བསྟོད་པ་བཀླགས་པའི་འཆར་སྣང་གི་དོན་འགྲེལ་རང་གྲོལ་དགོངས་རྒྱན།

རྡོ་སྦིས་སྒྲོལ་མ་འབུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-25

གསར་གཏོད་སྤོབས་པ་ཆུ་གཏེར་རླབས་བཞིན་འཕྱུར། །
དོན་གྱི་གནད་ལ་རྣམ་དཔྱོད་བློ་གྲོས་རྒྱས། །
ངག་གི་དཔལ་ལ་གྲུབ་པ་ཐོབ་པའི་བུ། །
རྩོམ་རིག་འཁོར་ལོས་བསྒྱུར་བའི་རྒྱལ་སྲས་ཉིད། །
 
ཚིགས་སུ་བཅད་པ་སྒེག་ལྡེམ་ཡིད་འོང་སྐུར ། །
ཚིག་རྒྱན་མཚན་དཔེའི་ཚོམ་བུ་ལེགས་སྨིན་པའི། །
སྙན་པའི་ངག་ལྡན་དགག་སྒྲུབ་མིག་ཡངས་མ། །
རྩོམ་རིག་རྒྱལ་ཐབས་སྐྱོང་བའི་བཙུན་མོར་འོས ། །
 
དངོས་སྟོབས་རིགས་པ་དྲག་ཅིང་ཁུངས་བཙན་པས ། །
གནས་ལུགས་རང་ཞལ་ངང་གིས་གྲོལ་བྱེད་པའི ། །
བསྟོད་པ་བཀླགས་པའི་འཆར་སྣང་ངོ་མཚར་ཅན། །
རྩོམ་རིག་འོད་སྟོང་བསུ་བའི་སྐྱ་རེངས་ཉིད། །
  ཅེས་ཚིགས་བཅད་ངག་གི་མཆོད་བསྟོད་འདིས་མདུན་ལེགས་པར་བསུས་ནས་ད་ནི་སྐབས་སུ་བབས་པ《བསྟོད་པ་བཀླགས་པའི་འཆར་སྣང་》གི་ཚིག་དོན་འགྲེལ་བ་ལ།   དེ་ལ་ཐོག་མར་ཟུར་བསྟན་ལེབ་མཐོང་གི་དཔེ་བཞིན་དུ་རྩོམ་པ་པོས་དགག་སྒྲུབ་རང་ བཞིན་གྱི་སྙན་ངག་འདི་འབྲི་བའི་རྒྱུའམ་རྐྱེན་གང་ཡིན་པ་མདོར་ཙམ་ངོ་སྤྲོད་པར་བྱེད་ན། ད་གཟོད་རྩོམ་རིག་མཁན་པོ་འདིའི་གསར་རྩོམ་གྱི་དགོངས་གཞི་ཟབ་མོ་དེ་སྦྲུལ་གྱི་མདུད་པ་འགྲོལ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་དགག་སྒྲུབ་སྙན་རྩོམ་འདིའི་ཚིག་དོན་གཉིས་ཀའང་བདེ་བླག་གི་ངང་ནས་གོ་བར་འགྱུར་རོ།།
  དེས་ན་རྩོམ་པ་པོ་དྲག་བཙན་རང་གྲོལ་ལགས་ཀྱིས་བསྟོད་པ་བཀླགས་པའི་འཆར་སྣང་འདི་འབྲི་བའི་རྒྱུ་དང་རྐྱེན་ནི་གང་ལགས་ཤེ་ན།ཆོས་སྲིད་རིག་གནས་ཐམས་ཅད་རྨེག་མེད་དུ་བཅོམ་པའི་རིག་གནས་གསར་བརྗེའི་ཡ་ང་བའི་ལས་འགུལ་ཡོངས་སུ་མཇུག་རྫོགས་ནས།བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་བོ་ལག་བསྟར་དོན་འཁྱོལ་བྱས་རྗེས། རང་ རྒྱལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དབྱར་གྱི་མཚོ་མོ་བཞིན་དུ་ཡར་རྒྱས་སུ་སོང་བ་དང་།  དེ་དང་བསྟུན་ནས་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་ཡང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་ འགྲན་གླེང་གི་དུས་སྐབས་གསར་བ་ཞིག་གི་སྒོ་གླེགས་ཕྱེ་བ་ན། རྨས་ཚབས་ཆེ་བའི་བོད་ཀྱི་རིག་གནས་ཀྱང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ། གསར་བ་ནང་འདྲེན་གྱི་ བསྐལ་བཟང་གི་དུས་ཚོད་ཤར་ཞིང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་ཡང་འཕེལ་རྒྱས་ སུ་སོང་བ་དང་། རྩོམ་རིག་གསར་རྩོམ་གྱི་ཞིང་སར་གྱུར་བའི་དུས་དེབ་དང་ཚགས་པར་སྣ་ཚོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་བས་བོད་ཀྱི་རྩོམ་པ་པོ་རྣམས་ གསར་རྩོམ་གྱི་སྒྱུ་རྩལ་ངོམས་པའི་དོ་ར་ཞིག་མངོན་པར་གྲུབ།ཡིན་ན་ཡང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་གསར་རྩོམ་གྱི་བྱ་བ་གཉེར་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་དུས་མགོར་སླེབས་པ་ན།རིག་གསར་གོད་ཆག་གིས་གསར་གཏོད་ཀྱི་གོམ་ཁ་དགག་པས་ཡིན་ནམ། ཡང་ན་གསར་གཏོད་ཀྱི་སྤོབས་པ་ཉམས་པ་གང་ཡིན་མི་ཤེས་མོད། བོད་ཀྱི་རྩོམ་པ་པོ་ཕལ་ཆེར་ནི་རྒྱུན་འཛིན་ལས་གསར་བཏོད་ཅི་ཡང་མེད་པའི་ལམ་ལ་ཞུགས་ཤིང་། རྩོམ་རིག་གསར་རྩོམ་གྱི་ཁ་ཕྱོགས་མ་རྙེད་པར་མཁས་པ་སྔ་མ་རྣམས་ཀྱིས་གསར་བཏོད་མཛད་པའི་བསྟོད་རྩོམ་གྱི་འབྲི་སྟངས་ཁོ་ན་ལ་ལད་མོ་བྱས་ཏེ། རྩོམ་རིག་གི་དུས་དེབ་དང་ཚགས་པར་སོགས་སུ་གསར་བཏོད་ཀྱི་ཉམས་ཅི་ཡང་མེད་པའི་བསྟོད་རྩོམ་གྱིས་ཁྱབ་པ་སྟེ། དཔེར་ན།  སྐབས་དེར་བྲིས་པའི་རྩོམ་ཡིག་ཕལ་ཆེར་ནི་རི་ཆུ་ལུང་གསུམ་གྱི་ས་བསྟོད་གནས་བསྟོད།  སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་མཛད་བསྟོད་འཁྲུངས་བསྟོད།   རིག་གསར་ཤུགས་རྐྱེན་ལས་བྱུང་བའི་ཏང་བསྟོད་རྒྱལ་བསྟོད་སོགས་བསྟོད་རྩོམ་གྱིས་ཁྱབ་པའི་རྩོམ་རིག་གི་སྣང་ཚུལ་ཞིག་བྱུང།
    བསྟོད་རྩོམ་དེ་དག་གིས་ད་ལྟའི་དུས་རབས་ཀྱི་ཁྱད་ཆོས་མཚོན་མི་ཐུབ་ཅིང་།བོད་སྤྱི་ཚོགས་ཀྱི་དགོས་མཁོ་ཡང་སྐོང་མི་ཐུབ་པར་མ་ཟད། རྩོམ་སྟངས་སྣ་ཚོགས་ཀྱིས་མཛེས་ པར་སྤུད་པའི་མི་རིགས་གཞན་གྱི་རྩོམ་རིག་དུས་དེབ་ལའང་འགྲན་སློང་མི་ཐུབ་པས་ན་ རྩོམ་པ་པོ་ཁོང་རིག་གནས་ཀྱི་གཏིང་ས་དང་བསམ་བློའི་ཟབ་ས་ནས་ལངས་ཏེ།  སྤྱི་ཚོགས་དང་དུས་རབས་ཀྱི་འགན་འཁྲི་བླ་ན་མེད་པ་དེ་ཕྲག་གི་རྒྱན་དུ་བཞེས་ནས་རྒྱུན་ འཛིན་ལས་གསར་བཏོད་ཅི་ཡང་མེད་ཅིང་རྩོམ་སྟངས་སྣ་རྐྱང་ཅན་དུ་གྱུར་བའི་སྐབས་དེའི་བོད་ཀྱི་རྩོམ་རིག་གི་གནས་བབ་དེར་དགག་རྒྱག་དང་སུན་འབྱིན། ཟུར་ཟ་བཅས་བྱས་ཏེ་ རྩོམ་རིག་གསར་རྩོམ་གྱི་ལས་ལ་འཇུག་མཁན་གྱི་བོད་ཀྱི་རྩོམ་པ་པོ་རྣམས་ཡང་དག་པའི་རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་དགོས་པར་མཛུབ་སྟོན་རང་བཞིན་གྱི་གསལ་འདེབས་གནང་།
  འོ་ན་རྩོམ་པ་པོ་ཁོང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་གྱི་རྩོམ་སྟངས་སྤྱི་དང་ཁྱད་པར་སྲོལ་རྒྱུན་སྙན་ངག་གི་འཐུས་ཚབ་ལྟ་བུར་གྱུར་བའི་བསྟོད་རྩོམ་གྱི་རྩོམ་
སྟངས་འདི་ལ་ཐུགས་མོས་གཏན་ནས་ཡོད་པ་མ་རེད་དམ་སྙམ་ན།དེ་ནི་ཁོང་གི་དགོངས་གཞི་མ་ལོན་པའི་ནོར་འཁྲུལ་གྱི་ལྟ་བ་ཡིན་ཏེ། ཁོང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་འཚར་ལོངས་བྱུང་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཟི་འོད་ལ་བརྟེན་ནས་བློ་གྲོས་པད་མོའི་འདབ་རྒྱ་རྣམ་པར་གྲོལ་བ་ཞིག་ཡིན་ལ།སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་གྱི་རྩོམ་སྟངས་ནི་ཁོང་གི་བླ་སྲོག་ལྟ་བུར་གྲུབ་ཡོད་ཕྱིར་འདི་ལ་ཐུགས་མི་དགྱེས་པ་ག་ལ་ཡིན་ཏེ། ཡིན་ན་ཡང་ཁོང་ནི་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་རྒྱས་ཤིང་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྤོབས་པ་རྒྱ་མཚོའི་རླབས་ལྟར་འཕྱུར་བ་ཞིག་ཡིན་ཕྱིར་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པ་ཙམ་གྱིས་མི་ཆོག་པར་རྒྱུན་འཛིན་ལ་བརྟེན་ནས་རིག་གནས་གསར་གཏོད་བྱེད་དགོས་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཡོངས་སུ་རྟོགས་ཏེ།སྔོན་ཀྱི་དུས་རབས་རྣམས་སུ་ཡབ་མེས་གོང་མ་རྣམས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ནས་བཅུ་ཕྲག་རིག་གནས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཞིག་གསར་བཏོད་གནང་ཞིང་དེ་དག་གི་བརྗོད་བྱ་མཚོན་པའི་བསྟན་བཅོས་དང་སྤྱི་ཚོགས་དང་འཚོ་བ་མཚོན་པའི་རྩོམ་རིག་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་གསར་བཏོད་དང་གསར་རྩོམ་གནང་ཡོད་པ་ནི་ངེས་པར་གཟི་བརྗིད་ཆེ་ཞིང་། རྩོམ་སྟངས་ཀྱི་ཆ་ནས་ཀྱང་དཔེར་ན། སྙན་ངག་དང་ཟློས་གར།  