སྤོ་བོ། ཁྲམ་གླུ་ལེན་ཤེས་པའི་ཇག་པ།(སྙན་ངག་རིང་མོ)
ཀ
ངས་རྒྱུན་དུ་ཉི་འོད་ཀྱིས་གསལ་མི་ཐུབ་པའི་མུན་པ་ཞིག་ལ
བྱི་དོར་མང་ཙམ་བྱས་ཀྱང་སྤོ་བོ་མཐོང་ཐབས་མ་བྱུང
སྤོ་བོ་ནི་ཏག་ཏག
ཁྲ་རིང་དང་རལ་གྲི རྟ་ཕོ་བཅས་འཚོ་མཁན་གྱི་ཇག་པ་ཞིག་རེད
དེ་ནས་བཟུང
ངས་སྤོ་བོ་མཚོན་བྱེད་དུ་རལ་གྲི་དང་རྟ་ཕོ་ཁོ་ན་བཟོས
ད་ལྟ སྤོ་བོ་དྲན་དུས་ཐོག་མར་རྟ་ཕོ་དང་རལ་གྲི་ལ་བལྟ་དགོས
ཁ།
གཟུགས་འགྱུར་བའི་ནམ་མཁའ་ཞིག་རུམ་ལ་བཅུག་ནས
འཁོར་བའི་བུམ་ནང་གི་ཟླ་འོད་དེ་འཛིན་ཙམ་བྱེད་པས
ཟློས་གར་ནང་དུ་སྤོ་བོསཤིན་ཏུ་མཛེས་པའི་སྐད་ཅིག་མའི་ལྭ་བ་ཞིག་གྱོན་འདུག
སྤོ་བོ་ལགས
དུས་ཚོད་ཀྱི་ཉེ་འགྲམ་དུ་བཞག་པའི་མེ་ལོང་ནང
གློ་རྟ་གྲོ་ཞུར་གྱིས་བརྒལ་མྱོང་བའི་རྩྭ་ཐང་དང་གངས་རི་མཐོང་ཐབས་མི་འདུག
ག
དྲང་མོར་བརྗོད་ན
ཁྱེད་ནི་ནམ་མཁའ་དང་མཉམ་པའི་ཞི་ལྷོད་ཀྱི་གའུ་ཡིན་དགོས།
བདེན་དོན་གྱི་རྒྱ་མཚོ་བསྐྱོམས་ཐུབ་པའི་སྲིད་ཞེང་གི་ཐུར་མ་ཡིན་དགོས
ཇག་གླུ་རིང་མོ་དེའི་སྣེ་མོར་ཁྱེད་རང་ནམ་ཡང་འགུལ་ཐུབ་ཀྱི་འདུག
དྲན་ཤིང་གི་རྒྱུད་སྐུད་རེ་རེ་ལས་ཁྱེད་རང་ཡང་ནས་ཡང་དུ་རྙེད་ཐུབ་ཀྱི་འདུག
སྤོ་བོ་ལགས
ང་རང་འཁྱག་དོན་ནི་ས་ལ་མེ་ཏོག་མ་བཞད་པས་མིན
དེའི་སྔ་རོལ་གྱི་དགུན་གཞུང་གྲངས་མེད་ཅིག་གི་འཇབ་རྒོལ་ཡོང་བས་ཡིན
ང་།
ཁྱེད་ཀྱིས
ཁྱིམ་རྒྱུད་ཀྱི་བསྟན་པ་སྐྱོང་ནས་འཇིག་རྟེན་ལ་འོད་པོ་བཟོས་པས
ཁང་ཆུང་གྲུ་བཞི་ལ་ཉི་མ་དང་ཟླ་བ་དུས་གཅིག་ལ་ཤར་འདུག
རེ་སྐྱིད་རེ་སྡུག་གི་འཚོ་བའི་བུ་ལོན་འཇལ་བའི་རྒན་པོ་ཞིག
