ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《ཀླུ་དང་མི》

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-02-07

  དཔྱིད་འགོ་མ་ཤར་རྗེས་ཀྱི་ཉིན་མོ་ཕལ་པ་ཞིག་ལ། ངས་གཏུབ་གྲི་ཞིག་ཁུར་ནས། སྒོ་ར་དང་ཞིང་ཁ་གང་སར་ས་འོག་ནས་ཐོན་མ་ཐག་པའི་ཟྭ་ཚོད་འཐུ་རུ་སོང་། ང་རང་ཆུང་དུས་པྲ་ཆལ་འདྲ་བྱེད་དུས་ཨ་ཕས་ཟྭ་ཚོད་སྡོང་པོ་ཆུ་གྲང་མོ་ནང་བཅུག་རྗེས་ལག་པའི་ཤ་རྗེན་ཐོག་བྲབ་འོང་། ཟྭ་སྤུ་ལུས་ལ་ཟུག་པའི་ན་ཟུག་ནི་ནམ་ཡང་བརྗེད་པ་དཀའ། ན་ཟུག་དེ་ལངས་ཐེངས་རེར་དེ་མ་ཉིད་དུ་ཤི་མི་འགྲོ་ཨང་སྙམ་འོང་། ཨ་ཕས་ང་ལ་ཟྭ་ཚོད་ཀྱིས་བྲབ་དུས་དེར་ཕལ་ཆེར་དབྱར་ཁ་ཤར་ཟིན། དཔྱིད་འགོ་མ་ཡིན་ན། ཨ་ཕས་ང་ལ་བྲབ་བྱེད་ཀྱི་ཟྭ་ཚོད་ཀྱི་སྨྱུ་གུ་དེ་དག་བཏུས་ནས་མར་རྡོག་ཅུང་འཕངས་རྗེས་ཟྭ་ཚོད་ཀྱི་ཚོད་མ་ཞིམ་པོ་ཞིག་སྐོལ་གྱི་ཡོད། ང་རང་དུས་ནམ་ཡང་དཔྱིད་འགོ་མ་ཤར་བར་སྒུག་གིན་ཡོད་ལ་དབྱར་ཁ་ཤར་བར་སྐྲག་གིན་ཡོད། ང་རང་དཔྱིད་ཀའི་ཟྭ་ཚོད་ཀྱི་སྨྱུ་གུ་ལ་དགའ་ཞིང་དབྱར་གྱི་སྤུ་ཟེང་ངེར་ཡོད་པའི་ཟྭ་ཚོད་སྡོང་པོར་ཧ་ཅང་སྐྲག དེ་རིང་ང་རང་ཨ་ཕའི་རྐང་རྗེས་དེད་དེ། སྒོ་ར་དང་ཞིང་ཁར་གང་སར་ཟྭ་ཚོད་ཀྱི་སྨྱུ་གུ་འཐུ་སོང་དུས། ཨ་ཕ་མི་ཡུལ་ནས་འདས་ཏེ་ལོ་གཅིག་ཙམ་འདས་ཟིན་པ་དྲན།

  ཨ་ཕ་གཞོན་ཤ་དར་ཁྲག་དར་ཡིན་དུས། ཏག་ཏག་ལྷ་མེད་འདྲེ་མེད་ཀྱི་བྱ་འགུལ་ཞིག་སྤེལ་བའི་སྐབས་ཡིན་འདུག ཨ་ཕ་ནི་ང་ཚོ་སྡེ་བའི་སྡེ་དཔོན་ཡིན་པས། འགོ་ཁྲིད་དེ་ཀླུ་གནས་ཡོད་པའི་ཤིང་སྡོང་ཚང་མ་བཅད། ང་ཚོ་སྡེ་བར“ལྷ་ཀླུ་གཉན་གསུམ་ཡིན་ཡང་མི་རེད། ཁྱོད་ཀྱིས་ཁོ་ལ་སྐྲག་སློང་དུས་ཁོ་སྐྲག་གི་རེད། ཁྱོད་ཀྱིས་ཁོ་ལ་དད་པ་བྱེད་དུས་ཁོས་ཁྱོད་ལ་གནོད་པ་བྱེད་ནི་རེད”ཅེས་ཟེར་སྲོལ་ཡོད་པ་ལྟར། ལྷ་མེད་འདྲེ་མེད་ཀྱི་བྱ་འགུལ་དེ་སྤེལ་བའི་རིང་ལ་སུ་ལའང་གནོད་པ་མ་བྱུང་མོད། ཆོས་དད་རང་མོས་ཤར་ནས་ཆུ་མིག་དང་ལུང་ཆུའི་འགྲམ་གྱི་ཤིང་སྡོང་ཁ་ཤས་ལ་སླར་ཡང་ཀླུ་ཡོད་རེད་ཟེར་ནས་ཀླུ་མཆོད་བྱེད་པའི་དུས། སྔོན་བྱ་འགུལ་ནང་བཞུགས་མྱོང་མཁན་ཚོ་རེ་རེ་བཞིན་སེམས་མི་བདེ་བ་དང་ལུས་མི་བདེ་བ་བྱུང་བ་རེད། དང་པོ་ན་མཁན་ནི་ངེད་ཚང་གི་ཨ་མ་རེད། ཨ་མ་ལོ་ཆུང་ཡང་རྐང་པ་སྐྲངས་ནས་འགུལ་སྐྱོད་བྱེད་མི་ཐུབ་པར་གྱུར། བཅོས་ཐབས་མེད་པའི་ནད་ངན་དེའི་དབང་གིས་ཨ་མ་ལོ་སུམ་ཅུ་ལས་སོན་མེད་ནའང་ལོ་རྒན་བདུན་བཅུ་ཡལ་བའི་རྒད་མོ་ལྟར་གྱུར། སླར་ལོ་འགའ་ཤས་འདས་པའི་རྗེས་སུ་གནོད་པ་དེ་ཕུ་བོའི་ལུས་ཐོག་ཏུ་ཁེལ་བྱུང་།

