དྲན་པ་མཉམ་བཞག
རིག་པ་འཛིན་པ་མོ་ན་རེ།“ཀྱེ། ཁྱེད་ཀྱིས་གསུངས་པའི་གདམས་པའི་མཐིལ་གང་ལགས། སྲིད་པའི་བཞུད་ལམ་རིང་མོ་འདིའི་ཆོས་ཉིད་གསུང་དུ་གསོལ།” དབུས་བཟའ་མཁའ་འགྲོ་མ་ན་རེ།“ཀྭ་ཡེ། དེ་ནི་སོ་སོའི་རྟོག་པའི་འཕྲུལ་བ་འགའ་ཞིག་རི་མོར་བགྱིས་པ་ཡིན་པས། སྐབས་སུ། ཁྱེད་ལ་བསྟན་ཀྱང་གོ་བར་དཀའ”
ཟང་ཟིང་དུ་གྱུར་བའི་འཁོར་བའི་ཕུན་ཚོགས་ནི། གྲོང་དང་གྲོང་ཁྱེར་དུ་གསལ་ཞིང་། དྲང་སྲོང་དཀའ་ཐུབ་པ་དག་གི་རྣམ་པར་ཤེས་པ་ལ་འཕྱར་གཡེང་སྟེར་བའི་འདུ་བྱེད་དག་ཀྱང་རབ་ཏུ་གྲུབ་པོ།།
གློག་འོད་མག་མོག་པོ་ཞིག་གི་ངོགས་སུ། གདོང་ཕྱེད་སེང་རས་ཀྱིས་བསྒྲིབས་པའི་རིག་པ་འཛིན་པ་མོའི་སེམས་སུ། ཡུ་བུ་ཅག་ལྷིང་པོར་གནས་མི་ཐུབ་པའི་རྒྱུ་ཅི། ནང་དུ་ཡང་དག་པར་འཇོག་པ་འབའ་ཞིག་ལ་རོལ་བའི་ཐབས་གང་ཞིག་ཡོད་དམ་སྙམ་བཞིན་རྨི་ལམ་དུ་རོལ་ཙམ་བྱས་པའི་ཚེ། ལྷ་དང་བླ་མའམ། མི་འམ་ཅི་གང་ཡིན་ཆ་མ་འཚལ་བའི་མིའུ་ཆུང་གི་རྣམ་ཅན། གཟུགས་པོ་ཐིང་ལ། གདོང་ཤ་ལྷོད་པ། སྐྲའི་ཕོན་པོ་དོ་ཀེར་གྱི་ཚུལ་དུ་བཞག་པ་ཞིག་ན་རེ།“འཇིག་རྟེན་ནི་མེ་ལོང་ངོས་ཀྱི་གཟུགས་བརྙན་དང་འདྲ། ཁྱེད་ཀྱི་གདོང་གི་ཁ་དོག་དང་རྣམ་པ། བྱ་བྱེད་དག་འགྱུར་བ་དང་ཚུལ་མཚུངས་པར་བྱད་གཞི་དེར་འགྱུར་བ་ཐེབས་པ་ནང་བཞིན། སེམས་ཀྱི་འགྲོ་འོང་དང་འཇུག་གནས་ལྟར། འཇིག་རྟེན་ནི་དེའི་རྗེས་སུ་རབ་ཏུ་འགྲོའོ་ཟེར།”རིག་པ་འཛིན་པ་མོ་གཉིད་ལས་སད་ཀྱང་། སླར་ཡང་འཆར་ཡན་གྱི་ཀློང་དུ་ཚུད། ཁང་བ་དང་ཁང་བརྩེགས་ནི་མཐོ་ལ་བརྗིད་ཆེ་བ། རྒྱུ་སྐར་གྱི་ཚོགས་ས་ལ་བསྟི་བ་བཞིན་མཚར་བ། ཕྱོགས་བཞིར་ཇ་ཁང་དང་། ཀོག་ཧྥེའི་ཁང་། ཞབས་བྲོ་ཁང་སོགས་ཆེ་ཆུང་མ་ངེས་ཤིང་། ན་གཞོན་དག་གཙོས་མིའི་འདུ་འཛི་ནི་ཟམ་མ་ཆད་པས་ཁེངས་པའི་གཞི་འདི་རུ་རང་ཉིད་བོར་གྱིས་དོགས་པས་མནར་ཡང་། ཅིས་ཀྱང་འགྲོ་དགོས་པའི་ཚུལ་ནི་ལྡོག་ཏུ་མེད་སྙམ།