སེམས་པའི་ཆོན་ཐག་ཐོག་ཏུ་བབས་པ་ཅི་འདྲའི་ཡིད་གར་ཡོང་བ་རེད་ཨང
སྤོ་བོ་ལགས
ཚེ་རབས་འདིའི་རྩྭ་ཐང་ལས་རྟ་ཁ་གློད་དེ་ལོ་ཟླ་ལ་ཞེན་ཆགས་དང་བརྩེ་བ་བསྐྲུན་མཁན་ཁྱོད་མིན་ན་སུ་ཡིན
ས་སྲོད་འདི་ནས་ལྷིང་འཇགས་དང་ཁ་བ་ལ་ཉན་ནས་ལྷས་འདབས་སྲུང་པའི་ཁེར་རྐྱང་ཁྱོད་མིན་ན་སུ་ཡིན
ཅ།
རི་ཀླུང་ཐང་གསུམ་གྱི་འདབས་རོལ་ལས
རྟ་ནོར་ལུག་གསུམ་གྱི་རྣམ་ཤེས་ལ་བྱིན་རླབས་བསྩལ་ནས་རྫ་ཆུའི་གླུ་དབྱངས་སྲུང་བའི་སྐར་མ
ཁྲ་གླག་སྤྱང་གསུམ་གྱི་གཏམ་རྒྱུད་ལ་མགུར་གླུ་ལེན་ཤེས་པའི་ལོ་རབས་ཤིག་གི་དཔུང་པ
རྟ་རྒོད་ལ་སྒ་སྲབ་བསྟད་དེ་རྒྱུ་ཤོར་ར་མདའ་འགྲོ་བ་ཁྱོད་ཀྱི་སྙིང
བོའུ་ཁ་དགྲ་ལ་གཏད་དེ་འཐབ་ཕོད་པའི་ནགས་ཀྱི་སྟག
སྤོ་བོ་ལགས
ཁ་སང་གི་གཏམ་རྒྱུད་ཁྲོད་དུ་ལུས་པའི་ཁྱེད་ཀྱི་གཟིག་དང་སེང་གེ
དུས་འཁྲུགས་ཀྱི་ལྕགས་གདང་ལ་འདོགས་ཐབས་མེད
ཆ།
སྤོ་བོ་ལགས
ཁྱེད་ཀྱིས་གོ་གནས་ལ་སེམས་པ་མི་ཤོར
དཔོན་ཚང་ལ་མགོ་བོ་མི་འདོགས་པར་འཇིགས་སྐུལ་བཟོ
དཔོན་ཚང་གི་ལུག་ཁྱུ་དེད་དེ་རི་སྒང་དུ་ལུག་ཤ་ཟ་བར་གོམས
དཔོན་ཚང་གི་རྟ་ཁྱུ་དེད་དེ་རྩྭ་ཐང་དུ་ཞགས་པ་འཕེན་པར་མཐུ
གློ་བུར་དུ
དཔོན་ཚང་གི་སྒོ་མོ་བརྡུངས་ཏེ་རལ་གྲི་མཇིང་པར་བཞག་ནས་སྨིན་མ་བསྡུ
ཇ།
ཁྱེད་ལ་ལོག་མལ་ཡོད་ནའང
ས་སྲོད་གྲངས་མེད་ཅིག་ལ་རྟ་ཕོ་གསེག་བཞོན་བྱས་ནས་རྒྱང་རིང་དུ་ཆས་པར་དགའ
ཁྱེད་ལ་དམར་རྗེན་རྗེན་གྱི་རང་ཉིད་ལས
ཁྱེད་ལ་འཁོར་གཡོགས་རྩ་བ་ནས་མི་དགོས
ཁྱེད་ནི་རལ་གྲི་དང་བོའུ་མ་གཏོགས་ཡིད་ཆེས་བྱེད་ས་མེད
ཁྱེད་ནི་སྤྱང་ཀི་དང་འབྲོང་གི་གྲས་སུ་གཏོགས
ཉ།
