་པོ་ཞིག་ལས་རྒྱལ་བའམ་གཡོལ་བའི་ཆེད་དུ་ད་ལྟའི་ཆོས་ལུགས་དང་གྲུབ་མཐའ་སྣ་ཚོགས་པ་འདི་དག་བྱུང་བ་རེད།

དེའི་ནང་ནས་བོད་ཀྱི་ཆོས་ལུགས་ཟེར་ནའང་འདྲ་རིག་གནས་ཟེར་ནའང་འདྲ་སྔ་ཤོས་སམ་གདོད་མའི་ཆོས་ལུགས་ཡང་ན་གཉུག་མར་གནས་པའི་ཆོས་ལུགས་དེ་བོན་ཡིན་པ་རེད། སྤྱིར་འཛམ་གླིང་གི་གནས་ཚུལ་གང་ལ་བསམ་བློ་གཏང་ན་གདོད་མའི་ཆོས་ལུགས་ཤིག་ཡོང་གི་ཡོད་རེད། དེ་ཡི་ནང་ནས་ང་ཚོ་བོད་མི་རིགས་ལ་བསམ་བློ་གཏང་ན་གདོད་མའི་ཆོས་ལུགས་དེ་བོན་ཡིན་པ་རེད། དེས་ན་ད་ལྟའི་བོན་གྱི་གནས་ཚུལ་དང་ལོ་རྒྱུས་ལ་བསམ་བློ་གཏང་བ་ཡིན་ན། བོན་གྱི་རིང་ལུགས་གསར་གཏོད་གནང་མཁན་སྟོན་པ་གཤེན་རབ་ཁོང་ནམ་ཞིག་ལ་བྱོན་པའི་ཐད་གཅིག་འགྱུར་གྱི་འདོད་ཚུལ་ཞིག་མེད་རུང་བོན་གྱི་མཁས་དབང་ཚོས་གསུངས་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་༡༨༠༠༠ ལ་སྟོད་མངའ་རིས་སུ་ཕེབས་པར་འདོད་པ་རེད། དེ་ལྟར་ཡིན་ན་ད་བར་ལོ་ ༢༠༠༠༠ ཙམ་འགྲོ་གི་ཡོད་རེད།

སྟོན་པ་གཤེན་རབ་ཀྱིས་གདོད་མའི་ཆོས་ལ་གསར་བརྗེ་བྱས་ནས་བོན་ཆོས་ཆགས་པ་ལས་དེའི་སྔོན་དུ་བོད་ལ་ཆོས་མེད་པ་དེ་འདྲ་མ་རེད། དེ་ཡང་མི་ལ་འདོད་པ་སྣ་ཚོགས་པ་ཤིག་ཡོད་པ་དང་། འདོད་པ་དེ་དག་སྒྲུབ་པ་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། དཀའ་ངལ་དེ་དག་སེལ་བའི་ཐབས་ཀྱང་སྣ་ཚོགས་པ་ཤིག་ཡོད་རེད། བྱས་ཙང་དེའི་སྔོན་ནས་ཆོས་མེད་ཅེས་ལབ་ཐུབ་ཀྱི་མ་རེད། དེ་ཡང་སྟོན་པ་གཤེན་རབ་གྱིས་སྲོལ་གཏོད་མཛད་པའི་བོན་ཆོས་ལ་སྒོ་བཞི་དང་མཛོད་ལྔ། ཐེག་པ་རིམ་པ་དགུ་སོགས་ཧ་ཅང་གི་རྒྱ་ཆེན་པོ་ཞིག་རེད། ད་ལྟ་བོན་ལ་ཡོད་པའི་བཀའ་བསྟན་དག་ལ་བསམ་བློ་གཏང་བ་ཡིན་ན་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་བརྒྱའི་ཡར་མར་ལ་ཕེབས་པའི་རྒྱལ་བ་ཤཱཀྱ་ཐུབ་པས་གསར་གཏོད་མཛད་པའི་ལྟ་གྲུབ་དང་ཧ་ལམ་གཅིག་པ་ལྟ་བུ་དཔེར་ན་མིག་གཡས་གཡོན་བལྟས་པ་འདྲ་ཞིག་རེད།

