བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།༢

རིན་ཆེན། ༼ལན་ཀྲུ།༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-19

  རྩོམ་པ་པོ་དང་རྩོམ་གཞུང་སྨྲ་བ་མང་པོ་ཞིག་གིས། བརྩམས་སྒྲུང་གི་འགན་འཁྲི་གཙོ་བོ་ནི་མི་སྣའི་གཤིས་ཀའི་འཕེལ་རིམ་འབྲི་བཞེངས་ཀྱི་གཤིས་ཀའི་ལོ་རྒྱུས་དེ་ཡིན་ཞེས་པ་ལྟར། 《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་དུའང་མི་སྣའི་གཤིས་ཀའི་འཕོ་འགྱུར་དང་ཡིད་ཀྱི་འགྱུར་བའི་རང་བཞིན་མང་དག་ཅིག་ཡོད་དེ། “ངས”ཧཱ་པ་ལ་འཛིན་པའི་གཤིས་ཀའི་འགྱུར་བ་དང་། ཧཱ་པས་“ང” ལ་འཛིན་པའི་གཤིས་ཀའི་འགྱུར་ལྡོག    དྲུང་ཡིག་བུ་མོས་ཧཱ་པ་ལ་འཛིན་པའི་གཤིས་ཀའི་འགྱུར་ལྡོག་སོགས་གང་མང་ཡོད།  ཧཱ་པ་དེ་རིགས་ནི་ལྷ་བྱམས་རྒྱལ་གྱི་《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ཞེས་པའི་ནང་གི་མི་སྣ་བཀྲ་ཤིས་བཞིན་གྲིབ་གཟུགས་ཀྱི་ཁྲོད་དུ་རང་གི་གྲིབ་གཟུགས་བོར་བའི་མི་སྣ་ཞིག་མ་ཡིན་ལ།   གཞན་གྱི་གང་ཟེར་རྗེས་ལ་འབྲངས་མཁན་གྱི་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེའི་དོ་ཟླར་ཡང་མི་རུང་། ཁོ་ལ་རང་ཉིད་ཀྱི་བསམ་བློ་ཡོད་པ་དང་།   མི་བུ་སྒེར་གྱི་རྩིས་མཐོང་ཡོད་མཁན་ཞིག་ཡིན། ལྷག་པར་དུ།“དངོས་པོ་དང་དཔལ་འབྱོར་དོན་དུ་གཉེར་བ་འཇིག་རྟེན་བྱ་གཞག་ཀུན་གྱི་ལྟེ་བ་རུ་བྱེད་པ་འདི་དེང་འདིར་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྲུབ་ཚར།   འཕེལ་ཕྱོགས་དེའི་ཤན་ཤུགས་ཀྱིས་ད་ལྟ་བོད་ཡུལ་དུའང་འཕོ་འགྱུར་གསར་བ་བྱུང་ནས་མི་ཚེའི་ལྟ་ཚུལ་གསར་བ་ཞིག་དང་། རིན་ཐང་ལྟ་ཚུལ་གསར་བ་ཞིག་སྐྱེ་བཞིན་ཡོད་ལ། དེའི་འོག་ནས་ད་ལྟ་ཚང་མའི་སེམས་ཀྱི་གཏིང་རིམ་ན་འཇིག་རྟེན་ཕན་ཁེ་རིང་ལུགས་ཀྱི་ལྟ་གྲུབ་གསར་བ་ཞིག་ཆགས་བཞིན་ཡོད།      དཔལ་འབྱོར་དར་རྒྱས་དང་འབྲེལ་བའི་ཆོས་དངོས་ཡོད་ཚད་བླ་རུ་བཀུར་ཅིང་།    ཕྱིའི་རྒྱུ་ནོམ་ལ་སྐྱབས་སུ་སོང་བས།   ནང་སེམས་ཀྱི་ལྟ་རྟོག་དང་གསོ་སྐྱོང་     བཏང་སྙོམས་སུ་འགྲོ་བཞིན་ཡོད”【20】པས།    འཛམ་གླིང་གོ་ལ་ཧྲིལ་པོར་དཔལ་འབྱོར་དང་ལྷག་པར་དུ་མི་བུ་སྒེར་གྱི་དབང་ཐང་རྩོད་པའི་འགྲན་རྩོད་ཀྱི་དུས་རབས་འདི་ལ་ཆ་མཚོན་ནས་བཤད་ན། ཧཱ་པའི་མཚོན་བྱེད་མི་སྣ་དག་ཀྱང་རང་ཉིད་ཀྱི་ཁེ་ཕན་དང་དབང་ཐང་གི་སླད་དུ་ཐབས་བརྒྱ་ཇུས་སྟོང་གིས་འགྲན་རྩོད་ཀྱི་དོ་ར་འདིར་ཟབ་བཞུགས་བྱེད་བཞིན་པའང་སྤྱི་ཚོགས་ཀྱིས་མི་བུ་སྒེར་ལ་སྟོན་པའི་རེ་བ་དང་། དུས་རབས་ཀྱི་དགོས་མཁོ་ཉག་གཅིག་ཡིན་པ་སྨོས་མེད་རེད་ལ། ཧཱ་པ་ལྟ་བུའི་མི་སྣ་ཐོན་པའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་འབྲས་ཡིན་པ་སྨྲ་མི་དགོས།  ཧེ་ཀོར་གྱིས།“མི་དགེ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན”【21】པར་གསུངས་པའང་ཧཱ་པའི་གནས་བབ་དང་བསམ་སྦྱོར་སོགས་ལ་སྦྱར་ན་ཤིན་ཏུ་འཚམས་པར་འདོད། འོན་ཀྱང་སྲོལ་རྒྱུན་གྱི་མི་ཆོས་ཀྱི་མཐོང་སྣེ་སྤྱད་ནས་རྩོམ་འདིར་ཀློག་འགྲེལ་བྱས་ན། ཧཱ་པ་ལྟ་བུའི་མི་སྣའི་རིགས་ནི་ང་ཚོའི་དམོད་མོ་དང་མཆི་ཞགས་འཕེན་ཡུལ་དུ་གྱུར་བ་གདོན་མི་ཟ་སྟེ། ཁུང་ཙིས་ཀྱང་། “སྒེར་དོན་གཞིར་བཟུང་ནས་སྤྱོད་པ་བརྩམས་པ་ནི་འཁང་ར་མང་བའི་གཡབ་མོ་ཡིན”【22】ཅེས་པ་དང་།  “དམ་པས་ཀུན་སྤྱོད་ལ་དམིགས།   དམན་པས་རང་ཡུལ་ལ་དམིགས”【23】ཞེས་པའི་གཏམ་དག་ལས་ཀྱང་ཧཱ་པ་ལྟ་བུའི་སྒེར་དོན་འབའ་ཞིག་དོན་གཉེར་བྱེད་མཁན་དང་། རང་ཡུལ་ལ་དམིགས་མཁན་དག་ནི་དམན་པའི་རྟགས་སུ་བཞག་ཡོད་པ་ཤེས་ནུས། འོན་ཀྱང་།དེང་གི་དུས་འདིར། གཞན་བསྟུན་གྱི་བསམ་བློ་ཐལ་དྲགས་ན་སྐྱོ་གར་གྱི་འབྱུང་རྩར་གྱུར་བཞིན་ཡོད་པ་རྩོམ་གྱི་འབྲོག་ཁྱི་ལས་ཀྱང་ཤེས་ནུས་པས།    ཐམས་ཅད་གཞན་དང་བསྟུན་ན་མི་བུ་སྒེར་གྱི་ཕུགས་བསམ་དང་འདོད་འདུན་བསྒྲུབ་རྒྱུ་ལྟ་ཅི། ཐ་ན་རང་ཉིད་ཀྱང་བརླགས་ངེས་ཡིན་ཏེ། ཐམས་ཅད་བདག་པོར་བསྟུན་མཁན་གྱི་འབྲོག་ཁྱི་དེ་མཐར་རང་ཉིད་བོར་བས་མི་ཚད་ཧཱ་པའི་ཟས་སུ་གྱུར་བ་རྩོམ་ལས་གསལ་བོར་རྟོགས་ནུས།   དེའི་ཐད་ནས་བཤད་ན།     རྩོམ་པ་པོས་སྲོལ་རྒྱུན་གྱི་མཐོང་སྣེ་བསྐྱུར་ཏེ་མིག་དབང་གསར་བ་ཞིག་གི་ཐོག་ནས་གནད་དོན་ལ་བལྟ་ཐུབ་པ་ཤེས་ཤིང་།   རྩོམ་པ་པོའི་སྔོན་ཐོན་གྱི་འཇིག་རྟེན་ལྟ་ཚུལ་དང་།   རིན་ཐང་ལྟ་ཚུལ་ཡང་ཤུགས་ལས་མཐོང་ཐུབ་པ་ཡིན།    རྩོམ་པ་པོས་དེ་འདྲའི་མིག་དབང་གསར་བ་ཞིག་གི་ཐོག་ནས་གནད་དོན་ལ་ལྟ་ཐུབ་པ་དེ་བརྩམས་སྒྲུང་དེ་ལེགས་གྲུབ་བྱུང་བའི་རྒྱུ་གཙོ་བོ་ཞིག་ཡིན་པར་སེམས་སོ།     ཁོང་གི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཞེས་པ་དེའང་བརྩམས་སྒྲུང་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་སྟེ། རྩོམ་འདིར་དཀར་ནག་ཕྱིན་ཅི་ལོག་པའི་རིག་གསར་སྔ་གཞུག་གི་ལོ་རྒྱུས་ཤིག་རྒྱབ་ལྗོངས་སུ་བྱས་ཏེ་བྲིས་པ་ཞིག་ཡིན་ཞིང་།  དེའི་ནང་སྒོ་ཁྱི་ཞིག་གཏམ་རྒྱུད་ཀྱི་ཁུངས་སྣེར་དྲངས་ཤིང་ཡུལ་དུས་ཀྱི་ཚད་བཀག་ལས་བརྒལ་ཏེ་སྔར་སོང་གི་གནས་ཚུལ་དང་ད་ལྟའི་བྱུང་བ་གཉིས་སྤེལ་མར་བྲིས་ཡོད་པས།    སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་མི་སྣའི་རང་གཤིས་ལ་འཁྱོག་བསྒྱུར་ཐེབས་པའི་སྣང་ཚུལ་དང་ཡུལ་དུས་དེའི་ཁྲོད་ཀྱི་མི་སྣའི་སེམས་ཁམས་ལ་སོགས་པ་ཞིབ་འབྲི་བྱས་པས་རང་ཅག་ལ་བསམ་གཞིག་གི་བར་སྟོང་ཞིག་གསར་བཞེངས་བྱས་ཡོད།      རྩོམ་གྱི་མགོ་མཇུག་གཉིས་ཀར་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་བཀའ་ལུང་དུ་དྲངས་ཏེ།     སྒྲུང་གི་སྟོད་ཆར་“སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མ་རུ་མ་གྱུར་བ་མེད”ཅེས་པའི་གསུང་གི་རྒྱུན་འགྲོགས་ནས་ལོ་དེའི་རིག་གནས་གསར་བརྗེ་ཆེན་མོའི་སྔ་གཞུག་ཏུ་བྱུང་བའི་འབྲོག་ཁུལ་གྱི་“ཁྱི་གསོད་ལས་འགུལ”དང་།“ཁྱི་མོ་དམར་མོའི་དོན་རྐྱེན”གྱི་གཏམ་རྒྱུད་མཚར་པོ་ཞིག་རྩོམ་དུ་བཀོད་ནས། རྩོམ་གྱི་མི་སྣ་གཙོ་བོའི་གྲས་དཀོན་ཐོའི་སྐྱེ་བ་སྔོན་མ་ནི་ཁྱི་མོ་དམར་ མོ་ཞིག་ཡིན་པ་དང་།“ཁོའི་ཆུང་མ་དེའང་ཁོའི་སྐྱེ་བ་སྔོན་མའི་ཨ་མ་ཡིན་ཀྱང་སྲིད”ཅེས་པའི་ཨ་ལགས་ཚང་གི་གསུང་འདི་དྲངས་ནས་ང་ཚོར་ལྐོག་གྱུར་གྱི་སྒྱུ་རྩལ་འཇིག་རྟེན་ཞིག་འགྲེམས་སྟོན་བྱས་ཤིང་།     