ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་གསར་པ། 《ལྷ་གཉན་གྲོས་ཚོགས》

ཅོ་ནེ་ཡུམ་ཚེ་རིང་།(ཁྲིན་ཏུའུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-03-19

    ཉིན་ཞིག་གི་ཕྱི་དྲོར།ཉི་མ་ནུབ་རིའི་རྩེ་ན་ཡལ་བཞིན་འདུག་མོད།དྲོད་འཇམ་གྱི་ཉི་མས་འཁྲེང་སེམས་ཀྱི་ཕྱིར་མིག་འཕེན་ཞོར་གསེར་མདོག་གི་ཉི་ཟེར་ནོར་འཛིན་སྒེག་མོའི་ཕང་བ་རུ་འཕྲོས་ཡོད།ངས་ནོར་ཁྱུ་ངེད་ཚང་གི་ཕྱུགས་རའི་རྒྱབ་ཀྱི་ལུང་ཤུར་ནས་མདུན་གྱི་རི་སྒང་གླང་ཆེན་གྱི་སྣ་ཞགས་ལྟ་བུ་ཞིག་ཡོད་པ་དེ་རུ་དེད་ཅིང་།དེ་གའི་རྩྭ་གསེབ་ཏུ་གན་རྐྱལ་དུ་ལོག་ནས་ཨ་སྔོན་དབྱིངས་ལ་བལྟས།ཨ་སྔོན་དབྱིངས་སུ་ལང་ལོང་དལ་གྱིས་རྒྱུ་བའི་སྤྲིན་དཀར་ཀྱི་འདབ་མ་ནི་མཚམས་རེར་བཞུར་རྒྱུན་རིང་བའི་ཆུ་ཕྲན་མང་བོ་མཉམ་དུ་འབབ་པ་དང་།ལན་རེར་བརྗིད་ཆགས་ལྷུན་གྱིས་གྲུབ་པའི་རི་བོའི་ཚོགས་ཀྲོང་ངེར་འགྱིང་བ་དང་མཚུངས།ངས་བག་ཕེབས་ངང་རང་བྱུང་གི་མཛེས་སྡུག་ལ་མྱོང་རོལ་བྱེད་སྐབས།ཤིང་ཆ་བཀལ་བའི་རྟ་དྲེལ་འགའ་ཞིག་རྡུལ་འཚུབ་ཉིལ་ལེར་རྒྱབ་ཀྱི་ལུང་ཕུགས་ནས་ཕྱིར་ཐོན།

  རྟ་དྲེལ་འདེད་པའི་རྒྱ་རིགས་སྐྱེས་པ་ལ་ལས་ཁ་ནས་ཤུ་འདེབས་པ་དང་།ལ་ལས་སྣ་གླུ་ལེན་པ་སོགས་ཁོ་ཚོའི་ངོ་གདོང་དུ་དགའ་སྤྲོའི་རྣམ་པས་ཁེངས་འདུག་ལ།ཐ་མ་ཁ་འཐེན་པའི་དུ་ཞགས་ཀྱང་སྔོ་ལང་ལང་དུ་ཁོ་ཚོའི་མགོ་ན་འཁྱིལ་ཡོད།ངའི་སེམས་སུ་ནགས་སྲུང་ཉེན་རྟོག་པ་དུས་ཡུན་རིང་བོ་ཞིག་ལ་མ་སླེབས་པས།གློ་བུར་དུ་ལམ་འགྲམ་གྱི་ལྕང་མ་དང་ཚེར་གསེབ་གང་ཞིག་ནས་འཇབ་ཡོང་སྟེ་ཁོ་ཚོ་བཟུང་མི་འགྲོ་སྙམ་གྱིན་འདུག ཁོ་ཚོའི་ལས་དེ་ནི་ཁྲིམས་འགལ་ཡིན་ཡང་ནམ་རྒྱུན་ནགས་སྲུང་ཉེན་རྟོག་པས་བྱ་རྒོད་ཀྱིས་རི་བོང་འཛིན་པ་ལྟར་ཁོ་ཚོ་ཡར་བདའ་མར་བདའ་བྱེད་དུས།ངའི་ཡིད་ཀྱིས་མ་བཟོད་པར་ཁོ་ཚོར་གསང་བརྡ་བཏང་ནས་ཉེན་ཁ་ལས་སྐྱོབ་ཐབས་བྱས།ངས་གོམས་ལོབ་ལྟར་མིག་ཞགས་ལུང་ཁོག་གི་རྒྱ་ལམ་ནང་དུ་འཕངས་ནས་ལྟ་ཞིབ་བྱས་པ་ན་ནགས་སྲུང་ཉེན་རྟོག་པའི་རླངས་འཁོར་མཐོང་མ་བྱུང་བས་སེམས་ཅུང་ཟད་བདེ་ལ་བབས།

  ལོ་འདི་འགའི་རིང་དུ།སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པས།ངེད་ཚང་གི་རུ་བ་ཕ་ཡུལ་བྱང་ལུང་ཁོག་གི་དུང་དཀར་སྡེ་བའི་རྩྭ་ས་ནས་མཁར་ཆེན་སྡེ་བའི་ནགས་ལུང་བ་ཟེར་བ་དེར་སྤོས་ནས་བསྡད་ཅིང་།མཐར་དེ་རུའང་ས་བདག་གི་ཁ་བཙན་ལས་འདུག་མ་ཐུབ་པར་ལེ་བར་བརྒྱ་སྟོང་གིས་ཆོད་པའི་རྒྱ་བོད་ས་མཚམས་ཀྱི་རྒྱའི་ཁོངས་སུ་གཏོགས་པའི་རྨེ་རི་རྫོང་གི་དགོན་པའི་ལུང་བ་རུ་རྩྭ་ས་གཡར་ནས་མི་འདུག་ཐབས་མེད་བྱུང་།དགོན་པའི་ལུང་གི་ལུང་མདོ་ན་རྒྱ་སྡེ་ཞིག་ཆགས་ཡོད་པས།གོང་གི་རྟ་དྲེལ་འདེད་མཁན་དེ་དག་ནི་རྒྱ་སྡེ་དེའི་ནང་གི་ཞིང་པ་རེད།ཁོ་ཚོས་གསང་བའི་སྒོ་ནས་ཐེ་བོའི་ལ་རྩེ་རི་བོ་བརྒལ་ནས་གདོད་མའི་ནགས་ཚལ་དུ་རོ་སྒམ་བཟོ་བྱེད་ཀྱི་ཤིང་ཆ་བཅད་དེ་ལྐོག་ཚོང་རྒྱག་བཞིན་མཆི།

  ལུང་ཁུག་གི་སྤང་ཐང་དུ་བྱིས་པ་འགའ་ཡིས་གཅིག་རྗེས་གཅིག་གིས་དེད་ནས་ཡུལ་སྐོར་བས་བཞག་པའི་ཟས་རིགས་འཕྲོག་རེས་བྱེད་བཞིན་ཡོད།སྔོན་ཆད་ང་ཁོ་ཚོ་དང་མཉམ་དུ་འགྲོགས་མྱོང་མོད།འོན་ཀྱང་མིང་ལ་“ཁྲ་གླག་སྤྱང་”གསུམ་ཟེར་བའི་རྐུན་མ་གསུམ་གྱིས་རུས་ཀྲང་ཅན་གྱི་ཁྱིམ་མཚེས་རྒད་པོའི་བ་གླང་བརྐུས་ཤིང་།ང་ཁོའི་བ་གླང་གི་སྲོག་སྐྱོབ་པའི་ཕྱིར་དུ་རྐུན་མ་གསུམ་གྱི་རྐུན་རོགས་ལ་སོང་བ་ནས་བཟུང་།ང་ཚོས་རྨེ་རུ་རྫོང་གི་རྫོང་ཐོག་ནས་ཆང་འཐུང་བ་དང་སྨད་འཚོང་མ་བཙལ་བ་སོགས་མི་དར་མའི་འཚོ་བ་རོལ་རྗེས།ང་ལ་གློ་བུར་ནར་སོན་པའི་སྣང་བ་སྐྱེས་ཤིང་།དུས་དེ་ནས་བཟུང་བྱིས་པ་དེ་དག་གི་རྗེས་སུ་འབྲང་ན་མི་འདོད་པར་གྱུར།དེའི་ཕྱིར་ངས་ཕྱོགས་གཅིག་ནས་རང་ཉིད་ནར་སོན་པར་དགའ་ཞིང་།ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་མཇུག་རྫོགས་པར་ཕངས་སེམས་དྲག་པོ་སྐྱེས།

  སྐབས་དེར།ཁྱིམ་མཚེས་ཨ་ཁུ་བསོད་ནམས་མགོན་པོས་ཁོ་ཚང་གི་ནོར་ཁྱུ་ཡང་རི་སྒང་དེར་དེད་ཡོང་བས།གླང་ཆེན་གྱི་སྣ་ཞགས་ལྟ་བུའི་རི་སྒང་དེ་ནི་ལུག་གི་མཚང་རའི་སྟེང་སྦྲང་ནག་འཁོར་བ་ལྟར་འཁྲུག་ཆ་དོད་པོར་གྱུར།ངེད་གཉིས་ཀྱིས་ནོར་ཁྱུའི་བར་ནས་གསེག་འདུག་བྱས་ཏེ་མིག་མངས་རྩེ།མཚང་མིང་ལ་མི་རྒོད་ཟེར་བའི་ཁྱིམ་མཚེས་སྐྱེས་པ་ཞིག་ཡོད་པ་དེ་ཚང་གི་ནོར་ཁྱུ་ནི།ལུང་ཁུག་གི་ཆུ་འགྲམ་གྱི་ལྕང་ཐུང་དང་ཚེར་མའི་བར་གྱི་སྤང་ལྗོངས་སུ་བསྐོར་ཡོད་མོད།ཁོས་ངེད་གཉིས་ཀྱིས་རི་སྒང་གི་གར་སར་ཐོར་བའི་ནོར་ཁྱུའི་དབུས་ན་མགོ་བོ་ནང་དུ་བསྒུར་ནས་མིག་མང་རྩེ་བཞིན་པ་མཐོང་བས།ངེད་གཉིས་ཀྱི་གམ་དུ་སླེབས་བྱུང་།ཁོ་ནི་རུས་ཚིགས་ཆེ་བའི་མི་ཆེན་ཞིག་ཡིན་པས།ངེད་གཉིས་ཀྱི་གམ་དུ་བསྡད་པ་ན་གཡག་རྒྱབ་ནས་ཁལ་སར་ལྷུང་བ་བཞིན་སྒྲ་ཆེན་པོ་ཞིག་གྲག་པས།ཁོའི་མཚང་མིང་ལ་མི་རྒོད་ཟེར་བ་ཡང་དོན་དུ་གནས་ཡོད།

  དུས་ཡུན་ཅུང་ཙམ་ཕྱིན་རྗེས།ཉི་མ་ནུབ་རིའི་རྒྱབ་ཏུ་ཡལ་ལ་ཉེ་ཞིང་།ཉི་མའི་འོད་ཟེར་ནི་རི་སྒང་དེ་རུ་ཕོགས་སྟེ།རྩྭ་གསེབ་ཏུ་འདུག་པའི་ནོར་ཁྱུ་རུ་འཕྲོ་བཞིན་པས།ནོར་ཁྱུ་ཡི་གྲིབ་མ་ནི་བཟོ་ལྟ་འགྱུར་བའི་གསེག་གཟུགས་རི་མོ་མང་པོ་མཉམ་དུ་བསྡེབ་པ་དང་མཚུངས་པར་ལུང་ཁུག་གི་ཕྱོགས་སུ་འཐེན་ཡོད།ནུབ་རིའི་ཉི་འོད་དེའང་འགྲམ་གྱི་འབྲི་མོ་ངང་སེར་ཞིག་གཙོ་བྱས་པའི་གནག་ཕྱུགས་འགའ་ཡི་མཆུ་ཏོ་ལས་ཟེར་ལམ་ལམ་དུ་འཛར་བའི་ཁ་ཆུའི་སྟེང་ལ་ཕོགས་པས་འོད་ཆེམ་ཆེམ་འཕྲོ་བཞིན་འདུག་ཀྱང་།ངེད་གསུམ་གྱིས་དེ་ལ་དོ་སྣང་ཅི་ཡང་མི་བྱེད་པར་བློ་རྩེ་བསྒྲིམས་ནས་མིག་མངས་རྩེད་ཞོར་རྩོད་པ་བྱས།

  སྐབས་དེར་ངས་སྣང་མེད་དུ་རྩྭ་ཀུ་ཤ་ཞིག་བཏོགས་ནས་ཁ་ནང་དུ་བཞག་སྟེ་ཐེངས་འགར་བལྡད་པ་ན།གློ་བུར་ངའི་ལུས་པོ་ནི་སྙིགས་ཆུས་བཀང་བའི་ཤེལ་དམ་ཞིག་གས་གཏོར་བྱས་པ་དང་འདྲ་བས།མགོ་ཡུ་འཁོར་བ་དང་ལུས་ཡོངས་ལ་ཚ་བརྒྱབ་ནས་འདུག་མི་ཐུབ་པ་ཞིག་བྱུང་། དེའི་བརྒྱུད་རིམ་ནི་ཕྲུ་གུ་བཙའ་བཞིན་པའི་ཤད་མོ་ཆུང་ཆུང་ཞིག་གིས་སྡུག་བསྔལ་བཟོད་མ་ཐུབ་པར་མཁུན་སྒྲ་དབང་མེད་དུ་ཤོར་པ་དང་གཉིས་སུ་མེད།

  ཨ་ཁུ་བསོད་ནམས་མགོན་པོ་དང་མི་རྒོད་གཉིས་ཀྱིས་ཐོག་མར་ངས་ཀུ་རེ་རྩེ་བཞིན་ཡོད་པར་འདོད་དེ་ཁ་ཡ་མི་བྱེད་ཀྱང་།རྗེས་སུ་ང་ས་ལ་འགྱེལ་ཞིང་ཁ་ནས་ལྦུ་བ་མང་པོ་འཕྱུར་ཚུལ་མཐོང་བས།ཁོ་གཉིས་ད་གཟོད་སྔངས་འཚབ་སྐྱེས་ནས་ངའི་མཐའ་རུ་རུབ།མི་རྒོད་ཀྱིས་ངའི་ཁོག་སྟོད་ཡར་བཀྱགས་ཏེ་ཁོའི་ཡངས་ཤིང་ཆེ་བའི་དཔུང་བའི་བར་དུ་བཅུག་པར།ང་ནི་རྨས་ཕོག་པའི་རི་ཞུམ་ཞིག་དང་འདྲ་བར་འགུལ་མི་ཐུབ་པར་གྱུར།ཨ་ཁུ་བསོད་ནམས་མགོན་པོས་ལག་གཡས་བའི་མཐེ་བོང་གིས་ངའི་སྣ་མདོར་མནན་ཡང་ཕན་འབྲས་མ་ཐོན་པས།ཁོས་རྐེད་པ་ནས་འུར་ཆ་བཀྲོལ་ཏེ་གཅུ་རེས་བསྐོར་ནས་ངའི་མགོ་བོ་བསྡམས།

  ངས་ཁོ་གཉིས་ཀྱིས་སྔངས་འཚབ་ལས་བྱུང་བའི་གདོང་གི་རྣམ་འགྱུར་དང་མཇིང་བའི་རྩ་མདུད་སོགས་མཐོང་མོད།འོན་ཀྱང་ཁ་ནས་ཚིག་གཅིག་ཀྱང་བཤད་མི་ཐུབ།དེ་ལྟར་ངའི་དྲན་པ་རིམ་གྱིས་རབ་རིབ་ནས་རབ་རིབ་ཏུ་གྱུར་སོང་།ཅང་མ་འགོར་བར།ཁོ་གཉིས་ཀྱིས་གཅིག་གིས་ངའི་མགོ་དང་གཅིག་གིས་ངའི་རྐང་བ་ནས་བཟུང་སྟེ་ལུང་མདོ་ཡི་ངེད་ཚང་གི་སྦྲའི་ཕྱོགས་སུ་ཁྱེར་སོང་།

  དུས་ཡུན་ཅི་འདྲ་ཞིག་འགོར་བ་མ་ཤེས་མོད།ངའི་ལུས་ཀྱི་ན་ཟུག་ཇེ་ཆུང་དུ་གྱུར་ཀྱང་ལུས་ཀྱི་ཟུངས་ཤུགས་སླར་གསོ་བྱུང་ཐུབ་མེད་པས།ངས་ཤུགས་ཡོད་ལ་མེད་པའི་ངང་མིག་འབྱེད་སྐབས།ང་སྔོ་ཞིང་དྭངས་པའི་ནམ་མཁའ་རུ་གཡེང་ཞིང་།དཀར་འཇམ་གྱི་སྤྲིན་ཚོམ་ཡོད་ཚད་བག་ཕེབས་ངང་ངའི་ལུས་སྟེང་དུ་འཕྱོ་བཞིན་ཡོད་པ་མཐོང་།ངའི་སེམས་སུ་ང་སྟེང་ཕྱོགས་ལྷ་ཡུལ་དུ་སླེབས་བྱུང་ངམ་སྙམ་ནས་མགོ་བོ་ཅུང་ཡར་བཏེགས་སྟེ་མཐའ་སྐོར་ལ་མིག་ཞགས་འཕངས་བ་ན།ཡིན་པ་ལ་ང་ནི་སྟེང་ཕྱོགས་ལྷ་ཡུལ་དུ་སླེབས་པ་མ་ཡིན་པར་སྤྲིན་དཀར་གྱི་ཅོ་པན་བཅིངས་པའི་་རི་རྩེ་ཞིག་ན་མཆིས།

  ང་ས་ཆ་འདིར་རྒྱུས་ཡོད་པའི་སྣང་བ་ཤར་ཡང་།དོན་དམ་པ་གང་ཞིག་ཡིན་པ་ཡིད་ལ་དྲན་གྱིན་མི་འདུག ངས་ཕྱིར་དྲན་བྱེད་པའི་བར་གླགས་དེར།ཉེ་འགྲམ་གྱི་སྤྲིན་ཚོམ་ནང་ནས་ཆ་རྒྱུས་ཡོད་པའི་མི་སྐད་ཅིག་གྲག་བྱུང་།ངས་བློ་རྩེ་གཅིག་སྒྲིམ་གྱིས་དེ་གར་ཅེར་བ་ན།གར་སྟབས་སྒྱུར་བའི་སྤྲིན་གྱི་ཚོམ་བུའི་གསེབ་ནས་བརྗིད་ཉམས་ལྡན་པའི་ལ་བཙས་ཤིག་མིག་ལམ་དུ་མངོན།ངའི་ཁ་ནས་རང་དབང་མེད་པར་“འདི་ནི་མཁར་ཆེན་སྡེ་བའི་ནགས་ལུང་བ་མ་རེད་དམ”ཞེས་ཤོར།

  “ཧ་ཧ”གློ་བུར་དུ་ཤིན་ཏུ་ཆ་རྒྱུས་ཡོད་པའི་མི་ཞིག་གིས་“དེ་ག་རང་རེད”ཅེས་བཤད།

  ངས་སྐད་དམའ་མོས་“ཁྱོད་སུ་ཡིན”ཞེས་དྲིས་བས་ན།

  “ཁྱོད་ཀྱིས་ངའི་སྐད་ངོ་མི་ཟིན་ནམ”གློ་བུར་རྨ་ར་དུང་ལྟར་དཀར་བའི་བགྲེས་སོང་ཞིག་སྤྲིན་ཚོམ་ནང་ནས་ཕྱིར་ཐོན་ཞིང་།ཁོས་ཡང་ཞིང་ཡང་པའི་གོམ་པའང་ངའི་ཕྱོགས་སུ་སྤོས་བྱུང་།

  “ཨ་ལེ།ངས་ཤེས་སོང་”ང་དགའ་ནས་སྐད་ཅོར་རྒྱག་བཞིན་“ཁྱོད་ནི་ང་སྐྱེ་ཡུལ་གྱི་གཞི་བདག་ཨ་མྱེས་རི་མདུང་རེད”ཅེས་ལན་བཏབས།

  ཨ་མྱེས་རི་མདུང་ནི་མཁར་ཆེན་སྡེ་བའི་ནགས་ལུང་བ་ཟེར་བའི་ནང་གི་ཡུལ་ལྷ་གཞི་བདག་གམ་ལྷ་གཉན་ཞིག་ཡིན་ལ།རི་མགོ་མདུང་རྩེ་ལྟར་གནམ་ལ་ཟུག་ཡོད་པས་མིང་ཡང་དེ་ལྟར་ཐོགས་པ་རེད།ཨ་མྱེས་རི་མདུང་བཞུགས་སའི་ལུང་བ་དེ་ནི་ངེད་ཚང་གི་རུ་བ་འདུག་ས་ཡིན།ང་ཨ་མྱེས་རི་མདུང་གི་འདབས་ཀྱི་མཚེར་ཐོག་ནས་སྐྱེས་བ་ཡིན་པས།ཨ་མྱེས་རི་མདུང་ནི་ངའི་སྐྱེས་ལྷར་བཀུར་ཡོད།དེའི་ཕྱིར་ཨ་མྱེས་རི་མདུང་རྟག་པར་ངའི་རྨི་ལམ་དུ་འབྱོན་ཞིང་།ཁོས་ང་ནི་ལྷ་གཉན་གྱིས་མི་ཡུལ་དུ་མངགས་པའི་ཕོ་ཉ་ཡིན་པས།མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླགས་བྱེད་པར་ཉེན་བརྡ་གཏོང་དགོས་ཟེར་བའི་ལུང་བསྟན་གནང་ཞིང་།མཚམས་རེར་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནས་ཀྱང་ངས་ཁོང་གི་ཞལ་གཟུགས་དངོས་སུ་མཇལ་མྱོང་།

  གང་ལྟར་དེ་ནི་རླབས་ཆེ་བའི་མཛད་འཕྲིན་ཞིག་ཡིན་པས།ངས་མི་ཐུག་ཐུག་ལ་དེའི་སྐོར་ནས་ཁ་བརྡ་བྱས་ཀྱང་།ཚང་མས་གླེན་བཤད་རེད་ཟེར་ནས་ཉན་མཁན་མ་བྱུང་།ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་མིའི་རིགས་ཀྱི་འདོད་རྔམ་ཇེ་ཆེར་གྱུར་ཏེ་རང་བྱུང་ཁམས་ལ་གཏོར་བརླག་ཚབས་ཆེན་བཏང་།དེའི་ཕྱིར་ལྷ་གཉན་ཀྱིས་མིའི་རིགས་དང་ཇི་ལྟར་འབྲེལ་བ་འཛུགས་པའི་ཐད་ནས་ཁ་མ་འཆམས་པར་ནང་འཁྲུག་བྱུང་ཟིན་པས།ཨ་མྱེས་རི་མདོང་ཡང་ངའི་རྨི་ལམ་ནས་མ་མཇལ་ཡུན་རིང་འགོར་ལ།དངོས་སུ་མཇལ་བའི་གོ་སྐབས་དེ་བས་ཀྱང་མེད་པ་སྨྲོས་མ་དགོས་པ་རེད།

  “དོན་གྲུབ།ང་ཚོའི་ཁ་ཆད་བརྗེད་སོང་ངམ”

  ཨ་མྱེས་རི་མདུང་འཛུམ་དམུལ་དམུལ་ངང་ངའི་གམ་དུ་ཕེབས་ཏེ།ཨག་ཚོམ་ལ་བྱིལ་བྱིལ་བགྱི་ཞོར་དེ་ལྟར་གསུངས།

  “ལྷ་གཉན་གྱི་གྲོས་ཚོགས་ཟེར་བ་ཡིན་ནམ”ངས་དེ་སྐད་ཟེར་བཞིན་ཏོག་སེར་ཡར་ལངས་མོད་།འོན་ཀྱང་ལུས་པོ་ཟུངས་ཤུགས་ཉམས་ཡོད་པས་ཡང་བསྐྱར་ཕྱིར་འགྱེལ་སོང་།

  ཁོང་གིས“རེད་ཡ།གནངས་ཉིན་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་འཚོགས་རྒྱུ་རེད།ངས་ཁྱེད་ཀྱང་ཞུགས་སུ་འཇུག་རྩིས་ཡོད”ཅེས་གསུངས་བ་དང་།ཡང་ཨ་མྱེས་རི་མདུང་གིས་ངག་ལྷོད་པོས་“འོན་ཀྱང་ཁྱོད་མི་ནས་ལྷ་གཉན་ལ་གྱུར་ཚེ།གཞི་ནས་ལྷ་གཉན་གྱི་ཚོགས་ཆེན་ལ་ཞུགས་ཐུབ”ཅེས་གསུངས།

  “ཁྱོད་ཀྱིས་ང་ནི་ལྷ་གཉན་མི་ཡུལ་དུ་མངགས་པའི་ཕོ་ཉ་ཡིན་ཞེས་བརྗོད་པ་མིན་ནམ།ཅིའི་ཕྱིར་ངེས་པར་དུ་ལྷ་གཉན་དུ་གྱུར་ན་ད་གཟོད་ལྷ་གཉན་གྱི་ཚོགས་འདུ་ལ་ཞུགས་ཐུབ་པ་རེད”ངས་ཐེ་ཚོམ་གྱི་སྒོ་ནས་དེ་ལྟར་དྲིས་།

  ཨ་མྱེས་རི་མདུང་གིས་“དེ་ནི་འདས་ཟིན་པའི་ལོ་འགའི་ནང་ཁྱོད་ཀྱི་ངལ་བ་འབྲས་མེད་དུ་གྱུར་པའི་རྐྱེན་གྱིས་རེད” ཅེས་གསུངས།

  “ངས་ལོ་ཤས་རིང་མི་རྒྱུས་ཡོད་མེད་དང་ཐུག་ཐུག་ཐམས་ཅད་ལ་ང་ནི་ལྷ་གཉན་གྱིས་མི་ཡུལ་དུ་མངགས་པའི་ཕོ་ཉ་ཡིན་པས།ཁྱོད་ཚོས་རི་སྐྱེས་སྲོག་ཆགས་ཀྱི་སྲོག་གཅོད་མི་ཉན་པ་དང་།རང་བྱུང་ཁམས་ལ་དེ་བས་གཏོར་བརླག་བྱ་མི་ཉན་ཞེས་ཇི་ལྟར་བཤད་ཀྱང་འཕྱ་དགོད་དང་ཟུར་ཟ་བྱེད་པ་ལས།ངའི་སྐད་ཆར་ཡིད་ཆེས་མཁན་གཏན་ནས་མེད”ཅེས་ངས་བློ་མ་རངས་བའི་སྒོ་ནས་དེ་ལྟར་བཤད་པ་ན།

  ཨ་མྱེས་རི་མདུང་གིས་“འགན་འཁྲི་ཚང་མ་ཁྱེད་གཅིག་པུས་འཁུར་རྒྱུ་མེད།མིའི་རིགས་དང་ལྷ་གཉན་ཚང་མར་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཡོད”ཅེས་གསུངས་བ་དང་ཡང་བསམ་གཞིག་ཅིག་གནང་རྗེས“གལ་ཆེ་ཤོས་ནི་ཁྱོད་མ་གཞི་ལྷ་གཉན་ཡིན་རུང་།དུས་ཡུན་རིང་པོར་མི་ཡུལ་ནས་འཚོ་བ་རོལ་ཏེ།མིའི་རིགས་ཀྱི་གྲིབ་སྐྱོན་ཚང་མ་ཁྱོད་ལ་འགོས་ཟིན་པས།ཁྱོད་ཀྱིས་ལུས་ཀྱི་མི་གཙང་བ་དག་པ་བྱས་ནས་ལྷ་གཉན་དུ་གྱུར་ན་ད་གཟོད་གྲོས་ཚོགས་ལ་ཞུགས་པའི་ཐོབ་ཐང་ཡོད”ཅེས་གསུངས་བྱུང་།

  “དེ་ན་ཇི་ལྟར་འགྱུར་དགོས་སམ”ངའི་ཡིད་ལ་རང་ཉིད་ལྷ་གཉན་དུ་གྱུར་བར་བསམས་ན་ཕྱོགས་གཅིག་ནས་དགའ་སྣང་སྐྱེས་ཤིང་།ཕྱོགས་གཅིག་ནས་གདོང་ཕྱེད་ཀ་ཨག་ཚོམ་ཅན་གྱི་ཨ་མྱེས་རི་མདུང་འདྲ་བ་ཞིག་ཏུ་གྱུར་མི་འགྲོ་ཨང་སྙམ་སྟེ་མཚར་སྣང་སྐྱེས།