  ཉིན་དེ་ནི་ལོ་གསར་གྱི་སྐབས་མཚན་མོ་གཞས་འཆམ་རེས་ངེད་ཚང་དུ་ཁེལ་བའི་ཉིན་དེ་རེད། མི་མང་པོ་ངེད་ཚང་དུ་འཛོམས་ཏེ། “དགའ་བྱུང་སྐྱིད་བྱུང་ལ”ཟེར་བའི་གཞས་དེ་འཆམ་ནས་ཁང་པ་ཡང་གཡོ་སྙམ་བྱེད་ཀྱིན་ཡོད་ཙ་ན། དུས་རྒྱུན་གསལ་ལྷང་ལྷང་ཡིན་པའི་ངེད་ཚང་གི་གློག་དེ་མག་མོག་ཏུ་གྱུར་སོང་། མི་ཀུན་གཞས་འཆམ་མཚམས་བཞག་སྟེ། མག་མོག་ཏུ་གྱུར་བའི་ཤེལ་ཏོག་ལ་ཅེར་འདུག

  ངའི་ཕུ་བོ་རྐུབ་སྟེགས་ཤིག་གི་ཐོག་ཏུ་འཛེགས་ཏེ། ཤེལ་ཏོག་དང་གློག་སྐུད་མཉམ་པོ་ས་ལ་ཕབ་རྗེས་། གྲོང་རོགས་ལ་ཚེ་བློ་ཟེར་བའི་བྱིས་པ་མགོ་བདེ་ཞིག་ཡོད་པ་དེ་ལ“མཛོད་ཁང་དུ་ཡོད་པའི་གློག་སྐུད་ཀྱི་བསྒར་སྣེ་ཚུར་འཐེན་སོང”ཞེས་བངགས།

  བྱིས་པ་མགོ་བདེ་དེ་མཛོད་ཁང་དུ་རྒྱུགས་སོང་ལ་གློག་སྐུད་ཀྱི་བསྒར་སྣེ་ཚུར་འཐེན་པ་འདྲ། མ་ཕུག་ནས་མག་མོག་ཡིན་པའི་ཤེལ་ཏོག་དེ་ཤི་སོང་། ཕུ་བོས་གློག་སྒྲོན་བཀར་ནས་ཤེལ་ཏོག་དང་གློག་སྐུད་ལ་ཉམས་མྱོང་ཡོད་པའི་ཚུལ་གྱིས་ཞིབ་པར་བརྟག་རྗེས། ཤེལ་ཏོག་ལ་སྐྱོན་མེད་པ་དང་གློག་སྐུད་ཅུང་ཆད་ཡོད་པ་ཤེས། ཉེ་འགྲམ་དུ་ཅ་ལག་གང་ཡང་མེད་པས་གློག་སྐུད་དེ་བཟོས་དགོས་ན་གོམས་གཤིས་བཞིན་སོ་བརྒྱབ་པ་ལས་འོས་མེད། ཕུ་བས་གློག་སྐུད་ལ་སོ་བརྒྱབ་ཙ་ན་མཛོད་ཁང་དུ་བསྡད་ཡོད་པའི་བྱིས་པ་མགོ་བདེ་དེས་གློག་སྐུད་ཀྱི་བསྒར་སྣེ་གྱང་ནང་ཡར་བཅུག་འདུག

  གློག་སྐུད་ཁ་ནང་བཅུག་མ་ཐག་གློག་བརྒྱབ་པས་སུས་ཀྱང་སྐྱོབ་མ་ཐུབ་པ་ཕུ་བོ་དེ་མ་ཉིད་དུ་ཕྱི་མའི་ལམ་དུ་བརྫངས། ཁང་པ་གང་བོར་ཚིག་དྲིས་ཁེངས་པས་གཞས་འཆམ་མཁན་རྣམས་སྒོ་ནས་གང་ཐར་གྱིས་བྲོས་སོང་།

  ཕུ་བོ་འདས་རྗེས། ཨ་ཕ་ནི་ཆང་ཚོད་མེད་འཐུང་མཁན་ཞིག་ཏུ་གྱུར། ཡིན་ཡང་ཨ་ཕ་བཀྲོངས་མཁན་ནི་ཆང་མ་རེད། ང་དང་ཨ་མ་འདྲ་བོ་ཁོ་ལ་ཆང་འཐུང་དུ་མི་བཅུག་མཁན་ཚོ་རེད། མི་གཞན་གྱིས་ང་ལ་ཨ་ཕ་ནི་ཀླུ་ཡིས་གནོད་པ་བྱས་ཏེ་འདས་ཚུལ་བཤད་མོད། ངའི་སེམས་ནང་སྐད་ཆ་དེ་ནི་ཁ་གཡར་ས་དང་སེམས་གསོ་ས་ཙམ་ལས་མ་འདས།

  ཉིན་དེར་ཨ་མ་ནི་མོ་ལ་ནད་དེ་ཕོག་རྗེས་ཀྱི་ལོ་ཟླ་མང་པོའི་རིམ་གོམས་གཤིས་སུ་གྱུར་ཟིན་པ་བཞིན། མོ་རང་སྒོ་རའི་ནང་གི་ཉི་འོད་དྲོ་ས་ཞིག་ན་གདན་སྟུག་པོ་ཞིག་བཏིང་ནས་གཡོ་འགུལ་མེད་པར་ཉི་མར་ལྡེ་བཞིན་འདུག