ད་ལྟར་བདེན་པའི་ཆེད་དུ་ཤི་སོང་བ་ཤིན་ཏུ་ཉུང་ཡང
ཁྱེད་ལ་བདེན་པ་ཁོ་ན་སྲུང་སྐྱོང་བྱེད་པའི་རང་གཤིས་ཡོད་པ་ལས་འཆི་བའི་ཆེད་དུ་རྩིས་ཐང་བོར་མཁན་ཞིག་མིན
ཁྱེད་ནི་གེ་སར་རྒྱལ་པོས་ཧོར་གུར་དཀར་བསད་དེ་དགྲ་ཤ་བླངས་པའི་ལོ་རྒྱུས་དེ་ལ་མི་དགའ
ཡིན་ནའང་མི་རྐྱང་རྟ་རྐྱང་བྱས་ནས་དགྲ་བོའི་ཐོག་རུ་མཆོངས་བའི་རྒྱ་ཚའི་བློ་ཁོག་དེ་ལ་ཧ་ཅང་དགའ
དེ་ནི་ཁྱེད་ཀྱི་གཉུག་གཤིས་དང་འབྲེལ་བ་ཟབ་པོ་ཡོད་སྙམ
ཏ།
ཁྱེད་ནི་ནམ་མཁའ་དང་ས་གཞིའི་ཚུལ་དུ་སྐྱེས་པས
ཁྱེད་ཀྱི་པང་དུ་ནགས་ཚལ་དང་རྩྭ་ཐང་མ་གཏོགས་ཅི་ཡང་མེད
ཁྱེད་ཀྱིས་རླངས་འཁོར་དང་འཕྲུལ་ཆས་ལ་ངོ་ནག་པོ་འགྱུར་ནས་ཁོང་ཁྲོ་བྱེད
རྒྱུ་མཚན་ནི དེ་དག་གིས
རི་དྭགས་དང་འདབ་ཆགས་ཀྱི་ལོག་མལ་རྩ་སྟོང་དུ་བཅོམ་བཞིན་ཡོད་ཟེར
ནགས་ཚལ་དང་རྩྭ་ཐང་ནི་ཁྱེད་ཀྱི་རྨི་ལམ་གཅིག་པུ་དེ་རེད
ཀྱེ སྤོ་བོ་ལགས
ཁྱེད་ཀྱི་ལྷིང་འཇགས་ལ་མེ་སྒྱོགས་བརྒྱབ་མཁན་སུ་རེད
ཐ།
ཁྱེད་ནི་འབྲོག་གླུ་ཞིག་ལྟར་སུས་ཀྱང་གོ་ཐུབ་པའི་མི་ཞིག་ཡིན
ཁྱེད་ཀྱིས་སྐད་ཆ་མདུན་དུ་བཤད རལ་པ་རྒྱབ་ཏུ་གཡུགས་ཀྱི་རེད
ཁྱེད་ཀྱིས་དབྱར་དགུན་སྟོན་དཔྱིད་ལ་སློག་པ་གཅིག་པུས་ཆོག་པར་བྱེད
ཁྱེད་ནི་འབྲོག་ས་ལས་གནས་གཞན་ན་མེད
ཁྱེད་ཀྱིས་ཟླ་རེའི་ཚེས་པ་བཅོ་ལྔ་ལ་མ་ཎི་རྡོ་འབུམ་ལ་བསྐོར་བ་བྱེད་པ་ནི
དོན་དུ འདི་ཕྱི་གཉིས་ཨམ་ཕྲག་ཏུ་བཅུག་ནས་ཏེང་ངེ་འཛིན་ལ་ཞུགས་ཚུལ་ལོ
ངོ་མཚར་ཆེ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་ལས
ཁྱེད་ནི་དྲག་པོའི་གཡུལ་ལས་ཁ་ལོ་བསྒྱུར་མཁན་དེའོ
ཀྱེ སྤོ་བོ་ལགས