  ཨ་མྱེས་རི་མདུང་གིས་“མ་གཞིར་ཁྱོད་ཀྱི་སྐྱེ་བ་བརྗེ་དགོས་མོད།འོན་ཀྱང་གཟུགས་པོའི་ཐོག་ཁྱོད་འགག་སྒོ་དེ་བརྒྱུད་མྱོང་ཡོད།ད་ཆ་བསྒྲུབ་དགོས་པ་ནི་ཁྱོད་ཀྱི་ལུས་སྟེང་གི་མིའི་གྲིབ་སྐྱོན་མེད་པ་བཟོ་རྒྱུ་དེ་རེད།མྱུང་དུ་ངའི་ཕྱོགས་སུ་ཤོག”ཅེས་གསུངས་རྗེས།ཁོའི་ལུས་ཀྱི་བཀོད་པ་དེ་སྤྲིན་ཚོམ་ཆེན་པོ་ཞིག་གི་གསེབ་ཏུ་འཛུལ་ནས་གར་སོང་ཆ་མེད་དུ་གྱུར།

  ངས་ལག་པའི་གྲུ་མོ་སར་བཙུགས་ནས་ཤུགས་ཀྱིས་ཡར་ལངས་བ་ན།དཀའ་ཚེགས་ཅི་ཡང་མེད་པར་ཡར་ལངས་ཐུབ་བྱུང་བ་དང་།དེ་ནས་ཨ་མྱེས་རི་མདུང་ལ་ལད་ཟློས་བྱས་ཏེ་ལུས་པོ་འཁུམས་ནས་འགྲམ་གྱི་སྤྲིན་ཚོམ་ཞིག་ཏུ་འཛུལ། རྐང་པ་གཉིས་ཀ་སྤྲིན་ཚོམ་ཐོག་སྤོས་བའི་སྐད་ཅིག་མ་དེར་མར་ལྷུང་མི་འགྲོའང་སྙམ་ནས།ཡིད་ལ་ཐེ་ཚོམ་སྣ་ཚོགས་སྐྱེས་ཀྱང་ངའི་ལུས་པོར་ལྷོད་ལ་བབས་ཤིང་ཡིད་ལ་དཔག་ཏུ་མེད་པའི་བདེ་སྣང་སྐྱེས།མཚམས་དེར་བར་སྣང་ཁམས་སམ་ཡང་ན་གནས་གང་རུང་ཞིག་ནས་ངའི་ལུས་པོ་བསམ་ཡུལ་ལས་འདས་པའི་མྱུར་ཚད་ཀྱིས་ཡར་བཏེགས་ཤིང་།ངའི་རྣ་ལམ་དུའང་རླུང་གི་འུར་སྒྲ་འཇམ་པོ་ཞིག་དང་ལྷའི་རོལ་དབྱངས་ལྟ་བུའི་རོལ་མོ་ཞིག་གྲག་པས།ང་ལ་མཚོན་ན་དེ་ནི་ངོ་མཚར་ཆེ་བའི་གོ་སྐབས་ཤིག་ཡིན་པས།སྤྲོ་སྣང་ངམ་འཇིགས་སྣང་གང་རུང་གིས་ངའི་ལུས་ཀྱི་བ་སྤུ་ཡང་གྱེན་དུ་གཡོས་བྱུང་།ཡིན་ནའང་རེ་ཞིག་གི་འཕྲོར།སེར་བ་ཆེན་པོ་ཞིག་བབས་ཤིང་།ཆེ་བ་སྒོ་ང་དང་ཆུང་བ་མཛུབ་མགོ་ལྟ་བུའི་སེར་བ་ངའི་ལུས་སྟེང་དུ་གཞུས་བས།ང་ལ་ན་ཟུག་ཆེན་པོ་སྐྱེས་ནས་དྲན་པའང་ཐོར་ལ་ཁད་དུ་གྱུར་པ་དང་། ངའི་ལུས་པོ་ཡང་སྐུད་སྣེ་ཆད་པའི་ཤོག་བྱ་ལྟར་བར་སྣང་ཁམས་ནས་མར་ལྷུང་།

  ངས་འཇིགས་སྔངས་ཆེན་པོས“ཨ་མྱེས་རི་མདུང་།ཁྱོད་གང་དུ་ཡོད།ང་སྐྱོབ་རོགས”ཞེས་ཟེར་བཞིན་ངུ་ཤུམ་བྱས།

  “ཁྱོད་ཀྱི་ཡིད་ལ་ཐེ་ཚོམ་སྐྱེས་མི་ཉན།ཁྱོད་མི་ཡུལ་དུ་ལོག་ནས་ལོ་འགའ་ཤས་མ་གཏོགས་འགོར་མེད་ཀྱང་།མིའི་རིགས་ཀྱི་སྡིག་སྒྲིབ་འགོས་ཤིང་སྲོལ་ངན་གྱིས་ཀུན་ནས་གཡོགས་པས་ཕྱིར་ལྷ་གཉན་དུ་འགྱུར་དགོས་ན་དཀའ་ལས་ཁག་པོ་ཡོད་པ་རེད”ཅེས་ཨ་མྱེས་རི་མདུང་གི་སྐད་དེ་གྲོག་རོང་གི་བྲག་ཆ་དང་འདྲ་བར།ངའི་རྣ་ལམ་དུ་ཡང་ཡང་འཁོར་བས།ངའི་ཡིད་སེམས་ཀྱི་རྫ་རིའི་མགོ་ལ་སྐྱོ་གདུང་གི་སྨུག་པ་འཐིབས་བྱུང་།

  ཅུང་ཙམ་འགོར་རྗེས།བར་སྣང་ནས་ཡང་བསྐྱར་ཁོས་བློ་ཐག་རྦད་ཆོད་ཀྱིས་“དེ་ལྟར་ན་ཡང་ང་ཚོས་ཚོད་ལྟ་ཞིག་བྱེད་དགོས”ཞེས་གསུངས་བས།གློ་བུར་དུ་ཅལ་སྒྲ་ཞིག་དང་ལྷན་དུ་ང་མཚོ་ཆེན་ཞིག་གི་ངོགས་སུ་ལྷུང་བ་དང་།མཚོ་ངོགས་ནས་རྦ་རླབས་ཆེན་པོ་ཞིག་འཕྱུར་ཞིང་།རྦ་རླབས་འཇགས་མ་ཐག་ཆུའི་རླབས་རིས་རིམ་བཞིན་ཕྱི་རུ་མངོན།ཡ་མཚན་པ་ཞིག་ལ།མ་གཞི་ང་ནི་སྐམ་སའི་བྱ་གག་ལྟར་ཆུ་རྐྱལ་ཤེས་མཁན་ཞིག་མིན་ཡང་།དེ་ལས་ལྡོག་སྟེ་རྐྱལ་རྩལ་ཤིན་ཏུ་མཁས་བའི་མི་ཞིག་དང་འདྲ་བར།མཚོ་ཁ་ནས་ཆུའི་གཡེང་ཤུགས་ལ་བསྟེན་ནས་ལུས་པོ་མཚོ་ངོས་སུ་སོག་མ་བཞིན་དུ་གཡེངས།

  མཚོ་ངོགས་སུ་བག་གཡེང་ངང་རྒྱུ་བའི་སྨུག་རླངས་ཀྱིས་ངའི་མཐོང་ལམ་བཀག་པར་མ་ཟད།ད་དུང་ཆུ་ཡི་དྲོད་ཚད་ཀྱང་ཡུན་གྱིས་ཇེ་མཐོར་འགྲོ་བཞིན་པ་ངས་གསལ་པོར་ཚོར།དང་ཐོག་ཆུ་དྲོད་མོས་ང་ལ་བདེ་སྣང་སྟེར་མོད།འོན་ཀྱང་ཡུན་རིང་མ་འགོར་བར།ངས་རང་གི་ཤ་ཁྲག་གདུས་ཤིང་ཚོས་ལ་ཉེ་བ་ཚོར་བས་ཡིད་རྟབ་རྟབ་པོ་གྱུར།དེའི་མུར་ངས་མིག་ཟུང་བཙུམས་ནས་ཆུ་ཁོལ་གྱི་ཚ་གཟེར་ལ་བཟོད་བསྲན་བྱས་ཀྱང་།མིད་པའི་ནང་ལ་འབུའམ་སྲོག་ཆགས་གང་རུང་ཞིག་འཛུལ་བ་དང་འདྲ་བར་དབུགས་འཚང་འཚང་དུ་གྱུར་ཅིང་།ཁ་ནས་སྐད་ངན་རྒྱུན་མི་ཆད་པ་ཤོར།

  ཅང་མ་འགོར་བར་ངས་མིག་ཟུང་ཕྱེས་བ་ན།ང་ནི་སྨུག་རླངས་ཁྲོད་དུ་དམྱལ་ཟངས་ཞབས་མེད་ཟེར་བ་ཨེ་ཡིན་སྙམ་པའི་ཟངས་ཀྱི་སླ་ང་ཞིག་གི་ནང་དུ་ལྷུང་ཡོད་པ་དང་།ཟངས་ཀྱི་སླ་ངའི་འོག་ན་རི་ཆེན་པོ་གསུམ་ཐབ་རྡོ་ལྟར་བསླངས་ཡོད་པ་མཐོང་བས།དེ་སྔོན་མཚོ་ཆེན་ཞིག་རེད་འདོད་པ་དེ་ནི་མ་གཞི་ཟངས་ཀྱི་སླ་ང་ཆེན་པོ་ཞིག་གི་ནང་གི་ཆུ་ཡིན་འདུག ཟངས་ཀྱི་སླ་ངའི་འོག་ཏུ་མེ་ཆེན་ཞིག་བུས་ཡོད་ལ།མེ་ལྕེ་ནི་མཚམས་སྤྲིན་གྱི་ཐུ་སྣེ་དང་འདྲ་བར་སླ་ངའི་འགྲམ་དུ་དམར་ལྷབ་ལྷུབ་དུ་མཆེད་བཞིན་ཡོད།

  ཟངས་ཀྱི་སླ་ང་དེ་རུ་ང་ཉིན་མཚན་གསུམ་ལ་བཙོས་བྱུང་།

  ཉིན་བཞི་པར།ངས་ཟངས་ཀྱི་སླ་ངའི་ནང་གི་ཆུ་ངོགས་ན་ནག་ཅིང་སྣུམ་ལ་དྲི་ངན་འཐུལ་བའི་དྲེག་ཞག་ཅིག་འཁྱིལ་ཡོད་པ་མཐོང་བས།ཅུང་ཙམ་མིན་ན་ཞེ་མེར་ནས་སྐྱུག་བྱུང་། ངའི་སེམས་ལ་དེ་ནི་ཨ་མྱེས་རི་མདུང་གིས་གསུངས་པའི་ངའི་ལུས་སྟེང་གི་“འབག་བཙོག”དེ་ལོས་ཡིན་འདོད་བྱུང་མོད།མ་གཞིར་ངས་“འབག་བཙོག་”དེ་ནི་མིག་གིས་མི་རིག་པའི་རྣམ་རྟོག་ཅིག་ལས།འདྲེན་བྱེད་ཀྱི་ཡུལ་དུ་གྱུར་བའི་དངོས་པོ་ཤིག་ཡིན་པ་ཡིད་ལའང་མ་ཤར།དེའི་རྐྱེན་གྱིས་ངའི་ཁམས་ནི་གཡའ་དག་པའི་ནམ་མཁའ་བཞིན་དྭངས་ཤིང་གཙང་ལ།ལུས་ནི་བྱ་སྒྲོ་ལྟར་ཡང་ཟོར་དང་བདེ་ལྕག་འཁྱུག་པོ་ཞིག་ཏུ་གྱུར།

  དེ་ནས་ཅང་མ་འགོར་བར།ཁོག་སྟོད་གཅེར་བུར་བུད་པ་དང་།ཁོག་སྨད་དུ་སྡོང་ལོ་བཀབ་པའི་དམྱལ་བའི་ལས་མཁན་ཨེ་ཡིན་ལྟ་བུའི་ལྷ་གཉན་ཁ་ཤས་ཀྱིས་སྨྱུག་སྐྱོགས་ཆེན་པོ་ཞིག་ཐོགས་ནས་ང་ཟངས་ཀྱི་སླ་ངའི་ནང་ནས་ཕྱིར་བླངས་སོང་།

  ལྷ་གཉན་དེ་དག་གིས་ང་ཁྲིད་དེ་སྔོན་ཆད་སོང་མྱོང་བ་ལྟ་བུའི་གྲོག་རོང་ཞིག་བརྒྱུད་ནས་གང་ཞིག་ལ་ཕྱིན་པ་ན།ཉེ་འཁོར་གྱི་རི་བོ་ཚང་མར་རྩྭ་རྐང་གཅིག་ཀྱང་སྐྱེས་མེད་པར་སྐྱ་ཐིང་ཐིང་དུ་སྣང་ལ།ལམ་འགྲམ་དུའང་སྟག་གཟིག་དོམ་དྲེད་དང་།ཤྭ་བ།དགོད།མནའ།གླ་བ།ཕག་རྒོད་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་མོད།འོན་ཀྱང་དེ་དག་ལུས་རིད་ཅིང་སྐེམ་པར་གྱུར་འདུག ལམ་འགྲམ་དུ་སྤྱིལ་བུའམ་ལྷ་གཉན་བཞུགས་སའི་ཁང་བ་འགའ་ཡོད་པ་དེ་དག་ཀྱང་ཕལ་ཆེ་བ་རལ་འདུག་ལ།ཁ་ཤས་ཀྱི་སྒོ་དང་སྒེའུ་ཁུང་ཕྱེ་འདུག་པས་མི་གཤིན་པོ་ཞིག་ལ་རོ་བདག་མ་བྱས་པ་ལྟར་བལྟས་མ་ཐག་ཡིད་སྐྱོ་བ་ཞིག་རེད། ལམ་བར་གྱི་མཐོང་ཐོས་སུ་གྱུར་བའི་ཕྱིའི་བཀོད་པ་དང་ནང་གི་སྣོད་བཅུད་ཚང་མ་དེ་སྔོན་སྔོ་ལྗང་གི་ལྭ་བ་མནབས་ཤིང་།རི་སྐྱེས་སྲོག་ཆགས་མང་པོ་རྩེད་འཇོར་རོལ་པའི་གཞི་བདག་གམ་ལྷ་གཉན་གྱི་གནས་དེ་དང་ཁྱོན་ནས་མི་འདྲ། མཚམས་རེར་ལམ་འགྲོ་འགའ་ལ་ཕྲད་པ་ན།དེ་ཚོའི་ལག་ཏུ་འཁར་བ་བཙུགས་ཤིང་མགོ་ལ་སྲིང་བལ་དང་ཚོན་ཁ་ཤོར་བའི་རས་དར་དཀྲིས་ཡོད།ངས་ལམ་ཁྲིད་མཁན་གྱི་ལྷ་གཉན་དེ་དག་ལ་ཁོ་ཚོར་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་པ་ན།ཁོ་ཚོ་ལྷ་གཉན་གྱི་ནང་འཁྲུག་ལས་ཕྱིར་སླེབས་པའི་རྨས་མ་དག་རེད་ཅེས་བཤད་སོང་།

  ལམ་འཁྲིད་པའི་ལྷ་གཉན་འགས་ང་རང་ཨ་མྱེས་རི་མདུང་བཞུགས་སའི་སྤྱིལ་བའི་སྒོ་ཁར་ཁྲིད་ནས་ལས་འགན་གྲུབ་སོང་བ་དང་འདྲ་བར་ཁ་ཕྱིར་འཁོར་ནས་ལོག་སོང་། ཨ་མྱེས་རི་མདུང་གི་སྐུ་མདུན་པ་གཉིས་ཀྱིས་ང་མཐོང་མ་ཐག་བསུ་མ་བྱས་ཤིང་དེ་ནས་སྤྱིལ་བའི་ནང་དུ་ཁྲིད། ཕྱི་ཕྱོགས་ཀྱི་ཉམ་དམས་སུ་གྱུར་བའི་སྣང་ཚུལ་དང་བསྡུར་ན་སྤྱིལ་བའི་ནང་དུ་ད་དུང་སྐྱེས་སྟོབས་ཀྱི་དཔལ་ཅུང་ཟད་རྒྱས་ཡོད་།སྤྱིལ་བའི་ཕུགས་ཀྱི་ཆ་སྟེགས་ཤིག་གི་སྟེང་ན་ས་རྫ་ཞིག་ཡོད་པའི་ནང་ན་མེ་ཏོག་ཧ་རུ་རྒྱལ་མཚན་སྤར་མོ་གང་བཙུགས་ཡོད་ལ།སྒེའུ་ཁུང་ཕྱི་ཡི་བསྐམས་ཤིང་རྙིད་པའི་རྩྭ་ལྡུམ་བར་ན་ལྗང་སྨྱུག་གསར་དུ་འབུས་ཡོད། ཡིན་ནའང་ཡང་སྤྱིལ་བུའི་ནང་དུ་ཨ་མྱེས་རི་མདུང་མཐོང་རྒྱུ་མི་འདུག་པས། ངས་ཁོང་གི་སྐུ་མདུན་པ་གཉིས་ལ་ཨ་མྱེས་རི་མདུང་གང་དུ་ཕེབས་སོང་ཞེས་དྲིས་བ་ན།ལན་དུ་ཁོ་རང་ལྷ་གཉན་གྲོས་ཚོགས་ཀྱི་སྔོན་སྐུལ་ཚོགས་འདུར་ཕེབས་སོང་ཟེར་།ཁོ་གཉིས་ཀྱིས་ང་སྤྱིལ་བའི་ཁང་ཤག་ནང་མར་བསྐྱལ་བས་ང་མལ་ཁྲིའི་འགྲམ་དུ་བསྡད་ནས་ངལ་གསོས་པ་ཡིན།

  སྐུ་མདུན་པ་ཞིག་གིས་ང་ལ་ཇ་དཀར་ཡོལ་གང་ཁྱེར་ཡོང་བ་དང་།ངས་ཇ་འཐུང་ཞོར་ཡིད་ལ་མིའི་རིགས་ནི་རང་རྩིས་དང་འདོད་ཞེན་ཆེ་བས།རང་ཉིད་ཀྱི་ཁེ་ཕན་ཏིལ་འབྲུ་ཙམ་གྱི་དོན་དུའང་ཕན་ཚུན་འཁོན་རེས་དང་གཡུལ་བཤམས་པར་མོས་མོད།འོན་ཀྱང་ལྷ་གཉན་གྱི་རིགས་ལ་སྟེང་ཕྱོགས་ལྷ་ཡི་རང་དབང་དང་།འཇིག་རྟེན་མི་ཡི་ལོངས་སྤྱོད་སོགས་ཡོད་བཞིན་དུ་ད་ལྟའི་གནས་བབ་ལ་ཡིད་མི་ཚིམ་པར།ནང་འཁྲུག་བྱེད་དོན་ཅི་ཡིན་ནམ་སྙམ་བཞིན་མི་དྲན་དགུ་དྲན་བྱེད་སྐབས།ཨ་མྱེས་རི་མདུང་གིས་གློ་བུར་དུ་སྤྱིལ་བུའི་སྒོ་ཕྱེས་ནས“ཁྱོད་ཀྱིས་ཡང་ཅི་ཞིག་དྲན་བཞིན་ཡོད་དམ”ཞེས་གསུང་ཞོར་གདོང་ལས་འཛུམ་ཞིག་མངོན།

  ངས་“སྔོན་ཆད་ངས་ལྷ་གཉན་ནི་གཟི་བརྗིད་ལྡན་པ་ཞིག་རེད་འདོད་མོད།འོན་ཀྱང་དེ་རིང་ནང་འཁྲུག་གི་རྐྱེན་གྱིས་ཁོ་ར་ཁོར་ཡུག་ཚང་མ་ཉམ་དམས་སུ་གྱུར་ཅིང་རྨས་མ་མང་པོ་ཡོད་པ་མཐོང་སྐབས་སེམས་སྡུག་བྱུང་”ཞེས་ལན་བཏབས།

  ཨ་མྱེས་རི་མདུང་གིས་“ངས་སྔ་མོ་ནས་ཁྱེད་ལ་བཤད་མྱོང་། ང་ཚོ་ལྷ་གཉན་དང་ཁྱོད་ཚོ་མིའི་རིགས་བར་ལ་ཁྱད་པར་ཆེན་པོ་ཡོད་པ་མ་རེད། ང་ཚོ་ནི་ཡུལ་ཕྱོགས་གཅིག་གི་ཕྱིའི་བཀོད་པ་དང་ནང་གི་སྣོད་བཅུད་སྲུང་མཁན་གྱི་སྲུང་མ་ཙམ་ཡིན་ཞིང་།ང་ཚོའི་ལས་འགན་ཡང་རང་ཉིད་ཀྱི་མངའ་ཁོངས་དང་ཡུལ་འབངས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་པས།དུས་རྒྱུན་བདུད་འདྲེ་སྣ་ཚོགས་དང་ངན་པའི་སྟོབས་ཤུགས་ལ་འཐབ་འཁྲུག་བྱས་ཏེ།ཁོ་ཚོ་ལས་རྣམ་པར་རྒྱལ་བ་བྱེད་དགོས།མིའི་རིགས་ཀྱིས་ང་ཚོར་མཆོད་བཀུར་བྱས་ན།ང་ཚོས་གཞི་ནས་རང་ཉིད་ཀྱི་ནུས་པ་འདོན་ཐུབ།དེར་བརྟེན་མིའི་རིགས་དང་ལྷ་གཉན་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་དགོས་པ་ལས།སུ་ཡང་སུ་དང་ཁ་འབྲལ་ཐབས་མེད་མོད་།མིའི་རིགས་ཀྱི་འདོད་རྔམ་རྒྱུན་ཆད་མེད་པར་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བའི་སྐབས།མིའི་རིགས་ལ་ལྟ་སྟངས་གང་འདྲ་འཛིན་དགོས་པའི་ཐད་ང་ཚོ་ལྷ་གཉན་དག་ཀྱང་དཀའ་ངལ་ལ་འཕྲད་ཀྱི་ཡོད་། དེའི་ཐད་དུ་ལྟ་བའང་མི་མཐུན་པ་བྱུང་བས།ང་ཚོའི་བར་དུའང་རང་ཤུགས་ཀྱིས་ནང་འཁྲུག་འབྱུང་སྲིད”ཅེས་གསུངས་།

  “ཨ་ལ་ལ།ཁྱོད་ཚོ་ལྷ་གཉན་ཡང་ལས་སླ་མོ་ཞིག་མ་རེད”

  ངས་དེ་ལྟར་བཤད་ཀྱང་ཡིད་དུ་སྐུ་མདུན་པས་ཨ་མྱེས་རི་མདུང་སྐུལ་སློང་ཚོགས་ཆེན་ལ་ཞུགས་པ་རེད་ཟེར་བ་དྲན་པས།ངས་“ཨ་མྱེས་རི་མདུང་།ང་དོན་དངོས་སུ་ཁྱེད་ཚོའི་ལྷ་གཉན་གྱི་གསང་བའི་ཚོགས་ཆེན་ལ་ཞུགས་ཐུབ་བམ”ཞེས་དྲིས།

  ཨ་མྱེས་རི་མདུང་ཁང་ཤག་ནང་མར་འཛུལ་ཏེ་ང་ཙོག་པའི་མལ་ཁྲིའི་འགྲམ་དུ་བསྡད་ནས།དལ་གྱིས་“ད་ཐེངས་ཀྱི་སྐུལ་སློང་ཚོགས་ཆེན་དེ་ང་ཚོའི་ཅོ་ནེ་ཡི་གཉན་ཆེན་ཨ་མྱེས་མགོན་པོ་ཡིས་སྒྲིག་འཛུགས་བྱས་པ་དང་།ཁོང་གིས་ས་ལྔ་བ་ཐོབ་པ་ཡན་གྱི་ལྷ་གཉན་དག་གསང་གྲོས་ལ་ཞུགས་ཆོག་པ་ལས།གཞན་རྣམས་ལ་ཞུགས་པའི་ཐོབ་ཐང་མེད་ཅེས་བསྒྲགས་བྱུང་”ཅེས་གསུང་།

  ངས་“ས་ལྔ་བ་ཐོབ་པ་ཡན་གྱི་ལྷ་གཉན་ཟེར་བ་ནི་ཅི་ཞིག་ལ་གོ་དགོས་སམ” ཞེས་དྲིས།

  ཨ་མྱེས་རི་མདུང་གིས་“ལྷ་གཉན་གྱི་སྒྲུབ་སྦྱོང་མི་འདྲ་བར་གཞིགས་ནས་ས་རིམ་པ་བཅུར་བགོས་ཡོད” ཅེས་ལན་བཏབས།

  “ཁྱོད་ནི་ས་རིམ་པ་དུ་ཐོབ་པ་ཞིག་ཡིན ”

  “དྲུག་པ་ཙམ་རེད”

  “མདོ་སྨད་ཀྱི་ལྷ་གཉན་ཆེན་མོ་ཨ་མྱེས་རྨ་ཆེན་ནི་ས་རིམ་པ་དུ་བ་རེད་དམ”

  “བཅུ་བ་རེད”

  “དེས་ན་ཐེངས་འདིར་ལྷ་གཉན་གྱི་གསང་གྲོས་ལ་ཞུགས་མཁན་ཚང་མ་སུ་སུ་རེད་དམ”

  “ད་རེས་ཀྱི་གསང་གྲོས་འདི་ནི་རང་རེའི་ཁ་བ་གངས་རིའི་ལྗོངས་ཀྱི་ལྷ་གཉན་གྱི་ཚོགས་འདུ་ཆེས་གཟབ་རྒྱས་དང་འགངས་ཆེན་ཞིག་ཡིན་པས་ངའི་མངའ་ཁོངས་ནང་དུ་ས་རིམ་པ་ལྔ་ཡན་གྱི་ལྷ་གཉན་གསུམ་ལས་མེད”

  “གལ་ཏེ་ང་ལྷ་གཉན་དུ་ཕྱིར་གྱུར་ན་ས་རིམ་པ་ག་ཚོད་ལ་བརྩི་ཆོག་གམ”

  “ཁྱོད་ནི་ལྷ་གཉན་དཀྱུས་མ་ཞིག་ཡིན་པས།ས་ཡི་རིམ་པ་ཕལ་ཆེར་ཐོབ་ཡོད་རྒྱུ་མ་རེད།འོན་ཀྱང་ཁྱོད་ཀྱི་གནས་ཚུལ་དམིགས་བསལ་རེད།ངས་ཨ་མྱེས་མགོན་པོ་ལ་ཆེད་དུ་སྙན་སེང་ཞུས་ཡོད་པས།ཁོང་གིས་ཁྱོད་ཁྲིད་ཆོག་པར་ཁས་བླངས་སོང་།ཡིན་ནའང་ཐག་རིང་གི་རྨ་ཆེན་རྩྭ་ཐང་དུ་སླེབས་ཐུབ་མིན་ནི་ཁྱོད་ཀྱི་བསག་སྦྱངས་དང་ནུས་པ་ལ་ཐུག་ཡོད”

  “ཨ་ཨ།དགའ་བ་ལ”

  ང་དགའ་བ་འབུམ་གྱིས་སྨྱོས་ཏེ་ས་ལྡིང་གནམ་ལྡིང་བྱེད་བཞིན་དགའ་འབོད་བྱས་ཤིང་།ངང་སྒུག་བྱེད་ལོང་མེད་པར་“དེས་ན་ང་ཚོ་ནམ་ཞིག་ལམ་ལ་ཆས་རྒྱུ་ཡིན”ཞེས་དྲིས།

  ཨ་མྱེས་རི་མདུང་གིས་“དོ་དགོང་གྲ་སྒྲིག་བྱས་ཏེ་སང་ཉིན་ང་ཚོ་ལམ་དུ་ཆས་འགྲོ” ཞེས་ལན་བཏབ་བྱུང་།

  དགོང་མོ་དེར།ཨ་མྱེས་རི་མདུང་དང་དེ་མིན་ཁོའི་མངའ་འོག་གི་ས་རིམ་པ་ལྔ་ཐོབ་པ་ཡན་གྱི་ལྷ་གཉན་གཉིས།དེའི་ཁར་ང་དང་བཅས་ང་ཚོ་ལྷན་དུ་འཛོམས་ནས་ལམ་ཁའི་ལམ་རྒྱགས་དང་།གོང་རིམ་གྱི་ལྷ་གཉན་ལ་དབུལ་རྒྱུའི་ལེགས་སྐྱེས་སོགས་སྡུད་གསོག་བྱས་རྗེས།ད་གཟོད་རང་རང་གི་གནས་སུ་གཉིད་སྐྱིད་པོ་ཞིག་ཡོང་ཐབས་བྱས་མོད་། འོན་ཀྱང་ངའི་ཡིད་ཀྱི་སྤྲོ་སྣང་འགོག་མ་ཐུབ་པར་ཡུན་རིང་ཞིག་ལ་གཉིད་མ་ཁུགས།

  ཨ་མྱེས་རི་མདུང་གིས་ངས་ཉལ་ཁྲིའི་སྟེང་ན་འཕག་འཚག་བྱེད་བཞིན་པ་ཚོར་བས་“དོན་གྲུབ།ཁྱོད་གཉིད་མི་ཡོང་ངམ”ཞེས་དྲིས།

  “ཡིན་ལགས”