རིག་པ་འཛིན་པ་མོས་སེམས་ཀྱི་གོམ་པ་རེ་རེ་འགོམ་པ་དང་མཉམ་དུ་གྲིབ་མའང་འགུལ་བཞིན་ཡོད་ཅིང་། དེ་དང་མཉམ་དུ་གྲོང་ཁྱེར་འདིའི་ལམ་གྱི་ཁ་ཕྱོགས་ལ་ངེས་པ་མ་ཐོབ་པའི་མིག་ཟུང་གང་སར་གཏོད་བཞིན་ཡོད། གོས་ཀྱི་མདངས་མི་འདྲ་བ། འཇའ་ཚོན་སྤང་ལ་འཁྱིལ་བ་ལྟ་བུ། ཞྭ་མོ་དང་ལྷམ། མགུལ་རྒྱན་དང་ལག་གདུབ། སྐྲ་ཡི་དབྱིབས་དང་རྣམ་པ། གདོང་གི་ཚོས་གཞི་དང་མིག་གི་རི་མོ། མཆུ་སྒྲོས་ཀྱི་མདངས་སོགས་སོ་སོའི་མོས་པ་བཞིན་འཕེལ་ཅིང་། བྱེད་པོ་སུས་ཀྱང་དབང་དུ་འདུ་མི་ཐུབ་པའི་ཚུལ་དུའོ།།
མིག་འཕྲུལ་བའི་ཆས་འདི་རྣམས་སྒྱུ་མ་ལྟར་གསུངས་ཀྱང་། འདི་དག་ལའང་རྣམ་གཞག་ཞིབ་ཚགས་པོ་རེད། དཔེར་ན། ཁོ་མོའི་འཁྲིས་ཀྱི་ཁང་བ་དང་ཁང་ཆེན་དག་གི་རྩིག་བཟོ་དང་མཛེས་བཀོད་ཕུན་སུམ་ཚོགས་པར་མ་ཟད། སྲང་ལམ་དུ་རྒྱུ་བའི་རླངས་འཁོར་ཚོགས་ཀྱི་བཟོ་དབྱིབས་དང་མགྱོགས་འགྲོས་དག་ཡི་གར་འོང་བ་ལ། གཞན་སྐྲ་སིལ་བུར་བྱས་པའི་སྐྱེས་པ་དག་གི་བྲང་ག་ལྡིར་ཞིང་། མགུལ་འཆིང་བརྒྱབ་པ། མིག་ཤེལ་གདོང་རྩེར་དེད་ཅིང་། ལྷམ་གྱི་བཀྲག་མདངས་ལ་གཟུགས་བརྙན་ཤར་བ་ལྟ་བུའི་ལོངས་སྤྱོད་ཀྱི་ཚོགས་ནི་སུ་ཞིག་གི་བསོད་བདེའི་ཉིང་ཏིག་ཡིན་པར་སེམས། རིག་པ་འཛིན་པ་མོའི་རྣམ་པར་རྟོག་པའི་སྤྲོས་པ་ལས་བྱུང་བའི་འགྱུ་བ་འདི་དག་གི་ཁྲོད་དུ། འཆར་སྣང་གི་གྲིབ་མ་མགྱོགས་པོར་འགྲོ་བའི་དུས་ཉིད་ལ། གློ་བུར་དུ་སྒོ་གླེགས་བསལ་བའི་སྒྲ་གང་ཞིག་གིས་ཁོ་མོ་ཧར་གྱིས་སད། དེ་ཚེ། རིག་པ་འཛིན་པ་མོ་ན་རེ“ཀྱེ། བསོད་ནམས་དང་མི་ལྡན་པའི་མི་ལ་འཆར་ཡན་ཙམ་གྱི་ལོངས་སྤྱོད་ཀྱང་ཡུད་ཙམ་ལས་མེད་པ་ཅི།”