སྤྱིར་ཆོས་ལུགས་ནི་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ཕྱོགས་བསྡོམས་བྱས་པ་ལས་བྱུང་བ་རེད། བློ་བུར་དུ་ཆོས་ལུགས་ཤིག་དར་དེས་གཞི་ནས་སྤྱི་ཚོགས་ཀྱི་མིག་ཕྱེས་པ་ལྟ་བུ་ཞིག་མ་རེད། དཀའ་ངལ་དང་དེ་སེལ་བའི་ཐབས་ལམ་མང་པོ་ཞིག་ཕྱོགས་བསྡོམས་བྱས་ནས་དེ་ལས་འགྲོ་ས་གཞན་མེད་པར་གྲུབ་པའམ་རིང་ལུགས་གསར་པ་ཞིག་གཏོད་པ་དེ་ཆོས་ལུགས་རེད། སྟོན་པ་གཤེན་རབ་གྱི་སྔོན་ནས་བོད་ལ་གསོ་བ་རིག་པ་མེད་པ་མིན་རུང་འོན་ཀྱང་དེའི་གྲུབ་མཐའ་དེ་སྟོན་པ་གཤེན་རབ་ཀྱིས་ཐེག་པ་རིམ་པ་དགུ་གསུངས་ཡོང་དུས། ཐུན་མོང་བའི་ཐེག་པར་ཕྱྭ་གཤེན་ཐེག་པ་གསུངས་ཤིང་གསོ་བ་རིག་པ་ནི་དེའི་ཁོངས་སུ་གསུངས་ཡོད་རེད། དེ་ཡང་དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་སོགས་རྒྱ་ཆེན་པོ་གསུངས་པ་དེ་དག་ཉིད་སྲས་དཔྱད་བུ་འཁྲི་ཤེས་ཀྱིས་བཀའ་བསྡུ་མཛད་ནས་ད་ལྟའི་འབུམ་བཞི་བྱུང་བའི་ལོ་རྒྱུས་ཡོད་རེད། དེ་ལྟར་བསམ་བློ་གཏང་ན་སྟོན་པ་གཤེན་རབ་བྱོན་ནས་ལོ་ ༢༠༠༠༠ ཙམ་ཕྱིན་པ་དང་། དེའི་སྔོན་ནས་གསོ་རིག་མེད་པ་མིན་རུང་དེ་དུས་གཞི་ནས་མགོ་ཚུགས་པའི་དབང་དུ་གཏང་ནའང་ལོ་ ༢༠༠༠༠ ཡར་མར་འགྲོ་གི་ཡོད་པ་རེད། 

ཡང་འགའ་ཞིག་གིས་དེ་ཚོ་ཞང་ཞུང་གི་གནས་ཚུལ་རེད་བོད་ཀྱི་སྐད་ཆ་མ་རེད་ཅེས་བསམ་མཁན་ཡོད་རྒྱུ་རེད། ཞང་ཞུང་གི་ཆོས་རིག་དེ་བོད་ཀྱི་ཆོས་རིག་གི་མ་རྩའམ་འབྱུང་ཁུངས་ལྟ་བུ་ཞིག་ཆགས་ཡོད་རེད། སྤྱིར་བཏང་སྐབས་དེ་དུས་ཞང་ཞུང་དང་བོད་གཉིས་ལུང་པ་གཅིག་པ་དེ་འདྲ་མ་རེད། རྒྱལ་ཕྲན་བཅུ་གཉིས། བསིལ་མ་བཞི་བཅུ། དབང་བྱེད་བཅུ་སོགས་ད་ལྟ་བོད་ཟེར་བའི་ས་ཆ་དེ་གཅིག་གྱུར་མེད་པར་ལུང་པ་རེ་ལ་དཔོན་པོ་རེའམ་ཚོགས་སྡེ་ཚོགས་སྡེའི་ཚུལ་དུ་གནས་པ་ལས་ད་ལྟ་ནང་བཞིན་གཅིག་གྱུར་ཡོད་མ་རེད། སྐབས་དེ་འདྲ་ཞིག་ལ་རྒྱལ་པོ་གཉའ་འཁྲི་ཕེབས་ནས་ཡར་ལུང་རྒྱལ་རྒྱུད་ཀྱི་ཚོགས་པ་མང་པོ་ཞིག་གཅིག་གྱུར་གནང་བ་རེད། དེ་དུས་ཞང་ཞུང་དེ་བོད་ལས་ཀྱང་གཅིག་གྱུར་དང་སྟོབས་ཤུགས་ཆེ་བ་ཡོད་དུས་ཞང་ཞུང་དང་འབྲེལ་བ་བྱས་ནས་དེ་གའི་མཁས་དབང་ནམ་མཁའ་སྣང་བ་མདོག་ཅན་གདན་འདྲེན་ཞུས་ནས་བོན་གྱི་ཆོས་དར་བ་ཡིན་པ་རེད།

ད་དེ་ཚོ་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་རེད། རིག་པས་བསམ་བློ་བཏང་བ་ཡིན་ན། བོད་རྒྱལ་ཐོག་མ་གཉའ་འཁྲི་བཙན་པོ་མཆོག་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་རྗེར་གདན་འདྲེན་ཞུ་སྐབས། བོད་ལ་སྨན་དང་དེའི་ལག་ལེན་ཡོད་པ་གསལ་པོ་རེད། དེ་དུས་གཉའ་འཁྲིས་ཤེས་པ་ཅན་བཅུ་གཉིས་ལ་དོགས་པ་དྲུག་དྲིས་ཡོད་རེད། དེའི་ནང་ནས་དུག་ཡོད་ཅེས་གསུངས་དུས་དེའི་ལན་ལ་སྨན་ཡོད་ཅེས་ཞུས་པ་རེད། དེང་སང་ཡིན་ན་ལོ་སྟོང་ཕྲག་མང་པོའི་ཉམས་མྱོང་བསགས་པའི་གཞུང་ལུགས་ཡོད་དུས་དུག་དང་སྨན་ཞེས་ལབ་ཆོག་ཆོག་རེད་དེ་སྐབས་དེ་དུས་དེ་འདྲ་མ་རེད། ཡར་རྒྱས་འགྲོ་བཞིན་པའི་དུས་སམ་ཉམས་མྱོང་གསོག་བཞིན་པའི་དུས་ལ་དེའི་ལན་དེ་ལས་སླ་བོ་ཞིག་ཡོད་མ་རེད། དེ་འདྲ་ཡིན་དུས་གཉའ་འཁྲིའི་ཡར་སྔོན་ལ་སྨན་ཡོད་པ་གསལ་པོ་ཞེ་དྲགས་རེད། 