  “བུ། བུ”ང་ཞིང་ཁར་ལས་ཀ་བྱེད་དུ་འགྲོ་སྐབས། ཨ་མས་སྒོ་ར་ནས་ང་རང་བོས་བྱུང་།

  ངས་“ཨ་མ་ལགས། དོན་དག་ཅི་ཡོད”ཟེར་ནས་མོ་སར་སོང་།

  མོ་རང་ངག་དིག་ནས་སྐད་ཆ་གསལ་པོ་ཞིག་ཀྱང་བཤད་མ་ཐུབ་པར་འགྱུར་འདུག

  ང་རང་སྐྲག་སྟེ་མོ་ལ་དོན་དག་ཅི་བྱུང་དྲིས་དུས། མོས་སྐྱོན་མེད་པའི་བརྡ་ལ་མགོ་བོ་གཡུགས་གཡུགས་བྱས་སོང་།

  “བུ…ཨ…རག…སྦས…ཨ…རག…སྦས…”

  “ཨ་མ། རང་གིས་ཨ་ཕའི་ཨ་རག་དམ་བེ་སྦས་ཟེར་གྱི་ཡོད་དམ”ཞེས་དྲིས་དུས། མོས་འཐད་པའི་བརྡ་ལ་མགོ་བོ་ལྕོག་ཙམ་བྱས།

  ཨ་མའི་ལུས་པོ་སྐྲང་ཡོད་པས། དུས་རྒྱུན་འགུལ་སྐྱོད་བྱེད་མི་ཐུབ་ཀྱང་ཁ་བདེ་པོ་ཡོད། དེ་རིང་སྐད་ཆ་ཡང་བཤད་མི་ཐུབ་པར་གྱུར་བ་དེ་ནད་གཞི་ཚབས་ཆེ་རུ་འགྱུར་འདུག་སྙམ།

  “ཨ…རག…སྦས…”

  ང་རང་དེ་མུར་ཁྱིམ་ནང་འཛུལ་ཏེ། ཨ་ཕའི་ཨ་རག་དམ་བེ་དེ་བང་མཛོད་ནང་གི་འབྲུ་ནང་དུ་སྦས་པ་ཡིན།

  ང་རང་ཕྱིར་ཐོན་དུས། ཨ་མའི་གདོང་ལ་མཛུམ་མདངས་ཡ་མཚན་ཞིག་ཤར་འདུག“ཨ་མ། ཁྱོད་ལ་སྐྱོན་མི་འདུག་གམ”ཞེས་དྲིས་དུས།

  ཨ་མས“བུ། ང་ལ་སྐྱོན་མི་འདུག ཁྱོད་རང་ལས་ཀར་སོང”ཟེར། ད་ནི་ངག་ཀྱང་དིག་གི་མི་འདུག

  ང་རང་སེམས་མི་བདེ་བཞིན་དུ་ཞིང་ཁའི་ཕྱོགས་སུ་ཆས་དུས། ཨ་མའི་གདོང་ངོས་ཀྱི་འཛུམ་མདངས་ཡ་མཚན་དེ་ད་དུང་ཡལ་མི་འདུག

  ལས་ཀ་ལས་ནས་ཆུ་ཚོད་གསུམ་ཙམ་འདས་པའི་རྗེས་སུ། ངེད་ཚང་གི་ཁང་པའི་ནང་ང་རོ་སྐྱི་གཡའ་བ་ཞིག་གྲགས་བྱུང་། ང་རོ་དེ་འབུ་ཚ་སྡེ་བའི་གཡས་གཡོན་གྱི་བྲག་ལ་ཡང་བྲག་ཆ་ལྷང་ལྷང་མཆེད། ང་རང་ཅི་བྱུང་མ་ཤེས་པ་ཡོད་དུས། སྡེ་བའི་ནང་གི་མི་མང་པོ་ཞིག་ངེད་ཚང་གི་ཕྱོགས་སུ་རྒྱུགས་འགྲོ་གི་ཡོད་པ་མཐོང་བྱུང་།

  ང་རང་ཁྱིམ་ནང་སླེབས་དུས། ཨ་ཕའི་ཁ་ནང་དུ་བ་སྔོ་ཐོལ་ཐོལ་ཐོན་ཞིང་། མིག་བགྲད། ལུས་པོ་འདར་ཡོམ་ཡོམ་བྱེད་ཀྱིན་འདུག སྐར་མ་གཅིག་ཙམ་འདས་རྗེས་གྲགས་འགུལ་མེད་པར་གྱུར་སོང་།

  ཨ་ཕ་ལ་དོན་དག་ཅི་བྱུང་བ་ཡིན་ནམ་སྙམ་ནས་ལྟ་དུས། ཨ་ཕས་ཨ་རག་དམ་བེ་དེ་འཚོལ་བ་འདྲ་ཁང་པའི་ནང་གི་ཅ་ལག་ཡོད་ཚད་སློག་འདུག མཐར་ཁོས་ཆག་སྒམ་ནང་དུ་ཡོད་པའི་ཉི་གློག་ནང་དུ་བླུགས་རྒྱུའི་གློག་ཆུ་དམ་བེ་དེ་ཨ་རག་རེད་བསམ་པ་འདྲ། དེ་འཐུང་འདུག