རྣམ་ཐར་དང་རྟོགས་བརྗོད། གཏམ་རྒྱུད་དང་སྒྲུང་གཏམ། ལེགས་བཤད་དང་བསླབ་བྱ། བསྟོད་པ་དང་འབེལ་གཏམ་སོགས་རྩོམ་སྟངས་ཤིན་ཏུ་མང་པོ་ཞིག་གསར་བཏོད་གནང་ཡོད་པ་འདི་དག་ནི་གསར་གཏོད་ལ་དགའ་བའི་བོད་ཀྱི་མཁས་པ་ སྔ་མ་རྣམས་ཀྱིས་སྔོན་གྱི་དུས་རབས་དང་སྔོན་གྱི་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་རང་རང་གི་བློ་གྲོས་ལ་བརྟེན་ནས་གསར་བཏོད་མཛད་པའི་འབྲས་བུ་ཡིན་པ་ལས་ང་ཚོ་རྗེས་རབས་པའི་གསར་བཏོད་ཀྱི་འབྲས་བུ་མིན་ལ། ད་ལྟ་གསར་བཏོད་ཀྱི་རེས་ང་ཚོ་རྗེས་རབས་པའི་ཕྲག་ཏུ་བབས་ཡོད་ཕྱིར་ང་ཚོ་རྗེས་རབས་པ་རྣམས་ཀྱིས་གསར་གཏོད་ཅི་ཡང་མེད་པར་རྒྱུན་འཛིན་ཁོ་ན་བྱས་པ་ནི་རྗེས་ལུས་མགྲོན་དུ་འབོད་པའི་གཡབ་མོ་ཉིད་དུ་འགྱུར་བས་ན་རྗེས་ལུས་ཐེབས་མི་འདོད་པའི་ང་ཚོས་ལེ་ལོ་དང་སྒྱིད་ལུག  རྙིང་ཞེན་དང་བག་འཁུམས།རྨོངས་དད་སོགས་རྩ་བ་ནས་དོར་ཏེ་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཐུབ་པའི་གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་རྩོམ་རིག་གསར་རྩོམ་བྱ་རྒྱུ་ནི་བོད་མི་རིགས་འཕེལ་རྒྱས་ཀྱི་མདུན་ལམ་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཏུ་མཐོང་ནས་ཁོང་གིས། མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་ལ། བྭ་ཚའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། ཅེས་དང་། གསར་གཏོད་ཀྱི་སྟོབས་མེད་ན། དྲང་བདེན་ཟེར་བ་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད། ཅེས་གནད་དུ་ཐིངས་ཞིང་གནས་ལུགས་ཟབ་པའི་ཚིག་གིས་རྩོམ་རིག་གིས་མཚོན་པའི་བོད་ཀྱི་ལས་རིགས་སོ་སོ་གསར་གཏོད་རང་བཞིན་ལྡན་ པའི་འཕེལ་རྒྱས་ཀྱི་ལམ་ལ་ཞུགས་དགོས་པའི་དགོངས་གཞི་ཟབ་མོ་དེ་བསྟན་ཡོད།
  སྤྱིར་ལེགས་རྩོམ་འདི་ནི་རྩོམ་རིག་སྒྱུ་རྩལ་གྱི་ཚད་གཞིར་གྱུར་བའི་བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་གཉིས་ཀྱི་ཆ་ནས་ཡོངས་སུ་རྫོགས་འདུག་པ་དང་།རང་གི་བསམ་བློ་དང་མཐུན་པར་སྒྱུ་རྩལ་གྱི་ལམ་ནས་སྤྱི་ཚོགས་ལ་ཡང་དག་པར་ཁ་ལོ་བསྒྱུར་ཏེ་རྩོམ་རིག་གིས་མཚོན་པའི་བོད་ཀྱི་ལས་རིགས་སོ་སོ་དུས་རབས་གསར་བའི་ནང་དུ་གསར་ གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་བར་སྐུལ་འདེད་དང་ཁ་ཕྱོགས་ གསལ་བར་བསྟན་པས་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་སྐབས་དེར་ཉིན་བྱེད་འོད་སྟོང་ བསུ་བའི་སྐྱ་རེངས་ཀྱི་དོ་ཟླར་ཆས་སོ།།
  ད་ནི་སྐབས་སུ་བབས་པ་དྲག་བཙན་རང་གྲོལ་ལམ་དཔལ་དོན་འགྲུབ་རྒྱལ་ལགས་ཀྱིས་བརྩམས་གནང་མཛད་པའི《བསྟོད་པ་བཀླགས་པའི་འཆར་སྣང》གི་དགོངས་པ་ཇི་བཞིན་འགྲེལ་བ་ལ།  ཐོག་མར་གཞུང་གི་ཚིག་ཉེ་བར་འགོད་པ་དང་། དེ་ནས་འགྲེལ་བའི་འབྲུ་གཉེར་བ་སྟེ། འོག་མ་རྣམས་ལ་ཡང་འདི་བཞིན་འཆད་པར་བྱའོ།།
    མཁས་པའི་ཕྲག་གི་ཐེམ་སྐས་ལ།།
   རྩོམ་གྱི་རྐང་སྟེགས་འཇོག་མཁས་པའི།།
   མཁས་རློམ་གཞོན་ནུར་གུས་བཏུད་དེ།།
   བསྟོད་པའི་དཔྱད་པ་འདི་ཙམ་ཤོར།།
  ཞེས་པའི་དོན་ནི། སྔོན་གྱི་དུས་རབས་རྣམས་སུ་བྱོན་མྱོང་བའི་གངས་ཅན་བོད་ཀྱི་མཁས་དབང་དམ་པ་རིམ་བྱོན་རྣམས་ཀྱིས་ཆོས་དང་སྲིད་ཀྱི་རིག་གནས་རླབས་ཆེ་བ་དག་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱུན་འཛིན་དང་གསར་གཏོད་དར་སྤེལ་གནང་བ་ཡིན་ལ། ཁྱད་པར་རྩོམ་རིག་ངག་གི་དཔལ་ཏེ། སྙན་ངག མགུར་མ། རྟོགས་བརྗོད། བསྟོད་པ། ལེགས་བཤད།   བསླབ་བྱ་སོགས་རྩོམ་སྟངས་དང་མཚོན་ཐབས་མི་འདྲ་བ་སྣ་ཚོགས་གསར་གཏོད་ཀྱི་སྒོ་ནས་བོད་གངས་ཅན་གྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གནང་བ་ལགས་ན།  གསར་བཏོད་པ་ཁོངརྣམས་ནི་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བཀུར་ཞིང་འདུད་པར་བྱ་བའི་ཡུལ་དུ་གྱུར་མོད་ཀྱང་།  འོན་ཀྱང་གསར་བཏོད་ཀྱི་རང་ཉམས་ཅི་ཡང་མེད་ཅིང་ལད་མོ་ཁོ་ན་གསར་རྩོམ་གྱི་སྤྱི་ཆོས་སུ་འཛིན་པའི་དེང་གི་རྩོམ་པ་པོ་ཁག་ཅིག་ནི་སེང་གེའི་ལྷག་མ་ཟ་བའི་ཝ་སྐྱེས་ཀྱི་ངང་ཚུལ་གྱིས་བསྟོད་རྩོམ་གྱི་སྲོལ་རྒྱུན་རྩོམ་སྟངས་འདི་ཁོ་ནར་ལད་མོ་བྱས་ཏེ་བསྟོད་རྩོམ་འགའ་རེ་བྲིས་ཏེ་རྩོམ་མཁན་མཁས་པར་རློམ་པའི་ང་རྒྱལ་ཁེངས་དྲེགས་ཀྱིས་གནའ་དེང་གི་མཁས་པ་དེ་དག་གི་ལུས་ཀྱི་མཐོ་ཤོས་སྐེའམ་ ཕྲག་པ་ལ་ཡང་བསྟོད་རྩོམ་གྱི་རྐང་པས་བརྫིས་ཤིང་འཇོག་མཁས་པའི་མཁས་རློམ་གཞོན་ནུ་འདི་དག་ལ་བདག་གིས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་པའོ།།
  དེ་ལྟར་བཀུར་འོས་མ་ཡིན་ཞིང་ཕྱག་བྱ་བའི་ཡུལ་དུའང་མ་གྱུར་བ་ལ་རྩོམ་པ་པོ་ཁོང་གིས་བསམ་བཞིན་དུ་གུས་པའི་སྒོ་ནས་ཕྱག་འཚལ་བ་ནི་འོས་སུ་མ་མཆིས་པས་ན་དོན་གྱིས་ནི་བསྟོད་རྩོམ་རེ་གཉིས་བརྩམས་ཏེ་རྩོམ་མཁན་མཁས་པའི་གོ་སར་འགྱིང་པའི་མཁས་རློམ་རྣམས་ལ་ལྡོག་ཕྱོགས་ནས་ཟུར་ཟ་བྱས་པའོ།།
  དེ་ལྟར་བཀུར་འོས་མིན་པ་འདི་དག་ལ་གུས་པའི་སྒོ་ནས་ཕྱག་འཚལ་ཏེ། ད་ནི་སྐབས་སུ་བབས་པའི་དོན་གང་ལ་དཔྱད་གསུམ་དག་པའི་སྒོ་ནས་དཔྱད་པ་ཞིག་