  “ཁྱོད་ཀྱིས་ཅི་ཞིག་ལ་འདང་རྒྱག་གི་ཡོད”

  “ང་གངས་ལྗོངས་ལྷ་གཉན་གྱི་གསང་བའི་ཚོགས་འདུར་ཞུགས་ཐུབ་པ་བྱུང་ཡང་།ལྷ་གཉན་གྱི་ལོ་རྒྱུས་ཅི་ཡང་མི་ཤེས་པས།སེམས་སྐྱིད་པོ་མི་འདུག”

  “ཕ་ཨ་ཁུའི་ལོ་རྒྱུས་མ་ཤེས་ན་ནགས་གསེང་གི་སྤྲེའུ་དང་འདྲ་ཟེར་ལེ་རེད་།ད་ངས་ཁྱོད་ལ་ལྷ་གཉན་གྱི་ལོ་རྒྱུས་ཅུང་ཟད་བཤད་དགོས་རྒྱུ་རེད”

  “ད་ངོ་མ་བཟང་སོང་ནི་རེད”

  “དེ་ཡང་བོད་མིའི་ལྷ་གཉན་བྱུང་ཚུལ་གྱི་ཆ་ནས་བཤད་ན།སྲིད་པའི་ཡབ་ཆེན་སངས་པོ་འབུམ་དང་ཡུམ་ཆེན་མོ་ཆུ་ལྕགས་རྒྱལ་མོ་གཉིས་ནི་ལྷ་འདྲེ་གདོན་བགེགས་སོགས་ས་སྟེང་སྐྱེ་དགུ་ཡོངས་ཀྱི་ཡབ་ཡུམ་ཡིན་ལ།དེ་གཉིས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་བོད་ཀྱི་ལྷ་དང་མིའི་འཇིག་རྟེན་ཆེན་པོ་གྲུབ་ཡོད་།དེ་ཡང་ཡབ་ཡུམ་གཉིས་ཀྱིས་ཡང་ཚར་གྱུར་བའི་ལྷ་ཕྱ་རྗེ་སྟག་ཚ་འལ་འོམ་ཞེས་པས་ཚམས་བཟའ་ཁྱད་ཁྱུད་མ་ཁབ་ཏུ་བཞེས་པར།སྲས་ཡབ་ལྷ་བརྡལ་དྲུག་དང་།ཕྱ་ལྷ་བྲམ་ཆེན།རྒྱ་ལ་འབྲོང་ནས།འོ་དེ་གུང་རྒྱལ་བཞི་འཁྲུངས།དེ་ལ་ཡོངས་གྲགས་སུ་སྲིད་པའི་ལྷ་རབས་མཆེད་བཞི་ཟེར།ལྷ་མཆེད་བཞི་བོ་ལྷ་ཡུལ་དང་མི་ཡུལ་ནས་སུ་བསྡད་ལ་ཤོ་བཏབ་པས།གཅེན་གཉིས་རྒྱལ་ནས་ལྷ་ཡུལ་དུ་བཞུགས་ལ།གཅུང་གཉིས་ཕམ་ནས་མི་ཡུལ་དུ་འོངས་པར་བཤད”

  “གཅེན་པོ་གཉིས་ལྷ་ཡུལ་དུ་བཞུགས་ཤིང་།གཅུང་བོ་གཉིས་མི་ཡུལ་དུ་ཕེབས་པ་འདྲ་མཉམ་མ་རེད”

  “དེ་ལ་བཀོད་པ་ཡོད་མ་རེད།རང་རང་གི་ཐོད་པའི་ཁ་ཡིག་ལ་ཐུག་ཡོད་འདུག།དེ་ཡང་ལྷ་རབས་མཆེད་བཞི་ཡི་ཡ་གྱལ་འོ་དེ་གུང་རྒྱལ་ཁོང་།སྟེང་ཕྱོགས་ལྷ་ཡུལ་ན་བཞུགས་པའི་ཚེས་ཁབ་གནམ་གྱི་ཐང་ང་དགུ་དང་བཤོས་ཏེ་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་ཤིང་།ཕྱིས་མི་ཡུལ་དུ་ཕེབས་ནས་ཁབ་མ་བཞེས་བ་ལས།སོ་སོར་ཡར་ལྷ་ཤམ་པོ་དང་།གཉན་ཆེན་ཐང་ལྷ།རྨ་ཆེན་སྦོམ་ར།སྒྱོགས་ཆེན་ལྡོང་ར།སྒམ་པོ་ལྷ་རྗེ།ཞོགས་ལྷ་རྒྱུག་པོ།ཇོ་བོ་གཡུལ་རྒྱལ།ཤེའུ་ཁ་རག་བཅས་སྲས་བརྒྱད་འཁྲུངས་།ཡབ་འོ་དེ་གུང་རྒྱལ་སྲས་བརྒྱད་དང་བཅས་བ་ལ་སྲིད་པ་ཆགས་པའི་ལྷ་དགུ་ཞེས་བྱ་ཞིང་།དེ་དག་ནི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི།སྨད་མདོ་ཁམས་སྒང་དྲུག་སྟེ་ངེད་བོད་ཡུལ་གྱི་སྟོད་སྨད་བར་གསུམ་གྱི་ས་ལ་གནས་བཅས་ཡོད་པས།ཁོང་ཚོ་ནི་ང་ཚོའི་བོད་ཆེན་པོའི་མངའ་ཁུངས་ཀྱི་སྐྱེ་དགུ་སྲུང་བའི་སྲིད་པའི་ལྷ་ཆེན་ནམ་ལྷ་གཉན་ཆེན་མོ་དགུ་ཡིན”

  “ཨ་མྱེས་རི་མདུང་།དེ་ན་ད་ཐེངས་ལྷ་གཉན་ཀྱི་རྒྱལ་བོ་འོ་དེ་གུང་རྒྱལ་དང་མཇལ་ཐུབ་བམ”

  “བོད་ཀྱི་ལྷ་མི་ཀུན་གྱི་རྒྱལ་བོ་འོ་དེ་གུང་རྒྱལ་དགོངས་ལོ་བགྲེས་ཤིང་།སྔར་ནས་སྟེང་ཕྱོགས་ལྷ་ཡུལ་ལ་རྒན་ཡོལ་དུ་ཕེབས་ཟིན་ལ།ད་ལྟ་ཁོང་གི་སྐུ་སྲས་ཆེ་བ་ཡར་ལྷ་ཤམ་པོ་བོད་ཀྱི་ལྷ་གཉན་གྱི་རྗེ་བོར་བསྐོས་ཡོད་པས།ཁོང་ཚང་ལ་མཇལ་ཐུབ་ངེས།བོད་ཀྱི་ལྷ་གཉན་གྱི་བྱུང་བའང་འདི་ལྟར་ཡིན།ད་ནི་རྨི་ལམ་གྱི་རྟ་བོར་ཞོན་མ་གཏོགས་སང་ཉིན་སྔ་མོ་ནས་ཡར་ལངས་དགོས”

  ཨ་མྱེས་རི་མདུང་གིས་ལྷ་གཉན་གྱི་བྱུང་བ་བརྗོད་པ་ཤིན་ཏུ་གསོན་ཉམས་ལྡན་པ་ཞིག་ཡིན་པས་ངའི་ཡིད་ཀྱི་དང་བ་མ་ཚིམ་ཡང་།ཁོང་གིས་དེ་སྐད་གསུངས་བས་ངས་ཀྱང་ཉལ་ཐུལ་མགོ་བཏུམས་བྱས་ནས་གཉིད་ཐབས་བྱས།

  ཕྱི་ཉིན་ཞོགས་པར་ཉི་མ་ཤར་རིའི་རྩེ་ནས་ཤར་བ་དང་མཉམ་དུ་ང་ཚོས་བར་སྣང་ཁམས་ནས་སྤྲིན་དཀར་གྱི་ཆིབས་པ་ལ་བཅིབས་ནས་ལམ་དུ་ཆས། ང་ཚོ་བར་སྣང་ཁམས་ནས་ནུབ་ཕྱོགས་སུ་འཕུར་སྐབས།་རྟ་བདུན་དབང་བོ་ནི་ནམ་ཡང་ང་ཚོའི་རྒྱབ་ཕྱོགས་སུ་ཤར་ཡོད།ཉི་འོད་ང་ཚོའི་ལུས་རྒྱབ་ལ་ཕོགས་པས་ཧ་ཅང་དྲོད་སྣང་ལྡན་པ་ཞིག་རེད།འོན་ཀྱང་གློ་བུར་དུ་གར་ཡོང་མི་ཤེས་བའི་རླུང་འཚུབ་གཡུག་དུས།ང་ཚོའི་རྐང་འོག་གི་སྤྲིན་གྱི་ཚོམ་བུའང་འདར་ཤིང་འདར་ལ།ཡམ་ཡོམ་དུ་གཡོ་བས་ང་ཚོ་མར་ལྷུང་མི་འགྲོ་ཨང་སྙམ་པའི་དོགས་སྣང་སྐྱེས་པས།ངས་སྔངས་སྐྲག་དང་བཅས་ལག་པ་གཉིས་ཀྱིས་ཨ་མྱེས་རི་མདུང་གི་ཕུ་སྣེ་དམ་པོར་བསྡམས་པ་ཡིན།

  ཅང་མ་འགོར་བར།ཕྱོགས་བཞི་མཚམས་བརྒྱད་ནས་ཁ་དོག་སྣ་ཚོགས་ཀྱི་གྱོན་ཆས་སྦྲས་པའི་ལྷ་གཉན་མང་པོ་འཕུར་ཡོང་ཞིང་།ངས་ལྷ་གཉན་འདི་དག་ཕལ་ཆེར་ངོ་མི་ཤེས་ཀྱང་།ངའི་ཕ་ཡུལ་བྱང་ལུང་ཁོག་གི་ཨ་མྱེས་དཔལ་རྒན་དང་ཨ་མྱེས་དུང་མགོ།ཨ་མྱེས་གཡང་རྫོང་བཅས་ལམ་སང་ངོ་ཤེས་བྱུང་། ངས་དད་གུས་ཆེན་པོས་ཁོང་ཚོར་ཁམས་འདྲི་བྱེད་རྩིས་བྱས་པ་ན།ཨ་མྱེས་རི་མདུང་གིས་དེ་འཕྲལ་ང་ལ་བློ་རྩེ་གཅིག་སྒྲིམ་གྱིས་མ་གཏོགས།མར་ལྷུང་བའི་ཉེན་ཁ་ཡོད་ཅེས་ལག་བརྡ་བཏང་ནས་བཀག་འགོག་བྱས།

  ང་ཚོ་ནི་དྲི་བཞོན་རླུང་གིས་དེད་དེ་འཕུར་ནས་ཡུན་རིང་འགོར་བ་དང་།རྐང་འོག་གི་ཁྲ་ལམ་མེར་སྣང་བའི་ས་གཞི་ཆེན་མོ་ནི།མཚམས་རེར་ཞིང་ཁ་དང་མཚམས་རེར་རྩྭ་ཐང་།མཚམས་རེར་ནགས་ཚལ།མཚམས་རེར་མཚོ་དང་མཚེའུ་སོགས་རེས་མོས་སུ་བརྒྱུད་པས།ཉམས་དགའ་བའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ནི་ལྟ་བས་ཆོག་མི་ཤེས་ཤིང་བསམ་པས་བརྗོད་ཀྱིས་མི་ལང་བ་ཞིག་རེད།འོན་ཀྱང་སྤྱིས་ཡོངས་ནས་བཤད་ན།ས་གཞི་ཆེན་པོ་ནི་ཤར་ནས་ནུབ་ཕྱོགས་སུ་སྐས་རིམ་བཞིན་དུ་རིམ་གྱིས་མཐོ་ས་ནས་མཐོ་སར་འཕགས་ཡོད།

  ང་ཚོའི་དཔུང་ཁག་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་།ལྷ་གཉན་རྣམས་ཀྱང་ཡུལ་དང་ས་ཁོངས་མི་འདྲ་བ་ནས་ཡོང་བ་ཡིན་པས།ལ་ལས་དར་གོས་ཀྱི་གྱོན་ཆས་གོན་པ་དང་།ལ་ལས་རྩྭ་རས་གོན་པ།ལ་ལས་གཅན་གཟན་གྱི་པགས་པ་གོན་པ།ལ་ལས་ས་ཆ་ཡ་མཚན་ཅན་གྱི་གོས་རིང་གོན་པ་སོགས་མདོར་ན་རྒྱན་གོས་ལའང་ཁྱད་པར་ཆེན་པོ་ཡོད།དེའི་ཕྱིར་ངས་མཚར་སྣང་ཆེན་པོས་མིག་རིག་རིག་གིས་ཁོ་ཚོར་ལྟ་བཞིན་པའི་སྐབས་སུ།གློ་བུར་རླུང་འཚུབ་ཅིག་ལྡང་བྱུང་བས།ངའི་ལག་ཟུང་ཨ་མྱེས་རི་མདུང་གི་ལྭ་བའི་ཕུ་སྣེ་ལས་ཤུད་དེ་ལུས་པོ་དྲང་ཐད་དུ་མར་ལྷུང་སོང་།

  སྐབས་དེར།ང་མགོ་ཡུ་འཁོར་ཞིང་སེམས་ལ་སྐྲག་ཐག་ཆོད་པས།ད་ནི་འཆི་བར་ཐེ་ཚོམ་མེད་སྙམ་པའི་སྐབས།ཉེ་འགྲམ་གྱི་ལྷ་གཉན་རྣམས་ཀྱིས་ཉེན་ཁ་ལ་མ་འཛེམས་པར་ལག་ཟུང་བརྐྱངས་ནས་ང་སྐྱོབ་རྩིས་བྱས་མོད་།འོན་ཀྱང་ང་ནི་རྡེའུ་ཕོག་པའི་བྱེའུ་རྨས་མ་ཞིག་དང་མཚུངས་པར་སྔར་བཞིན་མར་ལྷུང་།

  ཉེན་ཁ་ཤིན་ཏུ་ཆེ་བའི་དུས་འདིར།ཨ་མྱེས་གཡང་རྫོང་གི་མངའ་འོག་ཏུ་དཔའ་ཉམས་དོད་པའི་ལྷ་གཉན་གཞོན་ནུ་ཞིག་ཡོད་པ་དེ་གསེག་འཕུར་སྒོས་ཡོང་སྟེ་ངའི་དཔུང་བ་ནས་ཡར་འཐེན་པས།ང་ཨ་མྱེས་རི་མདུང་གི་འགྲམ་དུ་འཕུར་ཐུབ་སོང་།དེར་ལྷ་གཉན་མང་པོས་མཐེ་བོང་བསྒྲེངས་ནས་ཁོང་གི་དཔའ་ངར་ལྡན་པའི་བྱ་སྤྱོད་ལ་བསྔགས་བརྗོད་བྱེད་ཀྱིན་འདུག།

  ཨ་མྱེས་རི་མདུང་གིས་ང་ལ་“ཁྱོད་ཀྱིས་ཁོ་ངོ་ཤེས་སམ”ཞེས་དྲིས་བྱུང་།

  ངས་“ངོ་མི་ཤེས།ཡིན་ནའང་ཁོང་གི་སྲོག་སྐྱོབ་པའི་དྲིན་ལན་ངས་ངེས་པར་དུ་གཟོ་ངེས་ཡིན”ཞེས་བརྗོད།

  “ཧ་ཧ་ཧ།ཁོ་ནི་སྔོན་ཆད་རུ་སྤོས་དུས་ཁྱོད་ཀྱིས་ཀོང་མཆོད་ཁོག་ནས་སྲོག་བསྐྱབས་པ་དང་།ཁྱོད་ཀྱི་རྩེ་གྲོགས་སུ་གྱུར་བའི་བྱེའུ་འཇོལ་མོ་དེའི་རྣམ་ཤེས་རེད”ཨ་མྱེས་རི་མདུང་གིས་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་མངོན་ནས་“ད་ཐེངས་ཁོས་ཁྱོད་ཀྱི་དྲིན་ལན་འཇལ་བ་རེད”ཅེས་གསུང་།

  “དེ་ན་ཁོ……”ང་ཡང་ཧང་སངས་སོང་།

  “ཁ་རོགས་སྡོད”ཨ་མྱེས་རི་མདུང་གིས“ང་ཚོ་མགྱོགས་པོར་སླེབས་གྲབས་འདུག ཁྱེད་ཀྱིས་བློ་རྩེ་སྒྲིམ་མ་གཏོགས་སླར་ཡང་མར་ལྷུང་འགྲོ་ན་ཐང་”ཞེས་ཟེར་བཞིན་དྲན་སྐུལ་བྱས།

  དེ་ལྟར་ང་ཚོ་འཕུར་ནས་མུ་མཐའ་མེད་པའི་རྩྭ་ཐང་ཞིག་ཏུ་སླེབས། རྩྭ་ཐང་གི་ནུབ་ཕྱོགས་སུ་བརྗིད་ཉམས་ཆེ་ཤིང་གནམ་འདེགས་ཀ་བ་ལྟ་བུའི་གངས་རི་ཞིག་མིག་ལམ་དུ་མངོན་བྱུང་། དེ་ནི་ཨ་མྱེས་རྨ་ཆེན་ཡིན་པས་ལྷ་གཉན་རྣམས་ཀྱིས་ཞྭ་མོ་ཕུད་དེ་ཕྱག་གཉིས་ཐལ་མོ་སྦྱར་ནས་གངས་རི་དེའི་ཕྱོགས་སུ་གུས་ཉམས་བསྟན།

  སྔོན་ལ་འབྱོར་ཟིན་པའི་ལྷ་གཉན་དེ་དག་གིས་ཨ་མྱེས་རྨ་ཆེན་མདུན་གྱི་རྨ་ཆེན་རྩྭ་ཐང་དུ་སྒར་བརྒྱབ་ཡོད་པ་དང་།ལྷ་གཉན་ཚང་མས་བོད་ཡུལ་གྱི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི།སྨད་མདོ་ཁམས་སྒང་དྲུག་གི་སྒྲིག་གཞི་ལྟར་སོ་སོས་རང་རང་གི་སྒར་ས་བཙལ་ནས་སྒར་བརྒྱབ་པས།གངས་རིའི་འདབ་མ་སྤུངས་འདྲའི་རས་གུར་དང་སྦལ་བ་གནམ་ལ་ལྡིང་འདྲའི་སྦྲ་ནག་ཆེ་ཆུང་སྣ་ཚོགས་རྨ་ཆེན་རྩྭ་ཐང་གི་སྟེང་ན་ཁྲ་ལམ་ལེར་ཕུབ་ཡོད།སྒར་ལ་ཤར་ལྷོ་ནུབ་བྱང་གི་སྒོ་ཆེན་བཞི་ཡོད་པ་ལས་ང་ཚོ་ལྷོ་སྒོའི་འགྲམ་དུ་བབས་པ་ན།དེར་ལུས་སུ་དྲག་ཆས་སྦྲས་པའི་སོ་དམག་འགའ་ཡོད་པ་ལས་དར་མ་ཞིག་གིས་“གོང་རིམ་ནས་མིའི་རིགས་གསང་གྲོས་སུ་ཞུགས་མི་ཆོག་པར་བཀའ་གནངས་ཡོད་པས།སྒར་ནང་དུ་བགྲོད་མི་ཆོག”ཅེས་ཟེར་བཞིན་ང་དམིགས་སུ་བཟུང་སྟེ་བཀག་བྱུང་།

  ཨ་མྱེས་རི་མདུང་གིས་“སོ་དམག་ལགས།སྔོན་ཆད་ཁོ་ཡང་ལྷ་གཉན་ཞིག་ཡིན།རྗེས་སུ་ཆེད་དུ་མི་ཡུལ་དུ་གསང་ཉུལ་ལ་མངགས་པས།ད་གཟོད་མིའི་རིགས་ཀྱི་ཆ་ལུགས་སུ་གྱུར་བ་རེད།ད་ལྟ་ང་ཚོས་རང་གིས་བཟོས་པའི་ལྷ་སྨན་གྱིས་ཁོའི་ལུས་སྟེང་གི་བཙོག་གྲིབ་ཚང་མ་གཙང་སེལ་བྱས་ཟིན་པས།ཁྱོད་ཀྱིས་ཐུགས་རྗེ་གཟིགས་རོགས” ཞེས་ཞུ་བ་བྱས།

  སོ་དམག་དར་མ་དེ་ཡིས“རྒྱལ་བོའི་བཀའ་ནི་རི་གཟར་ལས་རྦབ་རྡོ་འགྲིལ་དང་འདྲ་བར་སུས་ཀྱང་འགོག་ཐུབ་ནི་མ་རེད།ཁྱེད་ཀྱིས་བསམ་ཤེས་གནང་རོགས”ཞེས་ལན་བཏབས་སོང་།

  ངས་མཐེ་བོང་ཡར་བསྒྲེངས་ནས“ང་སྒར་ནང་དུ་འགྲོ་དུ་འཇུག་རོགས”ཞེས་ཞུ་བ་བྱས་ཚེ།སོ་དམག་གྲས་སུ་ལོ་གཞོན་ཞིག་ཡོད་པ་དེས་ནན་ཏན་གྱི་སྒོ་ནས“ཁྱོད་མགྱོགས་པོར་ཕྱིར་སོང་”ཞེས་ཟེར་བཞིན་ང་ལ་འཕུད་འདེད་བྱས་བྱུང་།

  ཨ་མྱེས་རི་མདུང་གིས“དེ་སྔ་ཁོ་ལྷ་གཉན་དང་མིའི་རིགས་དབར་གྱི་ཕོ་ཉ་བྱས་མྱོང་བས།ཁྱོས་ཀྱིས་ཐུགས་རྗེ་གཟིགས་རོགས” ཞེས་ཡང་བསྐྱར་ཞུ་བ་ནན་མོ་བྱས།

  སོ་དམག་དར་མ་དེ་ཡིས་བློ་བརྟན་འགྱུར་མེད་སྒོས་སྐད་གདངས་མཐོན་པས་“ད་རེས་ཀྱི་ལྷ་གཉན་ཚོགས་ཆེན་འདི་སྔོན་མ་དང་མི་འདྲ་བར།དེའི་ཁྲོད་མིའི་རིགས་ཀྱིས་གོ་མི་ཉན་པའི་གསང་བ་མང་པོ་ཡོད་པས།ཁྱོད་རྣམ་པས་བརྩི་མཐོང་གནང་རོགས།དེ་ལྟར་མ་བྱས་ན་ཁྱེད་ཚོ་སུ་ཡང་ཞུགས་མི་ཆོག”ཅེས་ཐ་ཚིག་བསྒྲགས།

  སྐབས་དེར་ཨ་མྱེས་རི་མདུང་གཙོས་ང་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པའི་སྒང་ལ།ཨ་མྱེས་གཡང་རྫོང་གི་མངའ་འོག་གི་ལྷ་གཉན་གཞོན་ནུ་དེས་ཨ་མྱེས་རི་མདུང་ལོགས་སུ་ཁྲིད་ནས་སྐད་ཆ་འགའ་བཤད་སོང་།དེ་ནས་ཅང་མ་འགོར་བར་ང་ཚོའི་གམ་དུ་ལོག་རྗེས།སོ་དམག་གི་མི་མཐོང་ས་ཞིག་ཏུ་ངེད་གཉིས་ཀྱིས་ལུས་ཕུང་བརྗེ་རེས་བྱས།

  སྔོན་ཆད་ངས་ཁྱིམ་མཚེས་སྒྲོལ་མ་ཡི་ཨ་མ་ཡུགས་ཟ་མ་བཀྲ་ཤིས་ལྷ་མོ་ཡི་ཁ་ནས་《བྱ་མགྲིན་སྔོན་ཟླ་བའི་རྟོག་བརྗོད》ཅེས་པའི་གཏམ་རྒྱུད་དེ་ཐོས་སྐབས།བློན་པོ་ལན་གྰ་ཨྰ་ན་ཡིས་འཕོ་བ་གྲོང་འཇུག་གི་གདམས་ངག་ལ་རྟེན་ནས།རྣམ་ཤེས་རྒྱལ་སྲས་ཆོས་ཀྱི་དགའ་བ་ཡི་ལུས་ཕུང་ནང་དུ་ཞུགས་པའི་གཏམ་རྒྱུད་དེ་ཐོས་མྱོང་མོད་།བསམ་ཡུལ་ལས་འདས་བའི་གནས་ཚུལ་དེ་རིགས་ངའི་ཐོག་ཏུ་འབྱུང་བ་ཡིད་ལའང་དྲན་མ་མྱོང་།ཉིན་འདིར་ང་ཡང་དེ་ལྟར་ཨ་མྱེས་གཡང་རྫོང་གི་འཁོར་གཡོག་ཏུ་སྤྲུལ་ནས་ལྷ་གཉན་གྱི་སྒར་ཆེན་ནང་འགྲོ་ཐུབ་སོང་།

  ཕྱི་ཉིན་ཞོགས་པར།ཉི་མ་ཤར་རིའི་རྩེ་རུ་འཆར་དུས།གཡག་རྭའི་སྒྲ་དང་པོ་གྲག་པས།ཕྱོགས་སོ་སོའི་ལྷ་གཉན་རྣམས་ཀྱིས་ཞོགས་ཇ་སྟབས་བདེ་ཞིག་འཐུངས་རྗེས།རྨ་ཆེན་གངས་རིའི་མདུན་གྱི་རྨ་ཆེན་རྩྭ་ཐང་གི་འདུ་ར་ཁྲ་མོ་ཟེར་བའི་ཚོགས་རའི་ཕྱོགས་སུ་ཚ་ཚ་འུར་འུར་ངང་སྐྱོད་བཞིན་ཡོད་། ང་ཚོ་འང་ལྷ་གཉན་དག་གི་རྗེས་སུ་འབྲངས་ནས་འདུ་ར་ཁྲ་མོའི་ཚོགས་རར་ཕྱིན། བརྗིད་ཉམས་ལྡན་པའི་ཚོགས་རའི་དཀྱིལ་དུ་ཁམས་གསུམ་ཟིལ་གནོན་ཟེར་བའི་ནོར་རྩིད་ཀྱིས་བཟོས་པའི་གཞུང་དོན་གྲོས་བསྡུར་གྱི་སྦྲ་གུར་ཅིག་ཕུབ་ཡོད་པ་དང་།སྦྲ་གུར་གྱི་ཞིང་ལ་དཔག་ཚད་གཅིག་དང་མཐོ་ཚད་ལ་འདོམས་པ་བརྒྱ་ཡོད་པས་མིང་ལ་ཁམས་གསུམ་ཟིལ་གནོན་ཟེར་བ་ཡང་མིང་དོན་མཚུངས་བ་ཞིག་རེད།

  སྦྲ་གུར་གྱི་སྒོ་འགྲམ་དུ་དྲལ་བུ་ཞིག་གི་རྩེ་ན་འབྲོང་མགོ་སྐམ་པོ་ཞིག་ལ་ཁ་བཏགས་དཀར་དམར་སེར་གསུམ་གྱིས་བརྒྱན་པ་ཞིག་བཀལ་འདུག་པ་དང་། སྦྲ་གུར་གྱི་དཀྱིལ་དབུས་སུ་བརྗིད་ཉམས་དོད་པའི་རྡོ་ཁྲི་དང་ཤིང་ཁྲི་སྟག་སེང་ཁ་སྤྲོད་ལྟ་བུ་གཉིས་བརྒྱབ་ཡོད།ཤིང་ཁྲི་ཡི་སྟེང་དུ་འབོལ་གདན་བཏིངས་འདུག་པ་དང་རྡོ་ཁྲི་ཡི་སྟེང་ལ་ཕྱིང་གདན་བཏིངས་ཡོད།རྡོ་ཁྲི་དང་ཤིང་ཁྲི་གཉིས་ཀྱི་གཡོན་ཕྱོགས་སུ་སྟག་གཟིགས་དོམ་དྲེད་སོགས་རི་དྭགས་ཀྱི་པགས་པས་བཟོས་པའི་གདན་བཏིངས་འདུག་ལ།གཡས་ཕྱོགས་སུ་བལ་གདན་སོགས་ཀྱིས་གདན་ཆ་བརྒྱབ་ཡོད།སྦྲ་གུར་དེའི་མདུན་ཕྱོགས་ཀྱི་དཀྱིལ་དང་གཡས་གཡོན་དུ་ཚོན་མདོག་མི་འདྲ་བའི་དར་ཆ་གསུམ་བསྒྲེངས་འདུག་པ་དང་།དར་ཆའི་ཐོག་བོད་ཡིག་གི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི།སྨད་མདོ་ཁམས་སྒང་དྲུག་ཅེས་བྲིས་ཡོད།སྐྱི་བསེར་རླུང་གི་རྒྱུ་བ་དང་བསྟུན་ནས་དར་ཆ་ལྷབ་ལྷུབ་དུ་སྐྱོད་བཞིན་འདུག་ཅིང་།དར་ཆའི་སྟེང་གི་དཀར་དམར་སེར་གསུམ་གྱི་དར་ལྕེ་ཡིས་སྙན་པའི་དབྱངས་རྟ་སྒྲོག་བཞིན་མཆི།