ཁ་སང་བདེ་མོ་ཡིན་པའི་ཇག་གླུ་རིང་མོ ད་ལྟར ས་ཆ་གང་ནས་འཕྲད་སྲིད་དམ
ད།
འཇིག་རྟེན་དཀར་ངོགས་འདི་ལས
ཁྱེད་ཀྱིས་སྒོར་མོའི་དོན་དུ་ཅི་ཡང་མི་མཛད
སྤང་ལྗོངས་ཀྱི་མཐུ་འོག་ནས་བདེན་གྲུབ་ཀྱི་བསླུ་བྲིད་དབང་གིས་ཁྱེད་ཀྱིས་སྒྲིག་ལམ་ལ་མི་རྩི
ཡིན་ནའང
དགེ་སྡིག་སྤང་བླང་གི་རྣམ་དབྱེའི་དབང་གིས་ཁྱེད་ཀྱིས་ལས་རྒྱུ་འབྲས་ཀྱི་དཀར་ནག་ལ་རྩི
ཁྱེད་ལ་འགན་སྲུང་གི་ཆེད་དུ་ལྐོག་གཤོམ་བྱེད་པའི་གོམས་གཤིས་མེད
ཡིན་ནའང་གཞན་ལ་གློ་ཡུལ་ལས་འདས་པའི་དགྲ་ཤ་ལེན་ཤེས
ཁྲེལ་གཞུང་གི་སྒོ་མོ་ཁུར་ཐུབ་པ་ནས
ཁྱེད་ལ་དུས་རབས་ཤིག་གི་ཞི་རྒྱས་དབང་དྲག་ལས་རང་ཚུགས་ཤོར་བའི་གཏམ་དཔེ་མི་འདུག
སྤོ་བོ་ལགས ཁྱེད་ཀྱི་བྱང་ཁོག་ནང་ཉི་ཟླ་དང་བཅས་པའི་རྒྱལ་ཁམས་ཤིག་འདུག
ན།
ཤ་ཟ་བ་ནི་ཁྱེད་ཀྱི་རྩ་དོན་ཡིན་ཏེ
སོང་ཤུལ་དང་བསྡད་ཤུལ་དུ་ཤ་སྤངས་པའི་དུས་ཆེན་ཚེས་རྒྱུ་མེད
ཁྱེད་ཀྱིས་དཀོན་མཆོག་གསུམ་ལ་མོས་གུས་དང་དད་པ་སྐྱེ
ཡིན་ནའང
སྲིད་པའི་འཇིག་རྟེན་དུ་རང་ཉིད་ལས་མགོན་སྐྱབས་གཞན་བཙལ་མ་མྱོང
འཚོ་བའི་རབ་ཁ་བརྒལ་དུས
ཁྱེད་ཀྱི་ཁེར་རྐྱང་སྲུང་རོགས་དེ་སུ་ཡིན་ནམ
སྐྱེ་རྒ་ན་འཆི་ལ་རི་མོ་བྲིས་ཏེ་ཁྱེད་རང་སྐྱོ་ནས་སྐྱོ་རུ་བཅུག་མཁན་སུ་ཡིན་ནམ
ཁྱེད་ཀྱི་ཡིན་ཆོག་པའི
སེམས་ཀྱི་སྐྱོར་མ་གློ་རྟ་གྲོ་ཞུར་གཅིག་པུས་ཁྱེད་ཀྱི་ན་ཟུག་སྒོམ
པ།
ཁྱོད་ཀྱི་ཡིན་ཆོག་པའི་གཤོག་ཟུང་ནང་དུ
འབུ་སྲིན་གྱི་སྐྱེ་བ་བླངས་པའི་མི་དག་གི་འཚོ་གནས་མེད
ཚེ་རབས་གཅིག་གི་བླ་རི་དང་བླ་མཚོ་ཁུར་བའི་ཁྱེད་ཉིད
མི་རྟག་པའི་དུས་ཚོད་ནང་ཐེར་ཟུག་ཏུ་སྐྱེས