དཀོན་ཐོས་ཆུང་མ་མེ་ཏོག་འདྲ་བ་ཞིག་རང་ཁྱིམ་དུ་བསུས་ཏེ་རང་ཉིད་ཀྱི་ལོ་ན་བགྲེས་པའི་ཨ་མ་སྒོ་ཕྱིར་སྤྱུགས་པའི་གནད་དོན་ལ་སྡེ་བའི་རྒན་པོ་འགས་གྲོས་བསྡུར་བྱས་ནས།    དཀོན་ཐོའི་ཨ་མ་ཕྱིར་རང་ཁྱིམ་དུ་བསུ་ཐབས་བྱེད་པར་ཞི་དྲག་གཉིས་ཀྱི་བཀོད་པ་སྣ་ཚོགས་འཐེན་པའི་སྐོར་ཏེ།  ཁོའི་ཨ་མ་ཁོའི་ཁྱིམ་དུ་བསུ་བའི་འགན་དེ་ཁོའི་ཞང་པོ་བློ་རྒྱམ་ལ་བབས་པ་རེད།   ཐེངས་དེའི་“ཁྱི་གསོད་ལས་འགུལ”སྤེལ་བའི་ལས་བྱེད་ཚན་ཁག་གི་ཚན་གཙོ་ནི་ཝང་ཏ་ཧེ་ཟེར་བའི་མི་དེ་ཡིན་ལ།   ཁོ་ནི་རྩོམ་དེའི་ནང་གི་མི་སྣ་གཙོ་བོའི་གྲས་ཤིག་ཡིན་པ་གང་ཞིག    དོན་མེད་ཀྱི་“ཁྱི་གསོད་ལས་འགུལ”སྤེལ་མཁན་གྱི་བྱེད་གཏེ་ཡང་ཡིན་ཏེ།  ཁོ་ནི་ཁྱི་སྨྱོན་གྱིས་འཆོས་པ་བཞིན་ཁྱི་གསོད་ལས་འགུལ་དང་རིག་གནས་གསར་བརྗེ་ཆེན་པོའི་བར་འབྲེལ་བ་མེད་བཞིན་དུ་དོན་མེད་དུ་སྐྱོ་གར་ཞིག་འཁྲབ་ཏེ་“ཁྱི་གསོད་ལས་འགུལ”དང་“ཁྱི་མོ་དམར་མོའི་དོན་རྐྱེན”བསླངས་པས། མང་ཚོགས་རྣམས་ལ་གདུག་རྩུབ་ཀྱི་སྦྱོར་ངན་བཤམས་པ་སྟེ། ཁོས་ལོ་དེར་བྱུང་བའི་ཁྱི་ནད་ལ་སྔོན་འགོག་བྱ་དགོས་པའི་བཀའ་ཕབས་ཏེ་ཁྱིམ་ཚང་རེ་རེའི་སྒོ་ཁྱི་དང་ཉེ་འགྲམ་གྱི་ཁྱི་སྨྱོན་མཐའ་དག་མེད་པར་གཏོང་དགོས་པའི་གནད་དོན་གཏན་འཁེལ་བྱས་པས།    འབྲོག་མི་ཚང་མ་རང་རང་གི་སྒོ་ཁྱི་ལ་འདང་བརྩེ་ཆེ་ཡང་མེད་པར་མི་བཟོ་ཀ་མེད་བྱུང་བ་རེད། འོན་ཀྱང་།   རྒན་པོ་བློ་རྒྱམ་གྱིས་རང་ཁྱིམ་གྱི་ཁྱི་མོ་དམར་མོ་དེ་ལྐོག་ཏུ་ཕྱིར་རི་ལ་བསྐྲད་པ་རེད། དེའི་དབང་གིས། རྗེས་སུ་གཞན་གྱི་ལུག་ཁྱུ་སྤྱང་ཀིའི་གཟན་ཆས་སུ་གྱུར་ཡང་ཞང་པོ་བློ་རྒྱམ་གྱི་ལུག་ཁྱུར་གནོད་འཚེ་ཅི་ཡང་བྱུང་མེད་པ་རེད། འོན་ཀྱང་།   ཁོས་ཁྱི་མོ་དམར་མོ་མ་གསད་པའི་དོན་གཞན་གྱིས་ཤེས་རྗེས།   ཁོར་“གསར་བརྗེའི་ངོ་རྒོལ་པའི”ཞྭ་མོ་བསྐོན་ནས་འཐབ་རྩོད་བྱས་ལ།  རྗེས་སུ་“ཁྱི་མོ་དམར་མོའི་དོན་རྐྱེན”ལངས་ཏེ་ཁོར་ཁྱི་མོ་དམར་མོ་དམར་གསོད་བྱེད་དུ་བཅུག འོན་ཀྱང་།   རིམ་གྱིས་སྡེ་བའི་ནང་དུ་གསར་འགྱུར་ཁྱད་མཚར་ཞིག་གྲགས་པ་སྟེ།  ཁྱི་མོ་དམར་མོ་དེ་ཨ་མྱེས་བཱ་ཡན་གྱི་སྒོ་ཁྱི་ཡིན་པར་བཤད་ནས།  མི་བུ་ཀུན་ལ་དངངས་སྐྲག་ཅིག་དང་དད་སེམས་ཤིག་ལྷན་དུ་སྐྱེས་སུ་བཅུག་པ་རེད།  མཇུག་མཐར་ཡང་མི་རྣམས་ཀྱིས་བཤད་པ་ལྟར་ན། ཁྱི་མོ་དམར་མོའི་རྣམ་ཤེས་ནི་དཀོན་ཐོ་མ་ཡིན་པར་དཀོན་ཐོའི་ཆུང་མ་མེ་ཏོག་འདྲ་བ་དེ་ཡིན་ཚུལ་བཤད་ནས།      ཚང་མས་ཞི་བའི་ཐབས་ཀྱིས་དཀོན་ཐོའི་ཆུང་མ་ཡུལ་དེ་ལས་མཐར་སྐྲོད་གཏོང་བའི་འགོ་ཚུགས་ཤིང་དེའི་ལས་འགན་ཡང་རྒན་པོ་བློ་རྒྱམ་གྱི་ཕྲག་ཏུ་བབས་པ་རེད།  འོན་ཀྱང་།     གནད་དོན་དེ་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུ་མ་བྱུང་།   རྗེས་སུ་སྡེ་བའི་མི་རྣམས་ཀྱིས་བཤད་པའི་ཁྱི་མོ་དམར་མོ་དེ་ཨ་མྱེས་བཱ་ཡན་གྱི་སྒོ་ཁྱི་ཡིན་པའི་གནས་ཚུལ་དེ་ཝང་ཏ་ཧེ་ཡི་རྣ་ལམ་དུ་ཐོས་པས།    ཁྱི་གསོད་ལས་འགུལ་གྱི་བྱ་བ་རྒྱབ་ཏུ་བསྐྱུར་ནས་མང་ཚོགས་ཚོའི་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལྟ་བ་གཙང་སེལ་བྱ་རྒྱུ་གསར་བརྗེའི་དགོས་མཁོ་ཡིན་པར་སེམས་ཏེ།     ཡང་བསྐྱར“ཁྱི་མོ་དམར་མོའི་དོན་རྐྱེན”དེ་རྩ་བ་ནས་ཐག་གཅོད་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་བས།         ཁོ་ཚོས་ཁྱི་མོ་དམར་མོ་གང་སར་འཚོལ་བར་སོང་ཡང་ལག་ཏུ་མ་སོན་པས།  ཞང་པོ་བློ་རྒྱམ་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། རྒྱུ་མཚན་ནི་ཁྱི་མོ་དམར་མོ་དེ་ཞང་པོ་བློ་རྒྱམ་གྱི་ཡིན་པས།    ཁྱི་མོ་དམར་མོས་བཟོས་པའི་རྙོག་དྲ་མཐའ་དག་ཁྱིམ་བདག་གིས་འགན་འཁུར་དགོས་པས་རེད།   དེས་མ་ཟད།  ཁོས་ཁྱི་མོ་དམར་མོ་མ་གསད་པར་ལྐོག་ཏུ་རི་ལ་བསྐྲད་པས་ད་གཟོད་རྙོག་དྲའི་སྒམ་ཆུང་ཁ་ཕྱེས་པས་རེད། འོན་ཀྱང་། ཁྱི་མོ་དམར་མོ་དེ་ཡང་བདག་པོར་བརྩེ་འདང་ཅན་ཞིག་རེད་འདུག་སྟེ། ཁོ་རང་ལུས་ཡོངས་ཁྲག་གིས་སྦགས་ཀྱང་བདག་པོའི་སར་ཡོང་བས།  ད་གཟོད།   ཁྱི་མོ་དམར་མོ་དེ་ཁོ་ཚོའི་ལག་འོག་ཏུ་ཐེབས་ཙམ་བྱུང་བ་རེད།  སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཞན་པ་དཀོན་ཐོའི་ཕ་ནི་“ཁྱི་གསོད་ལས་འགུལ”གྱི་ཚན་གཙོ་གཞོན་པ་དང་། སྡེ་བའི་རུ་དཔོན་ཡིན་ཞིང་། ཁོ་ནི་གོང་རིམ་གྱི་བཀའ་བཀོད་མཐའ་དག་གང་ནུས་ཅི་ནུས་ཀྱིས་དང་དུ་ལེན་མཁན་ཞིག་ཏུ་གྱུར་བས།      ཁོས་ཐ་ན་རང་གི་ཚ་མོ་སྟེ་བུ་མོ་ལོ་བརྒྱད་པ་སོན་པ་དེར་ངོས་བཏགས་བྱས་པའི་ཧཱ་པ་ཆུང་ཆུང་ཞིག་ཡོད་པ་དེའང་ཐར་པར་མ་གཏང་བར་ཧཱ་པ་བཙན་འཕྲོགས་བྱས་ཏེ་མདེའུ་གཅིག་གིས་དམར་གསོད་བྱས་པའི་གནས་ཚུལ་བཀོད་པ་དེས་རྩོམ་ལ་སྐྱོ་གར་གྱི་མཁའ་དབུགས་སྟུག་པོ་ཞིག་སྦྱིན་པར་བྱས་ཡོད།      ཁོ་ལ་བྲན་གཤིས་མངོན་གསལ་དོད་པོ་ལྡན་ཡོད་པའི་དབང་གིས། ཡིད་ཕམ་པ་ཞིག་ནི། ཁོ་དཔོན་པོའི་དབང་ཤུགས་ལ་བཟློག་མ་ནུས་པར་ཁྱི་ཤ་ཟ་དགོས་བྱུང་སྟེ།  མཐར་མལ་སའི་ནང་འགྲེ་ལོག་ལན་འགར་བརྒྱབ་རྗེས་དབུགས་ཀྱི་རྒྱུ་བ་ཆད་པ་རེད། ཁོའི་འཆི་རྐྱེན་ནི་རང་ཅག་གི་བཤད་སྲོལ་ལྟར་ན་རྣམ་སྨིན་འཁོར་བ་རེད་ཅེས་བརྗོད་ཆོག     རྩོམ་འདིའི་སྟོད་ཆར་འདི་ལྟ་བུའི“ཁྱི་གསོད་ལས་འགུལ”དང་“ཁྱི་མོ་དམར་མོའི་དོན་རྐྱེན”དང་འབྲེལ་བའི་དཀོན་ཐོའི་བཟའ་མི་དང་གཉེན་ཚན།     ཐ་ན་སྡེ་བ་སྤྱིར་བྱུང་བའི་གསང་བ་ལྐོག་གྱུར་ཡིན་པ་ལ་དོན་དངོས་འཚོ་བའི་ཁྲོད་དུ་འབྱུང་ཡང་སྲིད་པའི་གཏམ་རྒྱུད་ཡ་མཚན་ཞིག་བཀོད་ནས། ལས་བྱེད་ཚན་ཁག་གིས་དོན་མེད་དུ་བཟོས་པའི་སྐྱོ་གར་གྱི་གནས་ཚུལ་འགྲེམས་སྟོན་བྱས་ཡོད།  དེའི་ནང་ལས་བྱེད་མི་སྣའི་ནག་ཉེས་ཐེར་འདོན་བྱས་ཡོད་ལ། མང་ཚོགས་ཚོའི་བསམ་པའི་འཁྱེར་སོ་དང་རིན་ཐང་ལྟ་ཚུལ་ཡང་ཡོད། དེ་མིན་ཁྱི་དང་མིའི་བར་གྱི་འགལ་འབྲེལ་ཡོད་ལ།     གཉེན་ཚན་བར་གྱི་འགལ་འདུ་ཡང་ཡོད་པས། གཏམ་རྒྱུད་ཀྱི་བྱུང་རིམ་ཅུང་ཟད་ཀྱ་ཀྱུ་འཕྲུལ་འཛིང་ཅན་ཞིག་ཏུ་གྱུར་ཡོད།  སྒྲུང་གི་སྨད་ཆར་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི“གཉེན་དང་ཉེ་དུ་ཐམས་ཅད་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་ཡིན”པར་གསུངས་པའི་བཀའ་ཡི་རྒྱུན་དང་བསྡོངས་ནས་དཀོན་ཐོ་དང་འབྲེལ་བའི་ཁོའི་ཆུང་མ་དང་ཉེ་དུ་ཕན་ཚུན་བར་གྱི་འགལ་འདུས་གྲུབ་པའི་འཇིག་རྟེན་ཞིག་ང་ཚོའི་མིག་ལམ་དུ་བསྟན་ཞིང་།  