པདྨ་ཚེ་བརྟན་གྱི་གློག་བརྙན《དབུགས་ལྒང》ལས་འཕྲོས་པའི་གཏམ།

གྲ་གཉེན་ཚེ་རྒྱལ།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-11-24

  གློག་བརྙན་ཞེས་བརྗོད་མ་ཐག་ང་རང་གི་དྲན་པའི་ངོས་སུ་འཁོར་བ་ནི་རང་ཉིད་སློབ་འབྲིང་འགྲིམས་དུས་གློག་བརྙན་ལ་བལྟས་པའི་སྣང་ཚུལ་དེ་དག་རེད། སྐབས་དེ་དུས་གྲ་ནང་རྫོང་གི་ཁྲོམ་ལམ་གྱི་ངོགས་གཉིས་སུ་ཇ་མངར་མོ་དང་བུལ་ཐུག་ཡང་ན་རྒྱ་ཐུག་འཐུང་སའི་ཟ་ཁང་མང་པོ་གྲལ་བསྟར་བསྒྲིགས་ཡོད་ལ་སྒྲ་སྒམ་ལས་མཆེད་པའི་གློག་བརྙན་གྱི་བརྗོད་དོན་གླུ་གཞས་རྣམས་ནི་ང་ཚོ་ཇ་ཁང་གི་སྒོ་ཁར་འཛོམས་དགོས་པའི་བརྡ་ཐོ་གཏོང་བ་དང་མཚུངས། སྐབས་དེ་དུས་ཇ་དང་ཐུག་པ་འཐུང་བྱེད་ཀྱི་སྒོར་མོ་མེད་པའི་སློབ་མ་རྣམས་ཟ་ཁང་གི་སྒོ་ཡོལ་བཀྱག་ནས་གློག་བརྙན་ལ་བལྟ་བ་ནི་དྲི་ཆེན་ལ་སྦྲང་མ་འཁོར་བ་དང་མཚུངས།

  དེང་གི་དུས་སུ་ཡང་མུ་འབྲེལ་གློག་བརྙན༼ལྷ་རྐོས་རྡོ་རིང་དང་གསེར་གྱི་མེ་ལོང༽གི་མགོ་ཚུགས་པའི་སྒྲ་དེ་ཐོས་མ་ཐག་དུས་སྐབས་དེར་ཕྱིར་ལོག་པའི་སྣང་བ་ཞིག་ངམ་ཤུགས་སུ་སྐྱེ་འོང་གིན་འདུག སྐབས་དེའི་གློག་བརྙན་རིང་ཐུང་གང་ཡིན་ཡང་ལྟད་མོ་ཆེན་པོ་ཡོད་ཅིང་། འཁྲབ་སྟོན་པ་ཁྲེང་ལུང༼成龙༽དང་ཧུང་ཅིང་པའོ༼洪金宝༽སོགས་ནི་ངེད་ཅག་གི་སེམས་ཁོངས་ཀྱི་ནུབ་པ་མེད་པའི་དཔའ་བོ་ཤ་སྟག་ཡིན་ཨང་། འོན་ཀྱང་། དེང་གི་དུས་ལ་ཐོན་དུས་རང་རྒྱལ་གྱིས་བསྐྲུན་པའི་གློག་བརྙན་རྣམས་ནི་དྲིལ་བསྒྲགས་ཀྱི་བྱེད་ནུས་ཙམ་ལས་གློག་བརྙན་གྱི་ལྷུ་ཡོངས་སུ་ཞིག་སྟེ་དགོད་བྲོའི་རིགས་ཀྱིས་དགོད་སྒྲ་སྦྱིན་མི་ཐུབ་པ་དང་དུང་སེམས་རིགས་ཀྱིས་དུང་བ་སྐྱེ་མི་ཐུབ་པ། ཁྲོ་བའི་རིགས་ཀྱིས་ཁོང་ཁྲོ་བསྐྱེད་མི་ནུས་པར་གློག་བརྙན་གྱི་རིན་པར་སྒོར་རྡོག་འགའ་སྤྲད་པར་ཕངས་སེམས་སྐྱེ་བའི་གནས་སུ་གྱུར་དུས་གློག་བརྙན་གྱི་ལས་རིགས་སུ་བོད་བརྙན་ཐོན་བྱུང་། བོད་བརྙན་ལ་འཕེལ་རིམ་གྱི་ལོ་རྒྱུས་རིང་པོ་མེད་ཀྱང་རང་ཁོ་ནར་མངའ་བའི་མི་རིགས་རིག་གནས་ཀྱི་མཐོང་སྣེ་དང་སྒྱུ་རྩལ་གློག་བརྙན་གྱི་ཐབས་ལམ་ལ་བརྟེན་ནས་རང་ཚུགས་ཐུབ་པའི་ཁྲོམ་ར་ཞིག་གྲུབ་པ་མ་ཟད་ཀུན་གྱི་ཁས་ལེན་ཐོབ་ཡོད་སྙམ།