གཏོང་ཞེ་ན། དེང་གི་དུས་འདིར(དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་དུས་མགོར)ང་ཚོ་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་བ་ལ་ཡིད་སྐྱོ་བའི་སྣང་ཚུལ་ཞིག་བྱུང་བ་སྟེ། རྩོམ་རིག་གི་དུས་དེབ་དང་ཚགས་པར་སོགས་ཕལ་ཆེར་བསྟོད་རྩོམ་གྱིས་ཁྱབ་སྟེ་རྩོམ་ལུས་སྣ་རྐྱང་ཅན་དུ་གྱུར་ཅིང་གླུ་བརྒྱ་ངག་གཅིག་གི་རྣམ་པར་སོང་བས་བོད་ཀྱི་རྩོམ་རིག་ལ་གསར་རྩོམ་གྱི་རང་མདངས་ཉམས་ཤིང་འཚོ་བའི་བདེན་སྣང་དང་བྲལ་བ། སྒྱུ་རྩལ་གྱི་རིན་ཐང་ཡལ་བ།  བསམ་བློ་ཡར་སྐུལ་གྱི་ནུས་པ་ཞན་པ་སོགས་བསྟོད་རྩོམ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་བྱུང་བ་ལ་ངས་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་པ་འདི་ཙམ་ཞིག་བློ་ལས་བྱུང་ཞིང་ངག་ལས་ཤོར་རོ་ཞེས་པའོ།།
            རྩོམ་རིག་དེབ་ཀྱི་གངས་ཁྲོད་དུ།།
            བསྟོད་ཚིག་གཡུ་རལ་གསིག་པ་ཡི།།
            འདམ་གྱི་གདོང་ལྔ་འགའ་ཞིག་གིས།།
            ཆོ་ངེ་སྒྲ་ལ་ངོ་མཚར་འཛིན།།
  ཞེས་པའི་དོན་ནི།དེང་གི་དུས་འདིར་ང་ཚོ་བོད་ཀྱི་རྩོམ་རིག་དུས་དེབ་ཀྱི་གངས་རིའི་ཁྲོད་འདིར་བསྟོད་ཚིག་གི་གཡུ་རལ་གནམ་དུ་གསིག་པའི་འདམ་སེང་འགའ་ཞིག་གིས་རང་ཉིད་ཀྱིས་འཛེར་བའི་མི་སྙན་པའི་ངུ་འབོད་ཀྱི་སྒྲའམ་ཆོ་ངེ་སྒྲ་གསང་མཐོར་སྒྲོགས་པ་ལ་ངོ་ མཚར་དུ་འཛིན་པ་ནི་ཤིན་ཏུ་འཁྲུལ་ལོ་ཞེས་པ་སྟེ།    དེ་ཡང་གཡུ་ཡི་རལ་བ་ལྗང་གུ་ནི་གངས་སེང་དཀར་མོའི་ཁྱད་ཆོས་ཁོ་ན་ཡིན་པ་ལས་འདམ་སེང་གི་ཁྱད་ཆོས་ནི་མ་ཡིན་བཞིན་དུ། རྩོམ་པ་པོས་འདམ་སེང་གིས་གཡུ་རལ་གསིག་པར་བཤད་པ་ནི་སེང་གེ་རྫུན་མ་ཡིན་པར་སྟོན་པ་སྟེ། དོན་ནི་བསྟོད་རྩོམ་འབྲི་མཁན་འགའ་ཞིག་ནི་རིག་གནས་ཆུ་ཚད་དམའ་ཞིང་སྒྱུ་རྩལ་ལག་ལེན་གྱི་ཉམས་མྱོང་མེད་པ།  རྩོམ་རྩལ་དང་རྩོམ་གཤིས་ཅི་ཡང་མེད་བཞིན་དུ་བསྟོད་རྩོམ་བྲིས་ཏེ་རྩོམ་མཁན་མཁས་པའི་གོ་སར་འགྱིང་པ་རྣམས་ལ་སུན་འབྱིན་དང་ཟུར་ཟ་བྱས་ཡོད། ཡང་སེང་གེ་རྫུན་མ་འདི་དག་གིས་འཛེར་བའི་ཆོ་ངེ་སྒྲ་ལ་ངོ་མཚར་བའི་རྒྱུ་ཅི་ཡང་མེད་པ་བཞིན་དུ།  བསྟོད་རྩོམ་པ་འགའ་ཞིག་གིས་རྩོམ་རིག་གི་རྩོམ་སྟངས་དང་སྒྱུ་རྩལ་གྱི་མཚོན་སྟངས་སྣ་མང་ཡོད་པ་དེ་དག་ཡལ་བར་དོར་ནས་རྗོད་བྱེད་ཀྱི་ཚིག་ཁོ་ན་ལ་འུད་བསྟོད་དང་སྒྲོ་འདོགས། རྟོག་བཟོ་སོགས་ཚིག་གི་སྤྲོས་ཤོམ་ཆེ་ན་ཡང་བརྗོད་བྱའི་དོན་ལ་འཚོ་བའི་བདེན་སྣང་གི་རང་བཞིན་ཅི་ཡང་མེད་པའི་བསྟོད་རྩོམ་དང་བསྟོད་རྩོམ་གྱི་འབྲི་སྟངས་འདི་ཉིད་གཅིག་པུ་ལ་ངོ་མཚར་དུ་འཛིན་པ་ནི་རྩོམ་རིག་གི་ངོ་མཚར་ཅི་ཡང་མ་རྟོགས་པའི་བླུན་པོའི་ངོ་མཚར་ཙམ་མོ་ཞེས་པའོ།།
  རྩོམ་པ་པོས་རྩོམ་རིག་དུས་དེབ་ནི་རྩོམ་རིག་གསར་རྩོམ་གྱི་ཞིང་ས་གཤིན་པོ་ཡིན་ལ། ང་ཚོས་རྩོམ་རིག་གི་ཞིང་ས་འདིར་བསྟོད་རྩོམ་ཁོ་ན་འབྲི་བའི་ལས་དེ་དོར་ནས་རྩོམ་ ལུས་མི་འདྲ་བ་དང་རྩོམ་སྟངས་མི་འདྲ་བ། རྩོམ་ཚུལ་མི་འདྲ་བའི་སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་ལ་སྦྱར་ཏེ་འཚོ་བའི་བདེན་པ་མཚོན་པའི་སྒྱུ་རྩལ་གྱི་སྣང་བརྙན་སྣ་ཚོགས་གསར་བཞེངས་བྱས་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་པའི་གནས་ལུགས་གསལ་བར་བསྟན་ཡོད།།
         མཁའ་ལྡིང་མགྲིན་པའི་ཕུག་པ་རུ།།
         ནེ་ཙོའི་རོ་འཛིན་མི་མཛེས་ཀྱང་།།
         འདི་དག་སྨྲ་བའི་རྒྱལ་བོ་མཆོག།།
         དབྱངས་ཅན་དགའ་མས་འཁྱུད་འདི་མཚར།།
  ཞེས་པའི་དོན་ནི།འདབ་ཆགས་བྱ་ཡི་རྒྱལ་བོ་ཁྱུང་ཆེན་ནམ་མཁའ་ལྡིང་གི་མགྲིན་པའི་ཕུག་པ་རུ་ཚིག་འཇམ་བསྟོད་ཚིག་སྨྲ་བར་མཁས་པའི་ནེ་ཙོའི་རོ་འཛིན་དེ་མི་མཛེས་ཀྱང་ཞེས་པ་སཏེ།  དོན་ནི་རིག་གནས་གསར་བ་དང་བསམ་བློ་གསར་བ་དར་བཞིན་པའི་ད་ལྟའི་སྤྱི་ཚོགས་འདིར་གསར་བཏོད་དང་འཕེལ་རྒྱས་ཀྱི་རྣམ་པ་ཅི་ཡང་མེད་པར་སྲོལ་རྒྱུན་གྱི་རྩོམ་སྟངས་བསྟོད་རྩོམ་ཁོ་ན་ལད་འབྲི་བྱས་པ་ནི་དུས་རབས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་གང་ལ་ཡང་མི་འཚམས་པས་བསྟོད་རྩོམ་ཁོ་ན་འབྲི་བའི་ལས་འདི་མཁས་པའི་ངག་ལ་མི་མཛེས་ཤིང་ལས་སུ་བྱ་བ་གལ་ཆེན་དུའང་མ་མཐོང་མོད།   འོན་ཀྱང་བླུན་པོ་མཁས་པར་བརྫུས་པའི་རྩོམ་པ་པོ་འགའ་ཞིག་ནི་སྤྱི་ཚོགས་དང་དུས་རབས་ཀྱི་འགན་འཁྲི་བླ་ན་མེད་པ་དེ་རྩྭ་ལྟར་དོར་ནས་རང་ཉིད་སྤྲོ་བ་སྐྱེད་བྱེད་དང་བླུན་པོ་ངོ་མཚར་སྐྱེད་བྱེད་དུ་བརྗོད་བྱ་དོན་གྱིས་སྟོང་ཞིང་རྗོད་ཚིག་འུད་བརྗོད་དང་རྟོག་བཟོ་སོགས་ཀྱིས་བསྟོད་པ་ཐལ་དྲགས་པའི་བསྟོད་རྩོམ་ཁོ་ན་བྲིས་ཏེ་རང་གཞན་གཉིས་ཀ་བསླུ་བར་བྱེད་པའི་བྱ་བ་ལ་གཅིག་ཏུ་བརྩོན་པ་རྣམས་དང་བསྟོད་རྩོམ་བརྩམས་ནས་མཁས་པའི་གོ་འཕང་བདེ་བླག་གིས་འཐོབ་པར་རེ་བའི་བསྟོད་རྩོམ་པ་འདི་དག་གི་སྨྲ་བའི་རྒྱལ་བོ་སྟེ་ལྕེའི་དབང་བོ་ལ་ནི་སྙན་ངག་གི་ལྷ་མོ་དབྱངས་ཅན་མའི་དགའ་མ་འདིས་འཁྱུད་པ་འདི་ནི་ཤིན་ཏུ་ཁྱད་མཚར་རོ་ཞེས་ལྷ་མོ་དབྱངས་ཅན་མ་དང་རྒྱང་ཐག་རིང་བའི་བསྟོད་རྩོམ་པ་འདི་དག་ཡི་དམ་ལྷ་
མོས་རྗེས་སུ་བཟུང་བར་སྒྲོ་བཏགས་ནས་བསྟོད་པའི་ཟོལ་གྱིས་སྨད་དེ་བསྟོད་རྩོམ་འབྲི་བ་ལ་ཟུར་ཟ་དང་སུན་འབྱིན་བྱས་ཡོད།
          མཁས་པས་གསོལ་འདེབས་བརྒྱ་བྱས་ཀྱང་།།
          ངག་གི་དབང་ཕྱུག་མ་འགྲུབ་པར།།
          བླུན་པོས་བསྟོད་ཚིག་ཡ་གཅིག་གིས།།
          དབྱངས་ཅན་གྲུབ་པ་དེ་བས་མཚར།།
  ཞེས་པའི་དོན་ནི། སྔོན་གྱི་མཁས་པ་མང་པོས་ཀྱང་སྙན་ངག་གི་ལྷ་ཁྱད་པར་ཅན་ལྷ་མོ་དབྱངས་ཅན་མའི་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་ལ་བསྟོད་ཅིང་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་སམ་བསྟོད་པ་ལན་གཅིག་མ་ཡིན་པར་ཐེངས་བརྒྱ་ཕྲག་དུ་མར་བྱས་ན་ཡང་བསྟོད་ཚིག་ཁོ་ནའི་ངག་གི་སྦྱོར་བ་འདིས་སྨྲ་བ་ངག་གི་དཔལ་ལ་དབང་འབྱོར་བའི་ངག་གི་དབང་ཕྱུག་གམ་ངག་གི་དངོས་གྲུབ་མ་འགྲུབ་པར། ད་སྐབས་བསྟོད་ཚིག་ཡ་གཅིག་ཙམ་ངག་ཏུ་གྱེར་བའི་བླུན་པོ་འགའ་ཞིག་ནི་ཤིན་ཏུ་ལས་སླ་བའི་སྒོ་ནས་བསྐལ་བར་ཁུགས་དཀའ་བའི་ལྷ་མོ་དབྱངས་ཅན་མ་རང་གི་སྙན་ངག་གི་གྲོགས་སུ་ཁུགས་པ་འདི་ནི་ཤིན་ཏུ་ནས་ཀྱང་ཤིན་ཏུ་མཚར་རོ་ཞེས་རྩོམ་མཁན་མཁས་པར་རློམ་པའི་བསྟོད་རྩོམ་པ་རྣམས་ལ་ཟུར་ཟ་དང་སུན་འབྱིན་བྱས་ཡོད།  དེ་ཡང་བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་གང་ཡང་མེད་པའི་བསྟོད་རྩོམ་འགའ་བྲིས་ནས་སྤྱི་ཚོགས་དང་བསམ་བློའི་སྣེ་ཁྲིད་མཁན་གྱི་རྩོམ་པ་པོའི་གོ་སར་འགྱིང་བ་དེ་དགག་ནས་སྤྱིར་རྩོམ་པ་པོ་ཞིག་ཡིན་ཕྱིན་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་པ།མཐོང་རྒྱ་ཆེ་ཞིང་བློ་ཁོག་ཡངས་པ།  འཚོ་བའི་ཉམས་མྱོང་ཟབ་ཅིང་སྒྱུ་རྩལ་ལག་ལེན་ལ་མཁས་པ།  རྩོམ་རྩལ་རྫོགས་ཤིང་རྩོམ་གཤིས་ཆགས་པ་བཅས་ཀྱི་ཆ་རྐྱེན་དེ་དག་ལྡན་དགོས་པ་རྒྱུ་མཚན་དོན་གྱིས་བསྟན་ཅིང་།ཆ་རྐྱེན་དེ་དག་དང་ལྡན་ན་ད་གཟོད་ལྷ་མོ་དབྱངས་ཅན་མ་རང་གི་གྲོགས་སུ་ཁུགས་ཤིང་རྩོམ་མཁན་མཁས་པའི་གྲལ་དུ་འདུག་ལ་དབང་ངོ་ཞེས་གསུངས་སོ།།