མཐར་དཀོན་ཐོས་ཉེ་དུ་དང་སྡེ་བ་དེ་བཞག་ནས་སྡེ་བའི་ཕ་རོལ་གྱི་སར་སྤོས་པའི་གཏམ་རྒྱུད་བཀོད་ནས་མཇུག་བསྡུས་ཡོད།         རྩོམ་འདིར་རང་མི་རིགས་ཀྱི་རིག་གནས་སྟེ་ཆོས་ལུགས་རིག་གནས་ཀྱི་སྐྱེ་བ་སྔ་ཕྱིའི་གནད་དོན་མང་དག་ཅིག་གསལ་བོར་མཚོན་ཞིང་། རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇི་འདྲ་ཡིན་པའང་རགས་ཙམ་ཚུར་སྣང་བྱས་ཡོད་ལ། རྩོམ་འདིའི་མི་སྣ་དག་ཀྱང་དཀར་ཕྱོགས་མི་སྣ་ཡག་ཐོག་ཡག་རྩེག་དང་།    ལྡོག་ཕྱོགས་མི་སྣ་ངན་པ་ངན་རྐྱང་དུ་འབྲི་བའི་རྣམ་པ་ལས་རྒྱང་དུ་བརྒལ་ཏེ། སྤྱིར་དྲང་ཕྱོགས་མི་སྣ་ཡིན་པ་ལ་སྐྱོན་གྱི་དྲི་མ་ཡང་ཅུང་ཟད་ཡོད་པ་ཞིག་ཞིབ་འབྲི་དང་།   སྤྱིར་ལྡོག་ཕྱོགས་མི་སྣ་ཡིན་པ་གང་ཞིག་ཡང་དེར་བཟང་ཕྱོགས་ཀྱི་སྣ་ཡང་ཡོད་པ་ཞིག་ཞིབ་འབྲི་བྱས་ཡོད་པས།     མིའི་རང་བཞིན་དངོས་དེ་གསལ་བོར་ཞིབ་འབྲི་ཐུབ་ཡོད་པས་དེ་ཡང་རྩོམ་འདིར་མཚོན་ན་དགེ་མཚན་ཅིག་ཏུ་མཐོང་།            འབྲེལ་ཡོད་ལས་ཁུངས་ཀྱིས་སྟག་འབུམ་རྒྱལ་ལ་བཅར་འདྲི་བྱས་པའི་ནང་དོན་ལ་བལྟས་ན། ཁོའི་བརྩམས་སྒྲུང་ཐོག་མ་ནི་བཀྲ་བྷ་དང་ལྷན་དུ་བརྩམས་པའི་《མཚོ་སྐྱེས》ཞེས་པ་དེ་ཡིན་པར་གྲགས་ཤིང་།     རྩོམ་དེ་དང་དེ་རྗེས་ཀྱི་བརྩམས་སྒྲུང་《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》དང་《གཏན་དུ་རེ་བའི་རྨི་ལམ》《ཨ་ཕ་བློ》ལ་སོགས་པའི་ཁོའི་ཐོག་མའི་གྲས་ཀྱི་བརྩམས་སྒྲུང་ཕལ་ཆེ་བ་དངོས་ཡོད་རིང་ལུགས་ཀྱི་ལམ་ནས་བརྩམས་ཤིང་།   ཁོའི་བརྩམས་སྒྲུང་གསར་རྩོམ་ཁྲོད་ཀྱི་མཚོན་ཐབས་གཙོ་བོ་ནི་དངོས་ཡོད་རིང་ལུགས་ནས་དེང་རབས་རིང་ལུགས་དང་།  དེ་ནས་ཕྱིར་དངོས་ཡོད་རིང་ལུགས་སུ་ལོག་པའི་བརྒྱུད་རིམ་ཞིག་ཡིན་འདུག  བརྩམས་སྒྲུང་ཐོག་མ་སྟེ་བཀྲ་བྷ་དང་ལྷན་དུ་བརྩམས་པའི་《མཚོ་སྐྱེས》ཞེས་པ་དེའི་ནང་མཚོ་སྐྱེས་ནི་སྤྱིར་གཟུགས་མཛེས་ཡིད་དུ་འོང་བའི་བུད་མེད་དགེ་རྒན་དཀྱུས་མ་ཞིག་ཡིན་ཡང་མོའི་ལས་རོགས་དགེ་རྒན་རྣམས་ཀྱིས་ཁོ་མོར་ཁ་ཡག་ངོ་དགའ་བྱ་རྒྱུ་ལྟ་ཅི། སུན་སྣང་དང་ཞེ་ལོག་བྱས་ནས་མིག་ནང་གི་ཚེར་མར་བརྩིས་ཏེ།     ཁོ་མོའི་སློབ་ཁྲིད་ཀྱི་བྱ་བའི་ཐོག་དཀའ་ཚེགས་ཅི་འདྲ་བྱུང་ཡང་རོགས་རམ་མི་བྱེད་པའི་ཐོག   མི་འདོད་པའི་འཕྱ་སྨོད་དང་ཟུར་ཟ་སུན་འབྱིན་སྣ་ཚོགས་བྱས་པས་ཁོ་མོ་ནི་གནོད་འཚེ་གང་མང་མྱོང་མཁན་ཞིག་ཏུ་གྱུར་བ་རེད།    ཁོ་ཚོས་དེ་ལྟར་བྱེད་དོན་ནི་ཁོ་མོའི་ཁ་སྒོ་སྐྱེ་འབྲས་མཚར་བས་མིན་པར་མོ་ནི་“ཕྲད་རང་དབང་ཅན”ཞིག་ཡིན་པས་རེད།    དེ་ལྟར་མཚོ་སྐྱེས་ནི་དཔལ་ལྡན་དང་བྱམས་ནག    ཚེ་རིང་སོགས་དང་འབྲེལ་བ་ཟབ་པ་ཞིག་ཡིན་ཡང་།   དཔལ་ལྡན་དང་བྱམས་ནག་གཉིས་ནི་རང་གི་གཏན་གྲོགས་ཀྱི་འདུན་པ་བཅོལ་ཡུལ་མིན་པ་ཚོར་ནས་ཚེ་རིང་དང་འབྲེལ་བ་བྱ་དགོས་བསམས་ཡང་།   ཚེ་རིང་དང་ཁོ་གཉིས་བར་ལ་འགལ་བ་ཕྲན་བུ་བྱུང་བས་མོའི་ཡོད་ཚད་ཀྱི་ཡོད་ཚད་སྐྱ་ཐིང་ངེར་དང་སྟོང་སང་ངེར་གནས་ཡོད་པའི་སྐྱོ་གདུང་གི་འཇིག་རྟེན་ཞིག་བཞེངས་སྐྲུན་བྱས་ཡོད།      རྩོམ་འདི་ཁོའི་བརྩམས་སྒྲུང་ཐོག་མ་ཡིན་པའི་ཆ་ནས། རྩོམ་འདིར་གཅིག་ནས་བརྗོད་བྱ་རྒྱ་ཆེན་པོ་མེད་ལ། བྱུང་རིམ་ཡང་ལུ་གུ་བསྟར་ལ་བརྒྱུས་པ་བཞིན་ཀྱ་ཀྱུ་འཕྲུལ་འཛིང་ཅན་ཞིག་མ་ཡིན།  དེས་མ་ཟད།    བརྩམས་སྒྲུང་དེར་གཏམ་རྒྱུད་ཀྱི་ཤས་ཆེ་བ་དང་།   བསྟན་དོན་མཚར་པོ་ཞིག་ལྷུར་དུ་བླངས་པ་མ་ཡིན་པས།     ཀློག་ན་ཁ་ལ་བདེ་ཞིང་སྙན་ཡང་ཁོའི་ཉེ་ཆར་བརྩམས་སྒྲུང་དག་དང་བསྡུར་ཐབས་མེད་པར། དེ་འདྲའི་རིན་ཐང་ཆེས་ཆེར་མེད།    དེ་འདྲ་ཡིན་པར་ཡང་ཁག་མེད་དེ། རྩོམ་དེ་ནི་ཁོའི་བརྩམས་སྒྲུང་ཐོག་མ་ཡིན་པས།“མཁས་པ་སྔ་མ་བཟང་། བརྩམས་ཆོས་ཕྱི་མ་བཟང”བའི་གནས་ལུགས་དང་མཐུན་ཡོད་པ་ཡིན།       སྔོན་བྱོན་མཁས་པས།“རིགས་གཟུགས་ལང་ཚོ་ལྡན་ན་ཡང་།། ཡོན་ཏན་མེད་ན་མཛེས་མ་ཡིན།། རྨ་བྱ་སྤུ་སྡུག་ཡིད་འོང་ཡང་།། ཆེན་པོའི་རྒྱན་དུ་འོས་སམ་ཅི།།”ཞེས་པ་བཞིན། མོ་ཁེར་ཧྲེང་དང་སྐྱོ་གདུང་གིས་མནར་དོན་ནི་བུད་མེད་ཞིག་ལ་ཆ་མཚོན་ནས་བཤད་ན། མོར་སྨྲ་བ་མང་བའི་སྐྱོན་དང་།  བརྩེ་དུང་ལ་བློ་ཕུགས་མི་བརྟན་པ།    གཞན་དང་འགྲོགས་བདེ་གཤིབ་བདེ་མི་བྱེད་ལ།   རང་ཚུགས་དབེན་པས་རེད།   ཁོའི་བརྩམས་སྒྲུང་《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》ལྟ་བུར་མཚོན་ན།   གཙོ་བོ་སློབ་གསོའི་སྐོར་གྱི་གནད་དོན་ཞིག་བཀོད་འདུག་སྟེ། ཁྱིམ་བདག་ཞིག་གིས་བུ་མོ་སློབ་གྲྭར་སྐྱེལ་མིན་གྱི་ཐད་ལ་མནོ་བསམ་གཏོང་བའི་འགལ་འདུས་ཁེངས་པའི་ཁོའི་ནང་སེམས་ཀྱི་འཇིག་རྟེན་ཚུར་སྣང་བྱས་ཡོད།    ཁྱིམ་མཚེས་དགེ་ལེགས་ཀྱི་སྐད་ཆ་སྟེ།“ཧེ་ཧེ།  བུ་མོ་ཞིག་སློབ་གྲྭར་བསྐྱལ་ན་རྗེས་ནས་ཟླ་ཕོག་ཞིག་ལོན་ན་ཐང་མི་ལོན་ནའང་ཐང་།  དེ་སུ་ཞིག་གིས་ཤེས།   གལ་ཏེ་ལོན་ནའང་ཁྱེད་ལ་ཨེ་དབང་ངམ། མ་བུ་མོ་འགྲོ་ས་གནས་ཡིན”ཟེར་བའི་སྐད་ཆ་དང་།  ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ་སྟེ་དགེ་རྒན་དོན་གྲུབ་ཀྱིས་བུ་མོ་སློབ་གྲྭར་བཏང་ན་ཇི་ལྟར་བཟང་ཚུལ་བརྗོད་པའི་དབང་གིས་ཁོའི་ནང་སེམས་འགལ་འདུས་ཁེངས་ཡོད་པ་རེད། རྩོམ་འདིས་ཁྱིམ་བདག་ཞིག་གིས་བུ་མོ་སློབ་གྲྭར་མི་གཏོང་བ་དང་། སློབ་གྲྭར་བཏང་ཡང་ཐོག་མར་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་འདང་རྒྱག་བྱེད་པ་ལས། བུ་མོའི་རྒྱང་རིང་གི་ཕུགས་འདུན་ལ་སེམས་ཚེགས་མི་བྱེད་པའི་སྣང་ཚུལ་དེ་གསལ་བར་བསྟན་ཡོད།     རྩོམ་འདིའི་ཁོར་ཡུག་ཞིབ་འབྲི་དག་རྩོམ་གྱི་བརྗོད་བྱ་དང་དེ་བཞིན་ཁོའི་ནང་སེམས་ཀྱི་གནས་ཚུལ་དང་ཤིན་ཏུ་ནས་ཁ་འཕྲོད་ཅིང་།  རྩོམ་འདི་སྤེལ་བའི་དུས་སྐབས་དེའི་ནང་དེ་འདྲའི་སློབ་གསོའི་སྐོར་གྱི་སྤྱི་ཚོགས་སྣང་ཚུལ་ཞིག་བརྗོད་བྱར་བཀོད་པར་ཕན་པ་མི་དམན་པ་ཡོད། འོན་ཀྱང་། རྩོམ་དེར་སློབ་གསོའི་སྐོར་གྱི་སྣང་ཚུལ་དེ་འདྲ་ཞིག་བཀོད་པ་ཙམ་ལས་གཏིང་ཟབ་ས་ནས་གནད་དོན་དེ་རིགས་འབྱུང་བའི་རང་མི་རིགས་ཀྱི་ཁོར་ཡུག་འདིའི་རྩ་བའི་གནད་དོན་སྔོག་འདོན་བྱ་ཐུབ་མེད་ལ།      