  མི་ཀུན་ཁ་ནས་དུ་བ་སྔོ་ཐོལ་ཐོལ་ཐོན་གྱིན་པའི་ཨ་ཕའི་ཕུང་པོར་མགོ་འཁོར་ནས་ཕྱི་དྲོར་སླེབས་དུས། གཞི་ནས་སྒོ་རའི་ནང་གི་ཨ་མ་དྲན་བྱུང་། ང་ཚོ་སྒོ་རའི་ནང་དུ་སླེབས་དུས་ཨ་མ་མིག་བགྲད་ནས་ཙོག་པོར་བསྡད་འདུག ཨ་ཕས་གློག་ཆུ་འཐུང་བས་སྐྱི་གཡའ་བའི་ངར་སྒྲའི་ཁྲོད་དུ་ཨ་མའི་བླ་ཤོར་བ་འདྲ། མོའི་ལུས་པོར་དྲོད་ཡལ་འདུག

  ཨ་ཕའི་ངར་སྒྲ་དེས། འབུ་ཚ་སྡེ་བའི་མི་རྣམས་མཚན་མོ་ཁེར་འགྲོ་བྱེད་མི་ཕོད་པ་ཞིག་བཟོས། བྱིས་པ་མི་དགོས། མི་དར་མ་རྣམས་ཀྱང་མཚན་མོར་ཕྱི་ལ་གཅིན་སྐྱག་གཏོང་བར་འགྲོ་སྐབས་རོགས་པ་ཞིག་ཁྲིད་དགོས་པའི་ཚད་ལ་སླེབས། མི་རྣམས་ཀྱིས་སྐད་སྒྲ་དེ་འདྲ་མིའི་ཁ་ནས་ཐོན་མི་སྲིད། དེ་ནི་བཙན་བདུད་གྱིས་བདག་ཏུ་བྱས་པའི་མིས་བརྒྱབ་པའི་ངར་སྒྲ་རེད་ཟེར། མི་ཚོས་ཆོས་དཔེ་དང་《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ནང་གི་ཁ་ནས་དུ་བ་ཡོང་བའི་བདུད་དག་ལུང་དུ་དྲངས་ཏེ། ངའི་ཨ་ཕ་ཤི་ཚུལ་དེ་ཧ་ཅང་ལྟས་ངན་པ། བཀྲ་མི་ཤེས་པ་ཞིག་ཡིན་ཚུལ་གླེང་ཞིང་། དེ་ནི་འཇིག་རྟེན་འཇིག་པའི་དུས་ལ་སླེབས་ཉེ་བའི་བརྡ་རྟགས་ཤིག་ཡིན་པ་བཤད།

  ཉིན་གསུམ་ཕྱིན་རྗེས། ཨ་ཕའི་ཁ་ནང་དུ་ཐོན་པའི་དུ་བ་སྔོ་ཐོལ་ཐོལ་དེ་ཆད་ཀྱང་། ཁང་པ་ཡོད་ཚད་དོན་ལྔ་སྣོད་དྲུག་ཚིག་པའི་དྲི་ངན་གྱིས་ཁེངས་པར་བྱས། ལོ་གཅིག་འདས་རྗེས་ཀྱི་དེ་རིང་ཡང་ངས་ཁང་པའི་ནང་དུ་ཚིག་དྲི་ཞིག་ཡོད་པ་ཚོར། ངས་ཅི་ཡང་བསྲེགས་མེད་པས་དེ་ནི་ལོ་གཅིག་གི་སྔོན་དུ་ཨ་ཕའི་ཕོ་བའམ་སྙིང་དམར་གང་རུང་ཞིག་གློག་ཆུས་ཚིག་པའི་དྲི་མ་ཡིན་ངེས་སྙམ། དེ་ཉིན་ངས་ཤ་ཁུ་ཞིག་བསྐོལ་ནས་ངེད་ཚང་དུ་འཛོམས་ཡོད་པའི་སྡེ་བ་གཅིག་པའི་མི་རྣམས་ལ་ལྡུད་པ་ཡིན། དེ་དུས་བློ་དགའ་ཟེར་བའི་མི་གླེན་པ། ཀླད་པར་སྐྱོན་ཅུང་ཡོད་པ་ཞིག་ཡོད་པས། ཁོ་རང་མི་ཚོགས་ནས་ཡར་ལངས་ཏེ། ཤ་རྡོག་པོ་ཆེན་པོ་ཞིག་ང་ལ་བསྟན་བྱུང་། ངས་ཤ་དེ་མི་གཙང་བ་འདྲ་ཡིན་ནམ་སྙམ་སྐབས་ཁོས“ཤ་འདི་ནི་ཨ་ཁུ་ཚེ་རྒྱམ་གྱི་ཤ་རེད་དམ”ཞེས་དྲིས་བྱུང་(ངའི་ཨ་ཕའི་མིང་ལ་ཚེ་རྒྱམ་ཟེར)

  དེ་རིང་ཞོགས་པར་ང་རང་མལ་ལས་ལངས་དུས། ཁང་པའི་ནང་ཚིག་དྲི་ཞིག་བྲོ་བཞིན་པ་ཚོར། ངས་དེ་ནི་ལོ་གཅིག་ཏུ་སྔོན་དུ་ཚིག་སོང་བའི་ཨ་ཕའི་སྙིང་དམར་གྱི་དྲི་མ་ཡིན་པའམ་ཡང་ན། ཤི་དམྱལ་བར་བསྡད་ཡོད་པའི་ཨ་ཕའི་ཚིག་དྲི་མི་ཡུལ་དུ་བྲོ་བ་མིན་ནམ་སྙམ།