    རྩོམ་རིག་སྒྱུ་རྩལ་སྐྱེད་ཚལ་དུ།།
    ས་མོས་སྣ་བརྒྱ་མཛེས་མོད་ཀྱང།།
    མདོག་ལེགས་མེ་ཏོག་སྣ་གཅིག་གིས།།
    ཁེངས་ན་དཔྱིད་དཔལ་ཉམས་མིན་ནམ།།
     ཞེས་པའི་དོན་ནི། རིགས་གཅིག་པའི་མེ་ཏོག་བརྒྱ་ཕྲག་ལྷུག་པོར་གྲོལ་བའི་སྐྱེད་མོས་ཚལ་དེ་ཇི་ལྟར་མཛེས་ཤིང་ལྟ་ན་སྡུག་ན་ཡང་།རིགས་མི་འདྲ་བའི་མེ་ཏོག་སྣ་བརྒྱ་སྡུག་གུར་བཞད་པའི་སྐྱེད་མོས་ཚལ་གྱི་མཚར་སྡུག་གི་དོ་ཟླར་མི་འོང་པ་བཞིན་དུ། བསྟོད་རྩོམ་གྱི་འབྲི་སྟངས་འདི་ཇི་ལྟར་འཆར་ཡན་དང་ལྡན་ཞིང་ཚིག་རྒྱན་ཕུན་སུམ་ཚོགས་ན་ཡང་རྩོམ་ རིག་གི་དུས་དེབ་ཡོངས་སུ་བསྟོད་རྩོམ་ཁོ་ནས་ཁྱབ་པར་གྱུར་ན།  སྒྲུང་གཏམ་དང་ལྷུག་རྩོམ།ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག དཔྱད་རྩོམ་སོགས་སྒྱུ་རྩལ་གྱི་མཚོན་ཐབས་མི་འདྲ་བ་དང་རྩོམ་སྟངས་མི་འདྲ་བ།རྩོམ་ལུས་མི་འདྲ་བའི་མི་རིགས་གཞན་གྱི་རྩོམ་རིག་སྒྱུ་རྩལ་གྱི་མཚར་སྡུག་ལ་ཇི་ལྟར་འགྲན་པ་སྟེ་འགྲན་མི་ནུས་སོ་ཞེས་པ་སྟེ།ང་ཚོས་རྩོམ་རིག་དུས་དེབ་ལ་བརྟེན་ནས་སྲོལ་རྒྱུན་གྱི་རྩོམ་སྟངས་རྒྱུན་འཛིན་དང་རྒྱུན་འཛིན་ལ་བརྟེན་ནས་གསར་གཏོད་བྱས་ཏེ་རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱ་རྒྱ་ཇེ་ཆེ་དང་ཁྱབ་ཇེ་ཆེར་གཏོང་བ་དང་སྒྱུ་རྩལ་གྱི་མཚོན་སྟངས་སྣ་མང་ལ་དྲངས་ནས་སྤྱི་ཚོགས་ཀྱི་རིན་ཐང་དང་ འཚོ་བའི་བདེན་པ་སྒྱུ་རྩལ་གྱི་སྣང་བརྙན་ལ་བཞེངས་ནས་ཚུར་སྣང་བྱེད་རྒྱུ་ནི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན་པས།  ང་ཚོས་འཕེལ་རྒྱས་ཀྱི་ཆོས་ཉིད་འདི་སྣང་མེད་དུ་བཞག་ནས་སྲོལ་རྒྱུན་གྱི་བཀག་རྒྱ་གཏོར་མི་ཐུབ་ཅིང་གསར་གཏོད་ཅི་ཡང་མེད་པར་རྒྱུན་འཛིན་ཁོ་ན་བྱེད་པ་ནི་བོད་ཀྱི་རྩོམ་རིག་འཕེལ་མེད་རང་སོར་གནས་པ་དང་ངེས་པར་རྗེས་ལུས་ཐེབས་པའི་གནས་ལུགས་དེ་གསལ་བར་བསྟན་ནས། སྲོལ་རྒྱུན་གྱི་བཀག་རྒྱ་གཏོར་མི་ཐུབ་པར་བསྟོད་རྩོམ་རྐྱང་བས་ཁེངས་པའི་རྣམ་པ་དེ་སྒྲུབ་བྱེད་གནས་ལུགས་ཟབ་མོས་བཀག་ཅིང་སྒྱུ་རྩལ་གྱི་འབྲི་སྟངས་སྣ་མང་ལ་དྲངས་ནས་མི་རིགས་ཀྱི་བློ་སྟོབས་འདོན་སྤེལ་བྱེད་པ་དང་།   སྤྱི་ཚོགས་དང་བསམ་བློ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་དགོས་པར་སྐུལ་འདེད་བྱས་ཡོད།།
          བསྟོད་པ་བྲིས་ན་ལོས་ཆོག་ཀྱང་།།
          ཧ་ཅང་བསྟོད་པ་ཐལ་ཆེ་ན།།
          གང་གཱའི་ཆུ་བོ་རྒྱ་མཚོར་བཞིན།།
          སྨད་པའི་བ་ཚྭར་ངེས་པར་འགྱུར།།
  ཞེས་པའི་དོན་ནི། ང་ཚོས་རྒྱུན་འཛིན་གྱི་ཆེད་དུ་བསྟོད་རྩོམ་བྲིས་ན་མི་ཆོག་པ་གང་ཡང་མེད་དེ།  སྔོན་བྱོན་འཕགས་བོད་ཀྱི་ལོ་པན་མཁས་གྲུབ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་གསེར་རིའི་ཕྲེང་བ་བཞིན་དུ་རིམ་པར་བྱོན་པ་རྣམས་ཀྱིས་ཀྱང་བསྟོད་པའི་རྩོམ་སྟངས་འདི་ལ་བརྟེན་ནས་སངས་རྒྱས་བྱང་སེམས་དང་བླ་མ་སྐྱེས་ཆེན་རྣམས་ཀྱི་སེམས་ཅན་ལ་གཅིག་ཏུ་སྨན་པའི་མཛད་པ་འཕྲིན་ལས་རླབས་ཆེ་བ་དག་སྙན་ངག་གི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ལམ་ནས་བསྔགས་པ་བརྗོད་པའི་བསྟོད་རྩོམ་ཕུལ་དུ་བྱུང་བ་མང་པོ་བརྩམས་གནང་མཛད་ཡོད་པ་དེ་དག་ནི་འཛམ་གླིང་གི་རྩོམ་རིག་བང་མཛོད་ཆེན་པོའི་ནང་གི་རིན་ཐང་གཞལ་དུ་མེད་པའི་མུ་ཏིག་གི་ཚོམ་བུ་ཞིག་ཡིན་པས་ང་ཚོ་རྗེས་རབས་པ་རྣམས་ཀྱིས་ཀྱང་རྒྱུན་འཛིན་གང་ལེགས་བྱས་ཏེ་སྔ་རབས་པའི་རྗེས་སུ་འབྲངས་ནས་བསྟོད་རྩོམ་འབྲི་རྒྱུ་དེ་ཡང་སྣང་མེད་དུ་འཇོག་མི་རུང་བའི་རྩོམ་རིག་གི་ལས་དོན་གལ་ཆེན་ཞིག་ཏུ་མཐོང་མོད་ཀྱང་ད་ལྟ་ནི་དུས་རབས་གསར་བ་ཞིག་གི་མགོ་བརྩམས་པ་ཡིན་པས་རྒྱུན་འཛིན་ལས་གསར་བཏོད་ཅི་ཡང་མེད་པར་ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས་སྲོལ་རྒྱུན་གྱི་རྩོམ་སྟངས་གཅིག་ཁོ་ན་མགྲིན་པར་གྱེར་བ་ལ་གསར་གཏོད་ཀྱི་རེ་བ་མེད་ལ། འཕེལ་རྒྱས་ཀྱི་གོམ་ཤུགས་དེ་བས་ཀྱང་གང་ན་ཡོད། བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་བོད་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བའི་བྱ་རིམ་ཁྲོད་རྩོམ་རིག་གི་ཐད་ནས་ཀྱང་རང་རྐྱ་ཐུབ་པའི་རྩོམ་སྟངས་དང་རྩོམ་ལུས་མི་འདྲ་བ་མང་པོ་གསར་གཏོད་གནང་ཡོད་པ་དེ་དག་ནི་བོད་ཀྱི་རྩོམ་་རིག་གི་སྲོག་ཤིང་དང་རྨང་གཞི་ཡིན། ད་ལྟ་གསར་གཏོད་ཀྱི་རེས་
ང་ཚོ་རྗེས་རབས་པའི་ཕྲག་ལ་བབས་ཡོད་ཕྱིར་ང་ཚོས་ཀྱང་གསར་གཏོད་ཀྱི་ཆེད་དུ་རྒྱུན་འཛིན་དང་རྒྱུན་འཛིན་གྱི་ཆེད་དུ་ངེས་པར་གསར་གཏོད་བྱེད་དགོས།ང་ཚོར་གསར་བཏོད་ཀྱི་ཉམས་ཅི་ཡང་མེད་པར་བསྟོད་པ་ཁོ་ན་ངག་ཏུ་གྱེར་བ་ནི་ངོ་གནོང་བའི་རྒྱུའོ།།
  རྒྱུན་འཛིན་གྱི་ཆེད་དུ་བྲིས་པའི་བསྟོད་རྩོམ་ཡིན་ན་ཡང་དགོས་པ་དང་དམིགས་ཡུལ་གང་ཡང་མེད་པར་རང་བཞིན་ལས་ཆེ་ཆེར་བརྒལ་བའི་འཁྱོག་བརྗོད་དང་རྟོག་བཟོ། འུད་བསྟོད་ལ་བརྟེན་ནས་རྩོམ་རིག་གི་བདེན་སྣང་རང་བཞིན་དང་བསམ་བློའི་རང་བཞིན། སྤྱི་ཚོགས་ཀྱི་རིན་ཐང་བཅས་ཤོར་བར་བྱས་ཏེ་བསྟོད་པ་ཐལ་དྲགས་ན་མི་འདོད་བཞིན་དུ་བསྟོད་པའི་ཟོལ་གྱིས་སྨད་པར་འགྱུར་ངེས་ཏེ། དཔེར་ན། གང་གཱའི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་དེ་ཡང་དྲག་ཏུ་བཞུར་བའི་མཐའ་མར་རྒྱ་མཚོ་དང་འདྲེས་ཏེ་སྐྱེ་དགུས་ལོངས་སྤྱད་དུ་མི་བཏུབ་པའི་བ་ཚྭ་ཅན་དུ་འགྱུར་བའི་དཔེ་བཞིན་ནོ།།
            རྩོམ་རིག་སྒེག་མོའི་མགུལ་རྒྱན་དུ།།
            བཅོས་མའི་མེ་ཏོག་ཉེར་ཕུལ་ཀྱང་།།
            དཔྱོད་ལྡན་རྐང་དྲུག་གསར་བའི་ཁྱུས།།
            སྦྲང་རྩིའི་དགའ་སྟོན་ཅི་ལྟར་མྱོང་།།