བུ་མོའི་སློབ་གསོ་དང་རང་གི་ཁེ་ཕན་གཞི་གཅིག་ཏུ་བཞག་ནས་གནད་དོན་ལ་ལྟ་བའི་སྲོལ་ངན་དེར་བསྒྱུར་བཅོས་ཀྱི་སྐུལ་སློང་མི་བྱེད་པར། རྒྱང་རིང་ས་ཞིག་ནས་བུ་མོ་སློབ་གསོ་མྱོང་བར་གཏོང་བའི་གལ་ཆེའི་རང་བཞིན་དེ་ཆེས་ཆེར་གསལ་སྟོན་ཐུབ་མེད་པས་ཞན་ཆར་ངེས་ཤིང་།      རྩོམ་མཇུག་འདི་ཁ་ཕྱེ་བར་གནས་ཡོད་པས། ཁོས་ཡང་སྙིང་བུ་མོ་སློབ་གྲྭར་བསྐྱལ་ཡོད་མེད་ཀྱི་གནད་དོན་བཀོད་མེད་པས་མི་འདང་བར་སེམས་ཏེ། གལ་ཏེ་རྩོམ་མཇུག་ཏུ་ཁོས་ཁྱིམ་མཚེས་དགེ་ལེགས་ཀྱི་སྐད་ཆ་རྣ་བའི་རྒྱབ་ཏུ་བསྐྱུར་ནས། དགེ་རྒན་དོན་གྲུབ་ཀྱི་ཁ་ལ་ཉན་ཏེ་སྔོན་ཐོན་གྱི་ལྟ་ཚུལ་དེ་དང་དུ་བླངས་ནས་ཡང་དག་གི་ལམ་བུ་དེ་འདེམས་ཡོད་ཚེ།  རྩོམ་འདི་དེ་བས་རིན་ཐང་ཅན་དུ་ངེས་པར་སེམས་ལ། ལྟ་ཚུལ་གསར་བ་དེ་སྲོལ་རྒྱུན་གྱི་མཁྲེགས་འཛིན་རྙིང་ཞེན་སོགས་ཀྱི་ལྟ་བ་ལས་རྣམ་པར་རྒྱལ་བར་བྱས་པས་ལེགས་པར་སྙམ།       རྩོམ་འདིའི་ཁ་བྱང་གི་ངོས་ནས་བཤད་ཀྱང《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》ཞེས་བཀོད་ཡོད་པ་དེ་བརྗོད་དོན་དང་ཅུང་ཟད་མི་འཚམས་པར་སེམས་ཏེ།   ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ་ནི་དགེ་རྒན་དོན་གྲུབ་ཡིན་པས།  ཁོ་ནི་དགེ་རྒན་ཞིག་ཡིན་པའི་ངོས་ནས།   སློབ་མ་སློབ་གྲྭར་སྐྱེལ་བའི་གལ་ཆེའི་རང་བཞིན་རྟོགས་མཁན་ཞིག་དང་།   སློབ་གསོའི་ལས་དོན་བསྒྲུབ་མཁན་གྱི་ཆེད་ལས་མི་སྣ་ཞིག་ཡིན་པའི་ངོས་ནས།     དུས་ཚོད་བཀོད་སྒྲིག་གི་ཆ་ནས་ཁོ་ནི་ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ་མིན་པར་སྐྱ་རེངས་སམ་ཉི་འཆར་གྱི་དུས་སུ་ཕེབས་པའི་མགྲོན་པོ་ཞིག་གི་ཚུལ་དུ་བྲིས་ན་རེ་བ་དང་འོད་ཟེར་སྦྱིན་མཁན་ཞིག་གི་གནས་བབ་དང་འཚམས་པར་འདོད།        ཁོའི་ཐོག་མའི་གྲས་ཀྱི་བརྩམས་སྒྲུང་《གཏན་དུ་རེ་བའི་རྨི་ལམ》ཞེས་པ་དེ་མི་སྣ་དང་པོ་“ང”ཡི་མིང་བརྡ་སྤྱད་ནས།  ལོ་ངོ་བཅུ་ལྷག་གི“ངའི”མི་རྐྱང་རྟ་རྐྱང་གི་འཚོ་བའི་ཁྲོད་ཀྱི་འགྱོད་གདུང་གི་སེམས་ཁམས་དང་།    དཀའ་ཚེགས་ཆེ་བའི་ལོ་ཟླར་ཕྱིར་དྲན་བྱས་ནས་བྲིས་ཡོད་པ་སྟེ།     ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ་“ང་རང”ལ་དཔུང་རྟགས་དམར་པོ་བཏགས་པའི་གདོང་མཆོང་དཔའ་བོ་ཞིག་གི་མཚན་སྙན་ཐོབ་ནས་ལྷ་འདྲེ་གདོན་བགེགས་ཀྱི་མཚང་རྩ་བ་ནས་སྔོག་འདོན་བྱས་ཏེ་བོད་ཡིག་དཔེ་རྙིང་མང་པོ་ཞིག་མེར་བསྲེགས་པ་དང་།  མ་ཎི་སོགས་ཁ་བཏོན་དང་ཕྲེང་བ་ལག་ཏུ་འཛིན་མྱོང་བའི་གྲལ་རིམ་དགྲ་བོ་མང་པོ་ཞིག་ལ་དགག་རྒྱག་དང་འཐབ་རྩོད་བྱས་པའི་རིག་གསར་གྱི་གོད་ཆག་གནས་ཚུལ་ནང་བཞུགས་མྱོང་བའི་“ང”རང་གིས་བྱས་པའི་ལས་ངན་ནམ་སྐྱོན་གྱི་དྲི་མས་སྦགས་པའི་འདས་སོང་གི་བྱ་སྤྱོད་དག་ཐེར་འདོན་དང་འགྱོད་གདུང་དྲག་པོ་སྐྱེས་པའི་གནས་ཚུལ་བྲིས་ཤིང་།      ལྷག་པར་དུ་སྐབས་དེར་ང་རང་གིས་ཁོ་མོའི་སེམས་ཕམ་ཞིང་ཁོང་ཁྲོ་ལངས་བར་བྱས་པའི་དབང་གིས།   སེམས་དབུས་ཀྱི་ཁོ་མོ་དང་རྒྱང་ཐག་བཀྱེད་ནས་ཁོ་མོར་ཁ་ཡ་མི་བྱས་ལ།  ཁོ་མོའི་དྲང་པོའི་གཏམ་ལ་མི་ཉན་པའི་སེམས་ཀྱི་ན་ཟུག་བརྗོད་ཡོད་ཅིང་།  ལོ་ངོ་བཅུ་ཕྲག་ལྷག་རིང་“ང་རང”གིས་གསང་ཤུགས་ཀྱིས་ཁོ་མོ་ལ་རེ་སྒུག་བྱས་ཏེ།       ཡིད་སེམས་སུ་ཁོ་མོ་ལ་འགྱོད་བཤགས་བྱེད་འདོད་པ་དེ་ངའི་གཏན་དུ་རེ་བའི་འདུན་པ་ཡིན་ཚུལ་བརྗོད་ནས།       གཏན་དུ་རེ་བའི་རྨི་ལམ་དེ་གཏན་དུ་འགྲུབ་དཀའ་བའི་རྨི་ལམ་ཞིག་ཡིན་པའི་སྐྱོ་གདུང་བརྗོད་ཡོད་ལ།      ཞར་བྱུང་ཁོ་མོས་ང་ལ་བཅངས་པའི་བརྩེ་དུང་དང་། དུས་གཏན་དུ་“ང”ཕྱིར་ལོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པའི་ཁོ་མོའི་ལྷད་མེད་ཀྱི་བརྩེ་བ་བརྗོད་ཡོད།    བརྩམས་སྒྲུང་དེ་ནི་ཁོང་བརྩམས་སྒྲུང་གསར་རྩོམ་ལ་འཇུག་མ་ཐག་པའི་བརྩམས་སྒྲུང་དག་གི་ཁྲོད་ནས་ཅུང་ཟད་ལེགས་པར་མཐོང་ཞིང་།   རྩོམ་དེའི་ནང་དོན་གྱི་ཆ་ནས།   དེའི་ནང་ཁོ་མོས་“ང”ལ་སྤྲིངས་པའི་འཕྲིན་ཡིག་དང་ཁོ་མོའི་བཅོས་མ་མིན་པའི་ལྷག་བསམ་གྱི་འདང་བརྩེ་ལས་“ང”ཙམ་མ་ཟད་ང་ཚོ་ཀློག་མཁན་ལའང་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད།   དེ་མིན་ལོ་ངོ་བཅུ་ཕྲག་གོང་གི་རིག་གསར་གྱི་གོད་ཆག་འོག་ཚུད་པའི་མི་བུ“ང”ལྟ་བུའི་ནག་ཉེས་བརྗོད་ཡོད་ཀྱང་།   རྩོམ་གྱི་མཛེས་པ་གཙོ་བོ་གནད་དོན་དེའི་རིགས་ལ་དགག་རྒྱག་དང་སུན་འབྱིན་བྱེད་པའི་སྟེང་ན་མེད་པར།   “ངའི”འགྱོད་གདུང་གིས་མནར་བའི་སེམས་ཁམས་ཀྱི་འཇིག་རྟེན་བཀྲམ་སྟོན་བྱས་པའི་སྟེང་ན་ཡོད་པས།  རྩོམ་དེར་མཛེས་རྟོག་གི་ཆ་ཆེན་པོ་ཡོད་ལ། དཀའ་ཞིང་སྡུག་པའི་ཁོར་ཡུག་ཁྲོད་ནས་མི་སྣའི་བྱ་བྱེད་ཞིབ་འབྲི་བྱས་ཏེ།  མི་སྣའི་ནང་སེམས་ཀྱི་འཇིག་རྟེན་སླར་མཚོན་བྱས་ཡོད།  དེ་ནི་རྒྱའི་རྩོམ་པ་པོ་གྲགས་ཅན་ལའོ་ཧྲེ་ཡིས་གསུངས་པ་ཇི་བཞིན།    “སྨྱུག་རྩེ་ལས་ཁྲག་དང་མཆི་མ་འཛར་བྱུང”བ་བཞིན། རིག་གསར་གྱི་ཉམ་ང་བའི་བྱ་འགུལ་ནང་བཞུགས་མྱོང་བའི་“ངའི”འགྱོད་གདུང་དང་སེམས་ཀྱི་ན་ཟུག་མཚོན་ཡོད་པས།    རྩོམ་འདིར་དཔེ་མཚོན་རང་བཞིན་ཆེན་པོ་ལྡན་ཡོད་དེ།   “དཔེ་མཚོན་ནི་རྩོམ་མཁན་རྣམས་ཀྱི་སྒྱུ་རྩལ་གསར་སྐྲུན་གྱི་ལས་ལ་བཤད་པ་ཡིན་ཏེ།     འཚོ་བའི་ནང་གི་རང་གཟུགས་དུ་མ་རྟོག་ཞིབ་དང་།    གཟུང་འཛིན། ཉམས་ལེན།  ཤེས་རྟོག་ཉམས་ཚོད་ལོན་པའི་རྨང་གཞིའི་སྟེང་དུ་གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱིས་ཕྱོགས་བསྡུས་དང་ཉིང་བསྡུས།  ལས་སྣོན།  བཟོ་བཅོས་བཅས་བྱས་ཏེ་མི་སྣའི་རང་གཤིས་བྱེ་བྲག་པ་དང་རང་གཤིས་ཐུན་མོང་བ་དེ་སྔར་ལས་མངོན་པར་གསལ།   སྔར་ལས་གྱ་ནོམ་པ།   སྔར་ལས་གཏོང་ཟབ་པར་གྱུར་ཅིང་།    སྔར་ལས་ཕུན་སུམ་ཚོགས་པའི་གཅིག་འདུ་ཞིག་ཡོང་ཐུབ་པ་བྱེད་རྒྱུ་དེ་ནི་སྒྱུ་རྩལ་གྱི་དཔེ་མཚོན་གསར་བཟོ་བྱེད་པའི་ཐབས་ལམ་ཉག་གཅིག་དང་རིག་རྩལ་གསར་རྩོམ་བྱེད་པའི་རྩ་བའི་ཆོས་ཉིད་ཡིན” 【24】ཅེས་དཔེ་མཚོན་རང་བཞིན་ཅེས་པ་ནི་ཡུལ་དུས་ངེས་ཅན་ཞིག་གི་ཁོར་ཡུག་ཁྲོད་འཚོ་གནས་ལ་རོལ་བའི་མི་སྣ་འགའི་བསམ་པའི་འཁྱེར་སོ་དང་། རིན་ཐང་ལྟ་ཚུལ། དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལམ་བུ་སོགས་མི་བུ་ཞིག་གི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་མི་བུའི་ནང་སེམས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན། རྩོམ་དེའི་ནང་ཡུལ་དུས་ངེས་ཅན་ཞིག་སྟེ།         