  གློག་བརྙན་དབུགས་ལྒང་དེ་མགོ་བརྩམས་མ་ཐག་བྱིས་པ་གཉིས་ཀྱིས་འདི་ནི་ངེད་ཚང་གི་ལུག་ཁྱུ་དང་འདི་ནི་ཨ་མྱེས། འདི་ནི་ཨ་ཕ་ཞེས་མཛུབ་མོ་རི་སྟོན་གྱི་ཚུལ་དང་བརྙན་དེ་ཡང་བྱིས་པ་གཉིས་ཀྱིས་རྩེད་ཆས་སུ་འཁྲུལ་བའི་སྲུང་ཤུབས་བརྒྱུད་ནས་རབ་རིབ་ངང་ཡུལ་ཅན་གྱི་ཚོར་བ་ལྟད་མོ་བར་མྱོང་དུ་བཅུག་པ་འདྲ་ལ། བརྙན་ཇེ་གསལ་དུ་གྱུར་བ་དང་བསྟུན་ནས་ལྟད་མོ་བས་དེ་ནི་སྲུང་ཤུགས་ཀྱི་མཐོང་སྣེའམ་བྱིས་པའི་མཐོང་སྣེ་བརྒྱུད་ནས་མི་རྒན་པའི་འཇིག་རྟེན་ལ་བལྟ་བཞིན་པ་ཤེས་ཐུབ། རིམ་བཞིན་ཨ་མྱེས་དང་འཁྲབ་སྟོན་པ་དར་རྒྱས་ཀྱི་ཁ་བརྡ་བརྒྱུད་མི་སྣ་སོ་སོའི་གནས་བབ་དང་ཐོབ་ཐང་བསྟན་ནས་གློག་བརྙན་མགོ་བརྩམས་པ་མ་ཟད། དར་རྒྱས་ཀྱིས་སྲུང་ཤུབས་རིག་དུས་ཀྱི་རྣམ་འགྱུར་དང་བསྟུན་ནས་གློག་བརྙན་དེའི་བརྗོད་བྱ་དངོས་བསྟན་པ་ནི་གློག་བརྙན་འདིའི་མགོ་རྩོམ་ཐབས་ཁྱད་པར་བ་ཞིག་ཏུ་མཐོང་། དེ་ནས་ཁྱིམ་ཚང་དེའི་འཁོས་ཀ་དང་། མི་སྣ་སོ་སོའི་ལས་དབང་། ཆགས་སྡང་གློག་བརྙན་གྱི་འགྲོས་དང་བསྟུན་ནས་བསྟན་བྱུང་ལ་འཁྲབ་སྟོན་མ་ཨ་ནི་བྱང་ཆུབ་སྒྲོལ་མའི་འདས་སོང་གི་གཏམ་རྒྱུད་དང་ལུས་པོ་ཆོས་སྒོར་ཞུགས་ཀྱང་སེམས་པའི་ཁོ་ཐག་མ་ཆོད་པའི་ངང་ཚུལ་དང་སྒྲོལ་དཀར་གྱི་དངོས་ཡོད་དང་མ་འོངས་འཚོ་བའི་སེམས་ཁྲལ། དར་རྒྱས་ཀྱི་དད་པ་དང་དམ་ཚིག་བར་གྱི་འགལ་འདུ་བརྒྱུད་གློག་བརྙན་དེ་མཐོ་རླབས་ཤིག་འཕྱུར་དུ་བཅུག་བྱུང་ལ། རང་གི་ལས་དབང་གི་སྒྲོག་ཏུ་ཚུད་པའི་མི་སྣ་སུ་ཞིག་ཡིན་ཡང་། སུ་འགྲིག་པ་དང་སུ་ནོར་ཞེས་ཚིག་ཐག་ཆོད་པོས་བརྗོད་ཐབས་བྲལ་བ་ཞིག་སྟེ་མ་གཞི་ནས་ནང་བཅུད་ཀྱི་སེམས་ཅན་སུ་ཞིག་ཡིན་ཡང་བདེ་བ་དོན་དུ་གཉེར་འདོད་པ་ཁོ་ན་ཡིན་པས་མི་སྣ་འགའ་རེས་དངོས་ཡོད་ཀྱི་བདེ་བ་འཚོལ་སྙེགས་བྱས་པ་དང་འགའ་རེས་དད་པ་དམ་ཚིག་ལ་བརྟེན་ནས་ནང་སེམས་ཀྱི་བདེ་བ་འཚོལ་ཐབས་བྱས་པ་ཞིག་ཡིན་སྟབས་འཁྲབ་ཁྲིད་པས་འགྲིག་ནོར་དང་རྒྱུ་འབྲས་ཀྱི་བསྡོམས་ཚིག་བཀོད་མེད་པས་ལྟད་མོོ་བ་རྣམས་ལ་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་བསྐྲུན་པ་མ་ཟད་གློག་བརྙན་གྱི་འགྲོས་དང་བསྟུན་ནས་མི་སྣ་སོ་སོའི་ལས་དབང་ལ་དུང་སེམས་སྐྱེས་སུ་བཅུག་ཡོད།