   ཞེས་པའི་དོན་ནི།རྩོམ་རིག་སྒེག་མོ་འདིའི་མགུལ་རྒྱན་དུ་གསར་བཞད་དྲི་བསུང་ཞིམ་པའི་མེ་ཏོག་གི་ཕྲེང་བ་མི་འདོགས་པར། ཚོན་ལྡན་ཤོག་བུ་དང་འགྱིག་ཤོག་སོགས་ལས་བྱས་པའི་བཅོས་མའི་མེ་ཏོག་གི་ཕྲེང་བ་མགུལ་རྒྱན་དུ་ཉེ་བར་ཕུལ་ན་ཡང་རྣམ་དཔྱོད་དང་ལྡན་པའི་ཀློག་པ་པོའི་རྐང་དྲུག་བུང་བ་གསར་བའི་ཁྱུ་དག་གིས་རོ་བཅུད་དང་ལྡན་པའི་སྦྲང་རྩིའི་དགའ་སྟོན་ཇི་ལྟར་མྱོང་བ་སྟེ། མྱོང་མི་ནུས་སོ་ཞེས་པ་སྟེ། བདེན་ངེས་ཀྱི་རང་བཞིན་ཤོར་བའི་བསྟོད་རྩོམ་དེ་བཅོས་མའི་མེ་ཏོག་གི་གཟུགས་སུ་བཀོད་པ་དང།རྣམ་དཔྱོད་དང་ལྡན་པའི་ཀློག་པ་པོ་རྣམས་རྐང་དྲུག་བུང་བ་གསར་བའི་ཁྱུ་དག་གི་གཟུགས་སུ་བཀོད།  ཡིད་ཀྱིས་མྱོང་བྱར་གྱུར་བའི་རྩོམ་རིག་གི་རོ་མྱོང་དེ་སྦྲང་རྩིའི་དགའ་སྟོན་གྱི་གཟུགས་སུ་བཀོད་པ་སྟེ།   དོན་གྱི་སྙིང་བོ་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱེད་པ་ལ་གསར་གཏོད་ཀྱི་རང་བཞིན་ཅི་ཡང་མེད་པར་བརྗོད་དོན་དང་བདེན་ངེས་ཀྱིས་སྟོང་བའི་བསྟོད་རྩོམ་ཁོ་ན་བྲིས་ན་ཤེས་བྱའི་སྦྲང་རྩི་འཐུང་བར་འདོད་པའི་ཀློག་པ་པོ་རྣམས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་ལས་བྱུང་པའི་རོ་མྱོང་ཁྱད་པར་ཅན་དེ་ཇི་ལྟར་མྱོང་སྟེ་མྱོང་བྱ་མེད་པས་མྱོང་མི་ནུས་སོ་ཞེས་པའོ།།
          དོན་མེད་ཚིག་གི་ཤིང་སྐམ་ལ།།
          མདོ་མེད་ལོ་འདབ་བརྒྱ་བཏགས་པ།།
          གཞན་ཕན་མེ་ཏོག་ལྟར་སྣང་ཡང་།།
          འབྲས་བུ་སྨིན་པ་སྲིད་ན་མེད།།
ཅེས་པའི་དོན་ནི།ཤིང་སྡོང་སྐམ་པོ་ལ་བཅོས་མའི་མེ་ཏོག་དང་ལོ་འདབ་བརྒྱ་ཕྲག་མང་པོ་བཏགས་ཏེ་གཡུ་ལོ་ཐགས་སུ་བཀྲ་བའི་རྣམ་པར་སྤྲས་པ་དེ་ཀུན་གྱི་མིག་ལམ་ན་གཞན་ཕན་གྱི་མེ་ཏོག་ལྟར་སྣང་ཞིང་མཛེས་ན་ཡང་།དེ་ལ་དོན་གྱི་འབྲས་བུ་ནམ་ཡང་སྨིན་མི་སྲིད་པའི་དཔེ་བཞིན་དུ།  རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་ན་བརྗོད་བྱའི་སྙིང་བོ་ཕུན་སུམ་ཚོགས་པ་དང་ལྡན་དགོས་པ་སྟེ།   སྤྱི་ཚོགས་ཀྱི་འཚོ་བ་དངོས་ཡང་དག་པར་མཚོན་དགོས་པ་དེ་ཡིན།དེ་ཡང་སྤྱི་ཚོགས་འཚོ་བ་དངོས་རྨང་གཞི་བྱས་ནས་གསར་རྩོམ་བྱེད་དགོས་པའམ་འཚོ་བའི་རྣམ་པ་དེ་སྒྱུ་རྩལ་གྱི་རྣམ་པར་བསྒྱུར་ཏེ་འཚོ་བའི་བདེན་གྲུབ་རང་བཞིན་གྱི་བརྗོད་བྱ་དང་ལྡན་དགོས་པར་བསྟན་ཅིང་།འཚོ་བའི་བདེན་གྲུབ་རང་བཞིན་གྱི་བརྗོད་བྱ་དེ་ཡང་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་རྩོམ་རིག་སྒྱུ་རྩལ་གྱི་བདེན་གྲུབ་རང་བཞིན་དུ་གཏོང་དགོས།བདེན་གྲུབ་རང་བཞིན་གྱི་བརྗོད་བྱ་དེ་ནི་རྩོམ་རིག་གི་བླ་སྲོག་ལྟ་བུ་ཡིན་པས་བརྗོད་བྱ་དེ་དང་བྲལ་བའི་རྩོམ་རིག་བརྩམས་ཆོས་ནི་བླ་སྲོག་ཤོར་བའི་བེམ་པོ་ཉིད་དུ་འགྱུར་ལ།དེ་ལ་སྒྱུ་རྩལ་གྱི་མཚོན་ཐབས་སྣ་མང་དང་སྒྱུ་རྩལ་གྱི་ཚིག་སྦྱོར་ཕུན་སུམ་ཚོགས་པས་ཇི་ལྟར་སྤྲས་ན་ཡང་རྩོམ་རིག་གི་དོན་གྱི་འབྲས་བུ་སྟེ།  སྤྱི་ཚོགས་ཡར་སྐུལ་གྱི་ནུས་པ་དེ་ཐོན་མི་ཐུབ་བོ་ཞེས་པའོ།།
           འཚོ་བའི་རླུང་གིས་མ་གཡོས་པའི།།
           རྩོམ་གྱི་མཚོ་མོའི་རླབས་ཕྲེང་ནི།།
           བརྒྱ་ལམ་ཙམ་ན་སྲིད་མཆིས་ཀྱང་།།
           ལྦུ་བ་བཞིན་དུ་ག་ལ་རྟག།།
   ཅེས་པའི་དོན་ནི།  རླུང་གིས་མ་གཡོས་པའི་མཚོ་མོའི་རླབས་ཕྲེང་ཞིག་འཇིག་རྟེན་འདིར་མི་སྲིད་ལ། གལ་ཏེ་བརྒྱ་ལམ་ཙམ་ན་སྲིད་དུ་མཆིས་ན་ཡང།  དེ་ནི་ཆུ་ཡི་ལྦུ་བ་བཞིན་དུ་མི་རྟག་ཅིང་འཇིག་པའི་ཆོས་ཅན་ཡིན་པ་བཞིན་དུ།  སྤྱི་ཚོགས་འཚོ་བ་དང་ཁ་བྲལ་བའི་རྩོམ་རིག་སྒྱུ་རྩལ་ཞིག་ཀྱང་གཏན་ནས་ཡོད་མི་སྲིད་ལ། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཡང་རྩོམ་རིག་གི་ནུས་པ་ཏིལ་ཙམ་འདོན་མི་ནུས་པར་ཆུ་ཡི་ལྦུ་བ་བཞིན་དུ་སྐད་ཅིག་ཉིད་དུ་མི་རྟག་པར་འགྱུར་རོ་ཞེས་པ་སྟེ།  དོན་ནི་སྤྱི་ཚོགས་འཚོ་བ་རྩོམ་རིག་གི་འབྱུང་ཁུངས་ཡིན་པ་གསལ་བར་བསྟན་ཅིང་།  དེ་གཉིས་ཀྱི་འབྲེལ་བ་ནི་མཚོན་བྱ་དང་མཚོན་བྱེད་དང་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་ཡིན་པ་དང་། སྤྱི་ཚོགས་འཚོ་བ་དང་ཁ་བྲལ་ན་རྩོམ་རིག་འབྱུང་མི་ཐུབ་པའི་གནས་ལུགས་གསལ་བར་བསྟན་ནས་ཤུགས་ནས་འཚོ་བའི་བདེན་ངེས་དང་བྲལ་བའི་བསྟོད་རྩོམ་འགའ་རེ་ལ་དགག་ཅིང་སུན་འབྱིན་པའོ།།
          ལེགས་བཤད་ནོར་བུ་འདིའོ་ཞེས།།
        མཆིང་བུའི་མངོན་བརྗོད་འགའ་བསྟན་ནས།།
         བླ་མ་བླ་མར་མིན་ཞེས་པའི།།
        དོན་མཐུན་འདི་དག་སྙིང་རེ་རྗེ།།
   ཞེས་པའི་དོན་ནི།    འཇིག་རྟེན་གྱི་གནས་ལུགས་དང་སྤྱི་ཚོགས་ཡར་སྐུལ་གྱི་བསམ་བློ་ཕྱིན་ཅི་མ་ལོག་པར་བསླབ་བྱའི་ཟབ་དོན་ཕུན་སུམ་ཚོགས་པ་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་ཉེ་བར་སྟོན་པའི་ལེགས་བཤད་ཀྱི་ནོར་བུ་ནི་འདིའོ་ཞེས་བསྟོད་རྩོམ་པ་འགའ་ཞིག་གིས་མཆིང་བུར་མངོན་པར་བརྗོད་པའམ་བརྗོད་བྱ་དམན་པའི་བསྟོད་རྩོམ་འགའ་བྲིས་ནས་ཀུན་གྱི་མཐོང་ཆོས་སུ་ཉེ་བར་བསྟན་ཅིང་ངོམ་སོ་བྱས་པ་དང་རང་ཉིད་ཁོ་ན་རྩོམ་མཁན་མཁས་པར་རློམ་ནས།  བླ་མ་རྣམས་ཀྱང་བླ་མར་མིན་པར་སྒྲུབ་པ་སྟེ། ངེས་པ་དོན་གྱིས་མཁས་པའི་བླ་མའམ་མཁས་པ་རྣམས་ཀྱང་བླུན་པོར་བྱས་ཤིང་དེ་དག་གིས་བརྩམས་པའི་སྒྱུ་རྩལ་གྱིས་ཕྱུག་པའི་བརྩམས་ཆོས་དག་ཀྱང་རིན་མེད་བརྩིས་མེད་དུ་གཏོང་བའི་གཡོ་ཟོལ་གྱི་བྱ་སྤྱོད་སྤེལ་བ་འདི་དག་ནི་སྙིང་རེ་རྗེ་ཞེས་སྙིང་རྗེའི་ཉམས་ཀྱིས་ཟུར་ཟ་བྱས་པའོ།།
           ལོང་བ་དག་ལ་སྤྱན་སྟོང་ཅན།།
           འཐེང་བོ་ལ་ནི་མགྱོགས་འགྲོ་ཞེས།།
           བསྟོད་ཚིག་མེ་ཏོག་རབ་གཏོར་ཅིང་།།
           ཞིབ་ཏུ་དཔྱད་ན་སྙིང་བོས་དབེན།།
   ཞེས་པའི་དོན་ནི།  མིག་གི་དབང་བོ་འགྲིབ་ཅིང་ཉམས་ནས་གཟུགས་ཀྱི་ངོ་མཚར་ཅི་ཡང་མི་མཐོང་བའི་ལོང་བ་དག་ལ་འདི་ནི་སྤྱན་སྟོང་དང་ལྡན་ནོ་ཞེས་དང་། རྐང་པ་ཞ་སྐྱོན་ཅན་འགྲོས་མི་བདེ་བའི་འཐེང་བོ་ལ་ནི་འདི་རྒྱུགས་ན་ཤིན་ཏུ་མགྱོགས་པ་སྐྱི་བསེར་རླུང་དང་ མཚུངས་སོ་ཞེས་སྒྱུ་རྩལ་གྱི་དགོས་པ་ཅི་ཡང་མེད་པར་འཇིག་རྟེན་གྱི་གྲགས་ཚོད་དང་ དངོས་པོའི་གནས་ཚོད་ལས་ཆེ་ཆེར་བརྒལ་བར་བྱེད་དེ་འུད་ཆེན་པོས་བརྗོད་པའི་བསྟོད་ཚིག་གི་མེ་ཏོག་རབ་ཏུ་གཏོར་བར་བྱས་ན་ཡང་།  སེམས་རྣལ་དུ་ཕབ་ནས་བློ་ཞིབ་མོས་དཔྱད་པ་རེ་བཏང་ན།འཚོ་བའི་བདེན་སྣང་གི་རང་བཞིན་ཤོར་བའི་བསྟོད་རྩོམ་འདི་དག་ནི་བླ་སྲོག་ཤོར་བའི་བེམ་པོ་དང་མཚུངས་པས་སྙིང་བོ་ཅི་ཡང་མེད་དོ་ཞེས་པ་སྟེ།  སྒྱུ་རྩལ་གྱི་རྩོམ་རིག་ཅིག་ཡིན་ན་བརྗོད་བྱ་སྤྱི་ཚོགས་འཚོ་བ་ལ་གཞོལ་དགོས་ཤིང་སྔོན་ཐོན་གྱི་བསམ་བློ་དང་ལྡན་དགོས་པ་ནན་གྱིས་བསྟན་ནས། སྐབས་དེར་བྲིས་པའི་འཚོ་བའི་བདེན་སྣང་དང་སྔོན་ཐོན་གྱི་བསམ་བློ་གང་ཡང་མེད་པའི་བསྟོད་རྩོམ་ལ་སུན་འབྱིན་པའོ།།