ཁྱེད་ཀྱི་ཡིན་ཆོག་པའི་མཚོ་མོ་འདི་ཡིས
ཁྱེད་ལ་ནམ་ཡང་ཁྲེལ་མེད་དང་ངོ་ལོག་བྱེད་མ་མྱོང
དེའི་རྗེས་ནས
ཁྱེད་ལ་འཇའ་ཚོན་ཤར་རབས་དང་མེ་ཏོག་བཞད་རབས་ལ་རྗེས་སུ་ཡིད་རངས་མེད
ཕ།
ཁྱེད་ལ
དབྱར་ཁ་བརྒྱད་ཅུ་གྱ་བཞིའི་ནགས་ཚལ་ཧྲིལ་བོ་དང་སྐྱེད་མོས་ཚལ་ཧྲིལ་བོ་བཞད་མྱོང
ཁྱེད་ལ
དགུན་ཁ་བརྒྱད་ཅུ་གྱ་ཞིའི་སྐྱོ་ཡུས་ཧྲིལ་བོ་དང་གྲང་ངར་ཧྲིལ་བོ་རུམ་དུ་བཅུག་མྱོང
ཁྱེད་ལ
སྟོན་ཁ་བརྒྱད་ཅུ་གྱ་བཞིའི་རྨི་ལམ་ཧྲིལ་བོ་དང་ཞེན་ཆགས་ཧྲིལ་བོ་ཁུར་མྱོང
ཁྱེད་ལ
སོས་ཀ་བརྒྱད་ཅུ་གྱ་བཞིའི་མུ་གེའི་རྭ་ཅོ་དང་ཟླ་ལྷག་གི་རྐང་པ་སྐྱེས་མྱོང
ཁྱེད་ཀྱིས
མཐོ་སྒང་གི་རྩྭ་ཐང་ཞིག་ལ
ཉིན་ཞག་སུམ་ཁྲི་བདུན་བརྒྱར་གནས་ཚང་གཡར་ཏེ
རྨི་ལམ་ཚར་གཅིག་གི་ལུས་རྟེན་ལ་བསྡུ་གསོག་བརྒྱབ
ཨོ·········· མ་རེད
རྨི་ལམ་ཚར་གཅིག་གི་ནང་དུ་མེ་ཏོག་སུམ་ཁྲི་བདུན་བརྒྱ་བཞད་པ་རེད
བ།
ཀྱེ བདག་གི་ཇག་པ་ལགས
སྲིད་པའི་དར་རྒུད་རིང་མོ་ལས་ཁྱེད་ཀྱི་སྐྱེ་མཆེད་བཅུ་གཉིས་ཀྱི་འདོད་པ་གྲུབ་འདུག
དུས་ཚོད་མང་པོའི་ནང་ཁྱེད་ཀྱི་མགོ་བོ་དང་གཉའ་སྟེང་དུ་ཤིང་སྒ་བསྟད་ཤུལ་མི་འདུག
ཁྱེད་ཀྱི་ལག་པའི་སྟེང་དུ་ཁ་བ་དང་གཡུང་དྲུང་གི་ལོག་མལ་འདུག
ཁྱེད་ལ་འདོད་ཆགས ཞེ་སྡང གཏི་མུག་བཅས་ཡོད་ས་མ་རེད
མ།
མི་ཡུལ་དུ་བལྟས་ཐེངས་རེར་རྒྱ་མཚོ་ཁོ་ན་དྲན་ཡོང
ཡིན་ནའང ཉ་སྲིན་དང་རུས་སྦལ མུ་ཏིག་དག་ལ་འབྲེལ་བ་མེད
ཁྱེད་རང་གིས་འཁོར་བ་ཞེས་པའི་མི་ཡུལ་གྱི་རྒྱ་མཚོ་ཞིག་སྲུང་བཞིན་ཡོད་ཟེར
རྒྱ་མཚོའི་ཁ་དོག་ལ་ནག་པོ་དང་སྔོན་པོ ཡང་ན་དམར་པོ་བཅས་འདུག
ཙ།