  དེའི་རྗེས་གཡག་རྭའི་སྒྲ་གཉིས་པ་གྲག་པ་ན།ལྷ་གཉན་རྣམས་བྲེལ་འཚུབ་མེད་པར་གོ་རིམ་ལྡན་པའི་ངང་འདུ་ར་ཁྲ་མོའི་ཚོགས་རར་འཛོམས་ཏེ།རང་གི་ས་མིག་དང་འདུག་ས་བཙལ་ནས་གདན་ཁྲིར་འཁོད།ང་ཚོ་ནི་སྨད་མདོ་ཁམས་སྒང་དྲུག་གི་ཁོངས་གཏོགས་ཟལ་མོ་སྒང་ཤར་ཅོ་ནེ་ཡི་མངའ་འོག་ཏུ་གཏོགས་ལ།ང་ཚོའི་འགོ་འདྲེན་ནི་ལོ་ན་བགྲེས་བའི་ཨ་མྱེས་མགོན་པོ་རེད།ཡིན་ནའང་ཁོང་དགུང་ལོ་བགྲེས་པས་ཆེད་མངགས་དགོངས་པ་ཞུས་ནས་ཅོ་ནེའི་དཔོན་པོའི་བླ་རི་ཨ་འཁོར་བྲག་དཀར་ཅོ་ནེའི་ལྷ་གཉན་གྱི་གཙོ་འཛིན་དུ་མངགས་འདུག ངས་འདི་ལྟ་བུའི་ལྷ་གཉན་ཀྱི་ཚོགས་ཤིག་མཐོང་མ་མྱོང་བས།ང་གང་ཤེད་ཅིག་ཏུ་བོར་མི་འགྲོ་ཨང་སྙམ་སྟེ་ཨ་མྱེས་རི་མདུང་གི་རྗེས་སུ་གྲིབ་མ་བཞིན་འབྲངས་ཤིང་།ལག་པ་གཉིས་ཀྱིས་ཁོང་གི་ལྭ་བའི་ཕུ་ཐུང་ལ་འཇུས་ནས་བསྡད་པ་ཡིན།

  ལྷ་གཉན་རྣམས་རང་རང་གི་འདུག་གནས་ལྟར་བཞུགས་པ་དང་ལྷ་གཉན་ཁྲི་སྟོང་མང་པོ་དུས་གཅིག་ཏུ་འཛོམས་པས་དགོད་སྒྲ་དང་འུར་སྒྲ་ཡིས་ས་གཞི་ཡང་འདར་ཤིག་ཤིག་བྱེད། དེ་རྗེས་གཡག་རྭའི་སྒྲ་ཐེངས་གསུམ་པ་གྲག་པ་དང་ཆབས་ཅིག ལྷ་གཉན་རྣམས་རང་རང་གི་འདུག་གནས་སུ་ལྷོད་ལ་བབས་ཤིང་ཁ་རོག་གེར་བསྡད།སྐབས་དེར་ལྷ་གཡག་གི་རྔ་མ་ཐོགས་པའི་ཆོ་ག་པ་ཞིག་སྦྲ་གུར་ཁམས་གསུམ་ཟིལ་གནོན་གྱི་སྒོ་ཁར་འགྲེངས་ནས་སྐད་གསེང་མཐོན་པོས“གཤམ་དུ་གངས་ལྗོངས་ལྷ་གཉན་གྱི་རྒན་ཚོགས་ཀྱི་ཁོངས་མི་རྣམས་གདན་འདྲེན་ཞུ་རྒྱུ་ཡིན”ཞེས་བསྒྲགས་སོང།་

  ཁོས་དེ་སྐད་བསྒྲགས་མ་ཐག བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ་ཡི་ཁོངས་གཏོགས་གཉན་ཆེན་ཐང་ལྷ།རྨ་ཆེན་སྦོམ་ར།སྒྱོགས་ཆེན་ལྡོང་ར།སྒམ་པོ་ལྷ་རྗེ།ཞོགས་ལྷ་རྒྱུག་པོ།ཇོ་བོ་གཡུལ་རྒྱལ།ཤེའུ་ཁ་རག་སོགས་སྲོག་ཆགས་ཀྱི་པགས་པ་སོགས་བརྒྱན་གོས་སྣ་ཚོགས་བཀླུབས་པའི་ལོ་ན་བགྲེས་པོའི་ལྷ་གཉན་སྐོར་ཞིག་འཇིགས་རྔམ་ལྡན་པའི་སྒོ་ནས་སྦྲ་གུར་ཁམས་གསུམ་ཟིལ་གནོན་ནང་དུ་ཕེབས་ཏེ།རིམ་གྱིས་སྟག་གཟིགས་དོམ་དྲེད་སོགས་རི་དྭགས་ཀྱི་པགས་པས་བརྒྱན་པའི་གདན་ཁྲིའི་སྟེང་བཞུགས།

  ཡང་ཆོ་ག་པས་“གཤམ་དུ་མ་ཧ་ཙི་ན་དང་།རྒྱ་གར།བལ་བོ།སོག་པོ།ཨབ་གྷན་སི་ཐན།ཡོ་རོབ།ཨ་ཧྥེ་རི་ཁ།གྷི་རི་སི།ཨ་མེ་རི་ཁ་སོགས་ཕྱིའི་མངའ་ཁོངས་ཀྱི་ལྷ་གཉན་ཚོའི་འཐུས་ཚབ་གདན་འདྲེན་ཞུ་རྒྱུ་ཡིན”ཞེས་བསྒྲགས་པ་ན། གདོང་གི་ཤ་མདོག་མི་འདྲ་ཞིང་ཁྱད་མཚར་གྱི་གྱོན་ཆས་སྣ་ཚོགས་ཀྱིས་བརྒྱན་པའི་ཕྱི་ཡུལ་གྱི་མགྲོན་པོ་རྣམས་རིམ་གྱིས་གཡོན་ཕྱོགས་ཀྱི་བལ་གདན་སྟེང་དུ་བཞུགས།

  ཡང་ཆོ་ག་པས་“གཤམ་དུ་ཤར་ཕྱོགས་ལྷ་གཉན་ཀྱི་སྐྱབས་མགོན་གངས་རིན་པོ་ཆེར་སྒོ་གསུམ་གུས་བས་བསུ་རྒྱུ་ཡིན”ཞེས་བསྒྲགས་པས།འཁོར་གཡོག་གཉིས་ཀྱིས་དབུ་སྐྲ་དུང་ལྟར་དཀར་བའི་ལྷ་རྒན་བགྲེས་སོང་ཞིག་སྐྱོར་ནས་སྦྲ་གུར་ཁམས་གསུམ་ཟིལ་གནོན་གྱི་ནང་དུ་གདན་དྲངས་ཤིང་།སྦྲ་གུར་ནང་གི་ཤིང་ཁྲིར་མངའ་གསོལ།

  ཆོ་ག་པས་ཡང་བསྐྱར་སྐད་ཤུགས་ཆེན་པོས་“ད་ནི་འཛམ་གླིང་འཛིན་མའི་ལྟེ་བ།ཁ་བ་གངས་རིའི་ལྗོངས་ཀྱི་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་གདན་འདྲེན་ཞུ་རྒྱུ་ཡིན”ཞེས་བསྒྲགས་པ་ན།གཟུགས་པོ་རིང་ལ་ཕོ་ཉམས་དོད་པའི་སྐྱེས་པ་ཞིག་སྦྲ་གུར་ཁམས་གསུམ་ཟིལ་གནོན་གྱི་ཕྱོགས་སུ་ཕེབས་པ་དང་།རྗེས་འབྲངས་འཁོར་གཡོག་ཅིག་གིས་ལག་ཏུ་གདུག་སྤོས་བཟུང་ནས་མདུན་བསུས་ཤིང་།གཅིག་གིས་རྗེས་སུ་ཁོང་གི་དབུ་རུ་གདུགས་བཏེགས་ཡོད།ཁོང་རྫིག་ཉམས་ལྡན་པའི་ངང་སྦྲ་གུར་ཁམས་གསུམ་ཟིལ་གནོན་ནང་གི་རྡོ་ཁྲིར་མངལ་གསོལ་ཤིང་།ཐོ་རེངས་སྐར་ཆེན་ལྟ་བུའི་མིག་ཟུང་གིས་གཡས་གཡོན་དུ་བལྟས་ཙམ་བྱས་རྗེས།བློ་ཡིད་ཚིམ་པའི་ངང་མགོ་བོ་ནང་དུ་གུག་ཙམ་གུག་ཙམ་བྱས་སོང་།

  སྐབས་དེར་རྨ་ཆེན་གངས་རིའི་མདུན་གྱི་ནམ་མཁའ་ནས་ལྷ་དང་ལྷ་མ་ཡིན།མཁའ་འགྲོ་དང་དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་སྲུང་མ་སོགས་མངོན་པ་དང་།ཁོ་ཚོས་ཀྱང་དྲིལ་བུ་དང་པི་ཝང་།གླིང་བུ་སོགས་རོལ་ཆ་སྣ་ཚོགས་དཀྲོལ་ནས་ལྷ་གཉན་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།ཅང་མ་འགོར་བར།རྨ་ཆེན་རྩྭ་ཐང་གི་གྲུ་ཟུར་གྱི་གཡུ་ཡི་མེ་ལོང་ལྟ་བུའི་མཚེའུ་ཞིག་གི་ནང་ནས་ཀྱང་ཀླུ་དང་ཀླུ་མོ་མང་པོས་ཞབས་བྲོ་འཁྲབ་སྟེ་ལྷ་གཉན་གྱི་ཚོགས་ཆེན་ལ་མཆོད་པ་ཕུལ།

  དེའི་མུར་གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་ཁྲི་ཐོག་ནས་ཧོར་འདུག་ཅིག་བྱས་ཏེ་“ཨེ་མ་ཧོ།ང་ནི་གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་ཡིན། ཁ་རྒྱུན་དུ་ལོ་བརྒྱ་ལོན་པའི་མི་ཉུང་ཡང་བསྐལ་བ་སྟོང་གི་ཚིག་ཡོད་ཟེར་བ་ལྟར།ང་ནི་གནའ་སྔ་མོ་ནས་བཟུང་ཡར་ཀླུང་ཕུ་རུ་གཞིས་ཆགས་ཤིང་།ཡར་ཀླུང་ཁོག་ནི་ངེད་གངས་ལྗོངས་ཤེས་རིག་གི་འབྱུང་གནས་དང་བོད་མིའི་མེས་པོ་ཡི་ཕ་ས་ཡིན་པས།གངས་ལྗོངས་ལྷ་མིའི་མགོན་སྐྱབས་དང་ལྷ་གཉན་གྱི་རྗེ་བོ་སྟེ་ངའི་ཡབ་ཆེན་དམ་པ་འོ་དེ་གོང་རྒྱལ་སྲིད་པའི་རྨུ་ཐག་ལ་བརྟེན་ནས་སྟེང་ཕྱོགས་ལྷ་ཡི་ཡུལ་དུ་རྒན་ཡོལ་ལ་ཕེབས་པ་ནས་བཟུང་།ང་གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་རུ་བསྐོས་བྱུང་།སྔོན་ཆད་བཙན་པོ་རྣམས་སྐུ་བཞུགས་པའི་སྐབས་སུ།ངེད་གངས་ལྗོངས་ལྷ་གཉན་ཚོས་དུས་རྒྱུན་དུ་གཞུང་དོན་གྲོས་མོལ་ཚོགས་འདུ་འཚོགས་ཏེ།སྤྱིར་འགྲོ་བ་སེམས་ཅན་དང་སྒོས་གདོང་དམར་བོད་ཀྱི་ལས་དབང་ལ་ཐུགས་གཞིགསས་མཛད།ཕྱིས་སུ་ཐུ་བྷོད་རྒྱལ་རབས་འཇིག་ཅིང་བོད་སིལ་བུ་ཐོར་བ་དང་ཆབས་ཅིག་བོད་འབངས་རྣམས་ཀྱང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་རྟག་པར་ཁ་ཕྲལ་བཅད་བཟུང་གི་གནས་སུ་གྱར་ཡོད་པས།ལྷ་གཉན་རྣམས་ཀྱང་ཁ་ཐོར་དུ་སོང་སྟེ་སོ་སོས་རང་ཉིད་ཀྱི་བདག་སྐྱོང་བྱེད་ཁོངས་ཁོ་ནར་དམིགས་པ་ལས།མིའི་རིགས་དང་མི་རིགས་སྤྱི་ཡོངས་ལ་ལྟ་སྐྱོང་བྱེད་པའི་སེམས་ཤུགས་དང་བློ་སྤོབས་ཉམས་པར་གྱུར་། ཡིན་ནའང་ང་ཚོས་ཁ་གཏད་གཅོག་ཡུལ་ནི་གདོན་འདྲེ་དང་འགོང་བོའི་རིགས་སུ་གྱུར་བ་རྣམས་ཡིན་པས།ལྟོས་བཅས་ཀྱིས་ཅུང་ལས་སླ་བོ་ཡོད། ད་ལྟ་དུས་རབས་ལ་འགྱུར་ལྡོག་བྱུང་བས་ང་ཚོའི་ཁ་གཏད་གཅོག་ཡུལ་ནི།ང་ཚོར་མཆོད་འབུལ་དང་བསྙེན་བཀུར་བྱེད་པའི་མིའི་རིགས་སུ་གྱུར་འདུག དེ་ནི་ང་ཚོའི་ངོས་ནས་བརྗོད་ན་དེ་སྔའི་དུས་རབས་གང་ཞིག་ལས་ཀྱང་ཐག་གཅོད་བྱེད་དཀའ་བ་ཞིག་རེད། ད་ཆ་མིའི་རིགས་ཀྱི་འདོད་རྔམ་ལ་ཚོད་འཛིན་གང་ཡང་མེད་པར་རང་བྱུང་ཁམས་ལ་གཏོར་བརླག་དང་འབག་བཙོག་བཟོ་བ་དེ།བསམ་ཡུལ་ལས་འདས་པ་དང་བལྟ་བར་མི་བཟོད་པའི་ཚད་དུ་སླེབས་ཡོད། སྔོན་ཆད་ང་ཚོས་རང་ཉིད་ནི་མདོ་དབུས་མཐོ་སྒང་གི་སྲུང་སྐྱོབ་པ་ཡིན་པར་རློམ་འདུག་མོད།འོན་ཀྱང་ད་ལྟ་མདོ་དབུས་མཐོ་སྒང་འདི་ཉིད་མིའི་རིགས་ཀྱི་མཇུག་མཐའི་དག་ཞིང་དུ་གྱུར་ཡོད་པས།དེར་གཏོར་བརླག་ག་འདྲ་ཞིག་ཐེབས་ན་མིའི་རིགས་རང་ཉིད་ཀྱི་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད། དེར་བརྟེན།ང་ཚོས་ངེས་པར་དུ་སྔར་ཡོད་ཀྱི་ས་ཁོངས་འདུ་ཤེས་དང་གུ་དོག་པའི་བསམ་བློ་དོར་ཏེ།སའི་གོ་ལ་དང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ནུས་ཤུགས་ཕྲན་བུ་འབུལ་དགོས”ཞེས་ཟེར་བ་དང་མཉམ་དུ།འགྲམ་གྱི་ཤིང་ཁྲིའི་སྟེང་གི་ཤར་ཕྱོགས་ལྷ་གཉན་ཀུན་གྱི་སྐྱབས་མགོན་གངས་རིན་པོ་ཆེ་ལ་གུས་ཉམས་བསྟན་ནས་“སྐུ་ཉིད་ཀྱིས་གཟིགས་ན་དེ་འདྲ་ཨེ་ཡིན་ནམ”ཞེས་བཀའ་འདྲི་ཞུས།

  གངས་རིན་པོ་ཆེ་ཡིས་ཕྱག་ཟུང་ཐལ་མོ་སྦྱར་ཞིང་དབུ་སྐྲ་དུང་ལྟར་དཀར་བའི་ མགོ་བོ་ནང་དུ་གུག་ནས་“རྗེ་བོའི་གསུང་ལ་མངོན་པར་བསྟོད།སྐུ་ཉིད་ཀྱིས་མི་མཐུད་དུ་བརྗོད་རོགས”ཞེས་གསུངས།

  རྗེ་བོ་ཡར་ལྷ་ཤམ་པོས་“ལགས་སོ།ངས་གོང་གི་གཏམ་གྱི་སྣེ་མོར་མཐུད་ནས་བཤད་ན།ད་ལྟ་ང་ཚོའི་འགྲན་ཟླ་ནི་གདོན་འདྲེ་དང་འབྱུང་བོའི་རིགས་ནས་མིའི་རིགས་སུ་འགྱུར་ཡོད།གནའ་མི་བོད་ཀྱི་གཏམ་དཔེར།གྱོད་ཁ་མཆུ་གཏམ་གྱིས་འདུམ།གོས་རལ་བ་སྐུད་པས་བཙེམ་ཟེར་བ་ལྟར།ང་ཚོས་སྔོན་ཆད་ལྷ་གཉན་མི་ཡུལ་དུ་མངགས་ནས་ཁ་ཏ་སློབ་གསོ་བྱེད་པ་སོགས་གང་ནུས་ཅི་ནུས་ཀྱིས་མིའི་རིགས་ལ་ཉེན་བརྡ་བཏང་སྟེ།ཁོ་ཚོར་རང་ཉིད་ཀྱི་ནོར་འཆུགས་ངོས་ཟིན་དུ་བཅུག་མོད།དེར་ཕན་འབྲས་ཆེན་པོ་བྱུང་མ་སོང་། ང་ཚོ་ལྷ་གཉན་ཡིན་པའི་ཆ་ནས། དགོས་གལ་བྱུང་ཚེ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་བཏང་བར་ཆད་པ་གཅོད་པའི་འགན་འཁྲི་ཡོད་ཀྱང་།ང་ཚོའི་ལྟོ་རྒྱབ་ནི་མིའི་རིགས་ཀྱིས་སྟེར་བཞིན་འདུག་པས།མིའི་རིགས་མེད་ན་ང་ཚོའི་ལྷ་གཉན་ལའང་དགོས་མཁོ་དང་རིན་ཐང་ཅི་ཡང་མེད།དེའི་ཕྱིར་ང་ཚོས་ཡང་སྙིང་མིའི་རིགས་དང་མཉམ་གནས་བྱེད་དགོས་སམ་འཐབ་མོ་འགྱེད་དགོས། འདས་པའི་ལོ་འགའི་རིང་ལ།ང་ཚོའི་ལྷ་གཉན་ཡང་དེའི་ཆེད་དུ་ནང་འགལ་བྱུང་པས་ཕན་ཚུན་གཡུལ་འགྱེད་དང་དམག་འཁྲུག་གི་སྦྱོར་བ་སྣ་ཚོགས་བཤམས་པས།གང་ལྟར་གནས་ཚུལ་ཤིན་ཏུ་ཛ་དྲག་ཆེ། དེར་བརྟེན་གངས་ལྗོངས་ཁ་བ་ཅན་གྱི་གཞུང་སེམས་ཆེ་བའི་ལྷ་གཉན་མང་པོའི་གྲོས་གཞིར་བརྟེན་ནས།ང་ཚོ་ལྷ་གཉན་རྒན་ཚོགས་ཀྱིས་ནང་ཁུལ་ནས་ལོ་གཅིག་དང་ཟླ་བ་བརྒྱད་ཀྱི་རིང་ལ་གྲོས་བསྡུར་བྱས་མོད།འོན་ཀྱང་གྲོས་ཁ་མ་འཆམས།ད་རེས་བོད་དང་བོད་ཆེན་པོའི་ས་རིམ་པ་ལྔ་བ་ཡན་ཆད་ཐོབ་པའི་ལྷ་གཉན་ཡོད་ཚད་གདན་འདྲེན་ཞུས་ཏེ་གྲོས་ཚོགས་བསྡུས་པ་ཡིན་པས།ལྷ་གཉན་ཀུན་གྱིས་སྒོར་མོ་རྔ་དང་གྲུ་བཞི་ཤོ་འདྲའི་གྲོས་ཤིག་བགྱིས་ཏེ།སྤྱོད་གོ་ཆོད་པའི་ཐབས་ཇུས་ཤིག་གཏན་འབེབས་བྱེད་དགོས་པ་དང་། མིའི་རིགས་ལ་བཅངས་པའི་ལྷག་བསམ་མཚོན་པའམ་ཡང་ན་ལྷ་གཉན་ཚོགས་ཆེན་འདྲ་མཉམ་དང་དྲང་གཞག་ཡོང་ཆེད།ང་ཚོས་ཕྱིའི་མི་རིགས་དང་རྒྱལ་ཁབ་གཞན་གྱི་ལྷ་གཉན་སྐོར་ཞིག་ཀྱང་གདན་དྲངས་ནས་ལྟ་རྟོག་བྱེད་དུ་བཅུག་ཡོད།དེའི་མི་ཚད་ཉིན་བཟང་སྐལ་བཟང་གི་དུས་འདིར།ལྷ་དང་ལྷ་མ་ཡིན།མཁའ་འགྲོ་དང་དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་སྲུང་མ།ཀླུ་དང་ཀླུ་མོ་མང་པོས་ང་ཚོར་རྟེན་འབྲེལ་ཞུས་ཤིང་མཆོད་པ་འབུལ་བཞིན་ཡོད་པས།དེ་ནི་ང་ཚོའི་གཟི་བརྗིད་རེད། གཤམ་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་སྤྱིན་བདག་ཆེན་མོ་ཨ་མྱེས་རྨ་ཆེན་གྱིས་དེ་རིང་གི་གྲོས་ཚོགས་ལ་གསུང་བཤད་གནང་རྒྱུ་རེད”ཅེས་གསུངས་བྱུང་།

  སྐབས་དེར་མགོ་ལ་ཕྱིང་ཞྭ་མནབས་པ་དང། མགྲིན་པར་གཟི་མིག་དགུ་བའི་ཕྲེང་བས་བརྒྱན་པ།ལུས་སུ་སློག་པ་དང་རྐང་ལ་ཀོ་ལྷམ་གོན་པའི་ལྷ་གཉན་ཞིག་གཡོན་ཕྱོགས་ཀྱི་སྟག་ལྤགས་ཀྱི་གདན་སྟེང་ནས་ཡར་བཞེངས་ཏེ།ཆེད་དུ་བཟོས་བའི་འཆད་སྟེགས་སྟེང་བུད་ནས་སྐད་གསང་མཐོན་པོས“ཤར་ཕྱོགས་ལྷ་གཉན་གྱི་སྐྱབས་མགོན་གངས་རིན་པོ་ཆེ་དང་གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ།དེ་མིན་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་སོགས་ཕྱིའི་མངའ་ཁོངས་ནས་ཕེབས་པའི་ལྷ་གཉན་གྱི་སྐུ་ཚབ་རྣམ་པ་གཙོས།འདིར་བཞུགས་གངས་ལྗོངས་ཡུལ་གྱི་ལྷ་གཉན་རྣམ་པ།སྔ་དྲོའི་ཆ་ལ་སྐུ་ཁམས་བཟང་ངམ། ང་ནི་མདོ་སྨད་ལྷ་གཉན་ཀུན་གྱི་སྤྱི་དཔོན་རྨ་ཆེན་སྦོམ་ར་ཡིན།ང་རྨ་ཆེན་སྦོམ་ར་ལ་རྨ་རིགས་སུམ་རྒྱ་དྲུག་བཅུའི་མཆེད།སྲིང་ལྕམ་བཞི་བཅུ་རྩ་ལྔ་ཡོད།གངས་ལྗོངས་ལྷ་གཉན་ཀུན་གྱིས་འོས་སྦྱོར་བྱས་པ་ལྟར།ཐེངས་འདིའི་གངས་ལྗོངས་ལྷ་གཉན་ལྷན་ཚོགས་ཀྱི་ཛ་དྲག་གི་ཚོགས་འདུ་འདི་ནི་ངའི་མངའ་ཁོངས་ཀྱི་གཙང་གསུམ་ཆུ་འགོའི་རྨ་ཆེན་རྩྭ་ཐང་དུ་འཚོགས་པར།ང་ལ་མཚོན་ན་གཟི་བརྗིད་ཅིག་རེད།འོན་ཀྱང་ང་ཚོས་ད་ཐེངས་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས་བྱེད་པ་ནི་།དེ་སྔོན་འཚོགས་པའི་ཚོགས་འདུ་དང་གཏན་ནས་མི་འདྲ།འདས་ཟིན་པའི་ལོ་ངོ་ཉིས་བརྒྱའི་རིང་། མིའི་རིགས་སྤྱི་ཚོགས་སུ་བཟོ་ལས་གསར་བརྗེ་བྱུང་བ་དང་བསྟུན་ནས་ཚན་རིག་ལག་རྩལ་དར་བས།དངོས་པོའི་དཔལ་ཡོན་གྱི་འཕེལ་རྒྱས་ཤིན་ཏུ་མགྱོགས་ཤིང་སྔར་བྱུང་མ་མྱོང་བའི་ཚད་དུ་སླེབས་པ་ན།མིའི་རིགས་ཀྱིས་རྩྭ་རྩི་ཏོག་དང་ཤུག་པ།མར་རྩམ།ཞོ་འོ་མ་སོགས་སྲོལ་རྒྱུན་གྱི་ཟས་རིགས་དང་བཏུང་ཆུ།རྡོ་ཀ་ར།འཁྱགས་དར།ཆང་བ་ལིའི་ལྕགས་ཀྲིན་སོགས་དེང་རབས་ཀྱི་ཁ་ཟས་སུ་གྱུར་བའི་བསང་རྫས་འབོར་ཆེན་གྱིས་ལྷ་བསང་གི་མཆོད་པ་རྒྱ་ཆེན་ཕུལ་པས།ང་ཚོ་ལྷ་གཉན་དག་ལ་མཚོན་ན་ཁ་བསོད་ཆེ་མོད།འོན་ཀྱང་དེའི་རིན་དོད་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་ཚབས་ཆེན་བཏང་རྗེས།སའི་གོ་ལའང་འབག་བཙོག་ཆེན་པོ་བཟོ་བཞིན་པ་འདྲེན་བྱེད་མིག་གིས་མ་རིག་ཀྱང་དར་ལུང་རྣ་བས་ཐོས་ཡོད་ཚོད་རེད་།གང་ལྟར་དེའི་སྐོར་ནས་ངས་འདིར་རྒྱས་བཤད་མི་བྱེད་། སྐྱིད་ཐག་རིང་བའི་ཐབས་དང་སྡུག་ཐག་རིང་བའི་བློ་ཟེར་བ་ལྟར།འོག་ནས་ལྷ་གཉན་རྣམས་ཀྱིས་ལོ་འདི་དག་གི་རིང་ལ་རང་རང་སོ་སོའི་མངའ་ཁོངས་སུ་མིའི་རིགས་ཀྱིས་གཏོར་བརླག་བྱས་པའི་གནས་ཚུལ་དང་དེ་ལ་སྔོན་འགོག་གི་ཐབས་ཇུས་ཅི་ཡོད་ཀྱི་བསམ་འཆར་ལྷུགས་པོར་སྨྲོས་དང་།ང་ཚོས་གྲོས་མགོ་ཆུ་ཆེན་འབབ་འབབ་དང་།གྲོས་ཐག་སྟར་ཁ་གཅོག་གཅོག།གྲོས་གཞུག་གྲུ་གུ་སྒྲིལ་སྒྲིལ་བྱའོ” ཞེས་གསུང་།

  དེར་ལྷ་གཉན་མང་པོས་རྣ་བ་གླགས་ནས་ཉན་པ་མ་གཏོགས།ཡར་བཞེངས་ནས་སྐད་ཆ་བཤད་མཁན་གཅིག་ཀྱང་མ་བྱུང་།ཨ་མྱེས་རྨ་ཆེན་གྱིས་“གལ་ཏེ་སུ་ཞིག་གིས་གཏམ་བཤད་བྱེད་འདོད་ན།ངའི་གམ་གྱི་འཆད་སྟེགས་སུ་ཕེབས་རོགས”ཞེས་གསལ་འདེབས་བྱས།