         བརྗོད་བྱའི་དོན་ནི་བཅོས་མིན་ལ།།
          རྗོད་བྱེད་ཚིག་གི་སྡེབ་ལེགས་ཀྱང།།
         བསྟོད་པ་ཞེས་པའི་མཚན་སྙན་གྱི།།
          མདུང་ཐུང་སྒྲ་འཛིན་དཀྲུགས་མིན་ནམ།།
   ཞེས་པའི་དོན་ནི། དེང་སྐབས་བོད་ཀྱི་རྩོམ་པ་པོ་རྣམས་བསྟོད་རྩོམ་འབྲི་བར་འུར་ལངས་ནས་ཚང་མས་གླུ་བརྒྱ་ངག་གཅིག་གིས་བསྟོད་རྩོམ་ཁོ་ན་བྲིས་པ་ཡིན་ན། གལ་ཏེ་བསྟོད་རྩོམ་དེ་དག་གི་བརྗོད་བྱའི་དོན་ནི་བཅོས་མ་མ་ཡིན་པ་འཚོ་བ་ངོ་མ་མཚོན་ཡོད་པ་དང་ རྗོད་བྱེད་ཚིག་གི་སྡེབ་སྦྱོར་ཡང་ལེགས་ཤིང་སྙན་འཇེབས་དང་ལྡན་ན་ཡང་།  ངས་ཀྱང་བསྟོད། ཁྱོས་ཀྱང་བསྟོད། ཁོས་ཀྱང་བསྟོད། ཚང་མས་ཀྱང་བསྟོད་པ་འབྲི་བའི་གནས་སྐབས་ འདིར།རྒྱུན་འཛིན་ལས་གསར་གཏོད་ཅི་ཡང་མེད་པར“བསྟོད་པ”“བསྟོད་པ” ཞེས་པའི་མཚན་སྙན་གྱི་མདུང་ཐུང་འདིས་གསར་གཏོད་སྤོབས་པས་ཁེངས་པའི་བློ་ལྡན་རྣམས་ཀྱི་སྒྲ་འཛིན་ནམ་རྣ་བ་དབང་བོ་དཀྲུགས་པ་མ་ཡིན་ནམ་ཞེས་པའོ།།
           རྒྱུན་དུ་མངར་ཟས་བསྟེན་པ་ཡིས།།
           སྐྱེ་བོ་དེ་ཡི་འཇིགས་པ་བཞིན།།
           རྟག་ཏུ་བསྟོད་པ་འབུལ་རྣམས་ཀྱང།།
           ཕུགས་སུ་ནོངས་པའི་རྒྱུ་རུ་ཟད།།
ཅེས་པའི་དོན་ནི།  བློ་ལྡན་རྣམས་བསྟོད་རྩོམ་གྱིས་སུན་སྣང་སྐྱེ་བ་ནི་དཔེར་ན་སྐྱེ་བོ་ལྟོ་འདུན་ཅན་ཞིག་གིས་ཟས་རིགས་གཞན་དག་སྤངས་ནས་མངར་ཟས་ཁོ་ན་བསྟེན་ཅིང་ལོངས་སྤྱད་པ་ཡིས་ནམ་ཞིག་གི་ཚེ་ན་སྐྱེ་བོ་དེས་མངར་ཟས་ཟ་འདོད་ཀྱི་ཡི་ག་ཡོངས་སུ་འགག་པར་གྱུར་ཏེ། དེ་ཟ་བ་ལྟ་ཞོག་མིག་གིས་མཐོང་བ་དང་སེམས་ལ་དྲན་པ་ཙམ་གྱིས་ཀྱང་ཞེ་མེར་ཞིང་སྐྱུག་ལངས་པར་བྱེད་པ་བཞིན་དུ།  གསར་རྩོམ་ལ་འཇུག་མཁན་གྱི་རྩོམ་པ་པོ་སུ་ཞིག་གིས་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྟངས་གཞན་དག་རྩྭ་བཞིན་དུ་དོར་ནས་སྲོལ་རྒྱུན་གྱི་འབྲི་སྟངས་བསྟོད་རྩོམ་ཁོ་ན་འབྲི་རྒྱུར་དང་དོད་བྱས་ནས་བསྟོད་རྩོམ་བྲིས་པ་ཡིན་ན། རྩོམ་སྟངས་སྣ་ཚོགས་དང་མཚོན་ཐབས་སྣ་ཚོགས་ཀྱིས་གྲུབ་པའི་རྩོམ་རིག་སྒྱུ་རྩལ་གྱི་ཞིང་ཁམས་འགྲིམ་མི་ཐུབ་ལ།དེ་ལས་ལྡོག་སྟེ་ཀུན་ལ་སུན་པའི་སྣང་བ་སྟེར་ཞིང་རྩོམ་རིག་གི་འབྲས་བུ་ ཅི་ཡང་ལག་ཏུ་མི་ལོན་པའི་ནོངས་འགྱོད་ཀྱི་རྒྱུ་རུ་ཟད་དོ་ཞེས་པའོ།།
          བེམ་པོའི་ལུས་ལ་སྲོག་ཞུགས་ཚེ།།
          རྣམ་པར་ཤེས་པའི་མཚན་ཉིད་ལྡན།།
          རྗོད་བྱེད་ཚིག་ལ་དོན་སྟོངས་ཚེ།།
          སྲོག་མེད་རྩོམ་གྱི་བེམ་པོ་ཉིད།།
ཅེས་པའི་དོན་ནི།རྣམ་ཤེས་ཀྱིས་མ་བཟུང་བའི་བེམ་པོའི་ལུས་ལ་སྲོག་གི་དབང་བོ་ཞུགས་ཚེ། རྣམ་པར་ཤེས་པའི་མཚན་ཉིད་དང་ལྡན་པ་བཞིན།ལུས་དང་འདྲ་བའི་རྗོད་བྱེད་ཀྱི་ཚིག་ལ་སྲོག་གི་དབང་བོ་དང་འདྲ་བའི་བརྗོད་བྱ་དོན་གྱིས་སྟོངས་ཚེ།རྩོམ་ཡིག་དེ་ནི་བརྗོད་བྱའི་སྲོག་དང་བྲལ་བའི་རྩོམ་གྱི་བེམ་པོ་ཉིད་ཡིན་པ་སྟེ། བརྗོད་བྱ་ལ་བསམ་བློའི་རིན་ཐང་དང་ སློབ་གསོའི་ནུས་པ་ཅི་ཡང་མེད་པའི་རྩོམ་ཡིག་དེ་ལ་སྒྱུ་རྩལ་གྱི་མཚོན་ཐབས་སྣ་མང་དང་སྒྱུ་རྩལ་གྱི་ཚིག་སྦྱོར་ཕུན་སུམ་ཚོགས་པས་ཇི་ལྟར་སྤྲས་ན་ཡང་རྩོམ་རིག་གི་དོན་གྱི་འབྲས་བུ་སྟེ།རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ཅི་ཡང་མེད་ཅིང་སྤྱི་ཚོགས་ཡར་སྐུལ་གྱི་ནུས་པ་གང་ཡང་ཐོན་མི་ཐུབ་ཅེས་པའོ།།
            དོན་དང་ལྡན་མིན་མི་དཔྱོད་ལ།།
            ཚིག་སྦྱོར་ལེགས་ཉེས་མི་བརྟག་པར།།
           བསྟོད་པའི་མཛེས་མ་མཐོང་འཕྲལ་དུ།།
          དུས་དེབ་བག་མར་བསུ་འདི་མཚར།།
    ཞེས་པའི་དོན་ནི། རྩོམ་རིག་སྒྱུ་རྩལ་གྱི་ཞིང་ས་གཤིན་པོར་གྱུར་བའི་རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ཡིན་ན།  རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་ཇུས་འགོད་པ་ལྟ་བུ་དང་གློག་བརྙན་ཟློས་གར་གྱི་འཁྲབ་ཁྲིད་པ་ལྟ་བུ་ཡིན་དགོས་པས།སྤྱིར་རྩོམ་སྒྲིག་པ་ཞིག་ཡིན་ན་གནའ་དེང་ཕྱི་ནང་གི་རིག་གནས་ཀུན་ལ་ལྟ་རྒྱ་དང་མཐོང་རྒྱ་ཡངས་པ།འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་། རྩོམ་རིག་གཞུང་ལུགས་ཀྱི་ཡོན་ཚད་མཐོ་བ། སྒྱུ་རྩལ་ལག་ལེན་གྱི་ཉམས་མྱོང་ལྡན་པ་ཞིག་ཡིན་དགོས། ལྷག་པར་དུ་གཡོ་སྒྱུ་དང་བསླུ་བྲིད་ཀྱིས་མ་བསླད་ཅིང་ཤེས་རབ་དང་ལྷག་བསམ་གྱིས་ཁ་ལོ་བསྒྱུར་བའི་བློ་གཟུ་བོར་གནས་པ་ཞིག་དང་སྤྱི་ཚོགས་དང་དུས་རབས་ཀྱི་འགན་འཁྲི་བླ་ན་མེད་པ་ཕྲག་ཏུ་ལེན་ཕོད་པའི་སྙིང་སྟོབས་དང་ལྡན་པ་ཞིག་ངེས་པར་ཡིན་དགོས། དེའི་ཕྱིར་རྩོམ་སྒྲིག་པ་རྣམས་ཀྱིས་རྩོམ་སྒྲིག་གི་བྱ་བའི་ཁྲོད་དུ་རྩོམ་པ་པོ་རྣམས་ཀྱིསབྲིས་པའི་རྩོམ་ཡིག་དག་ལ་ལེ་ལོ་དང་སྙོམ་ལས་ཀྱི་དབང་དུ་མ་སོང་པར་བསྲེགས་བཅད་ བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་དགོས་པ་སྟེ། བརྗོད་བྱའི་དོན་ལ་འཚོ་བ་དངོས་མཚོན་ཡོད་མེད། དེ་ལ་བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ལྡན་ཡོད་མེད་ དང་།རྗོད་བྱེད་ཀྱི་ཚིག་གི་སྡེབ་ལེགས་མིན།སྒྱུ་རྩལ་གྱི་རོ་ཉམས་ལྡན་མིན་སོགས་ལ་ལེགས་པར་བརྟག་སྟེ་གཏན་ལ་ཕབ་སྟེ་བླང་དོར་ཡོད་པའི་སྒོ་ནས་བདམས་བསལ་བྱས་ཏེ་ལེགས་ཤོས་སམ་ཚད་གཞི་དང་ལྡན་པ་ད་གཟོད་དུས་དེབ་ཏུ་འགོད་དགོས་པ་དང་།དེ་ལྟ་མིན་པར་རྩོམ་ཡིག་དེར་བརྗོད་བྱ་ལྡན་མི་ལྡན་དང་རྗོད་བྱེད་ཚིག་སྦྱོར་བཟང་མི་བཟང་བཅས་ལ་བརྟག་དཔྱོད་མི་གཏོང་པར་བྲག་སྐམ་འུད་ཀྱི་རྗེས་སུ་འབྲངས་ནས་ཕྱི་མཛེས་ནང་སྟོང་གི་བསྟོད་རྩོམ་གྱི་མཛེས་མ་མཐོང་མ་ཉིད་དུ་དུས་དེབ་ཀྱི་བག་མར་བསུ་བ་འདི་ནི་ཤིན་ཏུ་མཚར་ཆེའོ་ཞེས་རྩོམ་སྒྲིག་པས་རྩོམ་སྒྲིག་གི་བྱ་བར་འགན་མི་ཁུར་ཞིང་རྩོམ་སྒྲིག་གི་ཁ་ཕྱོགས་གསལ་བོ་མ་ངེས་བའི་སྣང་ཚུལ་དེར་ཟུར་ཟ་དང་སུན་འབྱིན་བྱས་ཡོད།།
            དེང་རབས་རྩོམ་གྱི་ལྷ་ལམ་ངོར།།