  གློག་བརྙན་ཧྲིལ་པོའི་སྲོག་ཤིང་དབུགས་ལྒང་ལ་བརྟེན་པ་མ་ཟད་བསྡུར་བའི་ཐབས་བཀོད་ཡོད་དེ་དབུགས་ལྒང་ལ་རེ་སྙེགས་བྱེད་མཁན་གྱི་བྱིས་པ་དང་མི་རྒན་པའི་བར་གྱི་བསྡུར་བ་དང་དམ་པའི་ཆོས་སྒོ་འགྲིམས་མཁན་གྱི་ཨ་ནེ་བྱང་ཆུབ་སྒྲོལ་མ་དང་འཇིག་རྟེན་མི་སྒོ་འགྲིམས་མཁན་སྒྲོལ་དཀར་དབར་གྱི་རྟོགས་པའི་བསྡུར་བ། ལུག་གུ་བཙའ་མི་ནུས་པའི་མ་མོ་་དང་བྱིས་པ་མང་པོ་བཙའ་ནུས་པའི་སྒྲོལ་དཀར་གཉིས་ཀྱི་ལས་དབང། ཁྲོམ་དང་དར་རྒྱས་ཀྱི་ཕོ་ཡི་བྱེད་ནུས་ཁྱད་དུ་འཕགས་པ་སོགས་བསྡུར་བ་བྱས་འདུག དེ་བཞིན་དབུགས་ལྒང་སྲོག་ཤིང་དུ་བྱས་ནས་བོད་པའི་ཁྲེལ་ངོ་ཚའི་འཛེམས་ཟོན་དང་ཕ་མའི་བསྐུར་བསྟི། གློག་བརྙན་ལས་ཇི་མ་ཇི་བཞིན་མཚོན་འདུག་སྟེ། སྒྲོལ་དཀར་དང་སྨན་པའི་དབར་གྱི་ཁ་བརྡ་རེ་དང་ཁྱིམ་མཚེས་ཀྱི་ཨ་ཕ་དང་དབང་གྲགས་དབར་གྱི་ཁ་བརྡ། སྲུང་ཤུབས་དང་འབྲེལ་བའི་དོན་དག ཕ་འདས་པོའི་རྣམ་ཤེས་ཕྱིར་ཁྱིམ་དུ་འཁོར་ཐབས་བྱེད་པ་སོགས་ལས་མངོན་གྱིན་འདུག