  ངས་ཟ་ཚོད་སློ་མ་གང་བཏུས་རྗེས་གཙང་མར་བཀྲུས། ཆུ་ཁོལ་ནང་བླུགས། ཚྭ་བཏབ། མར་འཕངས་ཏེ་སྐར་མ་ཁ་ཤས་བཞག་པ་དང་། ཁ་ལེབ་ཕྱེ་བ་ན། ཁང་པའི་ནང་ཟྭ་ཚོད་ཀྱི་དྲི་ཞིམ་གྱིས་ཁེངས་སོང་།

  ཤིང་ཕོར་ནང་བླུགས་ཏེ་ཁམ་གང་འཐུང་དུས། ངེད་ཚང་གི་རྒྱབ་སྒོ་ཕྱེ་བའི་སྒྲ་གྲགས་བྱུང་། ཟྭ་ཚོད་ཀྱི་བྲོ་བ་གང་འདྲ་ཡོད་མེད་མྱོང་རྒྱུ་མ་བྱུང་། སུ་ཡིན་ནམ་སྙམ་གྱིན་སྒེའུ་ཁུང་ནས་ལྟ་སྐབས། རྒད་པོ་མགོ་བོ་དུང་ལྟར་དཀར་བ་ཞིག་བརྡ་གང་ཡང་མ་བརྒྱབ་པར་ངེད་ཚང་གི་སྒོ་ནང་འཛུལ་སོང་།

  “ཚོད་མའི་དྲི་མ་དེ་འདྲའི་ཞིམ་པ་ལ”ཁོས་སྣ་འགུལ་གྱིན་དྲི་མ་སྣོམ་གྱིན་འདུག ངས་ཁོའི་འགུལ་ཤེས་པའི་སྣ་དེ་ལ་ལྟ་བཞིན་ཡང་ཕོར་བ་ཞིག་གྲ་སྒྲིག་བྱེད་དགོས་པ་འདུག་སྙམ།

  ངས་ཕོར་བའི་ནང་དུ་ཚོད་མ་བླུག་གིན་“ཨ་ཁུ། ཁྱོད་རང་གང་ནས་འོང་། གང་དུ་འགྲོ”ཞེས་དྲིས་པས་ཁོས“ང་རང་སྟོད་མངའ་རིས་ནས་འོང་། སྨད་ཁ་བ་དཀར་པོ་མཇལ་བར་འགྲོ་རྒྱུ་ཡིན”ཞེས་བཤད་བྱུང་།

  “མངའ་རིས་ཕྱོགས་ལ་གངས་རིན་པོ་ཆེ་ཡོད་པ་མིན་ནམ”ངའི་བསམ་པར་རྒད་པོ་འདི་ནི་ཡ་མཚན་ཞིག་འདུག ཁོའི་ཕ་ཡུལ་སྟོད་མངའ་རིས་གངས་རིན་པོ་ཆེ་དང་ཉེ་བ་ཡོད་ཀྱང་ས་ཐག་རིང་པོ་བརྒྱུད་ནས་ཁ་བ་དཀར་པོ་མཇལ་བ་ཡོང་བ་འདུག ཁོ་ལྟ་བུའི་རྒད་པོ་མཆོད་རྟེན་ཆུང་ཆུང་ཞིག་བསྐོར་ནའང་ངལ་བ་བྱེད་ངེས། ཡིན་ཡང་རྒད་པོ་འདི་སྟོད་གངས་རི་པོ་ཆེ་ནས་སྨད་ཁ་བ་དཀར་པོ་ཡོད་སར་སླེབས་ཀྱང་གདོང་ལ་སྡུག་མདོག་གང་ཡང་མི་འདུག ད་དུང་ཁོ་མི་གཅིག་པོ་རྐང་ཐང་ལ་་་་

  ངས་འདི་འདྲ་བསམ་གྱིན། ཚོད་མ་ཕོར་བ་གང་དེ་རྒད་པོ་ལ་སྟེར་སྐབས། རྒད་པོའི་མིག་ནས་འོད་ཟེར་རྣོར་པོ་ཞིག་འཕྲོ་ཡོང་བ་མཐོང་། འོད་ཟེར་འཕྲོས་ཚར་རྗེས་ཁོའི་གདོང་ལ་གསང་བ་ཅི་ཞིག་ཤེས་པའི་རྣམ་འགྱུར་ཞིག་ཤར་བྱུང་བ་དང་“ཡིན་རྒྱུ་ནི་དེ་འདྲ་རེད་མོད། ང་རང་བྱིས་པ་ཡིན་དུས་ནས་རྨི་ལམ་དུ་གངས་རི་གནམ་གྱི་ཀ་བ་འདྲ་བོ་ཞིག་རྟག་ཏུ་རྨིས་ཤིང་། ཆེན་པོ་ཆགས་དུས་ངས་མི་གཞན་ལ་གངས་རི་དེའི་རྣམ་པ་བཤད་དུས། དེ་ནི་རོང་བཙན་ཁ་བ་དཀར་པོ་རང་རེད་ཟེར། ང་རང་མ་ཤི་སྔོན་དུ་ཁ་བ་དཀར་པོ་ཐེངས་གཅིག་མཇལ་འདོད་བྱུང་བས། འཇིགས་པ་མེད་པར་ལམ་ལ་ཆས་པ་ཡིན། རོང་བཙན་ཁ་བ་དཀར་པོས་བྱིན་གྱིས་རླབས་པས་ན་ལམ་བར་དུ་དཀའ་ངལ་གང་ཡང་མ་བྱུང”ཞེས་བཤད།