རིག་གནས་གསར་བརྗེ་ཆེན་པོའི་སྐབས་      བཞུགས་མྱོང་བའི་ཡུག་ཅན་“ངའི”ནང་སེམས་ཀྱི་འགྱོད་གདུང་དང་། དཀའ་ཚེགས་ཀྱི་ལོ་ཟླ་སོགས་ལ་ཕྱིར་དྲན་བྱས་ཏེ་བྲིས་པ་ཞིག་ཡིན་པས།          རྩོམ་འདི་ནས“ང”ལྟ་བུའི་རིག་གསར་གོད་ཆག་གི་གནོད་འཚེ་ཐེབས་མྱོང་བའི་ཡུལ་ཅན་མི་སྣ་དུ་མའི་གནས་ཚུལ་གསལ་སྟོན་བྱས་ཡོད། ལུའུ་ཞུན་གྱིས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་གསར་རྩོམ་ཉམས་མྱོང་ཕྱོགས་བསྡུས་བྱས་ཏེ་བཤད་པ་ལྟར་ན།   “བྲིས་ཟིན་པའི་ལག་རྗེས་ཡོད་ཚད་ལ་ཕལ་ཆེར་མཐོང་མྱོང་བའམ་ཐོས་མྱོང་བའི་རྒྱུ་རྐྱེན་ཙམ་ཡོད་པ་རེད།  འོན་ཀྱང་དེ་དག་ཚང་མ་དོན་དངོས་སུ་ཇི་བཞིན་བཀོད་པ་མ་ཡིན་པར་སྣེ་གཅིག་ཚུར་བླངས་ཏེ་རང་ཉིད་ཀྱི་བསམ་ཚུལ་མཐའ་དག་འདུས་པའི་བར་དུ་སྒྱུར་བཀོད་བྱེད་པ་དང་ཡང་ན་སྐྱེ་འཕེལ་བྱེད་དུ་བཅུག”【25】ཅེས་སྒྲུང་གི་ནང་འདས་དོན་གྱི་ལོ་ཟླའི་ཁྲོད་རང་ཉིད་ཀྱི་མཐོང་ཐོས་སུ་གྱུར་བའི་འཚོ་བའམ་ལོ་རྒྱུས་ཀྱི་གནད་དོན་སྣ་གཅིག་དཔེ་གཞིར་བཟུང་ནས་བྱུང་རིམ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་ཞིག་སྟེ། དེའི་ནང་རྩོམ་པ་པོས་རིག་གསར་གྱི་ལོ་རྒྱུས་འབྲི་བ་ལྷུར་བླངས་པ་མ་ཡིན་པར། དེའི་ནང་གི་སྣེ་གཅིག་སྟེ། རིག་གསར་གྱིས་“ང”ལ་སྦྱིན་པའི་ན་ཟུག་དང་། འགྱོད་གདུང་།“ང”ལ་འཕྲད་པའི་གོད་ཆག་གི་གནས་ཚུལ་ཕྲ་མོ་ཞིག་ཕྱིར་ཕྱུངས་ཏེ། དེར་རྒྱས་སྤྲོས་དང་རྒྱ་བསྐྱེད་བྱས་ཏེ་“ངའི”འགྱོད་གདུང་དང་།“ངའི”ན་ཟུག  “ང”དང་ཁོ་མོའི་བར་གྱི་སྐྱོ་གར་གྱི་གནས་དེ་ཀློག་པ་པོར་བསྟན་ཡོད་པ་ཞིག་ཡིན།  འོན་ཀྱང་།    སྒྲུང་འདིའི་ནང་རྩོམ་པ་པོས“ངའི”སྔར་སོང་གི་ནག་ཉེས་ལ་འགྱོད་བཤགས་བྱས་པ་ཙམ་བྲིས་པ་མ་གཏོགས་“ངས”སྐྱོ་གར་གྱི་སྙིང་སྟོབས་ཤིག་བཅངས་ནས་ཁོ་མོ་དང་འབྲེལ་བ་བྱས་མེད་ལ།  ལྷག་པར་ཁོ་མོ་དང་བར་ཐག་ཉེ་བར་བཏུད་ཐུབ་མེད།  དེ་ནི་རྩོམ་གྱི་ཞན་ཆ་ཞིག་གམ་མི་འདང་སའི་གནས་ཤིག་སྟེ།  སྐྱོ་གར་གྱི་གནས་འགྲེམས་སྟོན་བྱས་པ་ཙམ་མ་གཏོགས་“ངས”ཐབས་བཀོད་འཐེན་ནས་སྐྱོ་གར་དེ་མེད་པར་བཟོ་བའི་སྟ་གོན་བྱས་མེད་ལ།     སྐྱོ་གར་དེ་མེད་པར་བཟོ་ཐུབ་མེད།   རྒྱུ་མཚན་ནི་“ངའི”ནག་ཉེས་ནི་ལོ་རྒྱུས་ཀྱིས་བཟོས་པའི་གོད་ཆག་ཅིག་ཡིན་ལ།    ཡང་གཅིག་བཤད་ན།  “ངའི”འདས་སོང་གི་ནག་ཉེས་ལ་སེམས་དབུས་ཀྱི་ཁོ་མོས་འཁང་ར་དང་ལེ་འདའ་མ་བྱས་ལ།   དེ་དག་ལ་བསམ་བཞེས་བྱས་ཏེ་སྔར་བཞིན་“ང”རེ་སྒུག་བྱེད་བཞིན་ཡོད་ཀྱང་།   ངས་གནད་དོན་དངོས་ལ་གདོང་གཏད་དེ་ཁོ་མོའི་གམ་དུ་ཕྱིན་ནས་སེམས་ཀྱི་སྐད་ཆ་ཁོ་མོར་ལྷུག་བརྗོད་བྱེད་ཐུབ་མེད་པའོ། “མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་རྟོག་བྱེད་དང་མཚོན་བྱེད་ལ་ཐབས་ཤེས་སྣ་ཚོགས་མཆིས་མོད་དེ་ལས་སྤྱོད་ཆེ་བ་གཉིས་ཏེ།    རྗེས་དཔག་དང་སྣང་བརྙན་གཉིས་སོ” 【26】ཞེས་པ་ལྟར། རྩོམ་རིག་སྒྱུ་རྩལ་ནི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པ་དང་།   མི་རྣམས་ཀྱིས་སྣང་བརྙན་ལ་བརྟེན་ནས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དང་། ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་བཞིན་ཡོད་པས།    རྩོམ་དེའི་ནང་དུའང་རྩོམ་པ་པོས་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་“རིག་གསར”གྱི་གོད་ཆག་དང་“ངའི”སེམས་ཁམས་ཀྱི་གནས་ཚུལ་ཞིབ་འབྲི་བྱས་ཡོད་པས།   “མེ་ལོང་དུ་ཕྱི་དངོས་པོའི་གཟུགས་བརྙན་མངོན་ལ།   རྩོམ་རིག་གི་མེ་ལོང་དུ་ནང་སེམས་ཀྱི་འཇིག་རྟེན་མངོན་པ་ཡིན”【27】ཞེས་པ་དེ་དོན་ལ་གནས་ཡོད་དོ།       ཁོའི་ཐོག་མའི་གྲས་ཀྱི་བརྩམས་སྒྲུང《ཨ་ཕ་བློ》ཞེས་པའི་ནང་།   མིང་བརྡ་གསུམ་པའི་འབོད་མིང་སྤྱད་དེ། ལུག་ཁྱུ་དང་ནོར་གནག་གི་རྨིག་སྒྲའི་ཁྲོད་རྗེས་སུ་བསྙེགས་པའི་ཁོའི་ཨ་ཕའི་སེམས་ཁྲལ་ཅིག་དང་དངངས་འཚབ་ཞིག་ཚུར་སྣང་བྱས་ནས།    ཉིན་གཅིག་གི་བརྒྱུད་རིམ་ནང་ཁོ་ནོར་ལུག་གི་རྗེས་སུ་འགྲོ་བ་དང་ནོར་ལུག་གི་རྩྭ་སར་རྩྭ་ཡོད་མེད་ཐད་ཀྱི་སེམས་ཚེགས་ཤིག བུ་མོ་མག་པ་ལེན་དགོས་པའི་དབང་གིས་སེམས་ཁྲལ་ཅིག   བུ་མོར་མག་པ་བླངས་ཤིང་གལ་ཏེ་མག་པ་རྫི་བོར་བཏང་ན་རྩྭ་ས་བཟང་པོ་ཞིག་རྙེད་ཨེ་ཐུབ་ཀྱི་སེམས་ཚེགས་ལ་སོགས་པའི་ཨ་ཕ་རྒན་པོའི་སེམས་ཚེགས་ཤིག་དང་དངངས་འཚབ་ཀྱི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་པས།   བརྗོད་དོན་གྱི་ཆ་ནས་བཤད་ན། རྩོམ་འདི་ཁོའི་《ཁྱི་རྒན》དང་འདྲ་བར་མི་སྣའི་དངངས་འཚབ་དང་སེམས་ཚེགས་ཀྱི་རང་བཞིན་དེ་འབྲི་བར་གོམས་ཤིང་། མཚོན་ཐབས་ཀྱི་ཆ་ནས་བཤད་ན། ཁོའི་《ཉིན་གཅིག་གི་ཆོ་འཕྲུལ》དང་འདྲ་བའི་ཆ་ཡོད་ཀྱང་《ཉིན་གཅིག་གི་ཆོ་འཕྲུལ》གྱི་དོ་ཟླར་མི་རུང་། ཁོས་འཇིག་རྟེན་འདིར་ཨ་ཕ་བློས་ཁྱབ་ཀྱང་ཁོ་ཚོས་ཐ་དད་ཀྱི་གཤིས་ཀའི་ཁྲོད་ཐ་དད་ཀྱི་མི་ཚེའི་རི་མོ་འབྲི་བཞིན་པ་བཤད་ཡོད་ལ།   གནམ་འོག་གི་ཨ་ཕ་བློ་ནི་རང་གི་བུ་ཕྲུག་དང་ཁྱིམ་ཚང་གི་འཚོ་བའི་སླད་དུ་ནམ་ཡང་དངངས་སྐྲག་དང་སེམས་ཁྲལ་གྱི་ཀློང་དུ་ཚུད་ཡོད་པའི་གནད་དོན་ཅིག་གསལ་སྟོན་བྱས་ཡོད།         《ཉི་མ་ནུབ་རིར་ཡོལ་དུས》ཞེས་པའི་བརྩམས་སྒྲུང་དེ་ནི་ཁོས་ལྷད་མེད་ཀྱི་བརྩེ་དུང་དང་འགྱུར་མེད་ཀྱི་བརྩེ་འདང་ཞིག་བརྗོད་དོན་དུ་བཀོད་པ་ཞིག་ཡིན། རྩོམ་དེའི་ནང་མི་སྣ་གཙོ་བོ་གཉིས་ཡོད་པ་སྟེ།   ཨ་ཡེ་ལུ་གུ་སྐྱིད་དམ་གནའ་བཤད་ཨ་མ་དང་།   སྤྲང་པོ་གཉིས་རེད་ལ།   རྩོམ་འདིའི་བརྗོད་བྱའང་ཁོ་གཉིས་བར་གྱི་ལྷད་མེད་ཀྱི་བརྩེ་དུང་དང་འགྱུར་བ་མེད་པའི་དམ་བཅའ། དེ་མིན་ཁོ་གཉིས་བར་གྱི་སྤྱིར་སྐྱོ་གར་ཡིན་ལ།  དེར་མཛེས་རྟོག་གིས་ཕྱུག་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བྲིས་ཡོད།  རྩོམ་འདིའི་ནང་གནའ་བཤད་ཨ་མའམ་ཨ་ཡེ་ལུ་གུ་སྐྱིད་ཀྱིས་བྱིས་པ་ཚོར་བཤད་པའི་གཏམ་རྒྱུད་ཅིག་གམ་གནའ་བཤད་ཅིག་གི་གོ་རིམ་ཁྲོད་དུ་བསྡུས་ཤིང་། ཏག་ཏག་གནའ་བཤད་ཨ་མས་བཤད་པའི་གཏམ་རྒྱུད་ཁྲོད་ཀྱི་བུ་མོ་དེ་ནི་གནའ་བཤད་ཨ་མ་ཉིད་ཡིན་ཞིང་།     མོས་བཤད་པའི་སྤྲང་པོ་དེའང་རང་ཉིད་ཀྱི་ཆུང་དུས་ཀྱི་བརྩེ་གྲོགས་དེ་ཡིན་པ་རྩོམ་པ་པོས་རྩོམ་ནང་དངོས་སུ་གསལ་བཤད་བྱས་མེད་ནའང་ང་ཚོས་རང་ཤུགས་ཀྱིས་རྟོགས་ནུས།    