སྙན་ངག་ཐུང་ངུ་གསུམ་མཉམ་པོར་གླེང་བ།

          བུམ་པའི་གཏམ།

ཨ་རི། ཝ་ལེ་སི་སི་ཏེ་ཝུན་སི། Wallace Stevens(1879-1955)

ངས་བུམ་པ་ཞིག་ཐེ་ནེ་སི་རུ་བཞག
དེ་ནི་དབྱིབས་ཟླུམ་པོ་སྟེ རི་ཡི་སྒང་ལ་ཡོད
དེས་འཛིངས་ཤིང་འཁྲུག་པའི་འབྲོག་སྟོང་ལ
དེའུ་དེ་སྐོར་དུ་བཅུག

མྱ་ངམ་ཐང་བུམ་པའི་ཕྱོགས་སུ་བཏེགས་ཤིང
མཐའ་འཁོར་དུ་ཁ་གྲམ་ལ གཏན་དུ་གཡུང་བབས
བུམ་པ་ཟླུམ་པོ་ཐང་ལ་ཚུགས་པ
བར་སྣང་གི་འབབ་ཚུགས་བཞིན་མཐོན་པོར་འགྲེང

ཀུན་ཀྱང་དེའི་དབང་འོག་ལ་ཚུད
རྒྱན་གྱིས་མ་སྤྲས་པའི་བུམ་པ་སྐྱ་བོ་དེ
དེས་བྱ་དང་ནགས་ཚལ་གང་ཡང་མི་སྐྱེད
ཐེ་ནེ་སིའི་དངོས་པོ་གཞན་གང་ལའང་མི་འདྲ