དབུས་བཟའ་མཁའ་འགྲོ་མས་ཅི་མི་སྙམ་པའི་ངང་དུ། ཁྱེད་ཀྱིས་ཅི་ཞིག་སྨྲ་བའི་དོན་ཅི་འཚལ།།མཚན་མོར་བབས་པའི་མུན་པ་ཡོངས་རྫོགས་ཤིང་།།མི་རྣམས་ཟང་ཟིང་བྱེད་པའི་དུས་ཡལ་བས།།ད་ལྟར་མིག་གི་ལོངས་སྤྱོད་ཀུན་དང་བྲལ།།
དེ་སྐད་སྨྲ་བའི་ཚེ། རིག་པ་འཛིན་པ་མོས་མགོ་བོ་སྤྲུག་བཞིན་ན་རེ།“ཀྱེ། ཌཱ་ཀིའི་གཙོ་མོ། རི་ཁྲོད་དང་དགོན་པ། ཤིང་དྲུང་སོགས་སུ་འཁོད་དེ་ལུས་ངག་ཡིད་གསུམ་གྱི་སྒོ་སྡོམ་པ་ཁོ་ནས། ངེད་ཅག་གི་རྟོག་ངོར་གནས་པའི་རི་མོ་ཇི་སྙེད་དབྱི་བར་མི་བཏུབ་ཅིང་། སྲིད་པར་སྙིང་པོ་མེད་པར་ལྟ་བ་དེའང་ཅོལ་ཆུང་གི་ལས་སུ་མི་འགྱུར་གྲང་།”དབུས་བཟའ་མཁའ་འགྲོ་མས། “ཀྭ་ཡེ། རིག་པ་འཛིན་པ་མོ། དེ་ལྟར་ལྟ་བར་མི་བྱ། ཁྱེད་ཀྱིས་རང་གི་རྨི་ལམ་དུ་བྱུང་བའི་ཕོ་འམ་མོ། གྲོང་དང་གྲོང་ཁྱེར་གྱི་སྣང་བ་དག་གཉིད་སད་པའི་དུས་ལ་མཐོང་ངམ། ཡང་ན། ཁྱེད་ཀྱིས་རྨི་ལམ་དུ་རོལ་བའི་ལོངས་སྤྱོད་ཇི་སྙེད་རྨི་སད་པའི་ཚེ་ལ་རོལ་ཐུབ་བམ།” རིག་པ་འཛིན་པ་མོ་ན་རེ།“གཅིག་ཤོས་ནི་དངོས་དང་། ཅིག་ཤོས་ནི་རྫུན་ཡིན་པས་དེ་གཉིས་ནི་སོ་སོའོ།”དབུས་བཟའ་མཁའ་འགྲོ་མ་ན་རེ། “ཁྱེད་ཀྱི་འདོད་པ་དེ་ག་རང་ངོ་། ང་ཚོའི་ངོར་དེ་གཉིས་ནི་སོ་སོ་བའོ།། དེ་ལྟར་མཐོང་ངོ་། འོན་ཀྱང་། འུ་བུ་ཅག་གིས་ལུས་ངག་ཡིད་གསུམ་གྱི་སྒོ་སྡོམ་པ་ནི་ཉེར་བསྡོགས་ཤིག་གོ། གཉུག་མར་གནས་པའི་དོན་ལ་འཇུག་པའི་སླད་དུའོ།།”རིག་པ་འཛིན་པ་མོས་ལན་གང་ཡང་མ་སྨྲ་བར། གདོང་བ་སྨད་ཅིང་། ལག་པ་གཉིས་པུས་མོར་འཁྱུད་དེ་ཙོག་བུར་བསྡད། སྐབས་དེར། དབུས་བཟའ་མཁའ་འགྲོ་མ་སྐྱོ་བའི་ཉམས་ཀྱིས་སྒོར་བུད་ཅིང་། འགྲོ་ཁར།
ཀྭ་ཡེ་གཞིན་བཟང་གདོང་བ་སྨད་པའི་ལས་དེ་གང་།།སྣང་བའི་རི་མོ་འབྲི་མཁན་རྩ་བ་འཚོལ་འདོད་ན།།ནང་དུ་ཡང་དག་འཇོག་པའི་སྒོམ་ལ་རབ་ཞུགས་དང་།།ནམ་ཞིག་མཚོ་ཡི་ཞབས་ཀྱི་ནོར་བུ་བཞིན་དུ་རྙེད།།