ཇག་པ་ལགས
འཇིག་རྟེན་ནང་ཤོང་མ་ཐུབ་པའི་རྩ་དོན་གཉིས་འདུག
གཅིག་ཁྱེད་ཀྱི་ཕྱེད་ཁ་རེད
གཅིག་ཤོས་དེ་ཁྱེད་ཀྱི་ཕྱེད་ཁ་གཞན་དེ་རེད
ངས་གཅིག་པུར་འགྲོ་ཤེས་པའི་ཟླ་བར་བལྟས་པས
དུས་ཚོད་ནི
བདེ་སྐྱིད་ལ་འགྱུར སྡུག་བསྔལ་ལ་འགྱུར ཡང་མོ་འགྱུར ལྗིད་མོ་ཡང་འགྱུར
ཚ།
གཟུགས་རིས་ནས་ལྷུང་པའི་དྲན་པའི་གཙུག་གཡུ
རི་གྲོང་ཞིག་གི་རྨི་ལམ་དང་རི་མོའི་ཚོགས་པ
ཤ་རུས་གཉིས་ཀྱི་གོ་ཁྲབ་གྱོན་ནས་འོད་སྣང་ལ་བརྩེ་བ་གནང་བའི་མི
ཇག་པ་ལགས
དམར་པོ་ཐོག་གི་ཞགས་པ་འཛིན་ཞིང
མགྱོགས་པ་རླུང་གི་གཤོག་པ་བཞོན་ཏེ
རང་ཡུལ་དུ་ཐེངས་གཅིག་ལོག་རོགས་མཛོད
ཛ།
ཇག་པ་ལགས
ད་ནི་ང་ཚོས་རང་ཉིད་འཁྲབ་ཤེས་པ་ཧ་ཅང་ཉུང
གཞན་གྱིས་ང་ཚོ་འཁྲབ་ཤེས་པ་ཧ་ཅང་མང
གདོང་ཐུག་རྒྱག་པའི་ཆུ་ཚོད་ནང་དུ་ཁྱེད་ཀྱི་ལག་པ་གཅིག་གིས་བྲོ་འཁྲབ་ཤེས་ཀྱི་འདུག
ཝ།
སྒམ་ནང་གི་ས་བོན་དེ
སང་ཉིན་ཞི་དྲག་གཉིས་མཚོན་བྱེད་ཀྱི་སྐད་ཅིག་མ་དེ་ཡིན་ནམ
དུང་གི་སྒྲ་ལ་ཞེན་ཆགས་པའི་རི་དྭགས་སྣ་ཚོགས་ལྟར
མཐའ་ལ་ཐུག་པའི་མེ་མདའ་ཞིག་གི་གཡོ་འོག་ཏུ་གསོན་ནམ་འཆི
ཁྱོད་ཀྱིས
རང་གཟུགས་མ་བསྡུས་པའི་སྔ་རོལ་གྱི་གར་དེ་ལ་ཧ་ཅང་རྩི་སྲུང་ཞུ
ཡིན་ནའང
གར་ནང་གི་འབག་དང་གཏམ་རྒྱུད མིག ཁ རྣ་བ་སོགས་ལ་ཡེ་ནས་ཐེར་འདོན་ཞུ
ཞ།
ལག་པར་ཐུག་ནས་སྐྱོ་འགྲོ་བ་ནི
སྲིད་པའི་རོལ་མོ་དང་མ་སྐྱེས་པའི་རྒྱབ་གཟུགས་དེ་ཚོའོ
ཉི་ཟླའི་ཚབ་དུ་ཁྱེད་ཀྱི་སྐྱེ་མཆེད་བཅུ་གཉིས་ལ་སྙིང་རྗེ་མེད་པའི་གྲི་ཟེར
དྲན་པའི་རྒྱབ་ལྗོངས་དེར་བསྐོན་པའི་ཐག་པ་དེ་ཡང
བཙན་ཤེད་ཀྱིས་བརྡབ་གསིག་བྱེད་པའི་ཤེལ་ལེབ་ཅིག་ཏུ་གྱུར་སོང