མོས་སྤྲང་པོ་དེ་དང་རང་ཉིད་བར་གྱི་བརྒྱུད་མྱོང་བའི་སྐྱོ་གདུང་དང་དཀའ་ཚེགས་ཀྱི་ལོ་ཟླ་དག་ཕྱིར་དྲན་གྱི་ཚུལ་དུ་བྱིས་པ་རྣམས་ལ་བཤད་ཅིང་།     མོས་མཚམས་རེ་སྤྲང་པོས་སྤྲད་པའི་དངུལ་གྱི་མཛུབ་དཀྲིས་དེ་ལ་ལྟ་བཞིན་མིག་མཐར་མཆི་མ་འཁྱིལ་ལ།  སྐབས་རེ་མུ་མཐུད་གཏམ་རྒྱུད་བཤད་མ་ཐུབ་པར་མགྲིན་པ་བརྣངས་འགྲོ།           རྩོམ་དེར་གཉེར་བའམ་ཞིང་བདག་བརྟན་གྲགས་ཀྱིས་གཞན་ལ་གང་བྱུང་དུ་གཅར་བརྡུང་དང་གཞན་གྱི་རང་མོས་གཉེན་སྒྲིག་ལ་བཀག་འགོག་དང་བཙན་འདོམས་བྱེད་པའི་བྱ་སྤྱོད་ངན་པར་དགག་གཞག་དང་ཁ་བརྡུང་དྲག་པོ་བཏང་འདུག་ཅེས་བརྗོད་མཁན་ཡོད་ནའང་།   རྩོམ་དེའི་མཛེས་རྟོག་གི་ཆ་དེ་དགག་རྒྱག་སུན་འབྱིན་གྱི་སྟེང་ན་མེད་པར་གནའ་བཤད་ཨ་མ་དང་སྤྲང་པོ་གཉིས་བར་གྱི་ལྷད་མེད་པའི་བརྩེ་དུང་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་།    དམ་བཅའི་བརྩེ་དུང་ལ་འགྱུར་བ་མེད་པའི་གཤིས་བཟང་གི་ཁྱད་ཆོས་ལྡན་པའི་མཛེས་རྟོག་གི་ཆ་དེ་ལྷུར་དུ་བླངས་ཡོད་པས།   རྩོམ་དེར་མི་གཤིས་སྐྱེད་སྲིང་བྱེད་པའི་ཐད་ལ་ཕན་ནུས་མི་དམན་པ་ལྡན་ཡོད་ལ།    དེ་བས་མཛེས་རྟོག་གི་ཆ་ཆེས་ཆེར་ལྡན་ཡོད་པར་སེམས་ཏེ།   འུ་སྡུག་ཐབས་ཟད་གང་ལ་འཕྲད་ཀྱང་།   གཞན་གྱི་བཙན་པོའི་སྒེར་སྡོམ་བཀག་འོག་ཅི་ཙམ་བྱས་ཀྱང་། གནའ་བཤད་ཨ་མས་རང་ཉིད་ཀྱི་དགའ་རོགས་སྤྲང་པོ་དེ་ནམ་ཡང་མ་བརྗེད་ལ།     ཐ་ན་རང་ཉིད་འཆི་ཁར་སླེབས་ཀྱང་ཁོ་སྔར་བཞིན་སྙིང་ཁར་བཅངས་ནས་རེ་སྒུག་བྱེད་པ་དང་།   སྤྲང་པོ་ལ་ཆ་མཚོན་ནས་བཤད་ཀྱང་།     སྤྲང་པོས་ས་ཕྱོགས་གང་སར་མྱུལ་ནས་གནའ་བཤད་ཨ་མ་བཙལ་དུ་སོང་བའི་གཏམ་རྒྱུད་དག་ཀློག་དུས་ང་ཚོའི་ཡིད་སེམས་བླ་ལྷག་ཏུ་འགུལ་ཞིང་།      ང་ཚོར་སེམས་འགུལ་དྲག་པོ་ཐེབས་སུ་བཅུག་གི་ཡོད། དེ་ནི་བརྩམས་སྒྲུང་དེའི་དགེ་མཚན་རེད། དེ་ཡང་ཡིན་ཏེ། སྒྱུ་རྩལ་རྩོམ་རིག་ནི་སྐད་ཆར་བརྟེན་ནས་སྤྱི་ཚོགས་འཚོ་བ་ཞིག་ཡིན་པས།    རྩོམ་རིག་གི་སྐད་ཆར་ངེས་པར་དུ་བརྩེ་དུང་དྲག་པོ་ལྡན་དགོས་པ་ཡིན་ལ་མི་རྣམས་ཀྱི་ཡིད་དབང་འགུག་ཤུགས་(感染力)ཆེན་པོ་ལྡན་དགོས་པ་ཡིན། ཐོར་སི་ཐེ་(托尔斯泰)ཡི་ལྟ་ཚུལ་ལྟར་ན།“སྒྱུ་རྩལ་རྩོམ་རིག་ནི་བརྩེ་དུང་ངམ་ཚོར་བ་བརྒྱུད་སྒྲོག་བྱེད་པའི་ཐབས་ལམ་ཞིག་ཡིན་པས། བརྩེ་དུང་ངམ་ཚོར་བ་བླ་ལྷག་ཏུ་འདོན་སྤེལ་བྱེད་ཐུབ་མིན་ནི་སྒྱུ་རྩལ་རྩོམ་རིག་ཞིག་གི་བཟང་ངན་དབྱེ་འབྱེད་བྱེད་པའི་ཚད་གཞི་གཅིག་པུ་དེ་ཡིན”【28】ཅེས་བརྗོད་པར་ལྟར། སྒྱུ་རྩལ་རྩོམ་རིག་ཞིག་ལ་ངེས་པར་དུ་མི་སྣའི་ཚོར་འདུ་དང་བརྩེ་དུང་ངེས་པར་དུ་ཡོད་དགོས་པ་ཡིན་ནོ།   བརྩམས་སྒྲུང་གིས་སྤྱི་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བ་མ་ཡིན་ཡང་།  དེས་ང་ཚོའི་མི་གཤིས་གསོ་སྐྱོང་ཐད་ལ་ཕན་པ་མི་དམན་པ་ཡོད།   ཁྱད་པར་དུ་རྩོམ་འདིར་ཆ་མཚོན་ནས་བཤད་ན། རྩོམ་པ་པོས་རང་ཉིད་ཀྱི་བསྟན་བྱའི་མི་སྣ་གཉིས་པོ་གསལ་བརྗེན་དུ་མ་བརྗོད་པར་གབ་སྦེད་ཀྱི་ཚུལ་དུ་མཚོན་པར་བྱས་ཡོད་པས།     ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་ཞིང་།    རྩོམ་དེར་ནུབ་ལ་ཉེ་བའི་ཉི་མ་ཞིག་རྒྱབ་ལྗོངས་སུ་བཀོད་པས་རྩོམ་གྱི་མི་སྣ་གནའ་བཤད་ཨ་མ་ནུབ་ཁའི་ཉི་མ་ཞིག་དང་འདྲ་བར་བུད་ལ་ཉེ་བའི་གཏམ་རྒྱུད་ཀྱི་བརྗོད་དོན་དང་ཆེས་ཁ་འཕྲོད་ལ།  རྩོམ་དེའི་ཁ་བྱང་ལས་ང་ཚོར་སྐྱ་ཤུར་ཤུར་གྱི་ཉམས་སྣང་སྐྱ་བོ་ཞིག་གམ་སྐྱོ་ལྷང་ལྷང་གི་ཚོར་སྣང་སྐྱུར་མོ་ཞིག་སྦྱིན་པར་བྱེད།     《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》ཞེས་པའི་རྩོམ་འདིའི་ནང་། མི་སྣ་གཙོ་བོ་“ང”དང་“ངའི”དང་ཆང་འཐུང་གྲོགས་པོ་རྡོ་རྗེ།   ཁོའི་སློབ་གྲོགས་དང་ཕ་ཡུལ་གཅིག་པ་ཡིན་པ་གང་ཞིག   ཁོའི་ཀློག་པ་པོ་རྣལ་མ་ཞིག་ཡིན་པའི་བུ་མོ་ཐར་རེ་འཚོ་གསུམ་བཀོད་འདུག་ཅིང་།   རྩོམ་དེ་ཁོའི་བརྩམས་སྒྲུང་《ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ》ཞེས་པའི་བརྗོད་བྱ་དང་ཕལ་ཆེར་འདྲ་བར་སློབ་གསོའི་སྐོར་ཞིག་ཡིན་ཡང་།   དེ་ནི་《ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ》ལས་བརྗོད་བྱ་བཀོད་སྒྲིག་དང་།  བྱུང་རིམ་བཀོད་སྒྲིག་བྱེད་སྟངས།  མཛེས་རྟོག་གི་ཆ་སོགས་གང་ཐད་ནས་བལྟས་ཀྱང་འདའ་འགོངས་མཛད་ཡོད་པས།         དེ་ལས་ཁོའི་བརྩམས་སྒྲུང་གསར་རྩོམ་གྱི་ཆུ་ཚད་རིམ་བཞིན་གོང་མཐོར་འགྲོ་བ་དང་།      བརྩམས་སྒྲུང་རིམ་བཞིན་ནར་སོན་བཞིན་ཡོད་པ་ཤེས་ཐུབ།      རྩོམ་འདི་ནི“ང”དང་“ངའི”དང་ཆང་འཐུང་གྲོགས་པོ་རྡོ་རྗེའི་ཁ་བརྡའི་ཁྲོད་བྲིས་པ་ཞིག་ཡིན་ཞིང་།        དེའི་ནང་ཐར་རེ་འཚོ་གཏམ་རྒྱུད་ཀློག་མཁན་ལ་ངོ་སྤྲོད་བྱས་པ་དང་སྦྲགས། “ངའི”ཆང་འཐུང་གྲོགས་པོ་རྡོ་རྗེའི་ཡིད་ཀྱི་འགྱུར་བ་དང་ཚོར་བ་མཚོན་པར་བྱས་ཡོད་དེ།  མོ་ནི་འབྱུང་འགྱུར་ལ་རེ་སྙེགས་ཀྱི་འདུན་པ་བརྟན་ཞིང་བརླིང་ལ་ཧུར་བརྩོན་ཡར་བསྐྱེད་ཅན་ཞིག་ཡིན་ལ་སློབ་སྦྱོང་གི་སྦྱངས་    འབྲས་ལེགས་པའི་ཕུལ་བྱུང་སློབ་མ་ཞིག་ཡིན་ཡང་།   ལོ་ངོ་བཅུ་བདུན་སོན་ཙམ་ནས་ཆུང་དུས་ཕ་མས་གཉེན་རྟགས་བཞག་ཡོད་པའི་གནས་ལ་བྱིན་པའི་སྐྱོ་གར་དང་།   མོས་ཨ་མའི་བཙན་ཚུགས་ཀྱི་ཁ་ལ་ཉན་འདོད་མ་སྐྱེས་ཡང་ཕ་མའི་ཁ་ལེན་ཚིག་བརྩི་ལས་བརྒལ་མི་ནུས་པར་སློབ་གྲྭ་དང་རང་ཉིད་ཀྱི་འབྱུང་འགྱུར་རྨི་ལམ་བསྐྱུར་ནས་གནས་ལ་སོང་བའི་གནས་ཚུལ་དང་། མོའི་འགྱུར་ལྡོག་གླེང་ཡོད་པ་མ་ཟད།  དེ་ལས་ཡ་མཚན་པ་ཞིག་ལ། མོ་གནས་སུ་སོང་སྟེ་ཕྲུ་གུའི་ཨ་མ་ཞིག་ཏུ་གྱུར་ཡོད་ཀྱང་སྔར་བཞིན་དཔེ་དེབ་ལྟ་ཀློག་ལ་རོལ་བ་མ་ཟད།“ངའི”ཆང་འཐུང་གྲོགས་པོ་རྡོ་རྗེའི་ཀློག་པ་པོ་རྣལ་མ་ཞིག་ཏུ་གྱུར་ཡོད་པ་རེད།   རྡོ་རྗེས་འདི་ལྟར་རང་ཉིད་ཀྱི་སློབ་གྲོགས་དང་ཕ་ཡུལ་གཅིག་པ།  ཁོའི་ཀློག་པ་པོ་རྣལ་མ་ཞིག་ཡིན་པའི་ཆ་ནས་མོར་གདུང་སེམས་མཉམ་སྐྱེས་དང་སྙིང་རྗེ་ཚད་མེད་སྐྱེས་ཤིང་ཁོ་རང་ལའང་ཡིད་སྐྱོ་བའི་སེམས་པ་སྐྱ་བོ་ཞིག་བྱུང་བའི་སྐོར་གླེང་ཡོད། སྤྱིར་“བརྩམས་སྒྲུང་གི་མི་སྣ“ང”ཞེས་པ་འདིར་ལྷུག་བརྗོད་བྱེད་སྟངས་ལ་ཉེ་ལོགས་པའི་ཚུལ་གྱིས་གཞན་གྱི་གཏམ་རྒྱུད་སྤྲོ་བའི་རིགས་ཤིག་དང་། མི་སྣ་གཙོ་བོའི་རང་རྣམ་ལྷུག་བརྗོད་བྱེད་པའི་ཚུལ་གཉིས་ཡོད”【29】ཅེས་གསུངས་པ་ལྟར།      