  ཁོས་“ཚོད་མ་འདི་ཧ་ལས་པ་ཞིམ་པོ་འདུག ངའི་ཕ་ཡུལ་དུ་ཚོད་མ་འདི་འདྲ་སྐོལ་སྲོལ་མེད་པས། རང་གིས་ང་ལ་སྐོལ་སྟངས་ཤིག་བསླབ་རོགས། ང་རང་སྟོད་མངའ་རིས་ལ་སླེབས་རྗེས། ཚོད་མ་སྐོལ་སྟངས་འདི་སྟོད་མངའ་རིས་ལ་དར་སྤེལ་གཏོང་གི་ཡིན”ཟེར།

  “དེ་ལས་སླ་མོ་རེད། ཟྭ་ཚོད་གཙང་མར་བཀྲུས་རྗེས། ཆུ་ཁོལ་ནང་བླུགས། ཚྭ་བཏབ། མར་འཕངས་ན་ཆོག”ངས་བཤད།

  ཁོས་“ཟྭ་ཚོད་ཟེར་བ་དེ་ལུས་པོ་ལ་ཟུག་ཤེས་པའི་ཟྭ་ཚོད་དེ་ལ་ཟེར་བ་ཡིན་ནམ།”ཞེས་དྲིས།

  ངས་“དེ་རང་རེད”ཅེས་བཤད།

  “མངའ་རིས་སུ་དེ་ལའང་ཟྭ་ཚོད་ཟེར། ཁ་ཤས་ཤིག་གིས་ཟྭ་པོ་ཡང་ཟེར། དེ་མིས་བཟའ་བར་ཕར་ཞོག ནོར་ལུག་གིས་ཀྱང་བཟའ་གི་མེད། ལུང་པ་གང་སར་སྐྱེས་ཡོད། ཡིན་ཡང་འདི་ངོ་མ་ཞིམ་པོ་ཡིན་འདུག ཟས་ཟེར་བ་དེ་ཅི་འདྲའི་སྟབས་བདེ་ན་དེ་འདྲའི་ཞིམ་ཟེར་བ་བདེན་པ་རང་རེད”ཅེས་བཤད་བྱུང་།

  “ཟྭ་ཚོད་ནི་དཔྱིད་ཀ་ས་ནས་ཡར་ཐོན་མ་ཐག་གཏོག་དགོས་ཟེར། ཟྭ་ཚོད་ཆེན་པོ་ཆགས་ཟིན་དུས་ཕག་གིས་ཀྱང་མི་བཟའ། ཕག་གིས་ཟྭ་ཚོད་བཟའ་གྲབས་བྱེད་དུས་ཟྭ་སྤུ་མཆུ་ཏོར་ཟུག་པ་ན་སྐད་ངན་ཤོར་སྲིད”ངས་འདི་ལྟར་བཤད་པ་ན། ངའི་སྐད་ཆ་འདི་ལ་བགད་རྒྱུ་ཆེན་པོ་ཞིག་ཡོད་པ་བཞིན་ཁོ་རང་ཡུན་རིང་བགད་སོང་།

  ཁོ་རང་གློ་བུར་བགད་མཚམས་བཞག་ཅིང་། གནའ་སྔར་མོའི་དོན་དག་ཅིག་དྲན་པ་དང་འདྲ་བའི་ཉམས་ཤིག་སྟོན་ནས་ཡུན་རིང་བསྡད་རྗེས“མདང་དགོང་གི་རྨི་ལམ་དེ་ངོ་མ་བདེན་པ་ཡིན་ས་མ་རེད། ཁྱོད་རང་ནི་མི་སྤྲོ་སྣང་ཅན་ཞིག་རེད་འདུག ལས་ཀ་འདིའི་རིགས་ཁྱོད་ཀྱིས་ལས་མི་སྲིད”ཅེས་བཤད་བྱུང་།