  དེ་མིན་གློག་བརྙན་གྱི་ནང་དུ་ཡུལ་ཅན་གྱི་སེམས་ཁམས་མཚོན་པའི་བརྙན་གླིང་བཀོད་པ་སྟེ། ཕ་འདས་པོ་གུང་གཤེགས་རྫེས་གློག་བརྙན་གྱི་ནང་དུ་མཚམས་སྤྲིན་གྱི་ཁ་དོག་ལྟ་བུའི་མཚེའུ་ཡི་ལྡོག་འོད་ཀྱི་འཇིངས་སུ་མི་ཡི་སྣང་བརྙན་གསལ་ལ་མི་གསལ་ཞིག་ལྡོག་གཟུགས་ཀྱིས་འགྲོ་བའི་རྣམ་པ་བཀོད་ནས་མཐོང་དུ་མེད་པའི་ཕ་ཡི་རྣམ་ཤེས་དེ་ཞིང་ཁམས་ཞིག་ཏུ་འཕོ་བའི་ངང་ཚུལ་བསྟན་པ་དང་ཨ་ནེ་བྱང་ཆུབ་སྒྲོལ་མ་དང་སྒྲོལ་དཀར་གཉིས་ཀྱིས་རང་རང་གི་སེམས་གཏམ་བཤད་རྗེས་དུང་སེམས་མཉམས་སྐྱེད་ཀྱི་ཚུལ་དུ་མི་སྣ་གཉིས་པོའི་སྣང་བརྙན་གཉིས་ནས་གཅིག་ཏུ་འདྲེས་འགྲོ་བ། སྒྲོལ་དཀར་གྱིས་བྱིས་པ་བཙའ་མིན་གྱི་འགལ་འདུའི་སེམས་པ་དེ་ཀ་ཏོ་རའི་ནང་གི་ཆུ་ཡི་ལྡོག་གཟུགས་ལས་མངོན་པ་སྟེ་སྔོ་ཞིང་སངས་པའི་ནམ་མཁའ་དང་རང་གི་ངོ་རིས་མཐོང་བ་དང་རིམ་བཞིན་ཆུ་ཡི་གཡོ་ཁྱོམ་དང་བསྟུན་ནས་ནམ་མཁའ་དང་ངོ་རིས་ཀྱང་གཡོ་ཁྱོམ་ཁྲོད་ནུབ་པར་འགྱུར་པ་སོགས་ཀྱི་བརྙན་གླིང་ལ་བརྟེན་ནས་ཡུལ་ཅན་གྱི་སེམས་ཁམས་དང་རྣམ་ཤེས་སོགས་མཐོང་ཐབས་བྲལ་བ་རྣམས་ལྟད་མོ་བའི་མིག་ལམ་དུ་གཟུགས་ཅན་བཞིན་བཤམས་འདུག

  གློག་བརྙན་འདིའི་མཇུག་བསྡུ་སྟངས་ཀྱང་ཁྱད་པར་བ་ཞིག་སྟེ་དབུགས་ལྒང་ཞིག་ནམ་མཁར་འཕུར་བ་དང་གློག་བརྙན་འདིའི་ནང་གི་མི་སྣ་ཡོངས་ཀྱིས་དབུགས་ལྒང་འཕུར་སའི་ཐག་ཉེ་རིང་གི་གོ་རིམ་ལྟར་མགོ་ཡར་བཀྱག་པ་དེ་ནི་མཚོན་དོན་ཞིག་ཡིན་སྟེ། དབུགས་ལྒང་དེ་ནི་འཛིན་ཐབས་བྲལ་བའི་སྟོང་བ་ཞིག་ལ་ངོས་བཟུང་ཀྱང་ཆོག་སྟེ་མི་རྣམས་འཛིན་ཐབས་བྲལ་བའི་སྟོང་བ་དེར་སྙེགས་ནས་དབུགས་ལྒང་འཕུར་རྗེས་རེ་ཞིག་ངལ་གསོ་བའི་གོ་སྐབས་ཐོབ་པ་འདྲ་ལ། དབུགས་ལྒང་དེ་ནི་མཛེས་སྡུག་ལྡན་པའི་རེ་སྨོན་ཞིག་གམ་མཐར་ཐུག་གི་འདུན་པ་ཞིག་རང་ཉིད་དང་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བར་མཐའ་མཇུག་གི་སྐྱེལ་མ་བྱེད་པའི་ངང་ཚུལ་ལྟ་བུ་ཞིག་ལ་བརྟེན་ནས་མཇུག་བསྡུས་པ་ནི་སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་བྱུང་ངོ་། །

                                                                        ༢༠༢༠ལོའི་ཟླ༡༡ཚེས༢༤ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

པདྨ་ཚེ་བརྟན་གྱི་གློག་བརྙན《དབུགས་ལྒང》ལས་འཕྲོས་པའི་གཏམ།

2020-11-24 གྲ་གཉེན་ཚེ་རྒྱལ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།