བརྩམས་སྒྲུང་དེ་ནི་གོང་གི་ལྷུག་བརྗོད་བྱེད་སྟངས་སུ་གཏོགས་པ་   ཡིན།      རྩོམ་འདིའི་ནང་སློབ་གྲྭ་ལ་ཡོང་དུས་ཀྱི་མིའི་ཕྱིའི་རྣམ་པ་དང་བྱ་སྤྱོད་དང་། སློབ་གྲྭ་ནས་བུད་དེ་གནས་ལ་སོང་བའི་ལོ་ངོ་བཅུ་ལྷག་གི་མོའི་ཕྱིའི་རྣམ་པ་དང་བྱ་སྤྱོད་ཐད་ཀྱི་འགྱུར་ལྡོག་དེ་གཉིས་ཁ་གསལ་དུ་བྲིས་ཤིང་།    ཡུལ་ལྗོངས་ཀྱི་བཀོད་པ་ཕྲ་རགས་ཞིབ་འབྲི་བྱས་པ་དག་ཀྱང་བརྗོད་བྱའི་དོན་དང་ཤིན་ཏུ་ནས་ཁ་འཕྲོད་པས།      དེ་ལས་ང་ཚོར་སྣང་  ངོར་རྩོམ་པ་པོ་ཁོང་ནི་རྩོམ་ཡིག་འབྲི་རྒྱུར་བྱང་བ་མ་ཟད།     འབྲེལ་ཡོད་རྩོམ་རིག་གཞུང་ལུགས་ཀྱི་ཆུ་ཚད་ཀྱང་མི་དམན་པ་ཞིག་ཡོད་པ་ཤེས་ཐུབ།  འོན་ཀྱང་།  རྩོམ་འདིར་མོའི་སྐྱོ་གར་གྱི་གནས་དུ་མ་འགྲེམས་སྟོན་བྱས་པ་ཙམ་ལས།  སྐྱོ་གར་གྱི་འབྱུང་རྐྱེན་ལ་རྩོམ་པ་པོས་མིག་དབང་གསར་བ་ཞིག་གི་ཐོག་ནས་བལྟ་ཐུབ་མེད་དེ།     སྐྱོ་གར་གྱི་འབྱུང་རྩ་དེ་གཞན་ བསྟུན་གྱི་བསམ་བློ་ཆེ་བས་ཡིན་པས།    རྩོམ་ནང་སྐྱོ་གར་གྱི་གནས་དུ་མ་བསྟན་པ་ཙམ་མ་གཏོགས་སྐྱོ་གར་གྱི་སྙིང་སྟོབས་(悲剧精神)ཤིག་འབྲི་བཞེངས་ཐུབ་མེད།  དེ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་གསུངས་པ་ལྟར།“གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། ། གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། ། གྲོགས་དང་འགྲོག་ལུགས་སུ་ལ་འཚོལ་ཡང་རུང་། ། གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །”ཞེས་པ་ལྟར། རྩོམ་དེའི་མི་སྣ་ཐར་རེ་འཚོའི་སྐྱོ་གར་གྱི་འབྱུང་རྩ་ནི་གཙོ་བོ་སྲོལ་རྒྱུན་གྱི་གཞན་བསྟུན་བསམ་བློའི་མི་ཆོས་སྟོབས་ཤུགས་ཐལ་ཆེ་བས་ལན་པ་ཡིན་ཡང་རྩོམ་ནང་དེའི་སྐོར་གསལ་བོར་བསྟན་མེད་དེ། རྩོམ་ནང་གཞན་བསྟུན་གྱི་བསམ་བློ་ཐལ་ཆེ་བའི་དབང་གིས་ད་གཟོད་རང་ ཉིད་ཀྱི་ཁེ་ཕན་དང་ཕུགས་བསམ་ཡོད་དོ་ཅོག་བརླག་པ་རེད།  དེ་ལས་ང་ཚོས་རྟོགས་ཐུབ་པ་ནི།  སྲོལ་རྒྱུན་གྱི་གཞན་བསྟུན་གྱི་བསམ་བློ་དང་དེང་གི་མི་བུ་སྒེར་གྱི་དབང་ཐང་དང་རང་ཚུགས་བར་འགལ་བ་ངེས་ཅན་ཞིག་ཡོད་དེ། སྲོལ་རྒྱུན་གྱི་གཞན་བསྟུན་བསམ་བློས་ད་གཟོད་མི་བུ་སྒེར་གྱི་དབང་ཐང་།  ཕུགས་བསམ་མཐའ་དག་བརླགས་པར་བྱེད་པས་རེད། དེས་ན།  རྩོམ་ནང་རྩོམ་པ་པོས་སྲོལ་རྒྱུན་གྱི་མིག་དབང་ནས་མ་གཏོགས་མོའི་ཨ་མ་ནས་གཙོས་པའི་ཆུང་དུས་ཀྱི་ གཉེན་རྟགས་རྒྱག་མཁན་དང་སློབ་གྲྭ་ནས་ཕྱིར་འཐེན་བྱེད་མཁན་དག་ལ་འཐབ་རྩོད་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པའི་གསར་གཏོད་ཀྱི་ཆ་དེ་ཞིབ་འབྲི་ཐུབ་མེད་པས། སྲོལ་རྒྱུན་གྱི་གོམས་སྲོལ་དབང་གིས་མི་བུའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་གོམས་གཤིས་ངན་པའི་འཆིང་སྒྲོག་དེ་ལས་ཐར་ཐུབ་མེད།    སྐུ་ཞབས་རང་གྲོལ་གྱིས་ཀྱང་།“ཁྱེད་ཀྱིས་གོམས་སྲོལ་གྱི་འཆིང་སྒྲོག་དེ་གཏོར་ཐུབ་རྒྱུ་ན། ཁྱེད་རང་རྗེས་ལུས་ཀྱི་སྤྱི་ཚོགས་དེའི་གནས་སྒོ་འགྲིམས་པའི་སྡུག་བསྔལ་ཀྱང་ཡོད་རྒྱུ་མ་རེད”【30】ཅེས་པའི་གཏམ་དེ་རྩོམ་དེའི་སྐྱོ་གར་གྱི་འབྱུང་རྐྱེན་ལ་ཤིན་ཏུ་ཁ་འཕྲོད་པ་ཡིན།      རྩོམ་པ་པོ་ཞིག་ལ་ཆ་མཚོན་ན་འཚོ་བའི་གནད་དོན་དངོས་མ་ཞིག་བརྩམས་ཆོས་སུ་བསྐྱར་མཚོན་བྱེད་རྒྱུ་ཁོ་ན་མ་ཡིན་པར།  ད་དུང་དེར་རང་ཉིད་ཀྱི་སྔོན་ཐོན་གྱི་འཇིག་རྟེན་ལྟ་ཚུལ་དང་།  མི་ཚེའི་ལྟ་ཚུལ།  རིན་ཐང་ལྟ་ཚུལ་ཞིག་མངོན་ལྐོག་གང་རུང་ནས་ངེས་པར་ཡོད་དགོས་པ་ཞིག་ཡིན་པས།  སྐྱོ་གར་ཡིན་ཡང་སྐྱོ་གར་གྱི་སྙིང་སྟོབས་ཀྱི་མཛེས་པ་སྟེ།  ཕྱི་རྒོལ་གྱི་སྙིང་སྟོབས་ལེགས་པོ་ཞིག་འཁྱོངས་མེད་པས།   རྩོམ་འདི་སྲོལ་རྒྱུན་གྱི་མ་རིག་པའི་གནས་ལ་དགག་རྒྱག་དང་སུན་འབྱིན་བྱ་ཆེད་ཀྱི་ལག་ཆ་ལྟ་བུར་གྱུར་བ་ལས་མི་བུ་སྒེར་གྱི་དབང་ཐང་དང་ཁེ་ཕན་སོགས་ལ་བརྩོན་ལེན་བྱེད་པའི་མི་གསོན་པོ་ཞིག་དང་།  མི་བུ་སྒལ་ཚིགས་ཅན་ཞིག་གི་སྣང་བརྙན་གསར་བཞེངས་བྱ་ཐུབ་མེད།  དཔེར་ན་རྩོམ་འདིའི་ནང་དུ། ཨ་མས་བཙན་ཚུགས་ཀྱིས་མོ་སློབ་གྲྭར་འགྲོ་རུ་མ་བཅུག་པར་གནས་ལ་བྱིན་པའི་སྐྱོ་གར་དང། དེ་མིན་གནས་ལ་སོང་རིང་གི་སྐྱོ་གར་གྱི་ངོས་དུ་མ་འགྲེམས་སྟོན་བྱས་ཡོད་པ་ལས། དེ་ལ་རྒོག་འགོལ་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་ཆེད་དུབརྩོན་ལེན་བྱས་མེད་པས།    སྐྱོ་གར་འབའ་ཞིག་ལས་སྐྱོ་གར་གྱི་སྙིང་སྟོབས་ཅི་ཡང་མེད་སྟབས།    རྩོམ་དེར་མཛེས་རྟོག་གི་ཆ་ཆེས་ཆེར་མེད་པའོ། རྩོམ་འདི་བརྗོད་དོན་གྱི་ཆ་ནས།   ཁོའི་《རྩྭ་ཐང་གི་རྨི་ལམ》དང་ཆ་འདྲ་བར་གཉིས་ཀར་ཕ་མའི་དབང་ཡོད་སྒེར་སྡོམ་ཁོ་ནའི་དབང་གིས་བུ་ཕྲུག་གི་ལས་དབང་ལ་བར་ཆད་དང་ཉམ་ང་བའི་འཚོ་བའི་གཏམ་རྒྱུད་ཅིག་བྲིས་པ་ལྷུར་བླངས་ཡོད་དེ། གཉིས་ཀར་ཕ་མས་བཙན་ཚུགས་ཀྱིས་བུ་ཕྲུག་གི་གཉེན་སྒྲིག་ལ་ཐེ་ཇུས་དང་།   གཉིས་ཀར་སྐྱོ་ར་གྱི་གནས་ཚུལ་བྲིས་པ་གང་ཞིག    སྐྱོ་གར་གྱི་སྙིང་སྟོབས་མེད་པའང་གཅིག་མཚུངས་   ཡིན།     འོན་ཀྱང་ཅུང་ཟད་མི་འདྲ་ས་ནི་《རྩྭ་ཐང་གི་རྨི་ལམ》ནང་ཆོས་མཚོས་རང་སྲོག་རང་གིས་བཅད་པའི་སྐྱོ་གར་བྲིས་པ་དང་།    དེ་ནི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་མཚོན་ཐབས་ལ་གཞོལ་ཆེ་ཞིང་། 《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》ཞེས་པའི་ནང་མི་སྣའི་སྐྱོ་གདུང་གི་འཚོ་བའི་གཏམ་རྒྱུད་བཀྲམ་སྟོན་གྱི་ཕྱོགས་སུ་འབད་པ་ལྷུར་ལེན་བྱས་པ་མང་བས།  དགག་སྒྲུབ་དང་སུན་འབྱིན་གྱི་ཆ་བྲིས་པ་ཅུང་ཟད་ཉུང་བ་རེད།  《ནག་ཞར་སྡེ་བའི་གཏམ་རྒྱུད》ཅེས་པ་ནི་རབ་བྱེད་ཀྱི་ཚུལ་དུ་ནག་ཞར་སྡེ་བའི་གཏམ་རྒྱུད་ཁག་བདུན་བྲིས་ཡོད་ཅིང་།      རབ་བྱེད་རེ་རེ་དབྱེ་སྟངས་ལ་ཞིབ་ཏུ་བལྟས་ཚེ་བརྗོད་དོན་ཕྱིར་མཚོན་པར་སོ་སོར་དགེ་མཚན་དང་ཁྱད་ཆོས་རེ་རེ་ཡོད། རབ་བྱེད་ཁག་དང་པོའི་ནང་ཡི་དམ་ནག་འདུས་ཀྱི་གནས་ཚུལ་བཀོད་ཡོད་དེ།         ཡི་དམ་གྱི་མཚང་མིང་ལ་ནག་ འདུས་ཟེར་ཞིང་།   དེར་ཁོའི་གཏམ་རྒྱུད་མཚར་པོ་ཞིག་སྟེ།  གྲལ་རིམ་འཐབ་རྩོད་ཀྱི་སྐབས་སུ་ཁོ་ནི་འབྱོར་མེད་གྲལ་རིམ་རྨ་མེད་པ་ཞིག་ཡིན་པས།  མི་ཚང་མས་ཁོ་ལ་བསྟོད་པའི་ཚུལ་གྱིས“ཡི་དམ་རྒྱ་དམར”ཟེར་ཞིང་།  ཁོ་ལ་བཀྲ་བྷ་ཟེར་བའི་ཆུང་མ་ཞིག་ཀྱང་ལག་ཏུ་ཐེབས་ཡོད།     