            སྒྱུ་རྩལ་འཕུར་མདའ་བགྲོད་པའི་ཚེ།།
            བསྟོད་པའི་བོང་བུ་ལ་ཞོན་ནས།།
            མཁའ་ལ་འཕུར་འདོད་ངལ་བའི་རྒྱུ།།
    ཞེས་པའི་དོན་ནི།  རྒྱུན་འཛིན་ལས་གསར་བཏོད་དང་།  གསར་བཏོད་ལས་ངོ་མཚར་བསྐྲུན་པའི་དེང་རབས་རྩོམ་རིག་གི་ལྷ་ལམ་ཡངས་པའི་ངོར་གསར་བཏོད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྤོབས་པས་ཁེངས་པའི་འཛམ་གླིང་གི་སྔོན་ཐོན་མི་རིགས་དག་གིས་ནི་གསར་བཏོད་ལས་བསྐྲུན་པའི་ངོ་མཚར་ཡིད་ལས་འགོངས་པའི་སྒྱུ་རྩལ་གྱི་འཕུར་མདར་ཞོན་ནས་རྩོམ་རིག་གི་མཁའ་དབྱིངས་སུ་བགྲོད་པའི་ཚེ་ན། ལེ་ལོ་དང་སྒྱིད་ལུག རྙིང་ཞེན་དང་བག་འཁུམས་ཀྱི་ངང་དུ་ལུས་པའི་བོད་གངས་ཅན་པ་རྣམས་ནི་ད་རུང་གསར་གཏོད་ཅི་ཡང་མེད་པར་བསྟོད་རྩོམ་གྱི་བོང་བུ་ཁོ་ནར་ཞོན་ནས་རྩོམ་རིག་སྒྱུ་རྩལ་གྱི་མཁའ་དབྱིངས་སུ་འཕུར་བར་འདོད་པ་ནི་ངལ་བའི་རྒྱུ་ཡིན་ནོ་ཞེས་པའོ།།
            མཁས་པའི་ལེགས་བཤད་ཆུ་ཡི་གཏེར།།
            བ་ལང་རྨིག་རྗེས་བཞིན་འགེང་པའི།།
            དེང་གི་གཞོན་ནུ་འགའ་ཞིག་ནི།།
            སེང་གེའི་ལྷག་མ་བཟའ་བར་དགའ།།
   ཞེས་པའི་དོན་ནི། བླུན་པོ་རྣམས་ཀྱི་བློ་རུ་མི་དྲན་ཞིང་ངག་ཏུ་མི་ཐོན་པའི་བརྗོད་བྱ་དོན་གྱི་ནོར་བུ་ཕྱུར་བུར་གཏམས་ཤིང་རྗོད་བྱེད་ཚིག་གི་རྦ་རླབས་ཀྱི་ཉམས་འགྱུར་ཀུན་ནས་རྫོགས་པའི་མཁས་པ འི་ལེགས་པར་བཤད་པའི་རྩོམ་རིག་བརྩམས་ཆོས་ཆུ་བོའི་གཏེར་དང་འདྲ་བ་དེ་འདྲ་ཡང་། དེང་གི་དུས་འདིར་བསྟོད་རྩོམ་འབྲི་བར་གོམས་པའི་བསྟོད་རྩོམ་ པ་དག་གིས་ལད་ཟློས་དང་བསྐྱར་འབྲི།བརྐུས་བཤུ་བཅས་ཀྱི་ཐབས་ལ་བརྟེན་ནས་ཤིན་ཏུ་ལས་སླ་བོའི་སྒོ་ནས་བསྟོད་རྩོམ་མང་དུ་བྲིས་ཏེ་རྩོམ་རིག་དུས་དེབ་སོགས་སུ་བ་ལང་རྨིག་རྗེས་ཀྱི་ཆུ་བཞིན་དུ་འགེང་པར་བྱས་པ་སྟེ།བསྟོད་རྩོམ་པ་འདི་དག་ལ་གསར་རྩོམ་གྱི་ནུས་པ་མེད་བཞིན་དུ་སྲོལ་རྒྱུན་གྱི་རྩོམ་སྟངས་སྣ་གཅིག་ལ་ལད་མོ་ཁོ་ན་བྱས་པ་དང་རང་གི་བློ་གྲོས་ལས་ཐོན་པ་མ་ཡིན་པར་མཁས་པ་གཞན་གྱི་ཚིག་སྦྱོར་ཇི་མ་ཇི་བཞིན་དུ་བཤུ་འབྲི་བྱས་ཏེ་རང་རྩོམདུ་ངོམས་པ་ནི་སེང་གེའི་ལྷག་མ་ཟ་བའི་ཝ་སྐྱེས་ཀྱི་རྣམ་ཐར་བཞིན་ནོ་ཞེས་པའོ།།
           བསྟོད་པའི་རྩོམ་གྱི་རྫ་གོག་ཏུ།།
           སྡོར་ཐལ་ཚྭ་གསུམ་མི་འདེབས་པར།།
           རོ་བཅུད་རྩི་གསུམ་འདོན་པ་ལ།།
           ཟྭ་ལ་ཟྭ་ཀ་བཏབ་པས་ཅི།།
   ཞེས་པའི་དོན་ནི།གལ་ཏེ་ཁྱོད་ལ་རྩོམ་རྩལ་ཁྱད་པར་བ་ཞིག་དང་སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་པར་བ་ཡོད་ན་བསྟོད་རྩོམ་བྲིས་པས་ཀྱང་མི་ཆོག་པ་གང་ན་ཡོད་དེ།དཔེརན།རྫ་མའི་ཁོག་མ་ནང་དུ་རོ་བཅུད་རྩི་གསུམ་དང་ལྡན་པའི་ཐུག་པ་ཞིམ་པོ་ཞིག་གཡོ་བསྐོལ་བྱེད་པ་ལ་བཅུད་འདོན་བྱེད་ཀྱི་ཤ་ལ་སོགས་པའི་ཐུག་སྡོར་ནི་ཡོད། རྩི་འདོན་བྱེད་ཀྱི་བྱེ་དང་རྩམ་པའི་ཐལ་ནི་ལྡན།རོ་བྲོ་འབྱིན་བྱེད་ཀྱི་ཚྭ་ཡང་ལྡན་པ་སྟེ།དེ་གསུམ་དང་ལྡན་ན་རོ་བཅུད་རྩི་གསུམ་དང་ལྡན་པའི་ཐུག་པ་ཞིམ་པོ་ཞིག་འབྱུང་བ་བཞིན་དུ།བསྟོད་རྩོམ་གང་ཞིག་ལ་འཚོ་བ་བདེན་པའི་བརྗོད་བྱ་ནི་ལྡན།སྒྱུ་རྩལ་རང་བཞིན་གྱི་སྣང་བརྙན་ནི་རྫོགས།སྒྱུ་རྩལ་རོ་མྱོང་གི་བྲོ་བ་ནི་ལྡན་ན།སྒྱུ་རྩལ་རྩོམ་རིག་གི་ལེགས་རྩོམ་དུ་ཅིའི་ཕྱིར་མི་འགྲོ་སྟེ་ངེས་པར་འགྲོ་ལ།   དེ་ལྟ་མིན་པར་བསྟོད་པའི་རྩོམ་གྱི་རྫ་ཁོག་ནང་དུ་རོ་བཅུད་དང་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་གསོལ་ཐུག་ཞིམ་པོ་ཞིག་གཡོ་བསྐོལ་བྱེད་པ་ལ།འཚོ་བ་བདེན་པའི་ཐུག་སྡོར་གྱི་བཅུད་ནི་མེད།སྒྱུ་རྩལ་བདེན་པའི་ཐལ་གྱི་རྩི་དང་ནི་བྲལ།སྒྱུ་རྩལ་རོ་མྱོང་གི་ཞིམ་ཚྭའི་བྲོ་བ་ནི་མ་ལྡན་ན། རོ་བཅུད་རྩི་གསུམ་ལྡན་པའི་ཐུག་པ་ཞིམ་པོ་དེ་འབྱུང་ཐབས་མེད་པ་ནི་དཔེར་ན། ཟ་ཚོད་ཀྱི་ཐུག་པའི་ནང་དུ་སྡོར་གྱི་ཚབ་ཏུ་ཟ་ཚོད་སྐམ་པོ་བཏབ་པ་དང་།བྱེའི་ཚབ་ཏུ་ཟ་ཚོད་སྐམ་པོ་བཏབ།  ཚྭ་ཡི་ཚབ་ཏུ་ཟ་ཚོད་སྐམ་པོ་བཏབ་ན་ཡང་ཕན་པ་ཅི་ཡང་མེད་ཅིང་རོ་བཅུད་རྩི་གསུམ་དང་ལྡན་པའི་ཐུག་པ་ཞིག་འབྱུང་མི་སྲིད་ཅེས་རྗེ་བཙུན་ མི་ལའི་རྣམ་ཐར་གྱི་དོན་དངོས་བྱུང་རིམ་ཞིག་དྲངས་ནས་ལེགས་པར་བསྒྲུབས་ཤིང་དོན་དུ་རྩོམ་རིག་སྒྱུ་རྩལ་གྱི་བསམ་བློའི་ཚད་གཞི་དང་སྒྱུ་རྩལ་གྱི་ཚད་གཞི་གང་ཡང་མེད་པའི་བསྟོད་རྩོམ་བྲིས་པ་ལ་ཕན་ཐོགས་ཅི་ཡང་མེད་དོ་ཞེས་གསུངས་སོ།།
            ཨ་ཁུ་འབྲོང་གི་དབང་བོ་རྣམས།།
            གསེར་ལས་གྲུབ་ཅེས་བསྟོད་མཁས་པའི།།
            རི་བོང་བློ་ལྡན་འདི་དག་གི།།
            གཏམ་ལ་ཆ་འཇོག་ཅི་ཞིག་ཡོད།།
   ཅེས་པའི་དོན་ནི།ཨ་ཁུ་འབྲོང་གི་དབང་བོ་རྣམས་ཤ་ཁྲག་བརྡོས་བཅས་ཀྱིས་གྲུབ་པ་མངོན་སུམ་ཡིན་བཞིན་དུ། ཨ་ཁུ་འབྲོང་གི་རྭ་འདི་གསེར་གྱི་རྭ། ཨ་ཁུ་འབྲོང་གི་སྣ་འདི་གསེར་གྱི་སྣ་ཞེས་ཨ་ཁུ་འབྲོང་གི་དབང་བོ་རྣམས་གསེར་ལས་གྲུབ་པར་བསྟོད་མཁས་པའི་རི་བོང་བློ་ལྡན་འདི་དག་གི་གཏམ་ལ་ཆ་འཇོག་ཅི་ཞིག་ཡོད་པ་སྟེ།ཆ་འཇོག་ཅི་ཡང་མེད་དོ་ཞེས་བོད་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་རི་བོང་བློ་ལྡན་གྱི་གཏམ་རྒྱུད་དཔེར་དྲངས་པའི་ཤུགས་ནས་ཁ་གསག་ངོ་བསྟོད་ཁོ་ན་སྨྲ་བར་མཁས་པའི་བསྟོད་རྩོམ་པ་འགའ་ཞིག་གིས་རང་རིགས་གཞན་ལས་ཁྱད་པར་འཕགས་ཚུལ་འུད་ཆེན་པོས་བརྗོད་ཅིང་།  ཐ་ན་བོད་པ་ཚང་གི་རྐང་པའི་རྗེ་ངར་ཡང་ཧ་རི་ཙན་དན་ཡིན་ནོ་ཞེས་བོད་མི་རིགས་འདི་ཐུགས་དྲང་ཞིང་ངོ་བསྟོད་ལ་དགའ་བའི་གཤིས་ཀ་འདི་བེད་སྤྱོད་བྱས་ནས་བསྟོད་རྩོམ་གྱི་སྦྲང་ཆང་མངར་མོ་ཚོད་མེད་དུ་དྲངས་དྲངས་པས་བོད་མི་རིགས་ཀྱི་བསམ་བློ་ཡོངས་སུ་སྦྲིད་པར་གྱུར་ཏེ་གསར་གཏོད་ཀྱི་སྤོབས་པ་ཉམས་ཤིང་མདུན་སྐྱོད་ཀྱི་སྙིང་སྟོབས་ཞུམ་པར་བྱས་པས་ན་བསྟོད་རྩོམ་པ་འདི་དག་གི་གཏམ་ལ་ཆ་འཇོག་ཅི་ཡང་མེད་དོ་ཞེས་གསུངས་སོ།།      
            སྒྱུ་རྩལ་མཛེས་མའི་རིན་ཐང་དེ།།
            བསམ་བློའི་སྲང་ལ་མི་འདེགས་པར།།
            རྩོམ་གྱི་གཉེན་དོན་གཏམ་པ་ཡི།།
            སྨྱུག་ཐོགས་གཞོན་ནུ་བག་ཡོད་བྱོས།།