           མི་གཅིག་སླེབས་མྱོང་པའི་ཐེ་ནེ་སི།

ཀྲའོ་ལི་ཧྭ།

ཐེ་ཚོམ་མེད་དེ
ངས་བཟོས་པའི་བག་ལེབ་ནི
མི་ཡུལ་ཁམས་ཀྱི
ཆེས་ཞིམ་ཤོས་དེའོ

           སེང་གེ

སྐྱབས་ཆེན་བདེ་གྲོལ།

སེང་གེས་ང་རྒྱལ་གྱིས་གོམ་པ་སྤོ་སྐབས།
ནགས་ཚལ་རྗེས་སུ་ཁྲིད་འོང་།

                                                      བུམ་པ། བག་ལེབ། ད་དུང་སེང་གེ
                                   
                                                                     ——སྙན་ངག་ཐུང་ངུ་གསུམ་མཉམ་པོར་གླེང་བ།
   གཤམ་དུ་བདག་གིས་བསྡུར་བར་བྱ་བའི་སྙན་ངག་གསུམ་གྱི་དང་པོ་ནི། དུས་རབས་ཉི་ཤུ་བའི་ཨ་རིའི་སྙན་ངག་པ་གལ་ཆེ་ཤོས་ཀྱི་གྲས་སུ་བགྲངས་པའི་ཝ་ལེ་སི་སི་ཏེ་ཝུན་སི། Wallace Stevens(1879-1955)ཡི་བུམ་པའི་གཏམ Anecdote of the Tennesseeཞེས་པ་དེ་ཡིན། སྙན་ངག་འདི་ནི་རྩོམ་པ་པོ་དགུང་ལོ་ཞེ་བཞི་ཡིན་དུས་བྲིས་པ་ཞིག་ཡིན་ལ། དེའི་ཕྱིས་ཀྱི་རྩོམ་པ་པོའི་ཁྲོད་དུ་འདིའི་སྐོར་ལ་དོ་སྣང་དང་བགྲོ་གླེང་སོགས་མང་པོ་བྱུང་ཡོད། དེའི་འགྲེལ་སྟངས་ཀྱི་ཐད་ལའང་སྣ་ཚོགས་པ་བྱུང་ཡོད་ལ། ཐ་ན་དུས་རབས་གོང་མའི་རྒྱ་རིགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་འགྲེལ་སྟངས་ཀྱི་ཁྱབ་ཁོངས་སུ་རྩོམ་འདིས་སྒྱུ་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་མཚོན་ཡོད་པ་དང་། ད་དུང་བུམ་པ་འདི་རྒྱན་གྱིས་མ་སྤྲས་པའི་མཚོན་དོན་ནི་བབ་ཆགས་ཤིང་དངོས་པོའི་གཤིས་དང་ཉེ་བའི་སྒྱུ་རྩལ་གྱིས་ད་གཟོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་ཡིན་སོགས་ཅུང་འགྲེལ་སྟངས་ཡ་མཚན་པོ་བྱུང་མྱོང་ཡོད་འདུག དེ་དག་ལོགས་སུ་བཞག་ནས་བཤད་ན་རྩོམ་འདི་རུ་ང་སྟེ་བྱེད་པོས་བུམ་པ་ཞིག་ཐེ་ནེ་སི་ཞེས་པའི་འབྲོག་སྟོང་ཡངས་བོ་ཞིག་གི་རི་སྒང་ལ་བཞག་པ་ན། མ་གཞི་གོ་རིམ་མེད་ཅིང་འཁྲུགས་ཤིང་འཛིང་བའི་རང་བྱུང་ཁམས་ཀྱི་རི་ལུང་དག་སྐད་ཅིག་དུ་དེའི་མཐའ་རུ་འདུས་པ་ནི་བར་སྣང་ལ་འགྲེང་བའི་འབབ་ཚིགས་ཤིག་དང་མཚུངས་ཞེས་བྲིས་ཡོད། དེ་ལྟར་གོ་རིམ་སྐྲུན་མཁན་གྱི་བུམ་པ་ནི་དབང་སྒྱུར་བ་ཞིག་དང་མཚུངས་པར་ཀུན་ལ་ཚོད་ཟིན་པ་ལྟར་སྣང་མོད། མཐར་དེད་ན་རྒྱན་མ་སྤྲས་པའི་བུམ་པ་སྐྱ་བོ་དེ་ནི་ཐེ་ནེ་སིའི་དངོས་པོ་གཞན་གང་ལའང་མ་འདྲ་བ་སྟེ། དེས་བྱ་དང་འདབ་ཆགས་སོགས་གང་ཡང་སྐྱེད་པར་མི་ནུས་ཞེས་བྲིས་ཡོད།
   སྙན་ངག་གཉིས་པ་ནི་རྒྱ་ནག་གི་བུད་མེད་སྙན་ངག་པ་ཀྲའོ་ལི་ཧྭ་ཡིས་བྲིས་པའི<<མི་གཅིག་སླེབས་མྱོང་བའི་ཐེ་ནེ་སི>>ཞེས་པ་དེ་ཡིན། ཉིས་སྟོང་དྲུག་ལོའི་སྟོན་ཁར་ཀྲུང་གོའི་རྒྱ་ཡིག་གི་རྩོམ་སྟེགས་སུ་སྙན་ངག་གི་དོན་རྐྱེན་ཆེན་པོ་ཞིག་བྱུང་། མི་ཞིག་གིས་ཀྲའོ་ལི་ཧྭ་ཡི་སྙན་ངག་ཐུང་ངུ་མང་པོ་ཞིག་དྲ་བར་བཀོད་པ་གློ་བུར་དུ་ག་སར་ཁྱབ་པ་དང་བསྟུན་ནས། རྒྱལ་ཡོངས་ཀྱི་དྲ་བའི་སྡེ་རུ་ཀྲའོ་ལི་ཧྭ་ཡི་སྙན་ངག་ལ་ལད་མོ་དང་ཟུར་ཟ་བྱེད་པའི་ལས་འགུལ་ཞིག་ལངས་ལ། ན་གཞོན་རིག་གནས་པ་ཧན་ཧན་གྱིས་སྙན་ངག་གསར་བ་མཇུག་རྫོགས་པ་དང་། རྩོམ་ལུས་འདི་གནས་པའི་དོན་སྙིང་མེད་པའི་སྐོར་གྱི་དཔྱད་གཏམ་ཞིག་སྤེལ་བར། གཟབ་ནན་གྱི་སྙན་ངག་པ་དང་རྩོམ་པ་པོ་མང་པོས་དགག་པ་བརྒྱབ་པར་མ་ཟད། མཐར་མི་དམངས་ཉིན་རེའི་ཚགས་པར་སོགས་སུའང་དེ་དང་འབྲེལ་བའི་དཔྱད་གླེང་བཀོད། དོན་རྐྱེན་དེ་ནི་དུས་རབས་གོང་མར་ཧུའུ་ཧྲི་དང་ཀའོ་མའོ་རོ་སོགས་ཀྱིས་བསླངས་པའི་སྙན་ངག་གསར་བའི་ལས་འགུལ་ཚུན་ཆད