  ཨ་མྱེས་རྨ་ཆེན་གྱིས་དེ་སྐད་གསུང་མ་ཐག་ལྷ་གཉན་ཞིག་ཡར་ལངས་སྟེ་ཁོང་གི་གམ་དུ་ཡོང་ནས“ང་ནི་མདོ་སྨད་རྟ་ཡི་ཆོལ་ཁའི་ཨ་མྱེས་ཞལ་དཀར་ཏེ།གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོའི་མངགས་བཅོལ་ལྟར།ཁྲི་ཤོར་རྒྱལ་མོ་དང་དེའི་མཐའ་འཁོར་གྱི་ས་ཆ་སྲུང་སྐྱོང་བྱེད་མཁན་གྱི་གཞི་བདག་ཅིག་ཡིན། ལོ་འདི་དག་གི་རིང་ལ།ལྐོག་རྔོན་མཁན་མང་པོ་ཞིག་གིས་མཚོ་ནང་གི་ཉ་བཟུང་སྟེ།མཚོ་མོའི་ཆུ་སྤུས་ལ་གཏོར་བརླག་བྱས་པས་། མཚོའང་རྒྱུན་ཆད་མེད་པར་བྲི་ནས་སྐྱེ་ཁམས་མ་ལག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཤིང་།ཉེ་འཁོར་གྱི་རྩྭ་ཐང་ཡང་བྱེ་ཐང་ཅན་དུ་གྱུར་དང་འགྱུར་བཞིན་ཡོད།མཚམས་རེར་བདག་གིས་ཡིད་ཀྱིས་མ་བཟོད་པར་མཚོ་མོའི་རྦ་རླབས་འཕྱུར་བ་བྱས་ནས་མི་དེ་ཚོའི་ཚེ་སྲོག་ཁྱུར་མིད་བྱས་ཏེ་ཉེན་བརྡ་བཏང་མོད།འོན་ཀྱང་མིའི་རིགས་ཀྱི་འདོད་རྔམ་ལ་བཀག་འགོག་བྱེད་ཐབས་ཡེ་ནས་མ་བྱུང་”ཅེས་བཤད།

  ཨ་མྱེས་རྨ་ཆེན་གྱིས་“ཁྱོད་རང་གིས་བལྟས་ན་གང་འདྲ་བྱས་ན་དགའ་འམ”ཞེས་དྲིས་པར།

  ཨ་མྱེས་ཞལ་དཀར་གྱིས་“མགོ་ནག་བོད་ཀྱི་གཏམ་དཔེ་ལ།རྒྱ་མཚོར་མེ་འབར་ན་གསོད་པའི་ཆུ་མི་རག རྡོ་ལ་སྤུ་སྐྱེས་ན་བཞར་བའི་གྲི་མི་རག་ཟེར་ཡང་།ངས་བལྟས་ན་མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་དགོས་པ་ལས།བཟོད་སྒོམ་གཏན་ནས་བྱེད་མི་རུང་།ཡིན་ནའང་གལ་སྲིད་ལྷ་གཉན་འགའ་ཞིག་མིའི་རིགས་ཀྱི་ཁ་ཡག་ངོ་དགའ་དང་བསང་མཆོད་ལ་ཞེན་ཆགས་སྟེ་ཁོ་ཚོའི་གཡོ་འོག་ཏུ་ཚུད་པ་ན།མིའི་རིགས་ཀྱི་ཉེས་སྐྱོན་ལ་ཆད་པ་ནན་མོ་གཅོད་ཟེར་བ་ནི་སྟོང་གཏམ་འབའ་ཞིག་ལས་མ་འདས”ཞེས་སྨྲས།

  ཡང་ཨ་མྱེས་རྨ་ཆེན་གྱིས“ད་ལྟ་སུས་བཤད་རྒྱུ་ཡིན”ཞེས་དྲིས་བྱུང་།

  དེར་ལྷ་གཉན་ཞིག་ཡར་ལངས་ནས་འཆད་སྟེགས་སྟེང་སླེབས་ཤིང་།ཁོས་“ང་ནི་གཉན་ཆེན་ཁ་བ་དཀར་པོ་ཡིན། དུས་རབས་གོང་མའི་ལོ་རབས་སུམ་ཅུ་པའི་ནང་། ཨ་རིའི་རྩོམ་པ་པོ་ཀྲན་མུའུ་སི·ཞིའར་ཏུན་གྱིས་ཁོང་གི་བརྩམས་སྒྲུང་རིང་གྲས་《སའི་སྙོམས་ཐིག་ཤོར་བ》ཞེས་པར་འཁོད་ཡོད་པའི་གངས་རི་རྩྭ་ཐང་དང་གནའ་བོའི་གྲོང་སྡེ།དགོན་པ་སོགས་ནི་ངའི་དོ་དམ་གྱི་ཁོངས་སུ་གཏོགས་པ་ཡིན།དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་གཅིག་རྗེས་གཉིས་མཐུད་དུ་ཡོང་ནས་ངའི་མཚར་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་གཏོར་བརླག་བཏང་།1991ལོར་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་མི་ཉུང་བ་ཞིག་གིས་རང་བྱུང་ཁམས་ཆེན་མོ་དབང་དུ་སྡུད་པའི་མིང་ཐོབ་ཀྱི་ཆེད་དུ་ངའི་རི་རྩེར་འགོ་རྩིས་བྱས་བྱུང་།ངས་གངས་རྡིབ་བྱུང་དུ་བཅུག་ནས་འཁོན་ལན་བསློགས་པས།མི་བཅུ་བདུན་ཙམ་རྐྱེན་ལམ་དུ་བཏང་ཡང་།རྒྱ་མཚོ་འགྲམ་དུ་བཞག་སྟེ་ཀོ་སྐམ་མཆིལ་མས་སྦངས་ཟེར་བ་ལྟར།མིའི་རིགས་ཀྱིས་དེའི་ཕྱིར་བསམ་བློ་མི་གཏོང་བར་མ་ཟད།ད་དུང་ལོ་འདི་དག་གི་རིང་ཡུལ་སྐོར་བ་ནི་སྦྲང་ཚོགས་བཞིན་འཚང་ག་བརྒྱབ་ཡོང་” ཞེས་ལབ།

  ཨ་མྱེས་རྨ་ཆེན་གྱིས་“ད་ཐེངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུའི་ཐོག་ཁྱེད་ལ་བསམ་འཆར་ག་འདྲ་ཡོད་དམ”ཞེས་དྲིས་བས།

  གཉན་ཆེན་ཁ་བ་དཀར་པོས“ངས་མིའི་རིགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་རྡོག་རོལ་དུ་གཏོང་བར་འཁོན་འཛིན་ཆེན་པོ་བཅངས་ཡོད་མོད།འོན་ཀྱང་དེ་སྔོན་མི་བཅུ་བདུན་གྱི་སྲོག་ཕྲོགས་པས།ང་ལ་ད་དུང་དྲག་ཤུགས་ཀྱིས་མིའི་རིགས་ལ་རྡུང་རྡེག་གཏོང་བ་དང་འཁོན་ལན་སློག་པར་མོས་མཐུན་མེད།དེ་ལྟར་བྱས་ཚེ་མིའི་རིགས་དང་ལྷ་གཉན་གྱི་མཆོད་ཡོན་བར་ཕོག་ཐུག་འབྱུང་སྲིད་པས།ངས་མིའི་རིགས་ལ་ཁ་ཏ་སློབ་གསོ་བཏང་སྟེ།ཁོ་ཚོས་རང་གི་འཚོ་གནས་ཀྱི་ཁོག་ཡུག་དང་རང་བྱུང་ཁམས་ལ་གཅེས་སྦྲས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ལྟ་ཚུལ་འཛིན་གྱི་ཡོད”ཅེས་བཤད་།

  ཨ་མྱེས་རྨ་ཆེན་གྱིས“གཤམ་ནས་སུས་བཤད་རྒྱུ་ཡིན”ཞེས་དྲིས་བྱུང་།

  དེར་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་བའི་ལྷ་གཉན་ཞིག་འཆད་སྟེགས་གམ་དུ་ཡོང་བ་དང་།ཁོས་དབུགས་འཚང་འཚང་ངང“ང་ནི་མདོ་སྟོད་མི་ཡི་ཆོལ་ཁའི་ཤར་ཕྱོགས་གཡག་ལ་དཀར་པོ་ཡིན།སྔོན་ཆད་ངས་རང་གི་མངའ་ཁོངས་སུ་ཡོད་པའི་ས་ཁོངས་ཆུང་ཆུང་ཞིག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས། སྐབས་འགར་ང་ནི་མིའི་རིགས་དང་མི་འཆམ་པའི་གནས་ཚུལ་བྱུང་ཡང་།ཕན་ཚུན་བར་དགྲ་རུ་གཏན་ནས་ལངས་མ་མྱོང་།འོན་ཀྱང་མིའི་རིགས་ཀྱི་ཚན་རྩལ་དང་དཔལ་འབྱོར་གོང་འཕེལ་དུ་སོང་བ་བསྟུན།ཁེངས་སྙེམས་དང་འདོད་སྲེད་ཀྱང་ཇེ་ཆེ་རུ་སོང་བས།ཁོ་ཚོས་ནམ་ཡང་མི་ལས་དགུ་ལས་བྱེད་ཀྱིན་ཡོད་།ཁོ་ཚོས་ཙི་ནའི་ཡུལ་ནས་རྐོ་འབྲུའི་འཕྲུལ་འཁོར་བསྐོར་ཡོང་སྟེ།ངའི་མངའ་ཁོངས་ཀྱི་གསེར་གཏེར་ཐམས་ཅད་བསྔོགས་ནས་ཁོར་ཡུག་ལ་འབག་བཙོག་བཟོས་པས།ངས་ཆར་རླུང་དྲག་པོ་དང་མེ་སྐྱོན་སོགས་སྤྱད་ནས་ཁོ་ཚོར་ཉེས་ཆད་བཅད་མྱོང་མོད།འོན་ཀྱང་དེ་ཙམ་གྱིས་ཁོ་ཚོར་མཚམས་འཇོག་ཏུ་འཇུག་མི་ཐུབ་པས།ཁོ་ཚོས་ད་དུང་འཛེམ་བག་མེད་པར་མུ་མཐུད་དུ་སྡིག་ཉེས་བསགས་དང་གསོག་བཞིན་ཡོད”ཅེས་བརྗོད།

  ཨ་མྱེས་རྨ་ཆེན་གྱིས་“འོ་ན་ཁྱོད་ཀྱིས་མུ་མཐུད་དུ་མིའི་རིགས་ལ་ཆད་པ་གཅོད་འདོད་ཡོད་དམ་ཡང་ན་སྔར་བྱས་ལ་རྩད་གཅོད་ཅི་ཡང་བྱེད་འདོད་མེད་པ་ཡིན”ཞེས་དྲིས་པར།

  ཤར་ཕྱོགས་གཡག་ལ་དཀར་པོ་ཡིས“དགྲ་ལན་པོ་མེད་ན་སྡར་མ་ཡིན།གཏམ་ལན་པོ་མེད་ན་ལྐུག་པ་ཡིན་ཟེར་བ་ལྟར།ང་ཚོས་བགེགས་དང་བར་ཆད་སོགས་ལ་བརྟེན་ནས་ཁོ་ཚོར་ཉེས་ཆད་གཅོད་དགོས།དེ་ལྟར་མ་བྱས་ཚེ་མིའི་རིགས་ཀྱི་རྫིག་ཉམས་གཅོག་མི་ཐུབ།ང་ཚོས་སྔར་བྱུང་མ་མྱོང་བའི་ས་ཡོམ་དང་།རིམས་ནད།མེ་སྐྱོན།ཐ་ན་དམག་འཁྲུག་སོགས་ཀྱི་ཆད་པ་ལ་བརྟེན་ནས་མིའི་རིགས་ཀྱི་བླུན་རྨོངས་དང་སྨྱོ་ཧམ་ལ་ངོས་ཟིན་འཐོབ་ཏུ་འཇུག་དགོས”ཞེས་ལན་བཏབ་བྱུང་།

  ཨ་མྱེས་རྨ་ཆེན་གྱིས་“གཤམ་ནས་སུ་ཞིག་གིས་རང་གི་འདོད་ཚུལ་བཤད་རྒྱུ་ཡིན”ཞེས་དྲིས་བྱུང་།

  ལྷ་གཉན་ཞིག་ཡར་ལངས་ཏེ་འཆད་སྟེགས་སྟེང་ལ་བུད་ནས་“ང་ནི་མདོ་སྨད་ཁྲི་ཀ་གསེར་སྨུག་རྫོང་གི་རྨ་ཆུའི་འགྲམ་གྱི་ཨ་མ་ཟོར་དགུ་ཡིན།གནམ་འོག་གི་རྨ་ཆུ་ནི་ང་ཚོའི་མངའ་ཁོངས་ན་བཞུར་གྱིན་ཡོད་པས།རྨ་ཆུའི་བཞུར་རྒྱུན་ནི་སྨད་རྒྱུད་ཀྱི་མི་སེར་ཁྲི་སྟོང་མང་པོའི་འཚོ་ཚིས་དང་ཚེ་སྲོག་ལ་འབྲེལ་བ་འདུག།ངས་ཉིན་མཚན་ཀུན་ཏུ་རྨ་ཆུའི་རབ་ཁ་ལ་ལྟ་རྟོག་བྱས་ཏེ་རྨ་ཆུ་བྲུག་ནས་སྨད་རྒྱུད་ཀྱི་མི་སེར་གྱི་རྒྱུ་ནོར་དང་ཚེ་སྲོག་ལ་གནོད་འཚེ་མི་ཡོང་བར་སྔོན་འགོག་བྱས།ད་ལྟ་ཚན་རྩལ་འཕེལ་རྒྱས་དང་བསྟུན་ནས་རྨ་ཆུའི་འགྲམ་དུ་ཆུ་གློག་ས་ཚིགས་སྣ་ཚོགས་བསྐྲུན་པ་དང་། ཆུ་གློག་ས་ཚིགས་ཀྱིས་མིའི་རིགས་ལ་གློག་མཁོ་འདོན་བྱེད་ཐུབ་པ་མ་ཟད།ད་དུང་དེ་གའི་འབངས་མི་སེར་གྱི་འཚོ་བ་ལའང་སྟབས་བདེ་མི་དམན་པ་ཞིག་བཟོ་ཐུབ་འདུག་མོད།འོན་ཀྱང་ཆུ་གློག་ས་ཚིགས་དེ་དག་གིས་རྨ་ཆུའི་འགྲམ་གྱི་ས་གཤིས་དང་ཆུ་རྒྱུད་ལ་གནོད་སྐྱོན་བཟོ་བཞིན་མཆི།དེར་བརྟེན།ལོ་ལྟར་ཆར་དུས་སླེབས་སྐབས་རྨ་ཆུའི་སྨད་རྒྱུད་ཀྱི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བར་གནོད་སྐྱོན་ཆེན་པོ་ཐེབས་པར་འགྱུར”ཞེས་ཟེར།

  ཨ་མྱེས་རྨ་ཆེན་གྱིས“དེར་ཁྱོད་ལ་ལྟ་ཚུལ་ཅི་ཞིག་འདུག”ཅེས་དྲིས་པ་ན།

  ཨ་མ་ཟོར་དགུ་ཡིས“སྤྱིར་ན་ངས་མིའི་རིགས་ཀྱིས་ས་ཡི་རྡོ་བླངས་ནས་རུམ་གྱིས་བྲོ་མི་འབོར་བའི་རེ་བ་འཛིན་བཞིན་ཡོད་མོད་།འོན་ཀྱང་མིའི་རིགས་ཀྱིས་རང་གིས་འདོད་རྔམ་ལ་ཚོད་འཛིན་བྱེད་པར་ཡིད་ཆེས་དེ་འདྲ་མེད།རྨ་ཆུ་ནི་མདོ་དབུས་མཐོ་སྒང་ནས་འབབ་པ་ཡིན་ཡང་།དེའི་ཕན་པ་རག་མཁན་ནི་ཙི་ནའི་ཡུལ་དབུས་ཀྱི་ཞིང་ཆེན་མང་པོའི་མི་སེར་ཡིན་ལ།གནོད་འཚེ་ཐེབས་ཡུལ་དེའི་སེམས་ཅན་ཡིན་པས། ནམ་ཞིག་ཡུལ་དེ་གའི་མི་སེར་གོ་རྟོགས་སད་སྐབས།ཁོ་ཚོས་རང་འགུལ་ངང་རང་གི་མ་ཡུམ་གཙང་པོ་ལ་སྲུང་སྐྱོང་བྱེད་ངེས་རེད”ཅེས་སྨྲས་བྱུང་།

  ཨ་མྱེས་རྨ་ཆེན་གྱིས་“གཤམ་དུ་སུ་འཆད་སྟེགས་ཐོག་འབུད་རྒྱུ་ཡིན”ཞེས་དྲིས་པ་ན།

  ལྷ་གཉན་ཞིག་ཡར་ལངས་ནས་འཆད་སྟེགས་སྟེང་སླེབས་ཤིང་།ཁོས་“ང་ནི་གངས་ལྗོངས་ཤར་ཕྱོགས་སྐྱོང་བའི་ཤར་དུང་རི་ཡིན།གནའ་སྔ་མོ་ནས་བཟུང་།ངའི་ཁྱིམ་རྒྱུད་ནི་བོད་རྒྱ་ས་མཚམས་ཀྱི་ཚོང་གཉེར་གྱི་ལྟེ་གནས་ཟུང་ཆུ་ཡི་ཉེ་འགྲམ་དུ་གཞིས་ཆགས་ཡོད་ལ། ངོ་མཚར་ཆེ་བའི་གཟི་རྩ་སྡེ་དགུ་དང་མཛེས་སྡུག་ལྡན་པའི་གསེར་མཚོ་གཉིས་ཀ་བདག་གི་མངའ་ཁོངས་སུ་མཆིས།དུས་རབས་གོང་མའི་དུས་མཇུག་ནས་བཟུང་།མིའི་རིགས་ནི་སྦྲང་སེར་དང་འདྲ་བར་བདག་གི་མངའ་ཁོངས་སུ་སླེབས་པ་དང་།གཟི་རྩ་སྡེ་དགུའི་རི་དང་གསེར་མཚོ་ཡི་ཆུ་ལ་འབག་བཙོག་ཆེན་པོ་བཟོས།འོན་ཀྱང་བདག་གིས་མིའི་རིགས་ལ་འཆམ་མཐུན་བྱས་ནས་མིའི་རིགས་ཀྱི་བ་སྤུ་གཅིག་ལའང་གནོད་འཚེ་བཏང་མ་མྱོང་།རྒྱུ་རྐྱེན་ཅི་ཡིན་མི་ཤེས་མོད།ལོ་འདི་དག་གི་ནང་མིའི་རིགས་ཀྱིས་ངའི་མངའ་ཁོངས་ལ་འབག་བཙོག་དང་གཏོར་བརླག་གཏོང་རྒྱུར་ཚོད་འཛིན་བྱས་པ་དང་།དེ་སྔོན་ཡང་འགྲོ་གྲོན་མང་པོ་བཏང་སྟེ་གཟི་རྩ་སྡེ་དགུ་དང་གསེར་མཚོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པས།རང་བྱུང་ཁམས་ཆེ་མོར་སླར་སོས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་པར་བྱས་ཡོད།ཡིན་ནའང་དེ་དག་གིས་གཏན་ནས་འདང་གི་མེད”ཅེས་ཟེར།

  ཨ་མྱེས་རྨ་ཆེན་གྱིས“མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་གཏོང་བའི་བྱེད་སྤྱོད་ལ་དམིགས་ཏེ།བྱེད་ཐབས་གང་ཞིག་སྤྱོད་པར་ཁྱེད་ལ་བསམ་འཆར་ག་འདྲ་ཡོད་དམ”ཞེས་དྲིས་བྱུང་།

  ཤར་དུང་རི་ཡིས་“ང་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་ཀྱི་ས་མཚམས་ན་གནས་ཡོད་པས།མི་རིགས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་ལ་ཆ་རྒྱུས་ཆེན་པོ་ལྡན། སྟ་རེ་རྡོ་ལ་གཞུས་ན་སྐུ་གྱོང་ལྕགས་ལ་ཕོག་ཟེར་བ་ལྟར།ངས་སྔར་ནས་ད་ལྟའི་བར་མི་དང་མིའི་བར་དང་།མི་རིགས་དང་མི་རིགས་བར།རྒྱལ་ཁབ་དང་རྒྱལ་ཁབ་བར།ཐ་ན་མིའི་རིགས་དང་ལྷ་གཉན་བར་བཅས་ལ་འཆམ་མཐུན་མཉམ་གནས་བྱེད་པ་ལས་དགྲ་ཟླར་ལངས་མི་རུང་བ་འདོད་ཡོད།དེར་བརྟེན།ང་ཚོས་གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་ལགས་མགོ་ཁྲིད་ཀྱི་སྲོག་ཤིང་དུ་བཟུང་ནས།གངས་ལྗོངས་ཀྱི་ལྷ་གཉན་རྣམས་ལ་མཐུན་སྒྲིལ་བྱས་ཏེ།མིའི་རིགས་ལ་དོན་དངོས་སྒྲུབ་པ་དང་།གནས་ལུགས་བཤད་པ་སོགས་གོ་བསྐོན་སློབ་གསོ་ལ་བརྟེན་ནས་མི་སེམས་འགུག་པར་རེ་བ་བཅངས་ཡོད”ཅེས་ལན་བཏབ་སོང་།

  དེ་ནས་དབུས་ཀྱི་མགོན་པོ་རི་དང།ཁམས་ཀྱི་ཁྲོ་རུ་རྡོ་རྗེ་ཟིལ་ཁྲོམ།མི་ཉག་གངས་དཀར་རི་བོ། ཨ་མདོའི་ཨ་མྱེས་ཤྭ་བོ།ད་དུང་རྒྱལ་རོང་དམུ་རྡོ་རི་བོ་སོགས་ལྷ་གཉན་བཅུ་ཕྲག་ཅིག་འཆད་སྟེགས་སྟེང་ལ་བུད་དེ།ཁ་གསལ་ཁོག་དྲང་གི་སྒོ་ནས་རང་རང་གི་མངའ་ཁོངས་ཀྱི་གནས་ཚུལ་དང་མིའི་རིགས་ལ་འཛིན་པའི་ལྟ་ཚུལ་སྣ་ཚོགས་བཤད། དེ་ནས་ཨ་མྱེས་རྨ་ཆེན་གྱིས་“ད་ནི་བསམ་འཆར་མི་འདྲ་བ་འདོན་མཁན་ཨེ་ཡོད”ཅེས་དྲིས་པར།

  ལྷ་གཉན་གཞན་རྣམས་ཀྱིས་ལན་ཅི་ཡང་བཏབ་མ་བྱུང་བ་དང་། ཅོ་ནེ་དཔོན་པོའི་བླ་རི་ཨ་འཁོར་བྲག་དཀར་གྱིས་གམ་གྱི་ཨ་མྱེས་རི་མདུང་ལ་མིག་ལྡེབ་ཅིག་བྱས་ཏེ།ཁོང་འཆད་སྟེགས་སྟེང་ལ་འབུད་པར་སྐུལ་མ་བྱས། དེ་ནས་ཨ་མྱེས་རི་མདུང་ངའི་འགྲམ་ནས་ཡར་བཞེངས་ཏེ་གོམ་པ་དལ་བུའི་ངང་འཆད་སྟེགས་སྟེང་ལ་བུད་པ་དང་།ཁོང་གིས“ཤར་ཕྱོགས་ལྷ་གཉན་གྱི་སྐྱབས་མགོན་གངས་རིན་པོ་ཆེ་དང་།གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་གཙོས་པའི་འདིར་བཞུགས་ལྷ་གཉན་ལྷན་རྒྱས།དེ་རིང་འདིར་གཏམ་འཆད་མཁན་ཚང་མ་ངེད་ཁ་བ་གངས་རིའི་ཡུལ་གྱི་བོས་ན་མིང་དང་བགོས་ན་སྐལ་ཡོད་མཁན་གྱི་ལྷ་གཉན་ཏག་ཏག་རེད།ང་ནི་ས་ཁུལ་ཆུང་ཆུང་ཞིག་གི་ལྷ་གཉན་སྟེ།སྨད་མདོ་ཁམས་སྒང་དྲུག་གི་ནང་གསེས་ཟལ་མོ་སྒང་གི་ཤར་ཅོ་ནེ་ཡི་བཙན་པོའི་གདུང་རྒྱུད་དུ་གྲགས་པ་ཅོ་ནེ་དཔོན་པོའི་བླ་རི་སྟེ།ཨ་འཁོར་བྲག་དཀར་གྱི་མངའ་འོག་གི་ལྷ་གཉན་ཆུང་ཆུང་ཞིག་ཡིན།གཏམ་དོན་ཅན་རྣ་བས་གོ་ན་མཚར་བ་དང་གོས་མདོག་ཅན་རྒྱང་ནས་བལྟས་ན་ཡག་ཟེར་བ་ལྟར།འདིར་ཁྱེད་རྣམ་པར་ང་ཚོའི་མངའ་ཁོངས་ཀྱི་གནས་ཚུལ་རེ་ཞུ་བ་བྱས་ན།ང་ཚོ་ནི་མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་ཀྱི་རྩྭ་ཐང་དང་གྲོག་རོང་འབྲེལ་མཚམས་ཀྱི་ས་ཆ་རུ་གཞིས་ཆགས་ཡོད་པས།གནའ་སྔ་མོ་ནས་བཟུང་རི་ཀླུང་ཀུན་ཏུ་གདོད་མའི་ནགས་ཚལ་གྱིས་ཁྱབ་འདུག་པ་དང་།གདོད་མའི་ནགས་ཚལ་ཁྲོད་གཅན་གཟན་དང་རི་དྭགས།འདབ་ཆགས་སོགས་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་བཞིན་ཡོད། འོན་ཀྱང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་།ལྷ་ལུང་ནང་དུ་འདྲེ་ལག་བརྐྱངས་ཟེར་བ་ལྟར་བགྲང་གིས་ཀྱིས་མི་ལངས་པའི་ཕྱི་ཡུལ་གྱི་ཤིང་གཅོད་མཁན་མང་པོ་ཡོང་ནས།ངའི་མངའ་ཁུངས་ཀྱི་ནགས་ཚལ་མང་པོ་བཅད་རྗེས་ཟོང་སྐྱེལ་རླངས་འཁོར་ལ་བརྩིགས་ནས་བུད་སོང་། ནགས་ཚལ་མང་པོ་ཞིག་མེད་པར་གྱུར་རྗེས།གཅན་གཟན་དང་རི་དྭགས།འདབ་ཆགས་སོགས་རི་སྐྱེས་ཀྱི་སྲོག་ཆགས་མང་པོའི་ཁྱིམ་གཞིས་མེད་པར་གྱུར་ནས།དེ་དག་ལྐོག་རྔོན་རྒྱག་མཁན་གྱི་དམིགས་འབེན་དུ་གྱུར་སོང་། ལོ་འདི་དག་གི་རིང་ལ།སྲིད་གཞུང་གིས་གདོད་མའི་ནགས་ཚལ་དེ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་དུ་གཏན་འཁེལ་བྱས་ཏེ།ཤིང་ཆ་བཅད་མི་ཆོག་པར་མ་ཟད།ད་དུང་ཉེན་གྱུར་སྲོག་ཆགས་ལ་རྔོན་རྒྱག་མི་ཆོག་པའི་རྩ་ཁྲིམས་ཀྱང་ནན་མོ་བཟོས་ཡོད།ཡིན་ནའང་།ད་དུང་ལྐོག་ཏུ་ཤིང་སྡོང་གཅོད་མཁན་དང་ཉེན་གྱུར་སྲོག་ཆགས་རྔོན་མཁན་སྔར་བཞིན་མང་པོ་མཆིས། མིའི་རིགས་ཀྱིས་རང་ཉིད་ཀྱི་རང་ངོ་ཟིན་ཆེད་ང་ཚོས་ལྷ་གཉན་གྱི་ཕོ་ཉ་མི་ཡུལ་དུ་མངགས་ནས་སྲིད་ཇུས་དྲིལ་སྒྲོག་བྱས་མོད།འོན་ཀྱང་ཕན་འབྲས་དེ་འདྲ་མ་བྱུང་”ཞེས་བརྗོད་སོང་།

  ཨ་མྱེས་རྨ་ཆེན་གྱིས་“ཁྱོད་ཀྱི་གཏམ་བཤད་ལ་གནས་ལུགས་ཡོད་།འོ་ན་གནད་དོན་འདིའི་ཐད་ནས་ཁྱོད་ལ་བསམ་འཆར་ཅི་ཞིག་ཡོད”ཅེས་དྲིས་བ་ན།

  ཨ་མྱེས་རི་མདུང་གིས“ནུབ་ཁའི་ཉི་མ་དང་རྒས་བའི་མི་ཟེར་ལྟར།ང་མི་ལོ་བདུན་ཅུར་དོན་བརྒྱད་ལ་སླེབས་ཡོད་པས།གོམ་པ་ཡ་གཅིག་གཤིན་རྗེའི་སྒོ་ཐེམ་ལ་་བཞག་ཡོད་པའི་ཚོད་རེད།ངས་དུས་རྒྱུན་མིའི་རིགས་དང་འགྲོ་འོང་བྱེད་སྐབས་ཐབས་བཟང་ངན་གཉིས་ཀ་སྤྱད་མོད་ཀྱང་།ད་ལྟའི་བར་ཕན་འབྲས་ཆེན་པོ་དེ་ཙམ་མ་བྱུང་།གཏམ་གྱི་ཕུ་ཐག་མ་ཆོད་པར།ཚིག་གསུམ་དོན་རྩ་མི་རྟོགས་ཟེར་བ་ལྟར།ང་ལ་འདི་དང་ཀན་ཟེར་བའི་གྲོས་འགོ་ཡག་པོ་ཞིག་འདོན་རྒྱུ་མེད།ང་དཀའ་ཚེགས་ལ་མ་འཛེམས་པར་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་གི་ཚོགས་འདུར་ཞུགས་དོན་ནི་ཚང་མའི་བསམ་འཆར་ལ་ཉན་འདོད་པ་དེ་ཡིན”ཞེས་གསུངས་བ་དང་།དེ་ནས་འཆད་སྟེགས་ལས་བབས་ནས་ཕྱིར་འདུག་སར་སླེབས།

