བདེ་སྐྱིད་སྒྲོལ་མའི་རྩོམ་ཡིག་བཀླགས་པའི་མྱོང་བྱང་།
ཉེ་བའི་ལོ་འདི་གར་བོད་ཀྱི་རྩོམ་རིག་གསར་པའི་འཕེལ་འགྱུར་གྱི་གོམ་འགྲོས་ཇེ་དལ་དུ་སོང་བའི་སྣང་བ་ཞིག་སྟེར་བར་བྱེད་ལ། དེ་ཡང་མཐར་གཏུག་ན་གནད་གཉིས་ལ་ཐུག་ཡོད་པར་འདོད། དང་པོ་རྩོམ་རིག་གསར་པའི་གསར་ཞེན་གྱི་ཚ་རླབས་དང་འགྲོགས་ནས་མིང་དོན་གཉིས་ཆ་ནས་གསར་རྩོམ་པའི་གྲངས་འབོར་མང་དུ་སོང་བ་དང་། སྤུས་ཞན་འཁོས་ཆུང་གི་བརྩམས་ཆོས་མང་དག་གིས་ཀློག་པ་པོར་མགུ་མ་གང་བའི་སུན་སྣང་སྟེར་བཞིན་ཡོད་པས། བོད་ཀྱི་གསར་རྩོམ་པ་དང་བོད་རྩོམ་ཀློག་པ་པོའི་བར་དུ་བར་ཐག་ངེས་ཅན་ཞིག་ལྷག་རྐྱེན། བོད་ཀྱི་ཀློག་པ་པོ་མང་དག་ཅིག་བོད་རྩོམ་ལ་ཆ་རྒྱུས་དབེན་ཞིང་དེའི་དགེ་སྐྱོན་གླེང་བའི་དཔྱད་གཏམ་ཤིན་ཏུ་ཉུང་བ་དང་། གཉིས་ནས་གསར་རྩོམ་པའི་དྲན་པ་ནང་ལ་བསྐོར་བའི་ནང་སེམས་ཀྱི་གཤིས་ལུགས་དེ་ཁ་ནང་བལྟས་ཀྱི་རང་རིག་གིས་མྱོང་བའི་ཟབ་ཚད་དམན་ཞིང་། དེ་ཞིབ་འབྲི་བྱས་པ་མི་འདང་བའི་གནད་གཉིས་ཀར་ཐུག་ཡོད་སྙམ། རྒྱུ་མཚན་དེ་བས་ན་ངས་བོད་ཀྱི་རྩོམ་པ་པོ་དག་དང་བོད་རྩོམ་ལ་ཆ་རྒྱུས་ཅུང་ཙམ་ཨེ་ལོན་སྙམ་པས། རྒྱུན་དུ་བོད་རྩོམ་གསར་རྙིང་ལ་མ་ལྟོས་པར་མང་ཙམ་བཀླགས་ཨེ་ཐུབ་ལ་འབད་པ་བྱས་ཤིང་། རྩོམ་རིག་བརྩམས་ཆོས་ཀྱི་བཀླགས་ཚོར་ཉི་ཚེ་བ་རེ་ཡང་འབྲི་ཨེ་ཐུབ་ཀྱི་ཚོད་ལྟར་འབད་པ་བྱེད་ཀྱིན་ཡོད།
ད་ནི་སྐབས་དོན་དངོས་ཏེ་བདེ་སྐྱིད་སྒྲོལ་མའི་བརྩམས་ཆོས་ཀྱི་བཀླགས་བྱང་འབྲི་བའི་ལས་ལ་འཇུག་པར་བྱ། བདེ་སྐྱིད་སྒྲོལ་མ་ལགས་ནི་དགེ་རྒན་དང་སྲིད་འཛིན། དྲུང་ཡིག་སོགས་སྤྱི་ཚོགས་ཀྱི་ལས་རྐང་འདྲ་མིན་དུ་ཞུགས་ཤིང་། བུ་གཉོར་ཁྱིམ་སྐྱོང་གི་ལས་ཀའི་ཁྲོད་ནས་གསར་རྩོམ་གྱི་རྒྱུན་མ་ཆད་པར་ད་ལྟའི་བར་དུ《སྙན་ངག་གི་མིག་ཆུ》དང《ཆར་ཟམ་ཟིམ། སྨུག་ལང་ལོང》《རྩྭ་ཐང་གི་བརྩེ་བ》《ཨ་མའི་ལག་པ》《བྱུར་དམར་འཁྲི་ཤིང》《འབྲོག་རུའི་རྒྱང་འབོད》《བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བཏུས》རྒྱ་འགྱུར་མ་སོགས་བརྩམས་དེབ་མང་པོ་ཞིག་ཀློག་པ་པོའི་བགོ་སྐལ་དུ་བཞག་ཡོད་པ་འདི་ནི་རྩོམ་རིག་གསར་རྩོམ་ལ་དགའ་བར་ཁས་ལེན་མཁན་ཚོས་སླ་མོར་འདུན་པ་མི་བསྐྱུར་བར་ཅིས་ཀྱང་མིག་དཔེར་བལྟ་དགོས་པ་ཞིག་དང་། ཁོང་གིས་བོད་ཀྱི་རྩོམ་རིག་གསར་པའི་ལོ་རྒྱུས་ཁྲོད་ལྷུག་རྩོམ་དང་ཚིགས་བཅད། བརྩམས་སྒྲུང་དང་སྙན་ངག་གི་རྩོམ་ལུས་དང་རྩོམ་སྟངས་སྣ་མང་གི་སྒོ་ནས་གོ་ས་ངེས་ཅན་བཟུང་ཡོད་པས་གདེང་འཇོག་དང་གླེང་རིན་ཆེ་བའི་རྩོམ་པ་པོ་རྒན་རབས་པ་ཞིག་རེད། ཕྲན་གྱིས་ཁོང་གི་དེབ་དེ་དག་ལས《སྙན་ངག་གི་མིག་ཆུ》དང《བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བཏུས》གཉིས་ལས་གཞན་པའི་དེབ་ཆ་ཚང་བཀླགས་མྱོང་བར་མ་ཟད། ལ་ལ་ཐེངས་དུ་མར་བཀླགས་པའང་ཡོད།
རྩོམ་པ་པོ་སུ་ཞིག་ཡིན་རུང་ནང་སེམས་ལ་བཟོད་པར་དཀའ་བའི་འགལ་འདུ་མང་པོས་གཙེ་བཞིན་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད་ལ། བདེ་སྐྱིད་སྒྲོལ་མའི་ནང་སེམས་གྱི་འགལ་འདུ་མཚོན་པའི་རྩོམ་ཡིག་རེ་དཔེ་མཚོན་དུ་དྲངས་ན། ཁོང་གིས་རང་གི་བུ་ཆུང་ལ་བྲིས་པའི《ལོ་ཐོ་བརྩེ་བའི་ཞགས་ཐག》དང《ཨ་མའི་གླེན་བཤད》ལྟ་བུས་མཚོན་ཐུབ་སྟེ། རྩོམ་ཡིག་སྔ་མ་ནི་རང་གི་བུ་ཆུང་སྐྱེས་པ་ནས་ལོ་གཅིག་ཡུན་གྱི་འཚར་ལོངས་ལ་དགའ་ཚོར་དང་རེ་བས་ཁེངས་པ་སོགས་བརྗོད་ཡོད། ཕྱི་མ་ནི་བུ་ཆུང་གི་འབྱུང་འགྱུར་ལ་སེམས་ཁྲལ་དང་དོགས་འཚེར་གྱིས་གཙེས་པའི་སེམས་འཚབ་ཅིག་བརྗོད་ཡོད། དེ་ལས་སྔ་མ་ནི་ཉི་འོག་གི་ཕ་མ་ཡོད་ཚད་ཀྱི་རེ་སྨོན་ལྟ་བུར་གྱུར་ཡོད་ལ། ཕྱི་མ་ནི “མི་གཤིས་ཀྱི་གཉོམ་སོ” ནས་བསམ་བློ་ཁྱད་པར་ཅན་གཏོང་ཤེས་མཁན་ཚོའི་སེམས་ཁྲལ་དུ་གྲུབ་ཡོད། གཞན《ཟླ་ཐོ་ཆུ་མོ་དགུ་མདུད》སོགས་ཀྱི་ངོས་ནས་གླེང་རིན་ཆེ་བ་ཞིག་ནི། མངལ་སྦྲུམ་ནས་བྱིས་པ་བཙས་པའི་བར་གྱི་ཨ་མ་ཞིག་གི་ལུས་སེམས་ཀྱི་མྱོང་བ་དངོས་མ་དང་། བུད་མེད་རྩོམ་པ་པོ་ལས་གཞན་པས་ཚབ་མཚོན་མི་ཐུབ་པའི་བདེན་པའི་དོན་བྲི་བྱ་ཁྱད་པར་ཅན་ཞིག་ཞིབ་འབྲི་བྱས་ཡོད་པ་དེ་རེད། འདི་དག་ནི་ད་ལྟའི་བར་དུ་འབྲི་དགོས་ལ་བྲིས་མེད་པས། བདེ་སྐྱིད་སྒྲོལ་མས་བུད་མེད་ཚོར་བཞག་པའི་ཨ་མ་དག་གི་ལས་སྐལ་མཚོན་པའི་བརྩམས་ཆོས་དམིགས་བསལ་བ་ཞིག་རེད།
《ཆར་ཟམ་ཟིམ། སྨུག་ལང་ལོང》དང《ཤམ་བྷ་ལ་རུ་སྤྲིངས་པའི་འཕྲིན》གྱིས་དཔེར་མཚོན་བྱས་ནས་གླེང་ན “དོན་གྱི་བྱུང་བ” དང “ཡིད་ཀྱི་ཉམས་སྣང” རྐྱ་འཐབ་པའི་འབྲི་ཐབས་ཁྱད་པར་ཅན་དེས་ཀློག་པ་པོ་ཡང་འཁྲུལ་འབྱམས་ཀྱིས་བསླུ་བར་བྱེད་ཅིང་། བཟོད་ཐབས་དཀའ་བའི་གདུང་ཚོར་གྱིས་ཀློག་པ་པོའི་མིག་ཆུ་ཡང་འཕྲོག་པར་བྱེད།
སྒྲུང་རིང《འབྲོག་རུའི་རྒྱང་འབོད》དང་ལྷུག་རྩོམ《 ལྕི་བའི་བཟོ་སྐྲུན》ལྟ་བུའི་བརྗོད་བྱ་ཡིས། འབྲོག་མི་རྣམས་ཀྱིས་རང་བྱུང་ཁམས་དང་ཡུན་རིང་འཐབ་རྩོད་བྱས་པའི་རང་བྱུང་ཚན་རིག་གི་མྱོང་གོམས་ལག་ལེན་དང་། རང་བྱུང་ལག་རྩལ་གྱི་ཐོན་དངོས་མིང་བརྡ་སོགས་ང་ཚོ་དང་རིང་དུ་གྱེས་བཞིན་པའི་འབྲོག་མིའི་ཤེས་རབ་དང་རིག་གནས་གང་མང་ཞིག་དྲན་སོས་པར་བྱེད་པ་དང་། ཡབ་མེས་ནས་བརྒྱུད་པའི་འབྲོག་རུའི་རིག་གནས་རིན་ཐང་ཅན་མང་པོ་ཞིག་ཉམས་བཞིན་པའི་ཉེན་ཚབ་ཀྱི་རང་བཞིན་རྟོགས་པར་བྱེད་པ། བོད་མིའི་མཛེས་འཛིན་གྱི་རིན་ཐང་ལྟ་བ་དང་། མི་སྣའི་གཏམ་བརྗོད་གང་ཡིན་ཡང་སྤྱི་ཚོགས་རིག་པའི་ངོས་ནས་ཞིབ་འཇུག་དང་གླེང་རིན་ཆེ་བ་དག་མ་བཀྲལ་རང་བཞིན་གྱིས་མཐོང་བར་བྱེད་པ་སོགས་རིན་ཐང་མང་དུ་མཆིས།