་དུ་ཆེས་གཞི་རྒྱ་ཆེ་ཞིང་ཤུགས་རྐྱེན་ཆེ་བའི་རིག་གནས་དང་རྩོམ་རིག་གི་དོན་རྐྱེན་ལ་ངོས་འཛིན་མཁན་བྱུང་། སྙན་ངག་ཐུང་ངུ་འདི་ནི་སྐབས་དེར་ཀྲའོ་ལི་ཧྭ་ཡི་དཔེ་མཚོན་སྙན་ངག་དུ་བགྲང་འོས་ཤིང་། ཀུན་གྱིས་ཟུར་ཟ་དང་ལད་མོ་བྱས་པ་མང་ཤོས་ཀྱི་སྙན་ངག་ཀྱང་རེད། འདིའི་ནང་དུ་སྐད་ཆ་ཧ་ཅང་སླ་མོའི་སྒོ་ནས་རྩོམ་པ་པོའམ་བྱེད་པོ་དེས་རང་ཉིད་ཀྱིས་བཟོས་པའི་བག་ལེབ་ནི་མི་ཡུལ་ཁམས་ཀྱི་བག་ལེབ་ཞིམ་ཤོས་ཡིན་ཞེས་སྨྲས་ཡོད། འོན་ཀྱང་ཁ་བྱང་ནི་དེ་དང་འབྲེལ་བ་ཆེར་མེད་པ་འདྲ་ཞིག་སྟེ་ཐེ་ནེ་སི་རུ་མི་གཅིག་ལས་སླེབས་མ་མྱོང་བ་བྲིས་ཡོད།
   སྙན་ངག་གསུམ་པ་ནི་བོད་ཀྱི་དེང་རབས་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་སེང་གེ་ཞེས་པ་དེ་ཡིན། སྙན་ངག་པ་ཁོང་ལ་མཚོན་ན་སྙན་ངག་གི་ཉམས་རྟོགས་དང་སྦྱང་བ་གང་ཐད་ནས་བཤད་ཀྱང་བོད་ཀྱི་དེང་རབས་སྙན་ངག་པའི་མདུན་གྲལ་དུ་ལངས་ཡོད་ཅེས་སྨྲས་ན་ཐལ་དྲགས་མེད་ཚོད་རེད། སྙན་ངག་འདི་ནི་ཐེངས་དང་པོར་ཁོའི་སྙན་ངག་རྙིང་བ་དག་བཀོད་ཡོད་པའི་འབྲི་དེབ་ཤིག་ལས་མཐོང་ཞིང་། དེབ་སོགས་གང་ལ་བཀོད་ཡོད་མེད་གསལ་ཁ་མ་བྱུང་། འོན་ཀྱང་མཐོང་མ་ཐག་སེང་གེ་ནགས་ཚལ་དུ་གཞིས་ཆགས་ཤིང་དེ་ལ་བརྟེན་པ་མ་ཡིན་པར་ནགས་ཚལ་ནི་སེང་གེའི་རྗེས་སུ་འབྲངས་ཡོད་པའི་ཧམ་པའམ་སྤོབས་པ་ཚ་བོ་དེ་ལ་ཧ་ལས་སོང་། ཕྱིས་སུ་ན་གཞོན་སྙན་ངག་པ་དགའ་བདེས་ཀྱང་སྙན་ངག་འདི་ལ་བསྟོད་པ་ཐེངས་གཅིག་མིན་པར་ཐོས་པས། ཧམ་པའམ་ཡང་ན་སྙིང་སྟོབས་འདི་རིགས་ལ་ཡིད་སྨོན་བྱེད་མཁན་ནི་ང་གཅིག་པུ་མིན་པ་མཐོང་།
   ངས་གོང་གི་ཡུལ་དུས་དང་། རྒྱབ་ལྗོངས་སོགས་མི་འདྲ་བའི་སྙན་ངག་གསུམ་མཉམ་པོར་འཇོག་དོན་ནི་དེ་དག་ལས་ངས་སྙན་ངག་པས་དོ་སྣང་བྱ་ཡུལ་གྱི་ཐུན་མོང་གི་ཆ་ཤིག་མཐོང་བས་ཡིན། ཁོ་ཚོས་མཐའ་མཇུག་གི་མཇུག་སྡོམ་ཟེར་རམ་ཡང་ན་འབབ་ས་དེ་མ་འདྲ་བར་སྣང་མོད། འོན་ཀྱང་དམིགས་པ་གཏད་ས་ཡོད་པ་འདྲ། སྙན་ངག་དང་པོ་ལ་ཆ་མཚོན་ན་བུམ་པ་རི་སྒང་ལ་བཞག་པ་དེའི་ལྟེ་བ་ཞིག་འགྲུབ་པར་བྱས་པ་རེད། ལྟེ་བ་དེ་གཞི་བྱས་ནས་སྒྲིག་གཞི་ཞིག་བྱུང་ཞིང་། ཕར་བལྟས་ཚོད་ལ་སྒྲིག་གཞི་དེར་རང་བྱུང་ཁམས་ཀུན་གྱིས་བརྩི་མཐོང་དང་དང་ལེན་བྱེད་ཀྱིན་པ་འདྲ་ཞིག་ཡིན་ལ། བར་སྣང་དུ་བསྲིངས་བའི་འབབ་ཚུགས་བཞིན། རང་བྱུང་ཁམས་ཀྱི་རི་ལུང་ཡོད་དོ་ཅོག་དེའི་མཐའ་འཁོར་དུ་གོ་རིམ་དང་ལྡན་པའི་སྒོ་ནས་གྲལ་བསྒྲིགས་ཡོད་མོད། ཞིབ་པར་བརྟགས་དུས། དེ་ནི་རྩི་བཏབས་མེད་ཅིང་རྒྱན་གྱིས་མ་སྤྲས་པའི་སྤྱིར་བཏང་གི་བུམ་པ་ཞིག་ལས་ཅི་ཡང་མ་ཡིན་ལ། དེས་རྩི་ཤིང་དང་འདབ་ཆགས་གང་ཡང་སྐྱེད་པར་མི་ནུས་པས། འབྱུང་ཁུངས་དང་བྱེད་པོ་མིན་པར། ཐེ་ནེ་སི་སྟེ་རང་བྱུང་ཁམས་ཆེན་པོའི་དངོས་པོ་གཞན་གང་དང་མ་འདྲ་བའི་ཡན་གར་བ་ཞིག་ལས་ཅི་ཡང་མིན། དེ་ན་ཐོག་མར་འབྲོག་སྟོང་ཡོངས་རྫོགས་བུམ་པ་བཞག་པའི་དེའུ་དེར་བསྐོར་བའི་ཉམས་སྣང་ནི་ཅི་ལ་བྱུང་ཟེར་ན། དེ་ནི་ལྟེ་བ་རང་ངོས་ནས་བྱུང་བའི་འཁྲུལ་སྣང་ཞིག་ལས་མ་འདས། ཡང་ན་མིའི་རིགས་རང་ཉིད་ལ་གདོད་ནས་ཡོད་པའི་ལྟེ་བར་ཆགས་པའི་བསམ་པ་ཞིག་གིས་བཟོས་འདུག འདི་ལྟ་བུའི་བསམ་པ་ནི་འཛམ་གླིང་ཧྲིལ་བོའི་རིག་གནས་ཁྲོད་དུ་རྣམ་པ་འདྲ་མིན་སྣ་ཚོགས་སྒོ་ནས་མངོན་ཡོད་ལ། དཔེར་ན་གནའ་བོའི་ཀེ་རི་སིའི་སྐབས་སུ་ལྷ་སོགས་ལ་མཆོད་སྦྱིན་གྱི་ཆོ་ག་སྤེལ་སྐབས། མི་ཀུན་མཆོད་སྟེགས་ཀྱི་མཐའ་བསྐོར་ནས་གླུ་དང་བྲོ་སོགས་ལ་རོལ་ཏེ། མཆོད་སྟེགས་ནི་ལྟེ་བ་ཞིག་དུ་འགྲུབ་པར་བྱས་ཡོད།(འོག་གི་རི་མོ་བཞིན)