འགའ་ཞིག་གིས་ལྷ་མཐོ་མཐོ་རི་གཉན་བཙན་གྱི་རིང་ལ་གསོ་བ་རིག་པ་དབུ་བརྙེས་པ་རེད་ཅེས་ཟེར་གྱི་ཡོད་རེད། དེ་ཕྱོགས་ཡོངས་ལ་བསམ་བློ་མ་གཏང་བའི་སྐད་ཆ་རེད། དུས་རབས་བཞི་བའི་སྐབས་ལྷ་མཐོ་མཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཡར་ཀླུངས་ཀྱི་རྒྱལ་ཁབ་དེ་སྔོན་ལས་སྟོབས་ཤུགས་ཆེ་རུ་ཕྱིན་ནས། གཡས་གཡོན་གྱི་ཁྱིམ་མཚེས་མང་པོ་ཞིག་དབང་དུ་བསྡུས་ནས་གཅིག་གྱུར་མཛད་པ་དང་། ལུང་པ་དེ་ལ་དགོས་མཁོ་མང་པོ་ཞིག་ཡོད་པའི་དབང་དུ་བཏང་ནས་སྟོད་རྒྱ་གར་དང་སྨད་རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཆོས་དང་རིག་གཞུང་སོགས་ནང་འདྲེན་བྱེད་པའི་བསམ་བློ་བྱུང་ཡོད་རེད། བྱས་ཙང་ལྷ་མཐོ་མཐོ་རིའི་སྐབས་སུ་རྒྱ་གར་ནས་ཚེ་ཡི་རིག་བྱེད་དང་ནང་ཆོས་ལ་མཁས་པའི་མི་སྣ་བོད་ལ་ཕེབས་ཡོད་པ་གཏན་གཏན་རེད། 

བོད་ལ་གསར་དུ་ཕེབས་པའི་མཁས་དབང་ཁོང་ཚོས་ཚེ་ཡི་རིག་བྱེད་ཀྱི་གཞུང་ལུགས་དང་ལག་ལེན་དག་ངོ་སྤྲོད་བྱེད་པ་སོགས་གང་ལྟར་དེ་ཡི་རིག་གཞུང་ལ་བོད་མི་ཚོས་དོ་སྣང་དང་ཤེས་རྟོགས་བྱེད་པའི་མགོ་ཚུགས་པ་རེད། གནས་ཚུལ་འདི་འདྲ་ལ་བརྟེན་ནས་འགའ་ཞིག་གིས་གོ་བ་ལོག་ནོར་ཐེབས་ཏེ། དེའི་སྔོན་དུ་བོད་ལ་གསོ་བ་རིག་པའམ་སྨན་བཅོས་ཀྱི་རིག་པ་མེད་པར་སྨྲ་བ་དག་བྱུང་བ་རེད། སྤྱིར་བཏང་ད་ལྟའི་བོད་ཀྱི་གསོ་བ་རིག་པ་ལ་བལྟས་པ་ཡིན་ན། རྒྱ་གར་རྒྱ་ནག་ཏ་ཟིག་བཅས་ལུགས་ཆེན་གསུམ་ལ་བརྟེན་ནས་བྱུང་བ་ལྟ་བུ་ཞིག་རེད། ཕྱི་ལོགས་ཀྱི་རིག་གཞུང་ནང་ནས་སྔ་ཤོས་དེ་རྒྱ་གར་ནས་སླེབས་པའི་ཚེ་ཡི་རིག་བྱེད་འདི་རེད། བྱས་ཙང་མཁས་པ་འགའ་ཞིག་གིས་དེ་དུས་བོད་ལ་གཞི་ནས་གསོ་རིག་པ་དར་བ་རེད་ཟེར་གྱི་ཡོད་རེད། དེ་རིགས་ནི་སྤྱི་ཡོངས་ཀྱི་དགོངས་པ་ལེན་མ་ཤེས་པའམ་ཡང་ན་ཅུང་ཐལ་ཆེ་བའི་སྐད་ཆ་ཞིག་རེད།
 
རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསོ་རིག་སློབ་དཔོན་ཆེན་མོ་རྒན་རིན་པོ་ཆེ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་ལ་བཅར་འདྲི་ཞུས་པ།

2018-12-25 དོལ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།