དུམ་བུར་ཤོར་བའི་ནམ་མཁའ་དེ་བསྒྲུག་ཀྱིན་མཐའ་མར་ཁྱེད་ཀྱི་བསྡུས་གཟུགས་སུ་གྲུབ་བོ
ཟ།
ཉི་ཤར་དང་ཉི་ནུབ་ནི་ཁྱེད་ཀྱི་སྨོན་ལམ་ཐོག་མ་དེ་རེད
རྫོགས་མཐའ་མེད་པའི་གྲམ་ཐང་གི་རེ་སྨོན་ཁུར་ནས
ཁྱེད་ཀྱི་རླིད་བུའི་ནང་ཚེ་རབས་མང་པོའི་སྒལ་པ་དང་འགྲམ་པ་ཉར་འདུག
ཁྱོད་ཀྱིས་རྒྱུན་དུ་རང་གི་རྣམ་ཤེས་གསེད་བཀྲོལ་བཏང་པས
མཐའ་མཚམས་མེད་པའི་རྒྱལ་ཁམས་ཤིག་གི་སྒེའུ་ཁུང་བརྟོལ་ཏེ་དབྱར་ཁ་ཡོང་བར་སྒུག
འ།
ཁྱེད་ཀྱིས་མི་རྟག་པའི་ཆུ་ཡི་ནང་གི་གསེར་ཁྲི་ལ་སྨོན་ལམ་མི་འདེབས་པར
མུན་ནག་ནང་དུ་དུག་སྦྲུལ་གྱིས་སྲུང་བའི་མེ་སྟག་ཅིག་ལ་ཤིན་ཏུ་གཅེས
ཁྱེད་ཀྱིས་སྤང་ལྗོངས་སུ་འཐོར་པའི་རྨི་ལམ་གྱི་རྒྱལ་པོ་གཏན་དུ་མི་གཏོང་བར
སེར་སྣ་སྐྱེས་ཆེད་ཟླ་བའི་ནགས་ཚལ་སྟུག་པོ་ལ་མེ་བརྒྱབ
ཡ།
བདག་གི་ཇག་པ་ལགས
དུས་ཀྱི་མཐའ་ནས་ཞོགས་ཡོང་བའི་གནའ་ཁྱུ
མཐའ་མཇུག་ཁྱེད་ཀྱི་རྩྭ་ཐང་དུ་ལོག་ཐུབ་བམ
མི་ཡིས་བསྐྲུན་པའི་བདེ་སྐྱིད་ཀྱི་འདབ་མ་རེ་རེ
མཐའ་མཇུག་ས་གཞི་རི་མོ་ཁོ་ནར་ལོག་ཡོང་ངམ
ད་ནི་མཐར་ཐུག་གི་རེ་དོགས་དེ་ཡང་འགད་ནས་ཇེ་མང་འགྲོ་བཞིན་འདུག
ར།
བདག་གི་ཇག་པ་ལགས
ཁ་བའི་ཆ་ཤས་གཅིག་ཁྱེད་ཀྱིས་འཁྱེར་སོང
ད་ནི་ཕ་ཡུལ་དུ་ཁ་བ་བབས་ན ཁ་བ་ལ་ཕྱེད་ཀ་ཞེས་འབོད
ཕ་ཡུལ་གྱི་ཆ་ཤས་གཅིག་ཤོས་ནི་ཁྱེད་ཡིན་ཟེར
ད་ནི་ཕ་ཡུལ་དུ་ལོག་ན ཕ་ཡུལ་ལ་བོར་སྟོར་ཞེས་འབོད
ཤ་ཆས་ནི་ཉི་འོད་ནང་གཏོར་བའི་ཆུ་ཡི་འཕྲོ་མ་བཞིན
སེམས་ཀྱིས་བཅུ་ཐབས་མི་འདུག
ལ།
ཁྱོད་ཀྱིས་བསྩལ་བའི་རྒྱང་རིང་ནི་ལྗང་གུ་ཞིག་རེད