  དེ་བཞིན་དུ་བོད་འདྲ་བ་ཞིག་ལ་ཆ་མཚོན་ནའང་དེ་འདྲ་བའི་ལྟེ་བ་ཞིག་ལ་ཁེན་དགོས་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད་དེ། དཔེར་ན་སྐོར་བྲོ་སོགས་འཁྲབ་པའི་སྐབས་སུ། མིའི་རིགས་དཔལ་ཡོན་གྱི་འབྱུང་ཁུངས་དང་། འཚོ་གནས་ཀྱི་རྟེན་གཞི་སྟེ་མེ་ཕུང་ཞིག་ལྟེ་བར་བསྒོངས་ཤིང་། དེ་ནས་དེའི་མཐའ་བསྐོར་ནས་བྲོ་སོགས་འཁྲབ་པ་འདི་ལ། ད་ལྟ་རོལ་རྩེད་དང་བག་ཡངས་སོགས་ཀྱི་ཤས་ཆེ་མོད། ཞིབ་པར་བལྟས་ན་ཆོ་གའི་རང་བཞིན་མངོན་པར་གསལ་བའི་སྣང་ཚུལ་ཡོད། (འོག་གི་རི་མོ་བཞིན)

  དེ་བཞིན་དུ་སྔོན་ཆད་ཀྱི་ཁྱིམ་ཚང་ཡིན་ནའང་དེ་འདྲ་སྟེ། ཐབ་ཀ་ནི་ཁྱིམ་གྱི་ལྟེ་བ་དང་། དེ་གཞི་འཛིན་ས་བྱས་པའི་ཁྱིམ་ནི་གྲུབ་ཆ་དང་བྱེད་ནུས་སོགས་མི་འདྲ་བའི་མི་དང་དངོས་པོ་ཡིས་བསྐོར་ཡོད་པས། ལྟེ་བ་དེ་བསྐོར་བའི་འཚོ་གནས་ཀྱི་རྣམ་པ་ཞིག་གྲུབ་ཡོད། རྒྱ་ནག་གི་པར་ལེན་མཁན་ཀྲོང་ཞུའེ་པིན(庄学本)ཞེས་པ་ཞིག་གིས་དུས་རབས་གོང་མའི་སྟོད་དུ་བོད་ཁུལ་ནས་བླངས་པའི་འདྲ་པར་བསྡུས་དེབ་ཞིག་དུ་འོག་གི་པར་འདི་འདྲ་ཞིག་འདུག པར་རིས་ཁྲོད་དུ་དཀྱིལ་ན་ཐབ་དུད་ལྷོག་ལྷོག་ཏུ་འཕྱུར་བའི་སྒྱེད་པུ་ཡོད་། ཡ་སྒྱེད་ཀྱི་གོང་དུ་གྲྭ་བའི་ཁ་ཏོན་ལ་བརྩོན་ཞིང་། དེའི་མར་གཤམ་གྱི་སྐྱེས་པ་དེས་པགས་པ་མཉེད་ཀྱིན་ཡོད། མར་སྒྱེད་དུ་སྐྱེས་མས་ཁྱིམ་ལས་ལས་བཞིན་ཡོད། ཁོ་ཚོ་ནི་ཐབ་ཀ་ལྟེ་བ་བྱས་པའི་སྒྲིག་གཞི་དེའི་ཁོངས་སུ་ཚུད་ཅིང་། སྒྲིག་གཞི་དེའི་ཤུགས་རྐྱེན་འོག་རང་རང་གི་བྱེད་ནུས་དེ་སྒྲུབ་བཞིན་ཡོད། (འོག་གི་རི་མོ་བཞིན།)