གྲལ་རིམ་འཐབ་རྩོད་མཇུག་འགྲིལ་རྗེས་ཁོ་ད་གཟོད་ནག་འདུས་ཞིག་ཏུ་གྱུར་བའི་གནས་ཚུལ་བཀོད་དེ། དུས་སྐབས་ལ་འགྱུར་ལྡོག་ཅི་ཙམ་བྱུང་རུང་ཁོས་སྔར་བཞིན་“འབྱོར་མེད”ཀྱི་བརྟུལ་ཞུགས་འཛིན་པས།  སྔོན་ཆད་ཁོ་ལ་བསྟོད་སའི་ཡུལ་ད་ཆ་སྨད་སའི་གཞི་རུ་གྱུར་བའི་སྙིང་རྗེའི་རྣམ་པ་ཞིག་བཀོད་ཡོད། རྩོམ་འདིས་འདི་འདྲའི་གཏམ་རྒྱུད་མཚར་པོ་ཞིག་བཀོད་ནས“གྲལ་རིམ་འཐབ་རྩོད”སྔ་གཞུག་གི་ཡི་དམ་ནག་འདུས་ཀྱི་གནས་ཚུལ་དང་།  མཁྲེགས་འཛིན་གྱི་བསམ་བློའི་རང་གཤིས་བཀོད་ནས། ང་ཚོར་བསམ་སྦྱོར་གང་ཞིག་ཡིན་རུང་དུས་སྐབས་ཀྱི་རྗེས་བསྙེགས་ཐུབ་པ་དང་།    དུས་རབས་ཀྱི་འཕོ་འགྱུར་དང་ཁྱད་ཆོས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་རྗེས་སུ་འབྲངས་ཐུབ་པ་དགོས་པའི་གོ་བསྐོན་སློབ་གསོ་བཏང་ཞིང་།  རྙིང་ཞེན་མཁྲེགས་འཛིན་གྱི་ལྟ་ཚུལ་བཟུང་ན་ནམ་ཡང་དུས་རབས་ཀྱི་རྗེས་བསྙེགས་མི་ནུས་པའི་རྗེས་ལུས་དབྱུག་པ་འཕོག་ཡུལ་དུ་གྱུར་བའི་བསམ་བློ་བསྟན་ཡོད།   རབ་བྱེད་གཉིས་པའི་ནང་། “མིང་བོ་བདུན་གྱི་དཀྱིལ་དུ་སྡོད་པའི་ཨ་ཅེ”ཞེས་པ་དེ་བཀོད་ཅིང་། དེའི་ནང་རིག་སྐྱིད་ཟེར་བའི་བུ་མོ་དེ་ཨ་མའི་བཀའ་ལྟར་མི་ལོ་ཉི་ཤུར་ཨ་མའི་ནུ་མོ་ཚང་དུ་གནས་ལ་བསྐྱལ་ཞིང་།  གནས་ལ་བུད་ནས་ལོ་བརྒྱད་འགོར་རིང་མོ་ནི་བྱིས་པ་གསུམ་གྱི་ཨ་མར་གྱུར་ལ།     ལོ་བརྒྱད་ཀྱི་ནང་དུ་མོས་སྔ་གཞུག་ཏུ་ཐེངས་ལྔ་ལ་གནས་ངན་བྱས་ཏེ་ཡུལ་ལ་ལོག  མོའི་ཨ་མའི་སེམས་ལ་བུ་མོ་དཀའ་ཁག་གིས་མནར་བ་རེད་སྙམ་ཡང་དོན་དམ་དུ་མོའི་བྱིས་པ་གསུམ་གྱི་ཨ་ཕ་ནི་ནུ་མོ་ཚང་གི་བུའི་ཤ་ཁྲག་ལས་མཆེད་པ་མ་ཡིན་ཏེ།       ནུ་མོ་ཚང་གི་མག་པའི་དབང་པོའི་ནུས་པ་ཤོར་བས་ཕྲུ་གུ་བཙའ་མི་ཐུབ་པའི་གཏམ་རྒྱུད་བཀོད་ཡོད།   རྩོམ་འདིས་དེ་ལྟར་མོའི་སྐྱོ་གར་དང་།   ཨ་མའི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུ་ཞིག་མ་བྱུང་བས་མཐའ་དག་སྟོང་བསམ་དུ་གྱུར་བའི་གནས་ཚུལ་བྲིས་ཡོད་ལ།  ཞར་བྱུང་ཤ་ཁྲག་གི་འབྲེལ་བ་ཡོད་པའི་ཕོ་མོའི་བར་གཉེན་སྒྲིག་བྱེད་པའི་ནག་ཞར་སྡེ་བའི་གཏམ་རྒྱུད་ཁྱད་མཚར་ཞིག་དང་།  ཨ་མས་བཙན་གྱིས་བུ་མོ་གནས་ལ་བསྐྱལ་བའི་སྐྱོ་གར་གྱི་གནས་ཚུལ་བཀོད་ཡོད། རབ་བྱེད་གསུམ་པ་“མི་མིན་པའི་མི”ཞེས་པའི་ནང་། རྫོང་གཙོས་རིག་གསར་གྱི་སྐབས་སུ་སྔོན་ཆད་ཇག་པ་ཡིན་ཞིང་བཅིངས་འགྲོལ་དམག་མི་མང་པོ་བསད་མྱོང་བའི་རང་ཉིད་ཀྱི་ཕ་རྒན་ལ་དམའ་འབེབས་སྣ་ཚོགས་བྱས་པས།    ལས་བྱེད་ཚན་ཁག་གིས་གོ་རིམ་ལ་སྙན་ཞུ་བྱས་པས་ཁོ་ལས་བྱེད་དཔུང་ཁག་ཏུ་ཡར་འཐེན་བྱས་ཀྱང་། གསར་བརྗེའི་ལང་ཕྱོགས་མི་བརྟན་པའི་མི་མང་པོས་ཁོའི་ལྐོག་ཏུ་འཕྱ་སྨོད་སྣ་ཚོགས་བྱེད་ཅིང་།     ཐ་ན་སྡེ་བའི་ནང་དུ་ཁོ་ལ་ཁ་མི་གྲག་པའི་གཉེན་ཉེ་ཡང་མང་པོ་བྱུང་ཡོད་པ་རེད།   འོན་ཀྱང་དགོད་བྲོ་བ་ཞིག་ལ།  ཁོ་རྫོང་གཙོར་བསྐོས་པ་ནས་བཟུང་གཉེན་ཉེ་ཐམས་ཅད་ཀྱིས་ཁོ་ལ་འཛིན་པའི་རྣམ་འགྱུར་འགྱུར་ཏེ།   ཁོ་ཕ་ཡུལ་ལ་སླེབས་ཐེངས་རེར་ཇ་ཆང་འདྲེན་པ་མ་ཟད།   ད་དུང་ཁོ་ལ་ངོ་དགའ་གང་མང་བྱེད་ཀྱི་ཡོད་པ་རེད།   རིམ་གྱིས་རྫོང་གཙོས་ནག་ཞར་སྡེ་བར་རྔོ་ཆེན་པོ་ཐོགས་པས་ཚང་མས་ཁོ་ནི་ནག་ཞར་སྡེ་བའི་“ཉི་མ”    རེད་ཅེས་བསྟོད་པ་འཕེན་གྱི་ཡོད།    རྩོམ་དེས་དེ་ལྟ་བུའི་ནག་ཞར་སྡེ་བའི་མི་རྣམས་ཀྱིས་རྫོང་གཙོ་ལ་འཛིན་པའི་རྣམ་འགྱུར་ཏེ།   སྐབས་རེ་རྫོང་གཙོ་ནི“ཁྱི་རྒན”རེད་ཅེས་དམོད་མོ་འདེབས་ལ།  སྐབས་རེ་ནག་ཞར་སྡེ་བའི“ཉི་མ”ཡིན་པར་བཤད་དེ། ནག་ཞར་སྡེ་བའི་མི་རྣམས་ཀྱི་འགྱུར་སླ་བའི་རང་གཤིས་ཏེ།  ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ཚད་གཞིར་བཟུང་ནས་གཞན་ལ་གདེང་འཇོག་བྱེད་པའི་རིན་ཐང་གི་ལྟ་ཚུལ་ཞིག་བརྗོད་ཡོད།  རབ་བྱེད་བཞི་པར“ཨ་ཁུ་བསྟན་འཕེལ་གྱི་ཤི་རྐྱེན”བཀོད་ཡོད་དེ།   རྩོམ་འདིར་ནག་འབུར་མདོ་རུ་འདྲེ་འདུག་ཟེར་བའི་“གསར་འགྱུར”ཞིག་གམ་སྡེ་མི་ཚོའི་རྨོངས་དད་ཀྱིས་ཕྱུག་པའི་བསམ་བློ་ཞིག་སྟེ།   འདྲེ་གཏན་ནས་མེད་ཀྱང་རང་ཉིད་ཀྱི་རྣམ་རྟོག་གིས་རང་ཉིད་བསླུ་བཞིན་ཡོད་པའི་བརྗོད་བྱ་ཞིག་རྩོམ་དུ་བཀོད་ལ། ལྷག་པར་སྡེ་དཔོན་ནས་གཙོས་པའི་ཡུལ་མི་མང་པོས་གནད་དོན་དངོས་ལ་བརྟག་དཔྱད་ཞིབ་འཇུག་མི་བྱེད་པར་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲངས་བཞིན་ཡོད་དེ། ནོར་ལུག་འཚོ་མཁན་གྱིས་སྡེ་དཔོན་གྱི་ལྐོག་ཏུ་བྲག་འོག་ཏུ་ཡིབ་ནས་རྡོ་ལོག་ཅིག་ཁོའི་མདུན་སར་འཕངས་པས།  ཁོས་དེ་ན་གདོན་འདྲེ་ཡོད་པར་བཤད་ལ། ཨ་ཁུ་བསྟན་འཕེལ་གློ་བུར་དུ་ནད་ལྕི་མོ་ཞིག་ཕོགས་ཏེ་མལ་སར་ལྷུང་ཡང་སྨན་ཁང་  སོགས་ལ་སྨན་བཅོས་བྱས་ཏེ་ནད་སེལ་དུ་མ་སོང་བར་འདྲེས་གནོད་པར་བཤད་དེ་འདང་རྒྱག་གི་ཀློང་དུ་ཚུད་ཅིང་།       ཁོ་ལ་དགོན་པའི་བན་དེ་འགའ་དྲངས་ནས་རིམ་གྲོ་མང་དུ་མཛད་ཀྱང་མཐར་མི་ཕན་པར་འཆི་ལམ་དུ་བུད་པ་རེད།   དེའང་རེད་དེ། ང་ཚོ་རོང་འབྲོག་ཁུལ་གྱི་བོད་མི་ཕལ་ཆེ་བར་གལ་ཏེ་ལུས་ལ་ན་ཚ་འབྱུང་ཚེ་ཁོ་ཚོ་མང་དག་ཅིག་གིས་སྔོན་ལ་སྨན་ཁང་དུ་མ་བསྐྱོད་པར་དགོན་པ་ལྷ་ཁང་ཁག་ཏུ་ཕྱིན་ནས་ཆོས་སྒྲུབ་རིམ་གྲོ་བྱེད་ཀྱི་ཡོད།   མཐའ་མ་རིམ་གྲོ་ཆོས་ཀློག་གིས་མི་ཕན་ན།  ད་གཟོད་སྨན་ཁང་དྲན་གྱིན་ཡོད་པས། སྨན་ཁང་དུ་སླེབས་དུས་ནད་པའི་ན་ཚར་དུས་འགྱངས་ཤོར་ནས་ཚེ་སྲོག་ལ་གནོད་པ་ཐེབས་ཀྱི་ཡོད་ལ།  འགའ་རེ་ད་དུང་འཆི་བའི་གཡང་གཟར་ལས་ཐར་ཐུབ་ཀྱི་མེད། དེ་ནི་ང་ཚོས་ངེས་པར་དུ་བསམ་གཞིག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། རྩོམ་འདིས་དེ་ལྟ་བུའི་རྨོངས་ཞེན་གྱིས་ཕྱུག་པའི་བསམ་བློའི་འཆིང་ཐག་ལས་གྲོལ་ཐུབ་རྒྱུར་འབོད་སྐུལ་བྱས་ཡོད་ལ།     གནད་དོན་གང་ཞིག་ཡིན་རུང་སྔོན་ལ་བརྟག་དཔྱད་གཟབ་ནན་བྱ་དགོས་པའི་སློབ་གསོ་གནང་ཞིང་།    འཇིག་རྟེན་འདིའི་གནད་དོན་མང་པོ་ཞིག་རང་ཉིད་ཀྱི་རྣམ་རྟོག་ལ་བརྟེན་ནས་འབྱུང་གིན་ཡོད་པས། རང་ཉིད་ཀྱི་རྣམ་རྟོག་གིས་རང་ཉིད་བསླུ་མི་ཉན་པར་མི་བུ་བདེན་ལུགས་ཁར་འཛིན་མཁན་ཅིག་བྱ་དགོས་པའི་གནས་ལུགས་བསྟན་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།༢

2013-05-19 རིན་ཆེན། ༼ལན་ཀྲུ།༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།