  སྐབས་དེར་ཨ་སྔོན་གནམ་གྱིས་ལྷ་གཉན་དག་གི་སྐད་ཆ་གོ་མ་ཐག་སེམས་སྐྱོ་ནས་སྙིང་ཁམས་འཁྲུགས་པ་ལྟར།ནམ་མཁའ་ནས་སྤྲིན་ནག་འཁྲིགས་ཤིང་།སྤྲིན་ནག་ཁྲོད་ནས་འབྲུག་སྒྲ་ཡང་ལྡིར་ལྡིར་གྲག་ཡོང་བས།ལྷ་གཉན་རྣམས་ཀྱིས་མགོ་བོ་ཡར་བཏགས་ནས་མིག་ཟུང་གིས་ནམ་མཁའ་ལ་ལྟ་བཞིན་པའི་སྐབས།འབྲུག་སྒྲ་ཇེ་ཆུང་དུ་གྱུར་ཀྱང་སྤྲིན་རུམ་ནས་ཆར་བ་ཟམ་མེ་ཟིམ་མེར་བབས་བྱུང་།ཨ་མྱེས་རྨ་ཆེན་སྦྲ་གུར་ཁམས་གསུམ་ཟིལ་གནོན་ནང་དུ་ལོག་རྗེས།གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་ལགས་ཀྱི་འགྲམ་དུ་ཕེབས་ནས།ཁོང་གི་སྙན་ལམ་དུ་སྐད་མགོ་དམའ་མོས་ཅི་ཞིག་ཞུས་པ་ན།རྗེ་བོ་ཡར་ལྷ་ཤམ་པོས་ཀྱང་ཁོ་ལ་ཤབ་ཤུབ་ཀྱིས་ཚིག་འགའ་གསུངས་སོང་།དེའི་རྗེས་ཨ་མྱེས་རྨ་ཆེན་སླར་ཡང་འཆད་སྟེགས་སྟེང་ལ་ཕེབས་ནས་སྐད་གསང་མཐོན་པོས“འདིར་བཞུགས་སྐུ་མགྲོན་རྣམ་པ།དེ་རིང་གངས་ལྗོངས་ལྷ་གཉན་ཛ་དྲག་ཚོགས་འདུའི་ལས་རིམ་དང་པོ་ལེགས་འགྲུབ་བྱུང་སོང་བ་དང་།སང་ཉིན་གངས་ལྗོངས་ལྷ་གཉན་མཐོ་རིམ་ཚོགས་འདུ་འཚོགས་ནས་གྲོས་ཆོད་ཀྱི་ནང་དོན་གཏན་འཁེལ་བྱ་རྒྱུ་ཡིན།མཐོ་རིམ་ཚོགས་འདུ་འཚོགས་པའི་རིང་།ལྷ་གཉན་ཚང་མས་ཚོགས་འདུའི་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས་པ་སྟེ།དང་པོ།མཐོ་རིམ་ཚོགས་འདུའི་ཚོགས་གུར་ནང་འཛུལ་མི་ཆོག གཉིས་པ།སྒར་ས་ནས་རང་དགར་ཁ་འབྲལ་མི་ཆོག གསུམ་པ།འཛིང་རེས་བྱེད་མི་ཆོག བཞི་པ།དཀྲོག་གཏམ་སྤེལ་མི་ཆོག། ད་ནི་གངས་ལྗོངས་ལྷ་གཉན་ཛ་དྲག་ཚོགས་འདུའི་ལས་རིམ་དང་པོ་འདི་ནས་མཇུག་རྫོགས་པས། ཚང་མ་རང་རང་གི་བཞུགས་སྒར་ལ་ཕེབས་རོགས”ཞེས་གསུངས་སོ།

  ལྷ་གཉན་རྣམས་ཀྱིས་དེ་སྐད་གོ་མ་ཐག་ཡིད་ཀྱི་དང་བ་མ་མགུ་བ་ལྟར་ཕན་ཚུན་གཏམ་གླེང་སྣ་ཚོགས་བྱེད་བཞིན་ཡོད་།

  གློ་བུར་དུ་གུར་ནང་གི་གཟིག་གདན་གྱི་སྟེང་ནས།ལྷ་གཉན་རྒན་པ་ཞིག་ཡར་བཞེངས་ཏེ།འཆད་སྟེགས་སྟེང་བུད་ནས་སྐད་འདར་འདར་གྱིས་“འདིར་བཞུགས་ལྷ་གཉན་རྣམ་པ།ཁྱེད་རྣམ་པ་བྲེད་ཤ་མ་ལངས།སྔངས་འཚབ་མ་སྐྱེས། ང་ནི་གངས་ལྗོངས་ལྷ་གཉན་རྒན་ཚོགས་ཀྱི་འཐུས་མི་གཉན་ཆེན་ཐང་ལྷ་ཡིན།གོང་ནས་ཨ་མྱེས་རྨ་ཆེན་ཚང་གིས་ཚང་མར་ཐེངས་འདིའི་ལྷ་གཉན་གྱི་ཛ་དྲག་ཚོགས་འདུའི་འབྲེལ་ཡོད་བླང་བྱ་གསལ་བཤད་བྱས་ཟིན་ཡང།གཏུབས་ཚལ་ལྷན་པའི་སྐྱོ་རོགས་ཟེར་བ་ལྟར།ངས་ཚང་མར་སྐད་ཆ་འགའ་ཁ་གསབ་བྱ་རྒྱུ་ཡིན། སྤྱིར་མིའི་རིགས་ཀྱིས་ང་ཚོ་ལྷ་གཉན་ནི་འཇིག་རྟེན་གྱི་ལྷ་ཟེར་ནས་དགོས་དུས་རྡོ་རྗེ་དང་མི་དགོས་དུས་རྡོ་བརྒྱངས་བྱེད་སྲིད་མོད་།འོན་ཀྱང་།ང་ཚོ་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་འདུལ་ཞིང་སྟེ།བསིལ་ལྡན་ཁ་བའི་ལྗོངས་ཀྱི་ལྷ་གཉན་དང་གཞི་བདག་ཡིན་པས།ང་ཚོར་སངས་རྒྱས་ཆོས་ལུགས་ཀྱི་དགོངས་བ་དང་རྩ་དོན་ལ་ངེས་པར་ཆ་རྒྱུས་ལྡན་དགོས།སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ལྟར་ན།བསྐལ་བ་གཅིག་གི་རིང་སངས་རྒྱས་སྟོང་ཕྲག་གཅིག་བསྟུད་མར་འཇིག་རྟེན་མི་ཡུལ་དུ་འཁྲུངས་ངེས་པས།སངས་རྒྱས་རེ་རེའི་བསྟན་པ་ནི་མི་ལོ་ངོ་ལྔ་བརྒྱར་བྱུང་བའི་དུས་རིམ་དང་།མི་ལོ་ང་ལྔ་བརྒྱའི་དར་རྒྱས་ཀྱི་དུས་རིམ།མི་ལོ་ལྔ་བརྒྱའི་ཉམས་རྒུད་ཀྱི་དུས་རིམ་བཅས་བརྒྱུད་དགོས་ཀྱང་།ད་ཆ་སངས་རྒྱས་ཀྱི་བསྟན་པ་ནི་ཉམས་རྒུད་དུ་འགྲོ་བའི་དུས་རིམ་ལ་སླེབས་ཡོད་པས།མ་འོངས་བར་ནང་བསྟན་ཆོས་ལུགས་ལ་ཕྱི་རོལ་མུ་སྟེགས་པས་བཙན་འཛུལ་བྱ་རྒྱུ་རེད།སྐབས་དེར།བྱང་ཕྱོགས་ཤམ་བྷ་ལའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ང་ཚོའི་ལྷོ་འཛམ་བུ་གླིང་ལ་ཚུར་རྒོལ་ཆེན་པོ་བྱས་ཏེ།ཕྱི་རོལ་མུ་སྟེགས་པ་བཏུལ་ནས་གནམ་འོག་བདེ་ལ་དགོད་ཅིང་།ཕྱི་རོལ་མུ་སྟེགས་པ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལུགས་སུ་བསྒྱུར་སྲིད་ཅེས་གསུངས་ཡོད་།དུས་འཁོར་གྱི་རྩིས་ལྟར་རིགས་འདེད་བྱས་ན།དེ་ལ་ལོ་སུམ་བརྒྱ་བཞི་བརྒྱ་ཙམ་གྱི་དུས་ཚོད་མ་གཏོགས་མེད། གལ་སྲིད་ང་ཚོས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་མ་བྱས་ན།བྱང་ཕྱོགས་ཤམ་བྷ་ལའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་སའི་གོ་ལར་ཚུར་རྒོལ་མ་བྱས་སྔོན།མིའི་རིགས་རང་ཉིད་ཀྱིས་རང་ཉིད་རྩ་མེད་དུ་གཏོང་ཉེན་ཆེ་བས།ཁྱོད་ཚོས་བློ་སྒམ་པོ་དང་ཐུགས་མཉེས་བོས་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་དང་གྲོས་ཆོད་ལ་ཧུར་ཐག་གིས་རམ་འདེགས་ཞུ་དགོས”ཞེས་གསུངས་བྱུང་།

  གཉན་ཆེན་ཐང་ལྷས་དེ་སྐད་ཟེར་བ་ན་ལྷ་གཉན་རྣམས་ཀྱིས་“ལྷ་རྒྱལ་ལོ། ལྷ་རྒྱལ་ལོ”ཞེས་ཟེར་བཞིན་གོ་རིམ་ལྡན་པའི་ངང་རང་རང་གི་སྒར་ལ་ལོག

  ཉིན་དེའི་དགོང་མོར།རྨ་ཆེན་རྩྭ་ཐང་ནི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་།ལྷ་གཉན་སོ་སོས་གངས་ལྗོངས་ལྷ་གཉན་མཐོ་རིམ་ཚོགས་འདུ་དང་མཐའ་མའི་གྲོད་ཆོད་ལ་རེ་སྒུག་ཆེན་པོ་བྱས་ཡོད།

  ཉིན་གཅིག་གི་ངལ་བས་ཐང་ཆད་ཟིན་པས།དགོང་མོ་དེར་ང་དང་ཨ་མྱེས་རི་མདུང་སོགས་སྔ་མོ་ནས་སྦྲ་གུར་ནང་དུ་ཕྱིར་ལོག་སྟེ།རང་རང་གི་མལ་སར་ཉལ་ཡོད་ཀྱང་།ང་ཡུན་རིང་ཞིག་ལ་གཉིད་མ་ཡོང་།རྒྱུ་མཚན་ནི་ང་ངེད་ཚང་གི་ཕྱུགས་ར་ནས་ཁ་བྲལ་ཏེ་ཉིན་གསུམ་འགོར་ཟིན།

  ངའི་ཁྱིམ་ཚང་གི་གནས་ཚུལ་བཤད་ན།ང་ལ་ཕུ་བོ་གསུམ་ཡོད་ལ་ཨ་ཅེ་གཉིས་ཡོད།ཨ་ཅེ་གཉིས་སྔ་མོ་ནས་གནས་ལ་ཕྱིན་པས་ཚ་བོ་ཚ་མོ་འགའ་སྐྱེས་འདུག ཕུ་བོ་ཆེ་བ་ནི་འཁོར་འཛིན་ཡིན་པས་ཨ་ཕྱི་དང་སྲུ་མོ་སོགས་དང་མཉམ་དུ་ངའི་ཕ་ཡུལ་བྱང་ལུང་ཁོག་ན་ཞིང་ལས་ལ་བྲེལ་བཞིན་ཡོད།ཕུ་བོ་འབྲིང་བ་ནི་ཁྱིམ་མཚེས་ཡུགས་ཟ་མ་བཀྲ་ཤིས་ལྷ་མོའི་བུ་མོ་སྒྲོལ་མ་དང་རང་དབང་རང་འཐད་ཀྱིས་གཟའ་ཚང་སྒྲིག་པར་འདོད་ཀྱང་།ཨ་མ་མ་འཐད་པས་ཁོ་དགོན་པའི་ནང་བྲོས་ནས་གྲྭ་བ་བྱས་ཟིན།ཨ་ཕས་ཕུ་བོ་འབྲིང་བ་ལ་གྲྭ་ཤག་ཅིག་བསྐྲུན་པའི་ཆེད་དུ་ཤིང་སྡོང་ལྷག་མ་འགའ་བཅད་པ་ཙ་ན།སྡེ་བའི་ནང་གི་མི་ངན་ཞིག་གིས་གཏུགས་གཤེར་བྱས་པས།ཁོ་བཙོན་དུ་བཅུག་པས་ད་དུང་བཙོན་ཁང་དུ་ལུས་ཡོད།ཕུ་བོ་གསུམ་པ་བུ་རྒྱུད་མེད་པའི་ཨ་ཞང་ཆུང་བ་ལ་བུ་སྐལ་དུ་བྱིན་ཡང་།ཨ་ཞང་གིས་ཁོ་ཆུང་དུས་ནས་སློབ་གྲྭར་བསྐྱལ་པས།ཁོ་ད་ལྟ་ང་ཚོའི་དུང་དཀར་སྡེ་བའི་སློབ་ཆེན་སློབ་མ་དང་པོར་གྱུར་སོང་།དེའི་ཕྱིར་ཕྱུགས་ར་ན་ང་དང་ཨ་མ་གཉིས་ལས་མེད།ང་ལྷ་གཉན་ཚོགས་འདུར་ཞུགས་ཡོད་ཀྱང་།ཕྱུགས་ར་ན་ཨ་མ་གཅིག་པུ་ལས་མེད་པ་དྲན་པས།ངའི་ཡིད་ལ་གནོང་འགྱོད་ཆེན་པོ་སྐྱེས།

  དེ་ལྟར་ངས་ཨ་མས་སྡུག་འདོགས་པའི་སྣང་བརྙན་རེ་རེ་བཞིན་ཡིད་ལ་འཁོར་བས།མཚན་གཞུང་དུ་ང་ལ་འཇིགས་རུང་གི་རྨི་ལམ་ཞིག་རྨིས་བྱུང་།རྨི་ལམ་དུ་ངེད་ཚང་གི་ནོར་ཁྱུ་ལུང་བའི་མདོ་ཡི་ཞིང་ནང་དུ་ཤོར་བས།རྒྱ་རིགས་ཞིང་པ་མང་བོས་ལག་ཏུ་ཟོར་བ་དང་སྟ་རེ།ལྕགས་ཁེམ་བཟུང་ནས་ཞིང་ནང་ན་ངེད་ཚང་གི་ནོར་ཁྱུ་བདའ་བཞིན་འདུག་ཅིང་།ནོར་ལ་ལའི་རྭ་བཅགས་ཡོད་པ་དང་།ལ་ལའི་རྔ་མ་གཏུབས་ཟིན་ལ།ལ་ལའི་རྐང་བ་དང་བརླ་སོགས་རྨས།ཨ་མས་དེ་དག་མཐོང་བའི་ཚེ།མོས་སྲོག་ལའང་མ་འཛེམས་པར་རྒྱ་རིགས་ཞིང་པ་དེ་དག་གི་སྔོན་དུ་བརྒྱུགས་ནས་ནོར་ཁྱུ་ལ་སྲུང་སྐྱོབ་བྱས་པ་ན།ཁོ་ཚོ་ཨ་མའི་མཐའ་རུ་རུབ་ནས་ཨ་མ་ལ་གཅར་རྡུང་བྱས་ཏེ་ཨ་མའི་གདོང་དུ་ཁྲག་བཞུར་བཞིན་ཡོད་པས།ངས་ཁ་ནས་ཨ་མ་ཟེར་བཞིན་སྐད་བརྒྱབ་ནས་ངུས་བ་དང་འབྲེལ་ཏེ་ང་གཉིད་ལས་སད་བྱུང་།ཨ་མྱེས་རི་མདུང་གིས་“དོན་གྲུབ།ཁྱོད་ལ་ཅི་བྱུང་བ་ཡིན་ནམ་”ཞེས་དྲིས་བྱུང་།

  ངས་་“ཨ་མྱེས་རི་མདུང་ལགས།ངའི་ཨ་མར་རྒྱ་རིགས་ཞིང་བ་དེ་དག་གིས་གཅར་རྡུང་བྱས་པས།མོའི་གདོང་དུ་ཁྲག་བཞུར་བཞིན་ཡོད”ཅེས་ཟེར་བཞིན་ངུ་ཤུམ་བྱས།

  ཨ་མྱེས་རི་མདུང་གིས་“ཁྱོད་ཀྱིས་རྨི་ལམ་རྨིས་པ་རེད”ཞེས་གསུང་ནས་ང་ལ་སེམས་གསོ་མཛད།

  ངས“འདི་ནི་རྨི་ལམ་ཡིན་ཡང་།ངེད་ཚང་གི་ནོར་ཁྱུ་རྒྱའི་ཞིང་ནང་དུ་ཤོར་ན།ཁོ་ཚོས་རང་དགར་འཇོག་མི་སྲིད།བཞེས་ནང་ལོ་ངེད་ཚང་གི་ནོར་ཁྱུ་ལ་སྒོར་མོ་སྟོང་གསུམ་གྱི་ཆད་པ་བཅད་ལ་།ན་ནིང་ཁོ་ཚོས་ངེད་ཚང་གི་འབྲི་རྒན་མ་ཞིག་དམར་གསོད་བྱས་།ད་དུང་་་་་་་་”ཞེས་རྒྱའི་ཞིང་ཁ་དང་ངེད་ཚང་གི་ཕྱུགས་ར་ནས་བྱུང་བའི་གནས་ཚུལ་ཚང་མ་ཁོང་ལ་བཤད།

  ཨ་མྱེས་རི་མདུང་གིས་“ཁྱོད་ཚང་ལ་ཁག་མེད་མོད།འོན་ཀྱང་ཁ་ཆེ་རུང་སྣ་ཡི་ཞབས་ཟེར་བ་ལྟར།ཁྱོད་ཚོས་ཁོ་ཚོའི་ས་ཐོག་གི་རྩྭ་ས་གླས་ཡོད་པས།འགྲོ་ཤེས་ཀྱི་ཝ་མོ་དང་འདུག་ཤེས་ཀྱི་རི་བོང་བྱེད་པ་ལས་ཐབས་གཞན་ཡོད་པ་མ་རེད ”ཟེར།

  ངས་“ད་ང་ཕྱིར་ངེད་ཚང་གི་ཕྱུགས་རར་འགྲོ་རྒྱུ་ཡིན།ཁྱིམ་དུ་ཨ་མ་གཅིག་པུ་ལུས་པས་ངའི་སེམས་མི་བདེ”ཞེས་སྨྲ་བཞིན་མུན་ནག་ནང་ནས་མལ་ལས་ལང་རྩིས་བྱས།

  ཨ་མྱེས་རི་མདུང་གིས་“ཁྱོད་ཀྱིས་སྐད་ཆ་ཆ་བཤད་དུས་ཡ་མ་བཤད།ལྷ་གཉན་གྱི་སྒྲིག་ཁྲིམས་ཤིན་ཏུ་བཙན་པས།ད་ནི་འགྲོ་འདོད་ཀྱང་འགྲོ་དབང་ག་ལ་ཡོད།དེ་བས་ཉིན་འགའ་སྡོད་དང་།ང་ཚོ་ལྷན་དུ་ཕྱིར་ལྡོག་པར་བྱ”ཞེས་ལབ་སོང་།

  ངས་ཁ་ནས་“ལགས་སོ”ཞེས་ཟེར་བཞིན་མགོ་ཕྱིར་སྔས་མགོའི་སྟེང་ལ་བཞག་ནས་ཉལ་ཡང་།ཨ་མ་དྲན་པའམ་ཡང་ན་གནོང་འགྱོད་ཀྱིས་མིག་ཆུ་ཤམ་ཤམ་ཉིལ་ནས་སྔས་མགོ་རློན་པར་བཏང་།

  ཕྱི་ཉིན་གྱི་ཉིན་གུང་ཙམ་ལ།འདུ་ར་ཁྲོ་མོའི་གུར་ཆེན་ཁམས་གསུམ་ཟིལ་གནོན་ནང་དུ་གངས་ལྗོངས་ལྷ་གཉན་རྒན་ཚོགས་ཀྱིས་མཐོ་རིམ་ཚོགས་འདུ་འཚོགས་བཞིན་ཡོད།བསམ་ཡུལ་ལས་འདས་བ་ཞིག་ལ།མདོ་སྟོད་སྨད་གཉིས་ཀྱིས་སྦྲ་གུར་ཕུབ་སའི་བར་ལམ་ཞིག་ན་ལྷ་གཉན་མང་པོ་འཚོགས་ཏེ་ཧབ་ཆ་བྱེད་ཀྱིན་ཡོད་པས་།ང་ཡང་དེ་གར་སོང་ནས་བལྟས་བ་ན།ཡིན་པ་ནི་མདོ་སྨད་ཀྱི་ཨ་མྱེས་ཤྭ་བོ་དང་མདོ་སྟོད་ཀྱི་ཁྲོ་རུ་རྡོ་རྗེ་ཟིལ་ཁྲོམ་གཉིས་ཀྱིས་སྦྲ་གུར་ཕུབ་སའི་ས་སྟོང་ལག་མཐིལ་ཙམ་ཞིག་བརྩད་ནས་ཕན་ཚུན་ལ་ཁ་འཛིང་བྱེད་བཞིན་མཆི།ཡུན་གྱིས་ལྟད་མོ་བ་ཇེ་མང་དུ་སོང་ནས་ཁོ་གཉིས་ཀྱི་མཐའ་ནས་བསྐོར།ལྷ་གཉན་གཉིས་ཀྱིས་མཁུར་ཚུར་ཕྱར་ནས་འཛིང་རེས་བྱས་པས།ཆར་སྣེ་རླུང་ཁྲིད་ཟེར་བ་ལྟར།ཆོལ་ཁ་དང་གྲུབ་མཐའ་སོགས་ཀྱི་འཐེན་ཁྱེར་དང་ཕྱོགས་རེས་ཀྱིས།དེར་ཡོད་ལྷ་གཉན་རྣམས་ཕྱོགས་གཉིས་སུ་གྱེས་ཏེ།ཡ་ང་བའི་ནང་འཁྲུག་གི་འཁོར་ལོ་ཞིག་བསྐོར་གྲབས་བྱས་བྱུང་།གནས་ཚུལ་དེ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི་ཡི་ལྷ་གཉན་མང་པོས་མཐོང་བས།ཁོ་ཚོ་དེ་གར་འདུས་ཏེ་བར་གཤོལ།ཡིན་ནའང་ཕྱོགས་གཉིས་ཀྱི་ལྷ་གཉན་མགོ་ཡང་འགའ་རེ་ཡིས་རང་གི་ཕ་གསོད་ཀྱི་དགྲ་བོར་ཐུག་པ་ལྟར་སྤུན་ཟླའི་སྙིང་གཏམ་ལ་མི་ཉན་པར་ཕན་ཚུན་འཛིང་རེས་བྱས།

  དེ་ནས་མ་ཧ་ཙི་ན་དང་།རྒྱ་གར།བལ་བོ།སོག་པོ།ཨབ་གྷན་སི་ཐན།ཡོ་རོབ།ཨ་ཧྥེ་རི་ཁ།གྷི་རི་སི།ཨ་མེ་རི་ཁ་སོགས་ཕྱིའི་མངའ་ཁོངས་ཀྱི་ལྷ་གཉན་སྐོར་ཞིག་ཀྱང་དེ་གར་ཡོང་ནས།ཁྱོད་ཚོ་བོད་པའི་ལྷ་གཉན་རྣམས་ཀྱིས་ཁ་ནས་འགྲོ་བ་མི་རིགས་ཀྱི་ཆེད་དུ་ཡིན་ཟེར་ཡང་།དོན་དུ་ས་སྟོང་ལག་མཐིལ་ཙམ་གྱི་ཆེད་དུ་ཕུ་ནུའི་བར་དུ་གཡུལ་བཤམས་པ་ནི།བསམ་ཡུལ་ལས་འདས་བ་ལ་ཨང་ཟེར་ནས་བར་གཤོལ་བས།མི་ལ་ངོ་ཚ་མེད་ན་ཁྱི་དང་ཁྱི་ལ་ངོ་ཚ་མེད་ན་འདྲེ་ཟེར་བ་ལྟར་ཕྱོགས་གཉིས་ཀྱི་མང་ཆེ་ཤོས་ཀྱིས་ངོ་ཚ་བཟོད་མ་ཐུབ་པར་འཛིང་རེས་བྱེད་པ་རེ་ཞིག་ལ་མཚམས་བཞག ཡིན་ནའང་སྡེ་དཀྲུགས་པའི་ཁྲམ་པ་དང་ས་དཀྲུགས་པའི་ཨ་བྲ་ཟེར་བ་ལྟར།ཕྱོགས་གཉིས་ཀྱི་ལྷ་གཉན་མགོ་ཡང་དེ་དག་གིས་ད་དུང་ཕན་ཚུན་ངར་ངར་རྫིག་རྫིག་བྱས་པ་ན།ངའི་འགྲམ་གྱི་ཨ་མྱེས་རི་མདུང་གིས་“འདིར་གཞུགས་ལྷ་གཉན་རྣམ་པ།འདིར་གཞུགས་ལྷ་གཉན་རྣམ་པ།གནའ་མི་བོད་ཀྱི་གཏམ་དཔེ་ལ།ཆ་ག་བ་མཆོངས་ཀྱང་མཐོ་གང་།བོང་སྐྱ་ལི་འདྲོགས་ཀྱང་གྱང་རྩ་ཟེར་བ་ལྟར།གཤོག་འོག་ལ་རླུང་གིས་བརྒྱབ་པའི་ལྷ་གཉན་མགོ་ཡང་འདི་དག་ལ་ཁ་ཡ་བྱེད་དོན་མེད།གནད་ཀྱི་དོན་པོ་ནི་སྔོན་ལ་སྐྱེས་བའི་རྣ་གཤོག་དང་གཞུག་ཏུ་སྐྱེས་བའི་རྭ་ཅོ་ཟེར་བ་ལྟར།ཁྱོད་ཨ་མྱེས་ཤྭ་བོ་དང་ཁྲོ་རུ་རྡོ་རྗེ་ཟིལ་ཁྲོམ་གཉིས་ཀྱང་མི་ཆེན་དཔོན་ཆེན་ཡིན་པས།ས་སྟོང་ལག་མཐིལ་ཙམ་གྱི་ཆེད་དུ་གྱོད་གཞི་བསླངས་བ་ནི་དངོས་ནས་མི་འོས”ཞེས་གསུངས།

  ལྷ་གཉན་གྱི་ཁྲོད་ནས་སུ་ཡིན་མི་ཤེས་པའི་ལྷ་གཉན་ཞིག་གིས་“ཨ་མྱེས་རི་མདུང་གིས་བཤད་པ་ཅི་མ་བདེན།བོད་ཀྱི་བཙན་པོའི་རྒྱལ་རབ་འཇིག་པ་ནས་བཟུང་།ཕ་མེས་ཀྱི་བླ་རི་ཉིལ་ཞིང་ཡབ་མེས་ཀྱི་བླ་མཚོ་བསྐམས་པས།སྟེང་ཕྱོགས་ལྷ་ཡུལ་དང་བར་གྱི་མི་ཡུལ།འོག་གི་ཀླུ་ཡུལ།ཐ་ན་བར་མ་བར་གྱི་གཉན་ཡུལ་སོགས་ནས་ཡུལ་དང་ཤོག་ཁ། ཆོས་ལུགས་གྲུབ་མཐའ་ཉི་ཚེ་བ་ཞིག་གི་ཆེད་དུ་ནང་འཁྲུག་གི་སྦྱོར་བ་བཤམས་པས།ལྷ་བླ་མའི་ཐུགས་དཀྲོགས་ཤིང་འབངས་མི་སེར་སྡུག་ལ་སྦྱར།ཡིན་ནའང་འདས་པའི་ལོ་རྒྱུས་ལ་ཕྱི་དྲན་དང་བསམ་གཞིགས་རེ་བྱས་ན།ནང་དམེ་ཁྲག་གི་འཁོར་ལོ་བསྐོར་མཁན་དང་ནང་འཁྲུག་གཏམ་གྱི་གྱོད་གཞི་སློང་མཁན་ཚང་མ་མི་ཆེན་དཔོན་ཆེན་དག་ཡིན་པས།ཁྱོད་ཨ་མྱེས་ཤྭ་བོ་དང་ཁྲོ་རུ་རྡོ་རྗེ་ཟིལ་གནོན་གཉིས་ནི་བོད་མདོ་ཁམས་ཡུལ་གྱི་སྒོ་ངའི་ནང་གི་སེར་ཐིག་དང་ཡོད་ཚད་ནང་གི་དེ་ཡོད་ཡིན་པས།བླུན་པོ་འཆུགས་ན་མཐོ་གང་དང་མཁས་པ་འཆུགས་ན་འདོམས་གང་ཟེར་བ་ལྟར་རང་སྐྱོན་ངོས་ལེན་རེ་བྱས་ན་འགྲིག་པ་མ་གཏོགས།རྟ་ཨ་མའི་སྔོན་ལ་རྟའུ་རྒྱུགས།བྱ་ཨ་མའི་སྔོན་ལ་བྱེའུ་འཕུར་ཟེར་བ་ལྟར་ལྷ་གཉན་མགོ་ཡང་འདི་དག་ཀྱང་རང་དགར་འདུག་རྒྱུ་མ་རེད”ཅེས་ཟེར་བས།