  ངས་ཁོས་ཅི་ཟེར་བ་ཡིན་ནམ་མི་ཤེས་པ་ཡོད་དུས། ཁོས་ཚོད་མ་ཁམ་གང་འཐུང་རྗེས“མདང་དགོང་ངས་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་ནང་དུ་ཁ་བ་དཀར་པོ་ཡིན་ཟེར་བའི་མི་དཀར་རྟ་དཀར་ཞིག་ང་སར་ཡོང་ནས་ང་ལ་དངུལ་གྱི་མེ་ལོང་ཞིག་སྟེར་བྱུང་། ངས་མི་ལོང་དེའི་ངོས་སུ་བལྟ་དུས། ང་རང་ཁ་བ་དཀར་པོ་མཇལ་བར་འགྲོ་བཞིན་ཡོད་པ་མཐོང་བྱུང་། མེ་ལོང་ནང་གི་ང་རང་ཧ་ཅང་ལྟོགས་འདུག སྐབས་དེར་དུད་ཚང་ཞིག་གི་ནང་དུ་བུ་གཅིག་མ་གཏོགས་ལྷག་མི་འདུག་ལ། བུ་དེས་ཚོད་མ་སྟབས་བདེ་ཞིག་བསྐོལ་ནས་ང་ལ་ཕོར་གང་བླུགས་བྱུང་། ཚོད་མ་དེ་ཧ་ཅང་ཞིམ་པོ་འདུག་པས། དུས་རྒྱུན་ཡིན་ན་ངས་འཁོར་བའི་ནང་གི་འགྲོ་བའི་ལས་ལ་ཇུས་གཏོགས་བྱེད་ཀྱིན་མེད་ཀྱང་། མེ་ལོང་ནང་དུ་ང་ལ་ཚོད་མ་ལྡུད་མཁན་གྱི་བུ་དེའི་ལས་དབང་ལ་ཇུས་གཏོགས་བྱས་སོང་། གང་ཡིན་ཟེར་ན་བུ་དེས་ཀླུ་ཞིག་རྩ་མེད་བཟོས་བསམས་འདུག ངས་ནི་བུ་དེས་ཀླུ་དེ་རྩ་མེད་བཟོས་རྗེས་ཀྱི་ལས་དབང་མཐོང་བྱུང་། བུ་དེས་ཀླུ་དེ་རྩ་མེད་བཟོས་རྗེས་དམྱལ་ཁམས་ན་སྐྱེ་བ་དུ་མར་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་མྱོང་བའི་བརྒྱུད་རིམ་ཧྲིལ་པོ་སྐད་ཅིག་ཏུ་རིག མེ་ལོང་ནང་གི་ངས་དེ་ལུགས་བཤད་པས་བུ་དེས་ཀླུ་རྩ་མེད་དུ་མི་བཟོས་པ་མ་ཟད། ཀླུ་ལ་མཆོད་པ་བྱེད་མཁན་ཞིག་ཏུ་གྱུར་བས་ངས་སྐད་ཅིག་མའི་ནང་བུ་དེ་སྐྱེ་བ་འདིར་ལོངས་སྤྱོད་ཀླུ་དང་མཉམ་པ་ཞིག་ཏུ་གྱུར་བ་མ་ཟད། སྐྱེ་བ་ཕྱི་མར་དག་པའི་ཞིང་དུ་སྐྱེས་པའི་རྒྱུ་དང་འབྲས་བུ་ཚང་མ་མཐོང་བྱུང་།”ཞེས་ཁོ་རང་གཏམ་རྒྱུད་རིང་པོ་ཞིག་ནང་ལྷུང་སོང་བ་འདྲ་པོ་ཞིག་བཤད་རྗེས་ང་ལ་“དེ་འདྲ་རེད་དམ”ཞེས་དྲིས་བྱུང་།

  ངས“དེ་འདྲ་རང་རེད”ཅེས་བཤད་པ་ཡིན།

  ཁོས“རང་གིས་ཀླུ་ཞིག་རྩ་མེད་བཟོས་བསམ་པ་ཡིན་ནམ”ཟེར།

  “ངས་ཀླུ་རྩ་མེད་བཟོས་བསམ་པ་མེད། དང་པོ་ཀླུས་ངའི་ནང་མི་ཚང་མ་རྩ་མེད་བཟོས་སོང་”ཞེས་བཤད།

  ནང་མི་ཚང་མ་མེད་སོང་དུས། ང་རང་ཁེར་པོ་འཇིག་རྟེན་འདི་ན་བསྡད་པ་དེ་སྡུག་བསྔལ་ཆེན་པོ་ཞིག་རེད། དུས་རྒྱུན་ངས་ལས་ཀ་ཅི་ཞིག་ལས་དགོས་པའང་ཤེས་ཀྱི་མི་འདུག ངའི་ཨ་མ་མི་ཡུལ་དུ་ཡོད་དུས་ལུས་པོ་འགུལ་བསྐྱོད་བྱེད་མི་ཐུབ་ཀྱང་། རྟག་པར་ང་ལ་ལས་ཀ་འདི་བྱོས་ཞེས་འཆར་གཞི་ཞིག་བཞག་གི་ཡོད། ད་ལྟ་ང་རང་ཞོགས་པ་གཉིད་ལས་སད་དུས་ལས་ཀ་ཅི་ཞིག་ལས་དགོས་པ་ཤེས་ཀྱི་མི་འདུག

  ངས་ཀླུས་ངེད་ཚང་གི་ནང་མི་ཚང་མར་གནོད་པར་བྱས་ནས་བསད་པའི་ཚུལ་མི་རྒན་དབུ་སྐྲ་དུང་ལྟར་དཀར་བ་དེ་ལ་བཤད་པ་ཡིན། ཁོས་ཚང་མ་ཤེས་ཀྱི་ཡོད་པའི་རྣམ་འགྱུར་ཞིག་སྟོན་བྱུང་ལ་“གནས་ཚུལ་གང་བྱུང་ཡང་ཀླུ་ལ་གནོད་པ་བྱེད་ཉན་ནི་མ་རེད་”ཟེར་བ་དང་འཐུང་ཐེངས་གཅིག་གིས་ཚོད་མ་ཕོར་བ་གང་འཐུང་སོང་། དེ་ནི་སྦྲུལ་གྱིས་དངོས་པོ་གང་རུང་ཞིག་མིད་པ་དང་གཅིག་པ་རེད། ཡར་ལྡད་མར་ལྡད་གང་ཡང་མ་བྱས་པར། མགྲིན་པ་འགུལ་ཙམ་གྱིས་ཚོད་མ་ཕོར་གང་གྲོད་པའི་ནང་བླུགས་སོང་།

  “ངས་བླ་མ་མང་པོ་གདན་དྲངས་ནས། སང་ཉིན་ཀླུ་མཆོད་རྒྱ་ཆེན་པོ་ཞིག་བྱ་རྒྱུ་ཡིན།”ཞེས་ཁོ་ལ་ཟུར་ཟའི་སྐད་ཆ་འདི་འདྲ་ཞིག་བཤད་ཀྱང་། ཁོས་སྐད་ཆ་འདིའི་ནི་ཟུར་ཟ་ཞིག་ཡིན་པ་རློམ་མ་སོང་“དེ་འདྲ་བྱས་ན་ཧ་ཅང་ཡག་པོ་རེད”ཟེར་བ་དང་ཁམ་གང་གིས་སླར་ཡང་ཚོད་མ་ཕོར་བ་གང་འཐུང་སོང་། ཕོར་བ་འདི་བརྩིས་ན་ཕོར་བ་བརྒྱད་ཏག་ཏག་འཐུང་སོང་བས། ངས་མི་རྒན་འདིའི་གྲོད་པ་དེ་ཆེ་བ་ལ་ཨང་སྙམ་བྱུང་།

  ངས་ཀྱང་ཕོར་བ་གང་འཐུང་བསམ་མོད། ཚོད་མ་རྫོགས་འདུག

  མི་རྒན་དེས་ལམ་ལ་ཆས་ཁར། ཀླུ་ལ་གནོད་པ་བྱེད་མི་རུང་བའི་གཏམ་རྒྱུད་རིང་པོ་ཞིག་བཤད་སོང་། གཏམ་རྒྱུད་དེ་སྙན་པོ་དེ་ཙམ་མེད་མོད། ངས་སྙན་སྙན་འདྲ་པོ་ཞིག་ཡོད་པའི་རྣམ་འགྱུར་སྟོན་པ་ཡིན། ཁོ་རང་སེམས་པ་ཧ་ཅང་དགའ་འདུག

  ངས་སྒེའུ་ཁུང་ནས་ལྟ་དུས། ཁོ་རང་རྒྱ་ལམ་དེད་ནས་མར་ཕྱིན་མ་སོང་། ཡར་ཕྱིན་སོང་། ང་ཚོས་མཇལ་དགོས་པའི་ཁ་བ་དཀར་པོ་རྒྱ་ལམ་དེད་ནས་མར་འགྲོ་དགོས་མོད། ཁོ་རང་གིས་མཇལ་དགོས་པའི་ཁ་བ་དཀར་པོ་དེ་རྒྱ་ལམ་དེད་ནས་ཡར་འགྲོ་དགོས་པ་ཞིག་ཏུ་ཡོད་པ་འདྲ།

  ཁོ་རང་སོང་རྗེས། ངས་བརྡར་རྡོ་ལ་ཆུ་བཏབ་ནས། ངེད་ཚང་གི་སྟ་རེ་རྣོན་པོ་དེ་སླར་ཡང་བསྐྱར་ཐེངས་གཅིག་བརྡར་བ་ཡིན། སྟ་རེའི་ངོས་ཀྱི་དྲི་མ་དག་ཕུ་དུང་གིས་ཐེངས་གཅིག་ཕྱིས་པ་ན། ལྡོག་འོད་ལམ་ལམ་འཕྲོས་བྱུང་།

  ངས་སྟ་རེ་ཕྲག་ཐོག་ཏུ་བཞག་སྟེ། ལུང་ཆུ་ཁར་ཡོད་པའི་སྡོང་རྒན་དེའི་ཕྱོགས་སུ་ཆས་དུས། ང་ལ་འགྱོད་པ་མི་འདུག་ལ་སྐྲག་སྣང་ཡང་མི་འདུག དེ་ནི་ཤིང་སྡོང་ཕལ་བ་ཞིག་བཅད་ནས་ངེད་ཚང་གི་བུད་ཤིང་བཟོ་དགོས་པ་དང་འདྲ།

  ཐེངས་གཅིག ཐེངས་གཉིས་ངས་སྟ་རེས་སྡོང་རྒན་དེར་བརྒྱབ་ཐེངས་རེར་ནང་ཁོག་སྟོང་པ་ཡིན་པ་འདྲ་བའི་སྐད་ཡ་མཚན་ཞིག་གྲགས་བྱུང་ལ། འདབ་མ་ལང་ལོང་གཡོ་ཞིང་རྡུལ་ཁ་ཤས་ངའི་ལུས་ཐོག་ཏུ་ཟགས་བྱུང་།

  སྟ་རེ་ཐེངས་གཅིག་བརྒྱབ་པ་ན། ཤིང་ལྤགས་ལེབ་ལེབ་ཅིག་བརྔོག་བཞག་ལ་དེའི་ཐོག་ཏུ་ད་དུང་ཐེངས་གཅིག་བརྒྱབ་པ་ན་ཤིང་ལྤགས་ཤིག་ཚུར་འཕར་ཡོང་། དེ་ལྟར་ང་རང་ཤིང་བཅད་པའི་བྱ་བ་དེ་ལ་ཧ་ཅང་མཁས་པོ་ཡོད།

  “ཀག་ཀག”

  འབུ་ཚ་ལུང་པའི་ནང་སྟ་རེས་ཤིང་ལ་བརྒྱབ་པའི་སྐད་སྒྲས་ཁེངས།

  ངས་ཚོད་དཔག་བྱས་པ་བཞིན་ཤིང་སྡོང་གི་ནང་ཁོག་སྟོང་པ་རེད་འདུག ནང་ཁོག་སྟོང་པའི་ནང་སྦྲུལ་གྱི་གྲོད་པ་དཀར་པོ་ཞིག་ཐོན་བྱུང་། ངས་ཐེ་ཚོམ་མེད་པར་སྦྲུལ་དེའི་གྲོད་པར་སྟ་རེས་ཤུགས་ཀྱིས་བརྒྱབ་པ་ན། སྦྲུལ་གྱི་གྲོད་པའི་ནང་ནས་ཚོད་མ་སྔོན་མོ་བར་མེད་དུ་ཟགས་བྱུང་།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《ཀླུ་དང་མི》

2021-02-07 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།