  དེ་འདྲ་བའི་སྒྲིག་གཞི་ཞིག་ལ་བརྩི་སྲུང་དང་དེའི་རྒྱ་ལས་མ་ཤོར་བར་དུས་རབས་ཡུན་རིང་ཕྱིན་མོད། དུས་རབས་གོང་མའི་དཀྱིལ་ལ་ཉེ་དུས་ཐོག་མར་སྒྲིག་གཞི་དེའི་ཞིབ་ཕྲའི་ཆ་མི་མང་པོ་ཞིག་གིས་ངོས་ཟིན་ཞིང་དེ་སྤྱད་ནས་སྐད་ཆ་དང་རིག་གནས་སོགས་ཀྱི་གྲུབ་ཆ་ལ་ཞིབ་འཇུག་དང་ཤེས་རྟོགས་ཀྱི་གོ་རིམ་ཐུང་ངུ་ཞིག་བརྒྱུད། འོན་ཀྱང་རིང་བོ་མ་ལོན་པར། དེ་ལས་རིང་དུ་བརྒལ་ནས་ཕྱིར་སྒྲིག་གཞི་དེའི་ལུགས་མཐུན་རང་བཞིན་ལ་དོགས་པ་ཟ་མཁན་བྱུང་ཞིང་། རི་ལུང་ཀུན་བྲན་ཁོལ་བཞིན་དུ་དེའུ་བསྐོར་བའི་སྣང་བརྙན་དེ་ནི་འཇིག་རྟེན་གྱི་ངོ་བོ་རེད་དམ། ཡང་ན་རང་གི་ཀླད་པར་ཆགས་ཡོད་པའི་འཕྲུལ་སྣང་ཕྱིར་འཕྲོས་པ་ལས། དོན་དངོས་སུ་བུམ་པ་དེ་ནི་ཐེ་ནེ་སི་རུ་ཡོད་པའི་གང་ཡང་སྐྱེད་པར་མི་བྱ་བའི་དངོས་པོ་དམིགས་བསལ་བ་ཞིག་ལས་མིན་པ་དེ་རེད་ཅེས་པའི་དོགས་པ་བྱུང་ལ། ཡེ་ཚེས William Butler Yeats(1865-1939)བཤད་པ་ནང་བཞིན“ཚང་མ་འཐོར་སོང་། ལྟེ་བ་སྲུང་ཐབས་བྲལ་སོང”བའི་དུས་རབས་འདི་འདྲ་ཞིག་གི་འགོ་བཙུགས་འདུག
   ཀྲའོ་ལི་ཧྭ་ཡིས་ཀྱང་མི་གཅིག་སླེབས་མྱོང་པའི་ཐེ་ནེ་སི། ཞེས་སི་ཏེ་ཝིན་སི་ཡིས་བུམ་པ་དང་ཐེ་ནེ་སི་སྟེ། མིས་བྱས་པའི་སྒྲིག་གཞི་དང་རང་བྱུང་ཁམས་སམ་གདོད་མའི་རང་བཞིན་གྱི་ཆ་གཉིས་བར་གྱི་རྟོག་འཆར་དེ་ནི་སྔ་ན་མ་བྱུང་བའོ་ཞེས་གུས་འདུད་ཞུས་ཡོད་ལ། དེ་ནས་རང་གིས་ཀྱང་ཡིད་བརྙན་དང་ཚིག་རྒྱན་གྱི་ཕྲེང་བ་སོགས་སྙན་ངག་ཀུན་གྱིས་ཁས་ལེན་པ་ཞིག་ལ་ཚང་འོས་པའི་གྲུབ་ཆ་དག་དོར་ནས། སྒྲིག་གཞིའམ་རོལ་རྩེད་ཀྱི་སྒྲིག་ལམ་དེ་ལས་ཕྱིར་བུད་ཡོད་ལ། དེ་ཁས་མི་ལེན་པའི་བསམ་པ་བསྟན་འདུག དེ་འདྲ་བའི་རྣམ་འགྱུར་བསྟན་པས། ད་གཟོད། མོའི་བག་ལེབ་དེ་རང་བཞིན་གྱི་བག་ལེབ་ཅིག་མ་ཡིན་པར། རྒྱ་ནག་གི་སྙན་ངག་སྒྲིག་གཞི་ལ་ཟུག་རྔུ་སྤྲད་ཡོད་པ་མངོན་གསལ་རེད། སྙན་ངག་འདི་ལ་ལད་མོ་བྱེད་མཁན་དག་གིས་འདི་ནི་གླེན་བཤད་ཅིག་ལ་རྐང་བ་བཅད་པ་ལས་མ་འདས་ཞེས། རང་རང་གི་གླེན་བཤད་དག་ལ་རྐང་བ་བཅད་ནས་དྲ་བ་སོགས་སུ་བསྒྲགས་ཤིང་། དེ་ནས་ལྟོས་དང་འདི་ནི་གླེན་བཤད་མ་ཡིན་ནམ་ཞེས་གད་མོ་འཆོར་ཁུལ་བྱེད་ལ། ཧན་ཧན་ལྟ་བུའི་ཡོན་ཏན་ཡོད་ཁུལ་གྱི་རྫུ་བག་ལ་བྱང་བའི་ཁ་བདེ་འགས་ཀྱང་རྩོམ་ལུས་འདི་རིགས་གནས་པའི་སྙིང་བོ་བྲལ་ཞེས་སྡོམ་ཚིག་འགོད་པར་བྲེལ་མོད། མཐར་དེད་ན་རྟོགས་པ་དེ་འདྲ་དང་མིག་རྒྱ་དེ་འདྲ། ཡང་ན་མྱོང་བ་དེ་འདྲ་མ་ཐོབ་པར་སུ་ཡིས་བཤད་ཀྱང་གད་མོ་འཆོར་བའི་རྒྱུ་ལས་མ་འདས་ལ། དེ་སྙན་ངག་ཡིན་མིན་གྱི་སྐད་ཆས་ཀྱང་དེ་ལས་རིང་བའི་བརྗོད་གཞི་སྟེ་སྙན་ངག་གི་ཚད་གཞི་ཟེར་བ་ཞིག་དྲངས་ཡོང་བས་རེ་ཞིག་སུས་ཀྱང་མ་འཁྲོལ་བའི་མདུད་པ་དེ་ལ་འཇུ་བའི་ངལ་བ་བསྟེན་མི་བྱ། གང་ལྟར་ཀྱང་སྙན་ངག་ཡག་པོ་ཞིག་ཡིན་མིན་ནི་ཀློག་པ་པོ་རེ་རེ་ཡི