དགུ་ཚིགས་ཀྱི་སོར་མོའི་ངོས་སུ་གནས་པའི་སྐད་ཅིག་མའི་ལྗང་གུ་དེ
སྣོད་དུ་བླུགས་པས་ང་ཡི་མིག་ཤེས་ནང་སྲིད་པ་ཆགས་སོང
སྲིད་པ་ཆགས་པའི་སྒྲུང་ནང་དུ་རྒྱ་མཚོ་ཤོང་ཡོད་ནའང་རྒྱང་རིང་ཤོང་མི་འདུག་གོ
ཤ།
ཇག་པ་ལགས
ཁྱོད་ཀྱིས་ཆེས་མཛེས་པའི་འཇིག་རྟེན་ཞིག་ལ་སེམས་པ་ཤོར་ཡོད་དམ
དོན་དུ
འཇིག་རྟེན་འདི་གཟེབ་ཅིག་དང་འདྲ་སྟེ
ནང་དུ་བཅུག་ན་སྨྲེང་ཞིང
ཕྱི་རུ་གློད་ན་དེ་བས་སྨྲེང་ངོ
ས།
ཀྱེ ཇག་པ་ལགས
ཁྱོད་ཀྱིས་སྒྱུ་ལུས་གཡར་མ་དེ་ཡི་ཚབ་ཏུ་རལ་གྲི་གསོས་ནས
གསེར་དང་དངུལ ཟངས ལྕགས་བཅས་ཡོད་ས་དེར་ཇག་མི་བྱེད
སྡིག་པ་དང་ཁྲེལ་གཞུང ངོ་ཚ ཧམ་པ་བཅས་ཡོད་ས་དེར་ཇག་བྱེད
ད་ནི་སྒྲུང་ནང་དུ་ཆོ་ངེ་དང་སྙིང་རྗེ་མི་འབྲི་བར དགྲ་ཤ་དང་རྒྱལ་ཁ་འབྲི་དགོས
ཧ།
ཕྱེད་ཀ་ལས་མི་མངོན་པའི་རྩྭ་ཐང་ཞིག་ལ
རྒྱུད་སྐུད་ཆད་པའི་རོལ་དབྱངས་ཆག་ཏོ་ཞིག་གི་སེམས་པ་ངུ
མེ་ཏོག་གིས་དུག་གསོས་ཏེ་མིག་ནང་དུ་འཆི་བ་བཟོས
འཇའ་ཚོན་ནང་ཟླ་མཚན་དྲངས་ཏེ་བརྩེ་དུང་གི་དགྲ་ཤ་བླངས
ཀྱེ ཇག་པ་ལགས
རྟ་ཕོས་ཅི་བྱ
རྩྭ་ཐང་ལ་རྨི་ལམ་ཆད་སོང
ཨ།
སེམས་ཀྱི་ཨུ་དུམ་ཝ་རའི་སྐྱེད་ཚལ་ཞིག་རལ་གྲིས་བཅད་པ་བཞིན
དུས་ཀྱི་རྣང་ཞིང་དུའང་མེ་ཏོག་གི་མྱ་ངན་ཁོ་ན་སྐྱེ
སྐྱེ་བོའི་གདུང་སེམས་ནང་བརྟོད་པའི་རྟ་ཕོ་གཅིག་གི་རྨི་ལམ་རྡོ་ལ་བརྡབས་ནས་ཆག
དེ་ནས་བཟུང ཡིད་དུ་འོང་བའི་ལག་པ་དེ སུ་ཡི་ཚབ་ཏུ་རྨང་ནས་ཆད་ཀྱིན་འདུག
ཇག་པ་ལགས
ང་ལ་སང་ཉིན་གྱིས་ཅི་བྱ
2024.6.5ཉིན་བྲིས།
2025.3.31ཉིན་ཡོངས་སུ་གྲུབ།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།