བྱིས་པའི་སྙན་ངག་ཚན་པ་བཞི།
༡ ཆམ་པ་ཕོག་པ།
ང་ཆམ་པ་ཕོག་འདུག
ཉ་མོ་ཆུང་ཆུང་ཚོར་མ་འཕོག་ན་བཟང་།
གཙང་བོའི་ནང་ན་སྨན་པ་མི་འདུག
ཉི་ཟེར་འཇམ་པོརའང་མ་འཕོག་ན་འདོད།
རི་བོའི་རྒྱབ་ན་ཕ་མ་མི་འདུག
༢ ངས་ཁང་བ་ཞིག་ཕུབ།
ངས་ཁང་བ་ཕུབ
སྒེའུ་ཁུང་མེད་དོན།
ཕྱི་རོལ་གྱི་སྐད་ཆ་མཚན་མོ་འདྲ་བས་ཡིན།
ངས་མིག་ཤེལ་གྱོན།
རྒྱང་རིང་ལ་ལྟ་དོན།
ཉེ་འགྲམ་གྱི་ལོ་མ་ནག་པོ་ཡིན་པས་ཡིན།
༣ ང་ཡི་རྩེད་རོགས།
མཛུབ་མོ་ལྔ་ཡིན།
རིང་ཐུང་མི་འདྲ་དོན་ཅི་ཡིན།
དུས་ཚིགས་བཞི་ཡིན།
དྲོ་འཁྱག་མི་གཅིག་དོན་ཅི་ཡིན།
ཉིན་མཚན་གཉིས་ཡིན།
ཁ་དོག་མི་མཚུངས་དོན་ཅི་ཡིན།
༤ ང་རང་ནར་སོན་འདོད།
ཉི་མ་གསར་བ་རེ་རེར།
གོམ་པ་གསར་བ་རེ་རེ་སྤོས་ཏེ།
སྡོང་ཕྲུག་དང་མེ་ཏོག་བཞིན།
ང་རང་ནར་སོན་ན་འདོད།
ཞོགས་པ་གསར་བ་རེ་རེར།
སློབ་ཚན་གསར་བ་རེ་རེ་ཀློག་བཞིན།
བྱེའུ་ཆུང་དང་ཆར་བ་ལྟར།
ང་རང་ནར་སོན་འདོད།
དུས་ཚོད་གསར་བ་རེ་རེར།
ཡི་གེ་གསར་བ་རེ་རེ་འབྲི་བཞིན།
དབྱར་ཁ་དང་གཙང་པོ་བཞིན།
ང་རང་ནར་སོན་ན་འདོད།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།