ནུབ་ཀྱི་རྩོམ་རིག་གི་སྐད་ཆར“དུངས་བ་གཤིས་ཅན”དང“མཚན་ཉིད་གཤིས་ཅན”གྱི་རྩོམ་ཡིག་གི་རིགས་དབྱེ་དགར་སྟངས་རེ་ཡོད་པར་བཤད་ལ། དེ་ལྟར་ན་བདེ་སྐྱིད་སྒྲོལ་མའི་བརྩམས་ཆོས་ཕལ་མོ་ཆེ་ཞིག་བཀླགས་ཡོང་བའི་སྐབས་ཀུན་ཏུ“དུངས་བ་གཤིས་ཅན”ཟེར་བའང་འདི་འདྲ་ལོས་ཡིན་ཨང་སྙམ་པའི་ཚོར་བ་རེ་འགོག་མེད་དུ་སྐྱེས་ཡོང་།
མོར་རྒྱུན་སྤྱོད་ཀྱི་བྱ་དངོས་གང་དག་དང་རང་གི་ཉེ་ཁྲིས་སུ་ཡོད་པའི་དངོས་པོ་ཐམས་ཅད་ལ་བརྩེ་དུང་གིས་གཏམས་ཤིང་སྒྱུ་རྩལ་གྱིས་ཕྱུག་པའི་རྟོག་པ་འཆར་ཡན་གྱི་འཇུག་པ་ཁྱད་པར་ཅན་ཞིག་མངའ་བ་ནི། 《ཁེར་རྐྱང་བྱན་མོའི་སུག་བྲིས》སོགས་ལས་ཀྱང་མྱོང་ཐུབ་པར་མ་ཟད། དུང་ཚོར་ཁྱད་པར་བ་དེ་ལས་བརྩམས་པའི་རྩོམ་ཡིག་ལའང་ཡིད་འགུགས་ཀྱི་ནུས་པ་བླ་མེད་ཅིག་མཆིས།
མོའི་རྩོམ་ཡིག་གིས་མཚོན་པའི་བོད་མིའི་རྩོམ་རིག་བརྩམས་ཆོས་མང་དག་ལས་རྣམ་དག་དྭངས་གཙང་གི་བརྩེ་བ་ཆེན་པོ་དང་རེ་སྨོན་ཟབ་མོ་རེ་མཐོང་ཡོང་དུས། བོད་འདི་འཕགས་པ་བྱང་ཆུབ་སེམས་དཔའི་རིགས་རྒྱུད་ལོས་ཡིན་ཨང་སྙམ་པའི་དད་འདུན་ཁྱད་མཚར་བ་རེ་སྐྱེས་ཡོང་བ་ནི་བདེན་པའི་དོན་ནོ།།
ཕྲན་གྱིས་འདི་ལྟར་ཁོང་གི་བརྩམས་ཆོས་རྣམས་ལ་དཀྱུས་གཅིག་ཏུ་བཀླགས་ཚོར་ཞིག་འབྲི་བའི་འདུན་པ་འགོག་མ་ཐུབ་ཀྱང་། དངོས་སུ་འབྲི་བའི་སྐབས་འདིར་ཅི་ཞིག་གླེང་མ་ཚར་བ་དང་གང་ཞིག་གནད་དུ་འདོན་མ་ཐུབ་པའམ་མགུ་མ་གང་བའི་ཚོར་བ་ཞིག་གིས་ཡོངས་སུ་གཙེས། དེ་བས་བརྩམས་ཆོས་བྱེ་བྲག་པ་གཅིག་ནན་གྱིས་བཀླགས་ཏེ་ཞིབ་ཀྱིས་བཀྲོལ་བའི་གལ་འགངས་ཆེ་སྙམ་ཡང་། ད་རེས་དུས་ཀྱི་ཁོམ་ལོང་དང་། རང་གི་འཇོན་ཚད་ཀྱི་གཞན་དབང་དུ་གྱུར་ཏེ་འདི་ཙམ་གྱིས་མཇུག་མི་བསྡུ་ཀ་མེད་བྱུང་བའོ། །
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།