    ཞེས་པའི་དོན་ནི།རྩོམ་རིག་བརྩམས་ཆོས་ཤིག་གི་བཟང་ངན་དང་རིན་ཐང་ལྡན་མི་ལྡན་དེ་གཙོ་བོ་བརྩམས་ཆོས་དེའི་བསམ་བློའི་རིན་ཐང་གི་ཆ་ནས་འཇོག་དགོས་ལ།དེ་ཡང་བསམ་བློའི་རིན་ཐང་གི་ཚད་གཞི་ནི་རྩོམ་པ་པོས་སྒྱུ་རྩལ་གྱི་སྣང་བརྙན་གསར་བཞེངས་ལ་བརྟེན་ནས་འཚོ་བ་ངོ་མ་ཚུར་སྣང་བྱེད་པའི་གོ་རིམ་ཁྲོད་སྤྱི་ཚོགས་ཡར་སྐུལ་གྱི་བསམ་བློའི་དོན་སྙིང་དང་སློབ་གསོའི་དོན་སྙིང་ལྡན་དགོས་པ་དེ་ཡིན་ལ། བསམ་བློ་དེ་ནི་རྩོམ་རིག་གི་བླ་སྲོག་ཡིན་པས་བླ་སྲོག་འདི་དང་བྲལ་ན། ཚིག་གི་སྒྱུ་རྩལ་གྱི་གཟབ་མཆོར་ཇི་ལྟར་སྤྲས་ན་ཡང་བསམ་བློའི་རིན་ཐང་ཅི་ཡང་མེད་པའི་བེམ་པོ་ཉིད་དུ་འགྱུར་བས།རྩོམ་པ་པོ་དང་རྩོམ་སྒྲིག་པ་སུ་ཡིན་ཡང་འདི་ལ་ཐུགས་གཞིགས་ཟབ་མོ་བཏང་ནས་བསམ་བློའི་རིན་ཐང་གི་ཆ་ནས་གཙོ་བོར་འཛིན་རྒྱུ་ཤིན་ཏུ་གལ་ཆེ་ལ། དེ་ལྟ་མ་ཡིན་པར་རྩོམ་རིག་བརྩམས་ཆོས་ཀྱི་ལེགས་ཉེས་འབྱེད་པ་ལ་རྩོམ་རིག་སྒྱུ་རྩལ་གྱི་སྲོག་ཤིང་དུ་གྱུར་བའི་བསམ་བློའི་རིན་ཐང་དེ་ཡལ་བར་དོར་ནས་ལུས་ཀྱི་ཡན་ལག་ཙམ་གཙོ་བོར་འཛིན་པའི་རྩོམ་པ་པོ་སྐོར་ཞིག་གིས་བསྟོད་རྩོམ་ཁོ་ན་བྲིས་ཤིང་རྩོམ་སྒྲིག་པ་སྐོར་ཞིག་གིས་བསྟོད་རྩོམ་གྱི་མཛེས་མ་མཐོང་འཕྲལ་དུ་དུས་དེབ་ཀྱི་བག་མར་བསུ་བ་སྟེ།རྩོམ་གྱི་གཉེན་དོན་དེ་ལྟར་གཏམ་པའི་སྨྱུག་ཐོགས་གཞོན་ནུ་རྣམས་ཀྱིས་བག་ཡོད་བྱོས་ཞེས་དྲག་ཤུལ་གྱི་ཉམས་དང་བཅས་ཏེ་བྱ་བཏང་བའི་ཚུལ་དུ་བརྡ་སྦྱར་བའོ།།
          ལེགས་པར་བརྟགས་ཤིང་དཔྱད་པ་ཡི།།
          རྩུབ་མོའི་ཚིག་གི་ལྕགས་ཀྱུ་འདིས།།
          དད་ལྡན་ཉ་མོ་འཛིན་དཀའ་ཡང་།།
          ལྷག་བསམ་ཕོ་ཉའི་ཚུལ་དུ་བཏང་།།
   ཞེས་པའིདོན་ནི།གཞུང་འདིའི་བྱེད་པོ་དཔལ་དང་ལྡན་པ་ཁོང་གིས་བོད་མི་རིགས་འདི་ཆབ་དཔལ་རིག་གསུམ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ན་ཅི་མ་རུང་སྙམ་པའི་ལྷག་བསམ་བཟང་བོས་ཀུན་ནས་བསླངས་ཤིང་།སྤྱི་ཚོགས་དང་དུས་རབས་ཀྱིས་བཞག་པའི་འགན་འཁྲི་བླ་ན་མེད་པ་དེ་ཕྲག་གི་རྒྱན་དུ་བཞེས་ཏེ།  ད་སྐབས་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པའི་བོད་ཀྱི་རྩོམ་རིག་གི་གནད་དོན་ཏེ།   བོད་ཀྱི་རྩོམ་པ་པོ་རྣམས་གསར་གཏོད་ཀྱི་སྤོབས་པ་དང་མདུན་སྐྱོད་ཀྱི་སྙིང་སྟོབས་ཡོངས་སུ་ཉམས་ནས་རྩོམ་ཡིག་ཕལ་ཆེར་རྒྱུན་འཛིན་ལས་གསར་གཏོད་ཅི་ཡང་མེད་ཅིང་རྒྱུན་འཛིན་དེ་ཡང་ཕྱོགས་རེ་བ་ཙམ་དུ་སོང་ནས་རྩོམ་སྟངས་སྣ་རྐྱང་ཅན་དུ་སོང་བའི་བོད་ཀྱི་རྩོམ་རིག་གི་གནས་བབ་དེར་བློ་གཟུ་བོར་གནས་པའི་སྒོ་ནས་ལེགས་པར་བརྟག་ཅིང་དཔྱད་དེ་ལུང་དང་རིགས་པ་དང་དཔེ་གསུམ་གྱི་སྒྲུབ་བྱེད་དྲག་ཅིང་བཙན་པས་མི་འཐད་པའི་ཆ་ལེགས་པར་བཀག་ཅིང་འཐད་པའི་ཆ་ཡང་དག་པར་བསྒྲུབས་པ། རང་གི་རིགས་ལ་ཤ་ཞེན་གྱིས་མ་བཟོད་པ་དང་བོད་ཀྱི་རྙིང་ཞེན་དང་བག་འཁུམས་འཇོམས་ཤིང་གསར་གཏོད་ཀྱི་སྤོབས་པ་བསླང་པའི་ཆེད་དུ་རྩུབ་མོའི་ཚིག་དང་འབྲེལ་བའི་གཏམ་གྱི་ལྕགས་ཀྱུ་འདིས་གནས་སྐབས་སུ་དད་ལྡན་གྱི་ཉ་མོ་དེ་འཛིན་པར་ཅུང་ཟད་དཀའ་ན་ཡང་བདག་གི་ལེགས་རྩོམ་འདི་ལྷག་བསམ་དཀར་པོ་མཚོན་པའི་ཕོ་ཉའི་ཚུལ་དུ་བཏང་པ་ཡིན་པས་ནམ་ཞིག་ཉ་མོ་ལྕགས་ཀྱུར་འཁོར་བའི་སྐབས་ཞིག་འོང་ངོ་ཞེས་མ་འོངས་སྔོན་དཔག་གི་ཚུལ་དུ་ལེགས་པར་གསུངས་སོ།།
          རང་མཚང་སྟོན་པ་དྲང་པའི་གཏམ།།
          རྣ་ལ་དུག་གི་ཚེར་མ་བཞིན།།
          ཐོས་པས་མི་སྙན་ཁ་བའི་སྨན།།
          ཕུགས་སུ་ཕན་འབྲས་ཆེ་ཞེས་གསུངས།།
   ཞེས་པའི་དོན་ནི།  ཤ་རུས་གདུང་རྒྱུད་གཅིག་ཏུ་སྦྲེལ་བའི་རང་རིགས་ཁ་བ་ཅན་འདི་ལ་རིགས་ཞེན་གྱིས་མ་བཟོད་ཅིང་རང་རིགས་འདི་ཕྱོགས་གང་ཐད་ནས་མྱུར་ཏུ་འཕེལ་རྒྱས་སུ་སོང་ན་སྙམ་པའི་ལྷག་བསམ་བཟང་བོས་ཀུན་ནས་བསླངས་པ་དང་་།    དེ་ཡང་མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བ་དང་ཁྱད་པར་དུ་མི་རིགས་དེའི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བ་ལ་འཕེལ་རྒྱས་ཀྱི་གེགས་རྒྱར་གྱུར་བའི་ལེ་ལོ་དང་སྒྱུད་ལུག རྙིང་ཞེན་དང་བག་འཁུམས།  རྨོངས་དད་སོགས་བག་ཆགས་གཤིས་སུ་གྲུབ་པའི་རང་མཚང་་དེ་དམར་རྗེན་དུ་འདོན་པ་ལ་་སྐབས་དེའི་རྟོགས་པ་མ་སད་པའི་བོད་མའི་སྤྱི་ཚོགས་ཀྱི་སྡང་སྡིགས་ཅི་འདྲ་རྒོད་ཅིང་དྲག་ན་ཡང་མི་རིགས་ཤིག་གི་བློ་གྲོས་འདོན་སྤེལ་དང་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྤོབས་པ་བསླང་པའི་ཆེད་དུ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲུས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་བཞིན་ཤ་ཚས་མ་བཟོད་པར་རང་གི་མཚང་ལ་རང་གིས་གནད་དུ་བསྣུན་ཅིང་རང་སྐྱོན་དམར་རྗེན་དུ་འདོན་པར་གཡོ་སྒྱུའི་དྲི་མས་མ་གོས་པའི་གཟུར་བོར་གནས་པའི་དྲང་གཏམ་འདི་གནས་སྐབས་སུ་ཀུན་གྱི་རྣ་ལ་དུག་གི་ཚེར་མ་བཞིན་དུ་ཐོས་མ་ཐག་རྣ་ལ་གཟན་ཞིང་མི་སྙན་པར་འགྱུར་ན་ཡང་འདི་ནི་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་ཅིང་དཔྱད་དེ་ལྷག་བསམ་བཟང་བོ་ཕོ་ཉའི་ཚུལ་དུ་བཏང་པ་ཡིན་པས་ནམ་ཞིག་བློ་ལྡན་རྣམས་ཀྱིས་འདིའི་དོན་རྟོགས་པར་འགྱུར་བ་དཔེར་ན།   ནད་མཁྲིས་པའི་སྨན་ནི་བཏུང་པའི་དུས་ན་རོ་མི་ཞིམ་པ་ཤིན་ཏུ་ཁ་ན་ཡང་ཕུགས་སུ་ནད་དྲག་པའི་ཕྱོགས་ལ་ཕན་འབྲས་ཆེ་ཞེས་མཁས་པ་རྣམས་ཀྱིས་གསུངས་པ་བཞིན་བདག་གི་ཤ་ཚའི་སྙིང་གཏམ་འདི་གནས་སྐབས་སུ་ཀུན་གྱིས་དང་ལེན་མི་བྱེད་ན་ཡང་ཕུགས་སུ་དགོངས་གཞི་སྙིང་བོ་ཅན་འདི་རིམ་གྱིས་རྟོགས་པར་འགྱུར་ལ་དེ་དུས་ཕན་འབྲས་ཆེའོ་ཞེས་པའོ།
 <<བསྟོད་པ་བཀླགས་པའི་འཆར་སྣང་གི་དོན་འགྲེལ་རང་གྲོལ་དགོངས་རྒྱན>>ཞེས་པ་འདི་ནི་སློབ་གསོའི་ལས་དོན་ལ་བློ་གཅིག་ཏུ་དཀར་བའི་དགེ་གྲོགས་རབ་འབྱམས་པ་བཀྲ་ཤིས་ཚེ་བརྟན་ལགས་དང་རབ་འབྱམས་པ་ཤ་བོ་ཐར་ལགས་གཉིས་གྱིས་དངོས་དང་ཁ་པར་གྱི་ལམ་ནས་ཡང་ཡང་བསྐུལ་བར་བརྟེན་སྤྱི་ལོ་ཉིས་སྟོང་བཅུ་ལོའི་སློབ་སྐབས་གཉིས་པའི་སློབ་ཁྲིད་ཀྱི་ཞོར་དུ་བྲིས་པ་འདིས་དགེ་སློབ་རྣམས་ཀྱི་སློབ་ཁྲིད་ཀྱི་བྱ་བར་ཕན་ཐོགས་པར་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟོད་པ་བཀླགས་པའི་འཆར་སྣང་གི་དོན་འགྲེལ་རང་གྲོལ་དགོངས་རྒྱན།

2012-07-25 རྡོ་སྦིས་སྒྲོལ་མ་འབུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།