  རྔ་མདུད་རང་གྲོལ་དང་སྤྲུལ་མདུད་རང་བཤིག་ཟེར་བ་ལྟར།ཨ་མྱེས་ཤྭ་བོ་དང་ཁྲོ་རུ་རྡོ་རྗེ་ཟིལ་གནོན་གཉིས་ཀྱི་གདོང་ལ་འཚེར་སྣང་དང་གནོང་འགྱོད་ཀྱི་ཉམས་ཤིག་ཤར་བཞིན་ཕན་ཚུན་གྱི་ལག་པའི་ནང་དུ་ལག་པ་བཞག་པར།ལྷ་གཉན་མགོ་ཡང་དེ་དག་ཀྱང་ཁ་རོག་གེར་བསྡད་བྱུང་བས།དེར་བཞུགས་ཀྱི་ལྷ་གཉན་ཀུན་གྱིས་ཁ་ནས་“གངས་ལྗོངས་ལྷ་གཉན་མཐུན་སྒྲིལ་བསྐལ་བརྒྱལ་བརྟན་པར་ཤོག”ཅེས་དགའ་འབོད་ཀྱི་ཀི་བསྭོ་བསྒྲགས་བྱུང་།

  ཉིན་གསུམ་པར།ཞོགས་པའི་ཉི་ཟེར་རྨ་རྒྱལ་སྤོམ་ར་ཡི་རྩེར་ཤར་བ་དང་མཉམ་དུ་།ལས་དོན་གྲོས་བསྡུར་བྱེད་པའི་སྦྲ་གུར་གྱི་ཕྱོགས་ནས་གཡག་རྭ་བུས་བྱུང་བས།ལྷ་གཉན་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་འདུ་ར་ཁྲ་མོར་འཛོམས་ནས་རང་རང་གི་སྡོད་གནས་སུ་འཁོད། ཨ་མྱེས་རྨ་ཆེན་གྱིས་གོམ་པའི་འདེགས་འཇོག་འཆད་སྟེགས་སྟེང་ལ་བསྒྱུར་ནས་“གནའ་མི་བོད་ཀྱི་གཏམ་དཔེ་ལ།མཁྲིས་ནད་ཅན་གྱིས་དུང་དཀར་སེར་བོ་མཐོང་བ་དང་།རླུང་ནད་ཅན་གྱིས་གངས་རི་སྔོན་པོ་མཐོང་ཟེར་བ་ལྟར།གོ་ཐོས་ལྟར་ན།ཁ་སང་ཉིན་མའི་གུང་ལ་ང་ཚོ་ལྷ་གཉན་རྒན་པ་རྣམས་ཀྱིས་མཐོ་རིམ་གྲོས་ཚོགས་འཚོགས་བཞིན་པའི་སྐབས།ས་སྟོང་ལག་མཐིལ་ཙམ་གྱི་ཆེད་དུ་ཐོབ་དང་གོ་ས་ཡོད་པའི་ལྷ་གཉན་རྒན་པ་གཉིས་ཀྱི་བར་ལ་དགོས་མེད་ཀྱི་དབྱེན་ཤོར་ཡོད་ཟེར།ཡིན་ནའང་ལྷ་གཉན་བསམ་ཤེས་འགས་བར་གཤོལ་བས།ད་གཟོད་ཁ་ཡིས་ཆོས་བཤད་ཅིང་ལག་གིས་རྟ་གསོད་པའི་ཡང་མ་བརླ་ཡི་གྱོད་དོན་བྱུང་མེད།ཡིན་ནའང་དེང་ཕྱིན་མཐོ་དམའ་མེད་པར་ལྷ་གཉན་ཀུན་གྱིས་ཁ་དང་ཁོག་པ་དྲང་མོ་དང་བློ་དང་རྒྱུ་མ་གཙང་མ་གྱིས་མ་གཏོགས།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དང་ཆོས་ཁྲིམས་དར་གྱི་མདུད་པ་ལ་གཟུར་འདོད་རུང་གཟུར་དབང་མེད”ཅེས་ཟེར་བར།

  མདུན་ཕྱོགས་ཀྱི་ལྷ་གཉན་རྣམས་ཀྱིས་“ལགས་སོ”ཞེས་བདེན་པའི་རྒྱབ་རྩར་ལངས་ནས་ཀི་བསྭོ་ཡི་གནམ་ས་གཡོ་བ་བྱས།

  ཨ་མྱེས་རྨ་ཆེན་གྱིས་གདོང་ལ་དགའ་བའི་འཛུམ་ཤིག་རྒྱས་ནས།མུ་མཐུད་དུ་གཏམ་གྱི་སྣེ་མོ་བསྐྱངས་ཤིང་།ཁོས་“ཀྱེ་ཁ་བ་གངས་རིའི་ལྗོངས་ཀྱིས་འདིར་བཞུགས་ལྷ་གཉན་རྣམ་པ།ང་ཚོ་ལྷ་གཉན་རྒན་པ་རྣམས་ཀྱིས་ཉིན་ཞག་གཅིག་གི་རིང་ལ།མཐོ་རིམ་གྲོས་ཚོགས་འཚོགས་ནས་གྲོས་བསྡུར་བྱས་པ་བརྒྱུད།མཐར་གཤམ་གསལ་གྱི་གྲོས་ཆོད་གཏན་འཁེལ་བྱས་ཡོད།དེ་རིང་ནས་བཟུང་ཁ་བ་གངས་རིའི་ལྗོངས་ཀྱི་ལྷ་གཉན་ཚང་མས་ངེས་པར་དུ་དར་ཕྱར་དུང་འབུད་ཀྱི་སྒོ་ནས།མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་གཏོང་བར་ཆད་པ་ནན་པོ་གཅོད་དགོས། གལ་ཏེ་ལྷ་གཉན་སུ་ཞིག་གིས་ཁ་ཡག་ངོ་དགའ་ཙམ་དང་།གནས་སྐབས་ཀྱི་མཆོད་འབུལ་ཙམ་གྱི་ཆེད་དུ་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཕྱོགས་ཞེན་དང་འགེབས་སྲུང་བྱས་ཚེ།ལྷ་གཉན་གྱི་ཐོབ་ཐང་མེད་པར་བཟོ་བ་མ་ཟད།ད་དུང་ལྷ་གཉན་གྱི་རིགས་ལས་ཕྱིར་ཕུད་རྒྱུ་ཡིན།ཡིན་ནའང་གསལ་འདེབས་བྱེད་དགོས་པ་ཞིག་ལ།མིའི་རིགས་ལ་ཆད་པ་གཅོད་དུས་རང་སྣང་གང་ཤར་བྱེད་མི་རུང་ཞིང་།གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་བལྟས་ནས་ལག་བསྟར་བྱ་དགོས། གཤམ་དུ་ལྷ་གཉན་རེ་རེས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་གཏོང་བའི་ཐད།ཆད་པ་ཅི་ལྟར་གཅོད་པར་ཁས་ལེན་དམ་བཅའ་མཛད་རོགས”ཞེས་གསུངས་བྱུང་།

  གློ་བུར་གཡོན་ཕྱོགས་ཀྱི་སྟོད་མངའ་རིས་སྐོར་གསུམ་གྱི་ཕྱོགས་ནས་ལྷ་གཉན་ཞིག་ཡར་ལངས་པ་དང་།ཁོས་“འབྱུང་འགྱུར་ལོ་གསུམ་གྱི་རིང་ལ།ང་ཚོས་ཞིན་ཅང་དང་སོག་པོའི་ཉེ་འགྲམ་དུ་ཡོད་པའི་ས་ཆ་འགའ་ལ་ཁ་བ་ཆེན་པོ་འབབ་ཏུ་བཅུག་ནས།གངས་སྐྱོན་གྱིས་ཕྱུགས་རིགས་བགྲང་ལས་འདས་པ་འཁྱགས་ཤི་ཐེབས་སུ་བཅུག་སྟེ།མིའི་རིགས་ལ་རང་བྱུང་ཁམས་གཏོར་བརླག་བཏང་བའི་ངན་འབྲས་མྱོང་དུ་འཇུག་རྩིས་ཡོད”ཅེས་བཤད།

  “དཔེ་ཡག་པོ་འདུག” ཨ་མྱེས་རྨ་ཆེན་གྱིས་མོས་མཐུན་བྱུང་བའི་ཚུལ་གྱིས་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན།ཁོས་བཤད་པའི་སྐད་ཆ་རྣམས་ཟིན་བྲིས་སུ་བཏབ།

  བར་དེར་གཡས་ཕྱོགས་ཀྱི་སྨད་མདོ་ཁམས་སྒང་དྲུག་གི་ཕྱོགས་ནས་ལྷ་གཉན་ཞིག་ཡར་ལངས་ཏེ།ཁོས་“ངས་མ་འོངས་པའི་ལོ་དྲུག་གི་ནང་།གཙང་གསུམ་ཆུ་འགོའི་ཆུ་རྒྱས་སུ་བཅུག་སྟེ།རྨ་ཆུའི་སྨད་རྒྱུད་ཀྱི་ཞིང་ཆེན་འགའི་མི་སེར་གྱི་རྒྱུུ་ནོར་དང་ཚེ་སྲོག་ལ་གནོད་འཚེ་ཐེབས་སུ་བཅུག་ནས།མིའི་རིགས་ཀྱིས་སྐྱེ་ཁམས་ལ་གཏོར་བརླག་བཏང་བའི་མཇུག་འབྲས་ངན་པ་ཅི་འདྲའི་ཚབས་ཆེན་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན”ཞེས་བརྗོད།

  དེ་ནས་ཡང་བར་དབུས་གཙང་རུ་བཞི་ཡི་ཕྱོགས་ནས་ལྷ་གཉན་ཞིག་ཡར་ལངས་ཏེ།ཁོས་“མ་འོངས་བའི་ལོ་ལྔའི་ནང་།ང་ཚོས་བལ་བོ་དང་བར་ཐག་ཉེ་བའི་ཁ་ཕྱོགས་སུ་ས་ཡོམ་བརྒྱུག་ཏུ་བཅུག་སྟེ།སྟོན་པ་ཤྭཀྱ་ཐུབ་པ་སྐུ་བཞུགས་སྐབས་བཞེངས་བའི་མཆོད་རྟེན་བྱ་རུང་ཁ་ཤོར་སོགས།རིག་དངོས་རྩ་ཆེན་འགའ་གཏོར་ཞིག་བཟོས་ནས།མིའི་རིགས་ཀྱིས་རང་ཉིད་ཀྱི་གདུག་རྩུབ་ཀྱི་བྱ་སྤྱོད་ཤེས་རྟོགས་འབྱུང་ཐུབ་ཏུ་འཇུག་རྒྱུ་ཡིན”ཞེས་སྨྲས།

  “ཧ་ཅང་ཡག་པོ་འདུག” ཨ་མྱེས་རྨ་ཆེན་གྱིས་ཁོའི་སྐད་ཆའང་ཟིན་ཐོར་བཀོད།

  སྐབས་དེར།གཡས་ཕྱོགས་ཀྱི་སྨད་མདོ་ཁམས་སྒང་དྲུག་གི་ཕྱོགས་ནས་རི་ག

  ཉན་ཞིག་ཡར་ལངས་ནས།ཁོས“མ་འོངས་པའི་ལོ་བརྒྱད་ཀྱི་ནང་།ང་ཚོས་རྒྱ་བོད་ས་མཚམས་གྱི་ས་ཆ་ག་གེ་མོ་ཞིག་ཏུ་ས་ཡོམ་འབྱུང་དུ་བཅུག་སྟེ།མི་གྲངས་འབུམ་མང་པོ་ས་འོག་ལ་བཅུག་ནས་མིའི་རིགས་རྨོངས་གཉིད་ལས་སད་དུ་འཇུག་རྒྱུ་ཡིན”ཞེས་ལབ།

  ཨ་མྱེས་རྨ་ཆེན་གྱིས་“ཧ་ཅང་ཡག་པོ་འདུག ཡིན་ནའང་གཏོར་མ་ཆུ་ལ་མ་གཡུགས་ན།ཤ་ཁྱི་ཁོ་མི་ཆད་ཟེར་བ་ལྟར།མིའི་རིགས་ནི་འཇིགས་སྣང་བསྐུལ་ན་ཕྱིར་བཤོལ་བྱེད་སྲིད་པའི་སྲོག་ཆགས་ཤིག་མ་རེད།དེར་བརྟེན་ང་ཚོས་ས་ཆ་མི་འདྲ་བ་ནས་འགོ་བཙུགས་ཏེ་ཁོ་ཚོ་ཅི་བྱ་གཏོལ་མེད་དུ་གཏོང་དགོས།གཤམ་དུ་གངས་སྐྱོན་དང་ས་ཡོམ་ཕུད་པའི་ཆད་པ་གཅོད་ཐབས་ཡོད་དམ”ཞེས་དྲིས།

  དེར་རེ་ཞིག་ལ་ཨ་མྱེས་རྨ་ཆེན་ལ་ཁ་ཡ་བྱེད་མཁན་མ་བྱུང་བས།ཁོས་ལག་གཡས་པ་མིག་སྒོར་བཀབ་ནས་ལྷ་གཉན་ཀྱི་ཕྱོགས་སུ་མི་ཞགས་འཕངས།

  སྐབས་དེར།གཡས་ཕྱོགས་ཀྱི་སྨད་མདོ་ཁམས་སྒང་དྲུག་གི་ཕྱོགས་ནས་ལྷ་གཉན་ཞིག་ཡར་ལངས་སྟེ་“མ་འོངས་པའི་ལོ་བཅུའི་ནང་།ང་ཚོས་མདོ་དབུས་མཐོ་སྒང་གི་མཐའ་མཚམས་སུ་མེ་སྐྱོན་འཇིགས་པས།གདོད་མའི་ནགས་ཚལ་མེར་འབར་དུ་བཅུག་སྟེ།མིའི་རིགས་ལ་ནགས་ཚལ་མེད་པར་བཟོས་ནས།རང་ཉིད་ཀྱིས་གང་བྱུང་དུ་ཤིང་སྡོང་བཅད་པའི་སྡིག་ཉེས་ཅི་འདྲའི་ཚབས་ཆེན་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན”ཞེས་བརྗོད།

  ཉིན་དེར་ཉི་མ་ཤིན་ཏུ་དྲོ་བས།ཨ་མྱེས་རྨ་ཆེན་གྱིས་ཐོད་པའི་རྔུལ་ཆུ་འབྱིད་ཞོར།སྨྱུག་གུས་བྱ་འཕུར་བ་ལྟར་ལྷ་གཉན་རེ་རེའི་ཆད་གཅོད་བྱེད་ཐབས་ཟིན་ཐོར་འགོད་བཞིན་ཡོད།སྐབས་དེར་ཡུལ་དངོས་གནས་ཚུལ་གྱི་ཤུགས་རྐྱེན་ཐེབས་པ་ཡིན་ནམ།ཡང་ན་སྔར་ནས་འཆར་གཞི་བཀོད་ཡོད་པ་ཅི་ཡིན་ཆ་མི་འཚལ་ཡང་།གློ་བུར་གདོང་ཕྱེད་ཀ་ཨག་ཚོམ་གྱིས་ཁེབས་པའི་ཨབ་གྷན་སི་ཐན་ནས་ཕེབས་པའི་ལྷ་གཉན་དེ་བལ་གདན་སྟེང་ནས་ཡར་ལངས་ཏེ་“མིའི་རིགས་ཀྱི་འདོད་རྔམ་སེལ་ཆེད་དང་།ཁོ་ཚོའི་སྤྱོད་ངན་ཡོ་བསྲང་བྱེད་ཆེད།མ་འོངས་པའི་ལོ་གཉིས་ནང་ང་ཚོས་ཨབ་གྷན་སི་ཐན་དུ་དམག་འཁྲུག་གི་མེ་ལྕེ་བསྒྲོན་ནས་དུ་བ་འཛམ་གླིང་ཡོངས་སུ་ཁྱབ་དུ་བཅུག་པ་བརྒྱུད།མིའི་རིགས་ལ་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་བྱེད་དུ་འཇུག་རྒྱུ་ཡིན”ཞེས་སྨྲས།

  ཨ་མྱེས་རྨ་ཆེན་གྱིས“བལྟས་ཡོང་ན།ང་ཚོས་མིའི་རིགས་ལ་ཆད་པ་གཅོད་པའི་གྲོས་གཞི་ལ་ཕྱི་རྒྱལ་གྱི་ལྷ་གཉན་དག་གིས་ཀྱང་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད”ཅེས་དགའ་སྤྲོའི་ངང་བཤད།

  མ་ཧ་ཙི་ནའི་ཡུལ་གྱི་ལྷ་གཉན་གདོང་མདོག་སྐྱ་ལ་སྐེམ་ཞིང་རིད་པ་ཞིག་གིས་ཀྱང་རྗེས་སུ་ལུས་མི་འདོད་པ་ལྟར་ཡར་ལངས་ནས།ཁོས་“མིའི་རིགས་ཀྱིས་རང་གི་ཕོ་བའི་ཆེད་དུ་གནམ་ནས་འཕུར་བ་དང་ས་ཐོག་ཏུ་སྐྱོད་པ། ཆུ་ནང་དུ་རྐྱལ་བ་སོགས་སྲོག་ལྡན་ཅི་ཡང་ཟ་ཕོད། མིའི་རིགས་ཀྱིས་རང་ཉིད་ཀྱི་མིག་རྒྱང་ཐུང་ངུའི་ཐོག་ནས་སྐྱེ་ཁམས་ལ་གཏོར་བརླག་བཏང་བའི་རིན་དོད་དུ།འབྱུང་འགྱུར་གྱི་ལོ་བཅོ་ལྔའི་གཞུག་ནས།ངས་མ་ཧ་ཙི་ནའི་ཡུལ་དབུས་ཀྱི་ས་ཁུལ་ཞིག་ནས་ཕ་ཝང་གི་ཤ་སྤྱད་དེ་མིའི་རིགས་ལ་བསླུ་བྲིད་བཏང་སྟེ།རིམས་ནད་འབྱུང་བ་དང་ཆབས་ཅིག་ཁ་རླངས་སོགས་ཀྱི་ཐབས་ལམ་བརྒྱུད་ནས།ནད་ཡམས་ཕྱོགས་བཞི་མཚམས་བརྒྱད་ལ་མཆེད་དུ་འཇུག་པ་དང་།མི་རྣམས་འཇིགས་སྣང་དང་སེམས་མི་བདེ་བའི་ཁྲོད་འཚོ་བ་སྐྱེལ་དུ་བཅུག་ནས།མིའི་རིགས་རང་ཉིད་ཀྱིས་བཟོས་པའི་ངན་འབྲས་ལ་ཁ་ཡོད་ལག་ཡོད་ཀྱིས་མྱོང་ཚོར་ཐེབས་སུ་འཇུག་རྒྱུ་ཡིན”ཞེས་སྐད་ཅོར་རྒྱག་བཞིན་ལབ།

  སྐབས་དེར།ལུས་པོ་རྒྱགས་ལ་གདོང་ལེབ་ལེབ་ཅན་གྱི་སོག་པོའི་ལྷ་གཉན་ཞིག་ཡར་ལངས་ཏེ།ཁོས“ས་གཤིས་ཀྱི་ཐད་ནས་བལྟས་ན།མདོ་དབུས་མཐོ་སྒང་དང་ང་ཚོའི་སོག་པོའི་རྩྭ་ཐང་ནི་སའི་གོ་ལའི་མཆིན་པ་དང་གློ་བ་ལྟ་བུ་ཞིག་ཡིན་པས།ཚང་མས་གལ་ཏེ་སའི་གོ་ལའི་མཆིན་པ་དང་གློ་བ་ལ་གནོད་འཚེ་བཏང་ན།མིའི་རིགས་ད་དུང་འཚོ་ཐུབ་བམ། རིག་གནས་ཀྱི་ཐད་ནས་བཤད་ན།སྔོན་ཆད་བོད་རིགས་དང་སོག་རིགས་ཚང་མ་དཔའ་ངར་ཆེ་ཞིང་ཐབས་ལ་མཁས་པའི་མི་རིགས་ཡིན་མོད།འོན་ཀྱང་ནང་བསྟན་བོད་དུ་དར་བ་བཟུང་།བོད་ལ་མ་ལག་ཆ་ཚང་པའི་བོད་བརྒྱུད་ནང་བསྟན་བྱུང་བ་དང་།ང་ཚོ་སོག་རིགས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་ཕྱོགས་ཡོངས་ནས་དང་ལེན་བྱས་པ་རེད། བོད་བརྒྱུད་ནང་བསྟན་གྱི་སེམས་ཁུར་བྱ་ཡུལ་ནི་མིའི་རིགས་ཁོ་ན་མ་ཡིན་པར་འགྲོ་དྲུག་སེམས་ཅན་ཐམས་ཅད་ཡིན་པས། ང་ཚོ་སོག་པོ་དང་བོད་རིགས་གཉིས་ཀར་ཨ་མ་གཅིག་གི་བྱང་ཁོག་མ་བརྒྱུད་ཀྱང་ཕུ་ནུ་ལྟ་བུའི་རྩིས་འདང་ཡོད་པས།ང་ཚོ་ཐེངས་འདིའི་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་ལ་མཐའ་གཅིག་ཏུ་མོས་མཐུན་ཡོད་པ་མ་ཟད།ད་དུང་གྲོས་ཆོད་ཡོད་ཚད་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན།གལ་ཏེ་མི་རིགས་དང་རྒྱལ་ཁབ་སུ་ཞིག་གིས་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་ལ་གཏོར་བརླག་བྱེད་རྒྱུ་ཡིན་ཟེར་ན།ང་ཚོས་དེའི་སྟེང་ལ་སོག་དམག་ཆར་བ་འབབ་འབབ་བྱ་རྒྱུ་ཡིན་ལ།སོག་གྲིས་གད་པ་གཏུབ་གཏུབ་བྱ་རྒྱུ་ཡིན”ཞེས་སྨྲས།

  སོག་པོའི་ལྷ་གཉན་གྱིས་དེ་ལྟར་དཔའ་སྐད་བསྒྲགས་མ་ཐག བོད་ཀྱི་ལྷ་གཉན་རྣམས་ཀྱང་ངར་ལངས་ནས་མིའི་རིགས་སའི་གོ་ལའི་སྟེང་ནས་རྩ་མེད་དུ་གཏོང་དགོས་ཞེས་གསོད་གསོད་རྒྱོབས་རྒྱོབས་ཀྱིས་ཀི་སྒྲ་བསྒྲགས་པས།རྨ་ཆེན་རྩྭ་ཐང་སྟེང་བག་ཡངས་སུ་རྒྱུ་བའི་གཅན་གཟན་དང་རི་དྭགས།འདབ་ཆགས་སོགས་འདྲོགས་ལངས་ཏེ།ཕྱོགས་དང་ཕྱོགས་སུ་འབྲོ་བཞིན་མཆི་ལ།མགོ་འཐོམས་ཤིང་ཅི་ཡིན་གང་ཡིན་མ་ཤེས་བའི་རི་དྭགས་ཤྭ་བ་མ་བུ་གཉིས་ལྷ་གཉན་གྱི་ཕྱོགས་སུ་བྲོས་བྱོལ་དུ་བྱུང་བ་དང་།དེ་གཉིས་འདུ་རའི་གུར་ཆེན་གྱི་སྒོར་ཡོང་ནས་མིག་ཟུང་ཀེམ་ཀེམ་གྱིས་སྦྲ་གུར་ནང་དུ་བལྟ་བཞིན་པས།གུར་ཆེན་གྱི་ཕྱི་ནང་གི་ལྷ་གཉན་རྣམས་ཀྱིས་ངང་ཚུལ་དེ་མཐོང་བ་ན།ཡིད་ཀྱི་ཁོང་ཁྲོ་ཞི་ནས་ཁ་ནས་རང་དབང་མེད་པར་ཤ་ཚ་ཤིང་སྙིང་རྗེ་བའི་གད་མོ་ཤོར།

  སྐབས་དེར་གྷི་རི་སིའི་ལྷ་གཉན་ཡར་ལངས་ནས་གུས་གུས་ཞུམ་ཞུམ་གྱི་སྒོ་ནས“འདིར་བཞུགས་ལྷ་གཉན་རྣམ་པ།རི་བོ་ཨ་ལི་ཕིག་ནི་ནུབ་ཕྱོགས་ཀྱི་ལྷ་རིགས་ཀུན་གྱི་གནས་རི་ཡིན་པས།དེ་རུ་དཔེར་ན་པོའོ་སེ་ཏོན་ཟེར་བའི་རྒྱ་མཚོའི་ལྷ་དང་། ཨ་པོ་ལོའོ་ཟེར་བའི་ཉི་མའི་ལྷ།ཨ་རེ་སི་ཟེར་བའི་འཐབ་ལྷ།ཡ་ཏེན་ན་ཟེར་བའི་སྒྱུ་རྩལ་དང་ཤེས་རབ་ཀྱི་ལྷ་སོགས་ཡོད་།ང་ནི་རི་བོ་ཨོ་ལི་ཕིག་གི་རི་ལྷ་ཨན་ཏེ་སི་ཟེར་བ་ཡིན།ད་ཐེངས་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་རུ་ཞུགས་ཐུབ་བྱུང་བས་ཧ་ཅང་དགའ་ཡོད། ང་ནི་ཆེས་གནའ་བོའི་ལྷ་གཉན་རྒན་པ་ཞིག་ཡིན་པས།འདིར་རང་གི་ལྟ་ཚུལ་ཞིག་བཤད་ན།ད་སོ་མར་འདིར་བཞུགས་ལྷ་གཉན་རྣམས་ཀྱིས་མིའི་རིགས་ལ་ཆད་པ་གཅོད་པའི་གཏམ་ཐོས་རྗེས།ངའི་ཡིད་སེམས་ཅུང་མི་བདེ་བར་གྱུར་སོང་། རང་བྱུང་ཁོར་ཡུག་ལ་གཏོར་བརླག་བཏང་བར་སྡིག་ཉེས་ཚབས་ཆེན་པོ་ཡོད་པ་ནི།མིའི་རིགས་ཡོངས་ཀྱི་ཉེས་དམིགས་མིན་པར།དེ་ནི་མི་ཁག་ཅིག་གིས་རང་ཉིད་ཀྱི་འདོད་སྲེད་སྐོང་ཆེད་བཟོས་བ་ཡིན་པ་སྨོས་མེད་རེད།གལ་སྲིད་ཚང་མས་བཤད་པ་ལྟར་གངས་སྐྱོན་དང་།ས་ཡོམ།མེ་སྐྱོན།དམག་འཁྲུག རིམས་ནད།ཆུ་ལོག་སོགས་ཀྱིས་མིའི་རིགས་ལ་གནོད་འཚེ་ཚབས་ཆེན་བཟོས་བའི་ཚེ།ཉེས་པ་མེད་པའི་མི་དང་སྲོག་ཆགས་གྲངས་མེད་པ་ཞིག་སྡུག་ལ་སྦྱར་བ་རེད།ཉེས་ཆད་དེ་དག་ཀྱང་མིའི་རིགས་ཀྱི་བྱ་སྤྱོད་དང་ཁྱད་པར་ཅི་ཡོད། དེ་ལྟར་མིའི་རིགསས་ལ་ཆད་པ་ལྕི་མོ་བཅད་ན།མིའི་རིགས་ཀྱི་འདོད་སྲེད་སྔར་ལས་ཇེ་ཆེར་འགྲོ་བ་དང་།ཚོད་འཛིན་ཅི་ཡང་མེད་པའི་སྒོ་ནས་འདྲེ་ལག་རང་བྱུང་ཁམས་ཆེན་པོའི་ཕྱོགས་སུ་བསྲིངས་ཏེ།རང་བྱུང་ཁམས་ཆེན་པོའི་སྟེང་ནས་ཁོ་ཚོའི་ཤོར་སོང་བ་མཐའ་དག་འཕྲོག་སྲིད་པས།དེ་ལས་ཚབས་ཆེ་བའི་མཇུག་འབྲས་ཤིག་གང་ན་ཡོད།དེའི་མཚུངས་སུ་ཁོ་ཚོའི་བར་དུ་འཁོན་རེས་ཀྱང་རྒྱུན་མི་ཆད་པ་འབྱུང་སྲིད་པས།ཁྱེད་རྣམས་ཀྱིས་བསམ་བློ་ནན་མོ་གཏོང་རོགས”ཞེས་ཞུས།