་ཚོར་བ་བཞིན་འགྱུར་བ་འགྲོ་སྲིད་ལ། ཚིག་ལུད་དུ་བརྩི་བའམ་ཡང་ན་ནོར་བུ་རུ་སྒོམ་མིན་ནི་ཀློག་པ་པོ་སྒེར་ཞིག་ཡིན་པའི་ཆ་ནས་རང་གི་དབང་ཆ་ཡིན་རེད། འོན་ཀྱང་ཀྲའོ་ལི་ཧྭ་ཡི་སྙན་ངག་འདིའི་ཁྲོད་ནས་མངོན་པའི་རྣམ་འགྱུར་དང་སེམས་ཁམས་ནི་ལད་ཟློས་ཙམ་ཞིག་གིས་གདོང་འབག་བཤུ་ཐུབ་པ་ཞིག་མ་རེད། གལ་སྲིད་འདི་ནི་བསམ་བཞིན་དུ་བསླངས་པའི་རིག་གནས་ཀྱི་ལས་འགུལ་ཞིག་ཡིན་ན། ད་ལྟ་ལས་འགུལ་ལ་འབྲས་བུ་ཐོབ་འདུག་ཟེར་དགོས་ཚོད་རེད།
   གོང་གི་སྙན་ངག་གཉིས་ཀ་ལས་དང་པོ་ནི་སྒྲིག་གཞི་དེའི་དབང་སྒྱུར་རང་བཞིན་དང་། ལྟེ་བ་ཞིག་ལ་ཁེན་ནས་ཡོད་ཅིང་། ལྟེ་བ་དེ་ནི་གྲུ་ཁ་ལྟ་བུ་དང་ཡོད་ཚད་ལ་གོ་རིམ་ཡོད་པའི་འབྱུང་ཁུངས་ལྟ་བུ་ཞིག་ལ་ངོས་བཟུང་བའི་འཁྲུལ་སྣང་གི་ལྟ་ཚུལ་ཟེར་རམ། ཡང་ན་མིའི་རིགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་འདི་ལྟ་བུའི་འཆར་སྒོ་ཞིག་ཡོད་པ་དང་། འཆར་སྒོ་དེ་གཞི་བྱས་ནས་ཡོད་ཡོད་འདྲ་བའི་སྒྲིག་གཞི་དང་ལྟེ་བ་མང་པོ་ཞིག་ལ་ཡིད་ཆེས་བྱས་པའི་གོ་རིམ་དེ་ནི་མ་གཞི་ཁུངས་མེད་དམ། ཡང་ན་ཕུགས་མི་འཕེར་བ་ཞིག་ཡིན་ལ། ཞིབ་པར་བརྟག་ན་རང་བཞིན་གྱི་བུམ་པ་ཕལ་བ་ཞིག་ཡིན་ཞིང་། ཐེ་ནེ་སིའི་དངོས་པོ་གཞན་དང་བསྡུར་ན་མ་འདྲ་བ་ཙམ་ཡིན་པ་ལས་དེ་དག་གི་བྱེད་པོ་དང་ལྟེ་བ་མིན་ལ། ཐ་ན་དེ་ལ་ཐེ་ནེ་སི་ཡི་དངོས་པོ་གཞན་དེ་མྱ་ངམ་ཐང་དང་རི་ཀླུང་། འབྲོག་ཐང་སོགས་འགྲུབ་བྱེད་ཀྱི་བྱེའུ་དང་ནགས་ཚལ་སོགས་སྐྱེད་བྱེད་ཀྱི་ནུས་པ་མེད་པ་བྲིས་འདུག སྙན་ངག་གཉིས་པ་རུ་དེ་ལས་ཀྱང་ཞིབ་ཆར་ཕབ་ནས་ཐེ་ནེ་སི་ཡི་རི་སྒང་གི་བུམ་པ་དེས་མིའི་རིགས་ཀྱི་ཤེས་ཡོན་གྱི་འབྲས་བུའམ། དཔལ་ཡོན་ཡོད་དོ་ཅོག་ཏེ། མིའི་བསམ་པས་བཟོ་བཀོད་བྱས་པའི་བྱ་དངོས་དེ་དག་ལས་སྙན་ངག་ལོགས་སུ་བཀར་ནས། བྱེ་བྲག་སྙན་ངག་ལྟ་བུ་ཞིག་ལ་ཆ་མཚོན་ན། མང་པོ་ཞིག་གིས་སྒྲིག་གཞི་དང་ལྟེ་བ་ཞིག་ཡོད་འོས་པ་དང་། དེ་མེད་ན་མིག་ལ་མི་བཟོད་པ་ཞིག་ཏུ་འདོད་མོད། འོན་ཀྱང་ངས་དེ་དག་ཅི་ཡང་མེད་པར་སྙན་ངག་ཅིག་བྲིས་ཡོད་པས། ཁྱོད་ཚོ་ཅི་བྱར་ཡོད་ཅེས་བཤད་པ་ལས་མ་འདས། དེ་ན་སྙན་ངག་དང་པོ་དང་གཉིས་པ་གཉིས་ཀྱིས་དོ་ཁུར་བྱ་ཡུལ་ནི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་སྒྲིག་གཞི་དང་། སྒྲིག་གཞི་དེ་གཏོར་ཆོག་མིན་སོགས་ཀྱི་ཁྱབ་ཁོངས་ཀྱི་བསམ་གཞིག་ཞིག་གམ། ཡང་ན་མིའི་རིགས་ཀྱི་འདས་པའི་བསམ་ཕྱོགས་ལ་བསམ་བློ་བཏང་ནས་ང་ཚོར་ལམ་འདིའམ་གདམ་བྱ་ཞིག་ཅི་ལ་མིན་ཞེས་པའི་གསལ་བཏབ་ཡོད་ཟེར་ཆོག་ན། སྙན་ངག་གསུམ་པ་ནི་དེ་ལྟར་མ་ཡིན་དེ།