  གྷི་རི་སིའི་ལྷ་གཉན་དེས་དེ་སྐད་བརྗོད་རྗེས་རང་གི་སྡོད་གནས་སུ་བཞུགས་པ་དང་།ལྷ་གཉན་གཞན་རྣམས་ཀྱང་ཅུང་ཙམ་ཧད་ནས་སྡོད་ཅིང་།གཏམ་གླེང་ཡང་འདྲ་མིན་སྣ་ཚོགས་བྱེད་དེ།འགའ་ཤས་ཀྱིས་གྷི་རི་སིའི་ལྷ་གཉན་གྱི་གཏམ་ལ་མ་དགའ་བའི་ཉམས་ཀྱིས་“ཁོང་གི་འདོད་དོན་ལྟར་མིའི་རིགས་ལ་བཟོད་སྒོམ་བྱས་ན།མིའི་རིགས་ཀྱི་འདོད་རྔམ་སྔར་ལས་ཀྱང་ཇེ་ཆེར་གྱུར་ཏེ།དུས་ནམ་ཞིག་ལ་རྟ་རྒན་མ་ཤི་གོང་ཕོ་རོག་གིས་མིག་འབྲུ་བའི་དུས་ཤིག་ཡོང་གི་རེད”ཅེས་ཟེར་བཞིན་སེམས་ཁུར་བྱས།

  དེ་ནས་ཨ་མྱེས་རྨ་ཆེན་གྱིས་“ལྷན་རྒྱས་སེམས་ལྷོད་ལ་འབབ་རོགས། གཏམ་དང་རལ་གྲི་གཉིས་ཀྱི་རྩེ་ནས་མི་འཆང་ཡུ་ནས་འཆང་ཟེར་བ་ལྟར་གྷི་རི་སིའི་ལྷ་གཉན་གྱིས་བཤད་པ་ནི་གནས་ལུགས་མེད་པ་ཞིག་མ་རེད། འདིར་ངས་ངེས་པར་དུ་ཚང་མར་ནོར་འཁྲུལ་ཞིག་ཡོད་པ་དེ་ཡོ་བསྲང་བྱ་དགོས།ང་ཚོས་མིའི་རིགས་ལ་ཆད་པ་གཅོད་པའི་དམིགས་ཡུལ་ནི་མིའི་རིགས་སྐྱོབ་པའི་ཆེད་དུ་ཡིན་པ་ལས།ཚང་མ་རྩ་མེད་དུ་གཏོང་འདོད་པ་ག་ལ་ཡིན”ཞེས་བཤད་།

  ལྷ་གཉན་མང་པོས་ཨ་མྱེས་རྨ་ཆེན་གྱི་གཏམ་གོ་རྗེས།མགོ་བོ་ནང་དུ་གུག་ནས་བདེན་པ་རེད་ཟེར་བཞིན་རིམ་གྱིས་ལྷིང་འཇགས་སུ་གྱུར།

  དེ་ནས་ཨ་མྱེས་རྨ་ཆེན་གྱིས་“གཤམ་དུ་གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོས་ཕྱོགས་སྡོམས་ཀྱི་གསུང་བཤད་གནང་རྒྱུ་རེད”ཅེས་བཤད་པ་ན། ལྷ་གཉན་ཀུན་གྱིས་མིག་ཟུང་སྦྲ་གུར་ཕུག་ཏུ་འཁོར།གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོས་དབུ་ཡི་ཞྭ་ཕུད་དེ་འཁོར་གཡོག་གི་ལག་ཏུ་བཞག་པ་དང་།དེ་ནས་ལག་ཟུང་གིས་ཕྱག་རྒྱ་དང་བཅས་ཁ་མུར་མུར་སྒོས་སྨོན་ལམ་གྱི་ཚིག་འགའ་གསུངས་རྗེས།ངག་ནས“བཀྲ་ཤིས་པའི་ཉིན་མོ་འདིར།ང་ཚོ་ཁ་བ་གངས་རིའི་ལྗོངས་ཀྱི་ས་རིམ་པ་ལྔ་བའི་ཡན་ཐོབ་པའི་ལྷ་གཉན་དག མདོ་སྨད་ས་ཡི་ལྟེ་བ་རྨ་ཆེན་སྤོམ་རའི་མདུན་ཕྱོགས་ཀྱི་རྨ་ཆེན་རྩྭ་ཐང་གི་འདུ་རུ་ཁྲ་མོར་ལྷན་དུ་འཛོམས་ཏེ།གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་བདེ་བླག་ངང་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག མི་རིགས་དང་རྒྱལ་ཁབ་མི་འདྲ་བ་ནས་ཕེབས་པའི་སྐུ་མགྲོན་རྣམས་ལའང་ཐུགས་རྗེ་ཆེ་ཞུས་བ་ཡིན།གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་འདི་ནི་སྤྱིར་འཛམ་བུ་གླིང་དང་།ནང་སྒོས་སུ་ངེད་སྒང་བ་བོད་པའི་ཕྱི་ཡི་བཀོད་པ་དང་ནང་གི་སྣོད་བཅུད་ལ་མིའི་རིགས་ཀྱིས་གཏོར་བརླག་ཡང་ཡང་བྱས་ཏེ།ད་ནི་མི་སྐྱོབ་ཐབས་མེད་དུ་གྱུར་བའི་དུས་ལ་སླེབས།ང་ཚོས་མིའི་རིགས་ཀྱི་བསམ་སྦྱོར་ངན་པ་འདི་ལ་དྲན་སྐུལ་མ་བྱས་ན།ཁོ་ཚོས་རང་གི་ཉེས་དམིགས་ཤེས་བཞིན་མེད་པས།ཛ་དྲག་གི་ཚོགས་འདུ་འདི་འཚོགས་ཏེ་སྲིད་ཇུས་འགའ་གཏན་འཁེལ་བྱས་པ་ཡིན།ཡིན་ནའང་ཀུན་ལ་གསལ་འདེབས་བྱེད་དགོས་པ་ཞིག་ནི།གོང་ནས་ཨ་མྱེས་རྨ་ཆེན་གྱིས་གསུངས་བ་ལྟར།ང་ཚོས་མིའི་རིགས་ལ་ཆད་པ་གཅོད་པའི་དམིགས་ཡུལ་ནི་མིའི་རིགས་སྐྱོབ་པའི་ཆེད་དུ་ཡིན་པ་ལས།ཚང་མ་རྩ་མེད་དུ་གཏོང་འདོད་པ་ག་ལ་ཡིན།མིའི་རིགས་ལ་ནོར་འཁྲུལ་ཡོད་པ་སྨོས་ཡིན་མོད།འོན་ཀྱང་ཁོ་ཚོས་ཚོད་འཛིན་མེད་པའི་སྒོ་ནས་རང་བྱུང་ཁམས་ལ་གཏོར་བརླག་བཏང་བ་དེ།མཐར་གཏུགས་ནས་བཤད་ན་རང་བྱུང་ཁམས་ལ་འོས་མེད་བྱས་པ་ཡིན་པས།ཁོ་ཚོར་རང་ཉིད་ཀྱིས་བཟོས་བའི་ནག་ཉེས་ཤེས་སུ་འཇུག་རྒྱུ་དེ་ནི་ང་ཚོ་ལྷ་གཉན་དག་གི་འོས་འགན་ཡིན།སྤྱིར་རང་བྱུང་ཁམས་ལ་གཏོར་བརླག་གཏོང་བའི་སྡིག་ཉེས་རྩ་བ་ནས་ངོས་འཛིན་ཐུབ་དགོས་ན།གཙོ་བོ་མིའི་རིགས་རང་ཉིད་ཀྱི་གོ་རྟོགས་ལ་བརྟེན་དགོས”ཞེས་གསུངས་།

  ཉིན་དེར།གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ་རྗེས།ལྷ་གཉན་རྣམས་གྲལ་ཕྲེང་རིང་པོ་བསྒྲིགས་ནས་ཤར་ཕྱོགས་ལྷ་གཉན་གྱི་སྐྱབས་མགོན་གངས་རིན་པོ་ཆེ་དང་།གངས་ལྗོངས་ལྷ་གཉན་གྱི་རྗེ་བོ་ཡར་ལྷ་ཤམ་པོ་གཉིས་ལ་སྒོ་གསུམ་གུས་པས་མཇལ་བ་དང་།མཇལ་ཁ་བླངས་ཚར་དུས་ཕྱི་དྲོའི་ཉི་མའང་ནུབ་ལ་ཉེ།སྐབས་དེར་ཕྱོགས་བཞི་མཚམས་བརྒྱད་ནས་དུང་དཀར་གྱི་སྒྲ་ལྷང་ལྷང་དུ་གྲག་ཡོང་བས།ལྷ་གཉན་རྣམས་ཀྱི་ཡིད་ལ་དག་སྣང་དང་དད་པ་སྐྱེས་ཤིང་།ལོ་ན་བགྲེས་པའི་ལྷ་གཉན་རྣམས་ཀྱིས་བཀྲ་ཤིས་པའི་སྔ་ལྟས་རེད་ཟེར་བཞིན་མིག་ནས་མཆི་མའང་དབང་མེད་དུ་ཤོར།

  དེའི་རྗེས་ཀྱི་ཉིན་འགའི་རིང་།མགྲོན་བདག་ཨ་མྱེས་རྨ་ཆེན་གྱིས་རྨ་ཆེན་རྩྭ་ཐང་གི་འདུ་ར་ཁྲ་མོ་ནས་ཟས་རིགས་དང་གསེར་ལྕེམས་གྱི་གསོལ་སྟོན་རྒྱ་ཆེན་པོ་བཤམས་ཏེ།ལྷ་དང་ཀླུ།ལྷ་མ་ཡིན།མཁའ་འགྲོ།ཆོས་སྐྱོང་།ཕྱི་རྒྱལ་གྱི་ལྷ་གཉན་སྐུ་མགྲོན་སོགས་གཙོས་གངས་ལྗོངས་ཀྱི་ལྷ་གཉན་རྣམས་ལ་སྣེ་ལེན་གཟབ་རྒྱས་བྱས།དེ་ནས་ཉིན་འགའ་ལ་གླུ་གར་དང་།རྟ་རྒྱུག མདའ་འཕེན་སོགས་བོད་རིགས་ཀྱི་སྲོལ་རྒྱུན་རོལ་རྩེད་དང་ལུས་རྩལ་རྣམ་གྲངས་ཁ་ཚང་བརྩེས་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ།

  ཉིན་བཞི་བ་ནས་བཟུང་།མི་རིགས་དང་རྒྱལ་ཁབ་མི་འདྲ་བའི་ཕྱི་ཡུལ་གྱི་ལྷ་གཉན་སྐུ་མགྲོན་དང་།གངས་ལྗོངས་ཀྱི་ལྷ་གཉན་ཚང་མ་རྨ་ཆེན་རྩྭ་ཐང་དང་ཁ་བྲལ་ནས།རང་རང་གི་མངའ་ཁོངས་ས་གནས་དང་།རང་ཡུལ་གྱི་མི་སེར་སྐྱོང་པའི་བྱ་གཞག་རླབས་པོ་ཆེ་དོན་དུ་གཉེར་བར་ཕེབས།ངའི་རྣམ་ཤེས་ཀྱང་ཨ་མྱེས་གཡང་རྫོང་གི་འཁོར་གཡོག་གཞོན་ནུ་དེའི་ལུས་སུ་ཞུགས་པ་དང་།ཁོའི་རྣམ་ཤེས་ཀྱང་ངའི་ལུས་ལ་འཕོས་ནས་རང་རང་གི་དབུ་ཁྲིད་ལྷ་གཉན་དག་དང་མཉམ་དུ་རྨ་ཆེན་རྩྭ་ཐང་དང་ཁ་བྲལ་ནས།བར་སྣང་ཁམས་ནས་སྤྲིན་ཚོམ་གྱི་རྟ་ལ་བསྐྱོན་ནས་ཕྱིར་ལྡོག་པའི་ལམ་དུ་ཞུགས།

  ཨ་མྱེས་རི་མདུང་དང་ངེད་ཅག་རྒྱ་ནག་རྨེ་རུ་རྫོང་གི་དགོན་པའི་ལུང་གི་མཁའ་དབྱིངས་སུ་སླེབས་སྐབས།ང་ཁོ་ཚོ་དང་ཁ་འབྲལ་དགོས་བྱུང་།གྱེས་ཁར་ངས་ཨ་མྱེས་རི་མདུང་ལ“ད་ལྟ་ནས་བཟུང་ང་ནི་ལྷ་གཉན་གྱི་ཕོ་ཉ་མིན་པས།སླད་ཕྱིན་ངས་ད་དུང་རྨི་ལམ་ནང་ནས་ཁྱེད་མཇལ་ཐུབ་བམ”ཞེས་དྲིས་པ་ཡིན།

  ཨ་མྱེས་རི་མདུང་གིས་“ཁྱོད་ནི་ལྷ་གཉན་གྱི་ཕོ་ཉ་མིན་ཡང་།ཁྱོད་མ་གཞི་ནས་ལྷ་གཉན་ཞིག་ཡིན་པས།གནས་སྐབས་སུ་མི་ཡུལ་དུ་བཞུགས་དགོས་ཀྱང་།ང་ཚོར་རྗེས་མར་མཇལ་ཐུབ་ངེས”ཞེས་བརྗོད་བྱུང་།

  ངས་ཁེངས་སྐྱུང་གིས་“སླད་མར་ཁྱེད་ཀྱིས་ང་ལ་བཀའ་སློབ་མང་ཙམ་གནང་རོགས”ཞེས་ཞུས་པར།

  ཨ་མྱེས་རི་མདུང་གིས་སེམས་ཁྲལ་གྱིས་ངང་དུ“དེ་ནི་བཤད་མ་དགོས་པ་ཞིག་ཡིན་མོད།འོན་ཀྱང་ཁྱོད་ཚོ་མིའི་རིགས་ནི་ལོ་ཚོད་འཕེལ་བ་དང་བསྟུན།ལུས་སྟེང་གི་གྲིབ་སྐྱོན་དང་སེམས་ནང་གི་དྲན་པ་ཇེ་མང་དུ་འགྲོ་བས།མི་དང་མིའི་བར་དང་མི་དང་ལྷ་གཉན་གྱི་བར་ཐག་ཡུན་གྱིས་ཇེ་རིང་དུ་འགྲོ་བ་ཆོས་ཉིད་དུ་མཐོང་། རྗེས་མར་ཡང་ཁྱོད་ཀྱི་བྱིས་བློར་དྲི་མས་མ་གོས་བ་གྱིས་དང་།ང་ཚོ་མུ་མཐུད་དུ་འགྲོ་འོང་བྱེད་ཐུབ་ངེས”ཞེས་གསུངས་།

  ངས་“རང་གིས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན”ཞེས་ཁས་ལེན་བགྱིས་པ་དང་། གློ་བུར་ཡིད་ལ་དོན་དག་གཞན་པ་ཞིག་དྲན་བྱུང་བས།ངག་ལས“ཨ་མྱེས་རི་གདུང་ལགས།ཐེངས་འདིའི་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་འདི་ལས།སྔར་ཐོས་མ་མྱོང་བའི་གཏམ་མང་པོ་ཐོས་བྱུང་ལ་སྔར་མཐོང་མ་མྱོང་བའི་ལྟད་མོ་མང་པོ་མཐོང་པས།འདི་དག་ཕྱིར་རུ་སྒྲོག་མི་ཉན་པ་ཤེས་མོད་།ངའི་ནང་མི་དང་གྲོགས་པོ།ཁྱིམ་མཚེས་སོགས་ལ་བཤད་ན་ཆོག་གམ”ཞེས་དྲིས།

  ཨ་མྱེས་རི་མདུང་གིས་“ཁོ་ཚོ་ལའང་གནས་སྐབས་སུ་བཤད་མི་རུང་།མི་ལོ་བཅུ་གསུམ་འདས་བའི་རྗེས་མིང་ལ་དཔལ་ལྡན་ཟེར་བ་ཞིག་གིས་དེ་དག་སྒྲུང་གཏམ་ཞིག་ཏུ་འབྲི་མགོ་རྩོམ་པ་དང་།ཁོས་དེ་ལ་བཟོ་བཅོས་མང་པོ་བརྒྱབ་རྗེས་མི་ལོ་ཉི་ཤུའི་གཞུག་ནས་དཔེ་སྐྲུན་འགྲེམས་སྤེལ་བྱ་སྲིད་པས།དེའི་དུས་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུའི་སྐོར་གྱི་ནང་དོན་རྣམས་མིའི་རིགས་ཀྱིས་ཤེས་བར་གྱུར་ཏེ།བསམ་གྱིས་མི་ཁྱབ་པའི་ཕན་འབྲས་འབྱུང་སྲིད”ཅེས་གསུང་བྱུང་།

  ངས་མྱུར་དུ“ཨ་མྱེས་རི་མདུང་།དཔལ་ལྡན་ཟེར་བ་སུ་ཞིག་རེད ”ཅེས་དྲིས་པར།

  ཨ་མྱེས་རི་མདུང་གིས་“ཁྱོད་དང་འབྲེལ་བ་ཡོད་པའི་མི་ཞིག་རེད”ཅེས་གསུངས།

  ངས་རང་གི་ཕུ་བོ་ཆུང་བ་རྩོམ་འབྲི་རྒྱུར་དགའ་བ་དྲན་ནས“དེ་ནི་ངའི་ཕུ་བོ་ཆུང་བ་མིན་འགྲོ།གལ་ཏེ་ཡིན་ན་དཔལ་ལྡན་ཟེར་བ་ནི་ཁོའི་བརྩམས་སྒྲུང་ནང་གི་མི་སྣ་ཞིག་ཡིན་པ་མ་གཏོགས།ཁོའི་མིང་ལ་ཅོ་ནེ་ཡུམ་ཚེ་རིང་ཟེར་བ་རེད”ཅེས་བཤད།

  ཨ་མྱེས་རི་མདུང་གིས་“རྩོམ་པ་པོས་རང་གི་སྣང་བརྙན་དེ་མི་སྣ་ཆེ་གེ་མོ་ཞིག་ལ་སྦྱར་ནས་གབ་སྟོན་བྱེད་པ་ཡང་སྒྱུ་རྩལ་གྱི་དགོས་མཁོ་ཞིག་གི་ཆེད་དུ་ཡིན་པས།དེ་ལ་རྩ་སྔོག་མཐིལ་འདྲི་བྱེད་དགོས་དོན་མེད”ཅེས་གསུངས་བྱུང་།

  ངས་“ཧེ་ཧེ།ཏན་ཏན་ཡིན་སྲིད།ང་ཡང་ཁོས་རྟོག་བཟོ་བྱེད་པའི་མི་སྣ་ཞིག་ཡིན ”ཞེས་བཤད་པ་ན།

  ཨ་མྱེས་རི་མདུང་གིས་“ཁ་རོག།འདི་ཡང་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་གི་ཚོགས་འདུ་བཞིན་གསང་བ་ཞིག་ཡིན་སྲིད་པས།དགོས་པ་མེད་ན་གང་སར་མ་བཤད”ཅེས་གསུངས།

  ངས་“ལགས་སོ།”ཞེས་ཁས་ལེན་བྱས།

  དེའི་མུར་ང་ཚོ་དེ་ག་ནས་ཡིད་འཁྲེང་བཞིན་ཕན་ཚུན་ཁ་བྲལ་བ་ཡིན།

  ང་དགོན་པའི་ལུང་བ་ཡི་ངེད་ཚང་གི་ཕྱུགས་རར་ལོག་སྙམ་སྟེ།རང་གི་ལུས་པོ་དང་ཉེ་འཁོར་ལ་གསལ་བོ་ཞིག་བལྟས་པ་ན།ང་ནི་ངེད་ཚང་གི་སྦྲ་ནག་ནང་གི་ཚ་ཐབ་སྟེང་དུ་ཉལ་ཡོད་ལ།ཨ་མས་ལག་ཕྱིས་རློན་པ་ཞིག་བཟུང་ནས་ངའི་ཐོད་པའི་རྔུལ་ཆུ་འབྱིད་བཞིན་མཆི།ཨ་ཁུ་བསོད་ནམས་མགོན་པོ་དང་མི་རྒོད་གཉིས་མཉམ་དུ་མལ་ཁྲིའི་འགྲམ་དུ་ལངས་ཡོད་ཅིང་།ངོ་གདོང་གི་སྔངས་འཚབ་ཀྱི་ཉམས་ད་དུང་ཡལ་མེད། ངས་མིག་ཕྱེས་ནས་ཧ་མི་གོ་བའི་ཉམས་ཀྱིས་“ཁྱོད་ཚོས་ཅི་ཞིག་བྱེད་བཞིན་ཡོད”ཅེས་དྲིས།

  ཨ་མས་“དེ་སྔོན་ཁྱོད་ཕ་རིའི་རི་སྒང་དུ་གློ་བུར་མགོ་ཡུ་འཁོར་ནས་ན་རྒྱུ་ཞིག་བྱུང་བས།ཨ་ཁུ་བསོད་ནམས་མགོན་པོ་དང་མི་རྒོད་གཉིས་ཀྱིས་ཁྱོད་ཕྱིར་ཁྱིམ་དུ་ཁུར་ཡོང་”ཞེས་བརྗོད་ལ།མོའི་གདོང་གི་སྐྲག་སྣང་ཡང་ད་དུང་ཡལ་མེད།

  “མ་རེད།ང་་་”

  ངས་རང་ཉིད་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུར་ཞུགས་ནས་ད་སོ་མ་ཕྱིར་ལོག་པ་དྲན་པས།ཡིད་ལ་ལྷ་གཉན་གྱི་ཡུལ་དུ་ཉིན་དྲུག་བདུན་འགོར་ཡང་།མི་ཡུལ་དུ་སྐར་མ་འགའ་ཡང་འགོར་མེད་སྙམ་ནས་མཚར་སྣང་སྐྱེས།ད་རེས་ཀྱི་གངས་ལྗོངས་ལྷ་གཉན་གྱི་ཛ་དྲག་ཚོགས་འདུ་འཚོགས་པ་གསང་རྒྱ་ནན་པོ་བྱེད་དགོས་པ་དྲན་པས།ཚབ་ཚུབ་ངང་ཚ་ཐབ་སྟེང་ནས་ཡར་ལངས་ཏེ།གཡས་ལག་གིས་བྲང་ཁ་བརྡུངས་ནས“ཁྱོད་ཚོས་ལྟོས་དང་།ད་ལྟ་ང་སངས་དྲག་བྱུང་ཡོད”ཅེས་བཤད་།

  ཨ་མས་ཕྱག་ཟུང་ཐལ་མོ་སྦྱར་ནས“སྐྱབས་བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་རེད་ཡ”ཞེས་ཟེར་བཞིན་མིག་ནས་མཆི་མ་བཞུར།

  ཡུད་ཙམ་ནས་ཨ་མས་“ནོར་ཁྱུ་ད་དུང་རི་མགོར་ཡོད་པས་འདེད་དུ་འགྲོ་རན་རེད”ཅེས་ཟེར་བས།ངས་སྦྲའི་སྒོ་ཚུབ་ཀྱི་ཕྱོགས་སུ་བལྟས་པ་ན།ཉི་འོད་སྒོ་ཚུབ་ཏུ་ཕོགས་ཡོད་པ་ད་དུང་ཡལ་མེད་པས།ངའི་སེམས་སུ་དུས་ཚོད་སྔ་རྒྱུ་དེ་འདྲ་མེད་ཀྱང་།ནོར་ཁྱུ་ཕྱིར་ལྷས་རར་བསྐོར་ཚད་ལ་སླེབས་མེད་པས།ཨ་མ་དེ་འདྲའི་བྲེལ་དོན་ཅི་ཡིན་ནམ་སྙམ།

  ཨ་མས་“ང་ནོར་ཁྱུ་འདེད་དུ་འགྲོ་རྒྱུ་ཡིན།ཁྱེད་ད་དུང་ཉལ་ནས་ངལ་གསོ་ཏོག་ཙམ་བྱེད་ཆོག”ཅེས་ཟེར་བཞིན་སྦྲ་ནང་ནས་ཕྱིར་བུད།

  ངས་“སྐྱོན་མེད།ཨ་མ་ལགས།ང་འགྲོ་ཆོག” ཅེས་ཟེར་བཞིན་ཚ་ཐབ་ལས་མར་འབབ་རྩིས་བྱས།

  “དཀོན་མཆོག་གསུམ།འདི་ནི་ཅི་ཞིག་ཡིན་ནམ”ཨ་མ་སྦྲའི་སྒོ་འགྲམ་དུ་ལངས་ནས་མགོ་བོ་ཡར་བཏེགས་ནས་ནམ་མཁའ་ལ་ལྟ་བ་དང་།ཡང་མོས་“དེ་འདྲའི་ཡ་མཚན་གྱི་སྤྲིན་དཀར་ཞིག་མཐོང་མ་མྱོང་”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

  ཨ་ཁུ་བསོད་ནམས་མགོན་པོ་དང་མི་རྒོད་གཉིས་ཀྱིས་ཀྱང་ཨ་མས་མཚར་སྣང་གི་དབུགས་འབྱིན་པའི་སྒྲ་དེ་ཐོས་རྗེས།གདོང་ལ་ཐེ་ཚོམ་གྱི་ཉམས་ཤིག་མངོན་ཏེ།སྦྲ་ནང་ནས་ཕྱིར་རུ་བུད་སོང་།ཁོ་ཚོ་ཚང་མས་སྦྲའི་སྒོ་འགྲམ་དུ་མགོ་བོ་བཏེགས་ནས་གནམ་ལ་ལྟ་བཞིན་འདུག་ཅིང་ ང་ཡང་སྒོར་བུད་དེ་མགོ་བོ་བཏེགས་ནས་གནམ་ལ་བལྟས་དུས།མཁའ་དབྱིངས་སུ་གཤོག་པ་ཐོགས་པའི་འདོ་རིགས་རྟ་ཕོ་དང་བྱ་རྒྱལ་ཁྱུང་ཆེན་ལྟ་བུའི་སྤྲིན་ཚོམ་མང་པོ་ཞིག་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་མཆིས། དེར་ངའི་ཁ་ནས་དབང་མེད་དུ“ལྷ་གཉན་ཀན་ཚོ་ད་དུང་ལམ་བར་ན་ལུས་ཡོད་དོན་ཅི་ཡིན་ནམ”ཞེས་ཤོར་བ་ན།

  “ཁྱོད་ཀྱིས་ཅི་ཞིག་ཟེར་བ་ཡིན་ནམ།”

  ཨ་མ་དང།ཨ་ཁུ་བསོད་ནམས་མགོན་པོ།མི་རྒོད་གསུམ་གྱིས་ང་ལ་བལྟས་འདུག

  ངའི་སེམས་ལ་ད་མ་འགྲིག ལྷ་གཉན་གྱི་གསང་བ་ཕྱིར་ཤོར་ག་ལ་རུང་སྙམ་པ་དང་།དེ་ནས་མིག་ཟུང་གིས་མདུན་རིའི་རི་སྒང་གི་ཕྱོགས་སུ་བལྟས་བ་ན།ངེད་ཚང་གི་ནོར་ཁྱུ་ཡིས་གནས་དེ་རུ་བག་ཕེབས་ངང་རྩྭ་བཟའ་བཞིན་པ་མཐོང་བས།ངས་“ནོར་གནག་དེ་དག་ད་དུང་རི་སྒང་ན་ལུས་ཡོད་པ་ཅི་ཡིན་ནམ་ཟེར་བ་ཡིན”ཞེས་ལན་བཏབ་པས།ཨ་མ་དང།ཨ་ཁུ་བསོད་ནམས་མགོན་པོ།མི་རྒོད་གསུམ་གྱི་སེམས་ད་གཟོད་ལྷོད་ལ་བབས་ཤིང་།ཁོ་ཚོས་མུ་མཐུད་དུ་མགོ་བོ་བཏེགས་ནས་ནམ་མཁའ་ལྟ་ཞོར།མཐོང་དཀོན་པའི་སྣང་ཚུལ་འདི་གླེང་བཞིན་འདུག་གོ།

  2020ལོའི་《སྦྲང་ཆར》དེབ་བཞི་བ་ལས་བཏུས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 《སྦྲང་ཆར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་གསར་པ། 《ལྷ་གཉན་གྲོས་ཚོགས》

2021-03-19 ཅོ་ནེ་ཡུམ་ཚེ་རིང་།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།