  སྙན་ངག་འདི་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་གསར་རྩོམ་ཅུང་ནར་སོན་རྗེས་ཀྱི་རྩོམ་སྔ་གྲས་སུ་གཏོགས་པ་འདྲ། འདི་ལ་བདག་གིས་ཆེད་དུ་དུས་ཚོད་སོགས་ཐོད་གཏུག་པ་ནི་ཅང་མེད་མོད། ཁོང་གི་རྩོམ་གཤིས་ཀྱི་འགྱུར་བ་ལ་བརྟགས་ན་བདེན་པར་འཛིན་ཆོག ཁོང་གི་རྩོམ་དག་ལས་ཅུང་སྔ་ཤོས་སུ་གཏོག་པའི་སྒྲུང་གཏམ་གླུ་སྐད་སྐྱ་བོ་ལྟ་བུ་དང་། དེ་མིན་སྒྲུང་གཏམ་དེབ་གླུ་སྐད་སྐྱ་བོ་རུ་བསྡུས་ཡོད་པའི་སྒྲུང་གཏམ་གཞན་པ་མང་པོར་ཆ་མཚོན་ན། ཚིག་དང་དོན་གང་གི་ཆ་ནའང་རྒྱ་ལ་མ་ཐེབས་པའི་ཆ་ཞིག་ཡོད་པ་མ་ཟད། ད་དུང་རྩེད་མོ་ལྟ་བུ་ཞིག་ཡིན་ན་རང་ཉིད་ཀྱིས་རྩེད་སྲོལ་ཞིག་གསར་དུ་བཏོད་ནས། གཞན་པ་དག་དེ་ལ་རྗེས་སུ་འབྲང་དུ་འཇུག་འདོད་པའི་ཧམ་པ་ཞིག་ག་ས་གང་དུ་མངོན་འདུག དེ་བཞིན་དུ་འཆར་སྒོའི་ཐད་ནས་ཀྱང་། ཁོའི་དྲན་སྒོ་ཅུང་ཟད་ཀྱང་གནས་དང་དུས་སོགས་ཀྱི་ཁྱབ་ཁོངས་སུ་མ་ཚུད་པར། ཀུན་དུ་འཕྲོ་ཞིང་། ལུགས་དང་མཐུན་མིན་པའམ། ཡང་ན་དྲན་རིག་དེ་ལྟར་འཕྱོ་ཆོག་མིན་གྱི་སེམས་ཁྲལ་སོགས་ཅི་ཡང་མེད་པ་མངོན་གསལ་རེད།འཆར་སྒོ་འཕྲོ་བའི་འགྲོས་མགྱོགས་པ་དང་རྒྱ་ཆེ་བས་ཀློག་པ་པོ་མང་པོས་ཀྱང་གོ་རྒྱུ་མི་འདུག་ཅེས་སྡུག་སྨྲས་བཏོན་ཡོད། སྐབས་དེ་འདྲ་བ་ཞིག་ལ་བྲིས་པའི་སྙན་ངག་འདིའང་བརྩམས་ཆོས་གཞན་པ་དག་དང་འདྲ་བར་ཧམ་པ་དེ་ཧ་ཅང་གསལ་བོར་མངོན་ཡོད། སྤྱིར་སེང་གེ་ནི་གཅན་གཟན་གྱི་རྒྱལ་བོར་རྩོད་མེད་ཡོངས་གྲགས་ཡིན་ལ། བོད་རང་གི་མཛེས་ཚོར་གྱི་ལྟ་བ་འཛིན་སྟངས་ཐོག་ནས་བཤད་ནའང་དེ་ལ་བརྩི་མཐོང་ཆེན་པོ་ཡོད། དེའི་ཕྱིར་རྩོམ་པ་པོས་སེང་གེ་ཞེས་པའི་ཁ་བྱང་རང་སྟེང་ནའང་ཁྱུ་རུ་ཕལ་བར་གནས་མི་འདོད་པའི་སེམས་པ་རྒྱ་ཡན་པ་ཞིག་མངོན་འདུག་ལ། དེ་ནས་རིང་རྒྱུ་མེད་པའི་ཚིག་རྐང་ཐུང་ངུ་གཉིས་ཀྱི་ནང་ནས་ཧམ་སེམས་དེ་སྔར་ལས་ཀྱང་ཚད་ལས་བརྒལ་བ་དང་མངོན་གསལ་དོད་པོས་མཚོན་ཡོད། སྤྱིར་བོད་ཀྱི་རྩོམ་པ་པོའི་སྡེ་རུ་རང་ཉིད་སེང་གེ་ཡིན་ཟེར་བ་དང་། ཡང་ན་སུ་ཞིག་སེང་གེ་རེད་ཟེར་བ་བྱུང་མོད། དེ་དག་གིས་བརྗོད་པའི་སེང་གེ་ནི་གངས་དང་ནགས་ན་གནས་པ་དང་། དེ་ན་འགྱིངས་བའི་གཅན་གཟན་ཞིག་རེད་ལ། མཐར་དེད་ན་གངས་དང་ནགས་ལ་ཁེན་པ་དང་། དེ་གཞི་བྱས་པ། དེའི་སྒྲིག་གཞིར་བརྩི་སྲུང་བྱས་པའི་སེང་གེ་ཞིག་རེད། སྒྲིག་གཞི་དེའི་ཁྱབ་ཁོངས་སུ་རང་ཉིད་རྒྱལ་བོ་ཡིན་ནའང་། རྩེད་མོ་དེའི་རྩེད་སྲོལ་བརྩི་སྲུང་བྱས་པའི་ཕྱོགས་གཅིག་རེད། འོན་ཀྱང་སྐྱབས་ཆེན་བདེ་གྲོལ་གྱིས་ཐོག་མར་སེང་གེ་ཞེས་པའི་ང་ཚོའི་སྣང་ངོ་རུ་སྲ་མོར་ཆགས་པའི་རྒྱལ་བོའི་སྣང་བརྙན་དེ་ཁྱེར་ཡོང་བ་མ་ཟད། ང་རྒྱལ་གྱི་གོམ་པ་སྤོ་བའི་སེང་གེ་དེས་དཔེ་མི་སྲིད་པའི་སྦྱོར་བ་ཞིག་སྤེལ་བཞིན་ཡོད་པ་སྟེ། ཁོ་རང་གཞིས་ཆགས་ཤིང་བརྟེན་སའི་ནགས་ཚལ་རྗེས་སུ་ཁྲིད་ཡོད་པ་རེད། དེ་དུས་གོང་དུ་བརྗོད་པའི་སྒྲིག་གཞི་ལ་འགྱུར་བ་བྱུང་བ་རེད། ནགས་ཚལ་ནི་ངག་མི་སྨྲ་བར་སྒམ་ཚུགས་ཀྱིས་སྡོད་ཅིང་། སེང་གེ་ཁོང་དུ་ཚུད་པའི་སྲོག་ཆགས་ཀུན་ཕངས་བར་བཟུང་བའི་རླབས་ཆེན་གྱི་སྣང་བརྙན་དེ་མ་ཡིན་པར། སེང་གེའི་ང་རྒྱལ་གྱི་གོམ་པ་ལ་དཔའ་ཞུམ་པའི་རྗེས་འབྲངས་བ་ཞིག་ཆགས་ཡོད་པ་རེད། བོད་ཀྱི་སྙན་ངག་པ་མང་པོ་ཞིག་གིས་གངས་ན་འགྱིང་བའི་སེང་གེ་ཞེས་རང་ཉིད་ཀྱིས་རླབས་ཆེ་བ་དང་དབང་སྡུད་ཆེ་བའི་སྣང་བརྙན་གསོན་པོ་ཞིག་བཞེངས་ཡོད་པའི་ང་རྒྱལ་སྐྱེ་བཞིན་པའི་དུས་སུ། ལོ་ཆུང་ཞིང་སྤོབས་པའི་ཁེངས་ལ། ཀུན་ལ་ཅི་མི་སྙམ་པའི་ན་གཞོན་སྙན་ངག་པ་དེས་སེང་གེ་ཞིག་ཁྲིད་འོང་། སེང་གེ་དེས་གངས་དང་ནགས་ཚལ་རྐང་རྟེན་བྱས་པ་མ་ཡིན་པར། རང་ཉིད་ཀྱི་ང་རྒྱལ་གྱི་གོམ་པས་དེ་དག་རྗེས་སུ་ཁྲིད་དེ་ཕྱིན་པ་རེད། འདི་ནི་ད་གཟོད་སྙན་ངག་འདིའི་ཆེས་ཁྱད་དུ་འཕགས་པའི་ཆ་རེད།
   དེ་ནས་གོང་གི་སྙན་ངག་གཉིས་དང་སྦྱར་ནས་བཤད་ན། སེང་གེ་རུ་ང་ཚོའི་མི་རབས་ནས་མི་རབས་བར་བརྩིས་ཤིང་འོང་པའི་སྒྲིག་གཞི་དང་། ལྟེ་བའི་ཆ་དེ་ཕུགས་འཕེར་བོ་ཞིག་མིན་པ་ངོས་ཟིན་ཡོད། འོན་ཀྱང་ཁོས་དེའི་རྫུན་ཕུགས་བརྡོལ་བ་ཙམ་སྟེ། རྒྱན་གྱིས་མ་སྤྲས་པའི་བུམ་པ་སྐྱ་བོ་དེ། དེས་བྱ་དང་ནགས་ཚལ་གང་ཡང་མི་སྐྱེད། ཐེ་ནེ་སིའི་དངོས་པོ་གཞན་གང་ལའང་མི་འདྲ་ཞེས་བཤད་པ་ཙམ་གྱིས་འཐུས་པར་མ་བྱས་པར། ཧམ་པ་ཆེན་པོས་གལ་སྲིད་སྒྲིག་གཞི་གསར་བ་ཞིག་ཡོད་ན་དེ་ནི་ནགས་ཚལ་རྗེས་སུ་འཁྲིད་པའི་སེང་གེ་ང་རྒྱལ་གྱི་གོམ་སྟབས་ཅན་དེ་ཡིན་པར་བཤད་ཡོད། དོན་འདི་འདྲ་བ་ཞིག་གི་ངོས་ནས་བསམ་བློ་བཏང་ན་སེང་གེ་དང་སྙན་ངག་གཉིས་པ་གཉིས་ཐག་ཉེ་བར་སྣང་། མི་ཕལ་མོ་ཆེའི་སྣང་ངོ་རུ་ཆགས་པའི་སྒྲིག་གཞི་སྟོབས་ཆེ་བ་དང་། སྒུལ་དུ་མི་གཏུབ་པ། ཐ་ན་ཚེ་ཚེ་རབས་རབས་ལ་གཙུག་ཏུ་བཟུང་ཞིང་བདེན་པར་བརྩིས་པ་དེ་དག་མཐར་དེད་ན་བག་ལེབ་ལྟ་བུའི་དོན་ཕྲན་ཚེགས་སེན་རྡུལ་ལྟ་བུའི་མདུན་ནས་རང་ཞིག་ཏུ་འགྲོ་སྲིད་ལ། ཡང་ནགས་ཚལ་ཁྲིད་པའི་སེང་གེ་ལྟ་བུའི་ང་རྒྱལ་དང་དབང་སྡུད་གྱི་ཁེངས་བའི་སྟོབས་ཆེན་པོའི་མདུན་ནས་ཀྱང་རང་ཞིག་ཏུ་འགྲོ་སྲིད།
   འདི་ལྟར་བལྟས་དུས་མ་གཞི་དོན་གྱི་མཚན་ཉིད་སྨྲ་བ་ནི་སྙན་ངག་པ་ཡིན་ལ། དོན་ཀྱི་འཇིག་རྟེན་བྱེད་པོའང་སྙན་ངག་པ་ཡིན་པའི་སྣང་བ་ཞིག་སྟེར། དེའི་ཕྱིར་སྤྲུལ་སྒྱུར་བྱང་ཆུབ་པའི་བྱེད་པོ་དེ་དག་གི་ནང་སེམས་ནི་ཁེར་རྐྱང་གི་ཕུང་བོ་གཏོས་ཆེན་པོ་ཞིག་ཡིན་ངེས་སྟེ། དེ་དག་ནི་འཇིག་རྟེན་གྱི་ཕྱི་རོལ་དུ་འགྲེང་ནས། འུ་ཅག་ཕལ་བ་དག་ཉི་མར་ལྡེ་སའི་སྐྱིབས་འོག་ལ་འཚང་མེད་པས་ཕྱིར་རོ།།

                                   ༢༠༡༢ལོའི་ཟླ་༡༢པའི་ཚེས་༠༧ཉིན་རྫོགས་པར་བྲིས་ཚར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཐུང་ངུ་གསུམ་མཉམ་པོར་གླེང་བ།

2014-10-13 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།
         
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།