ཡུད་ཙམ་རྗེས་ལ། རིག་པ་འཛིན་པ་མོ་ལ་རྣམ་པར་རྟོག་པ་མང་དུ་སྐྱེས་སོ།། ཅི། དོ་ནུབ་བག་ཕབ་ནས་སྡོད་ཐབས་མི་འདུག ཁོ་མོ་འབྲོག་དགོན་པ་ཆེན་པོ་དེར་ཞུགས་ནས། ཆོས་ཀྱི་བྱ་བ་མང་དུ་བྱས་ཤིང་། ལྷ་དང་བླ་མར་སྲི་ཞུ་མ་བགྱིས་པ་ཅི་ཡང་མེད་མོད། གློ་བུར་གློ་བུར་དུ་ལུས་ཀྱི་སྟོད་འཚངས་པ་དང་། རྐང་པ་དང་ལག་པའི་མཐིལ་དུ་རྔུལ་ཆུ་འབབ་པ་འདི་ཅི་ཡིས་ཉེས། ཡང་ན་ནི། དགོན་པ་དང་རིང་དུ་གྱེས། སྤྱོད་ལམ་གྱི་ཆས་མང་པོ་ཞིག་གཞན་དུ་བསྒྱུར་བས་ཉེས་སམ། གང་ལྟར་ཕྱི་རོལ་ཏུ་འཕྱན་པར་བྱ། གནས་མལ་གཅིག་ཏུ་སྡོད་ཐབས་བྲལ་ལོ་སེམས་བཞིན། སྤྱིལ་བུ་ལས་ཕྱིར་ཕྱོགས་པ་ན། གྲོང་ཁྱེར་གྱི་འདུ་འཛི་ནི་ཉིན་མོ་ལས་ཅུང་ཞི་ཞིང་། གློག་སྒྲོན་དཀར་དམར་གྱི་འོད་ངོགས་སུ་ཆང་གིས་མྱོས་ཏེ་མུ་ཅོར་འདོན་པའི་རིགས་དང་། ཕན་ཚུན་གྱི་དཔུང་བར་བསྙེས་ཏེ་སྨྲ་བ་ཤབ་ཤུབ་ཏུ་ཟློ་བའི་བུ་དང་བུ་མོ་མང་པོ་ཚན་དང་ཚན་བྱས་ཏེ་འགྲོ་བ་ཕྱོགས་ཀུན་ཏུ་སྣང་ངོ་།། རིག་པ་འཛིན་པ་མོ་ལ་མཚོན་ན་མ་གོམས་པའི་འཚོ་བར་གསར་དུ་འཇུག་པའི་བློ་ནི་ཤིན་ཏུ་ཉམ་ཐག་ཅིང་། གཞི་གང་ནས་མགོ་རྩོམ་དགོས་པར་ཡང་ཡིད་གཉིས་དང་བཅས་ཏེ་ཡོད་པའི་སྐབས་ལགས་ན། སུ་ཞིག་ནི་ཁོ་མར་ཡིད་ཆེས་སླེབས་པའི་གྲོགས་སུ་འགྱུར་རམ།
ཁོ་མོ་རེ་ཞིག་ཀོག་ཧྥེ་ཁང་ཟང་ཟིང་དེ་ཙམ་མི་མངའ་བ། གློག་སྒྲོན་ལ་དམར་མདངས་བཀྲ་བ། རྐུབ་སྟེགས་རྒྱབ་བསྙེས་ལྡན་པ། ནུབ་གླིང་གི་རོལ་མོ་ས་ཁུ་སི་ཞེས་པ་དེ་མཐོ་དམའ་རན་པོར་གཏོང་བ་ཞིག་ཏུ་འཛུལ་ཅིང་། དེ་གའི་སྒེའུ་ཁུང་གི་འགྲམ་དུ་བསྡད་ཅིང་། ཞབས་ཕྱི་བར་སྐད་བཏང་ནས། མདུན་གྱི་གསོལ་ཅོག་སྟེང་དུ་ཀོག་ཧྥེ་ཕོར་བ་གང་མངགས་ཏེ་མིག་ཟུང་ཧྲིག་གེར། སྒོ་ཡི་ཕྱི་ནང་དུ་འགྲོ་བའི་མིའི་གདོང་དང་རྒྱབ་གཟུགས་ལ་ལྟ་བའི་སྐབས། སྔར་གྱི་གཏམ་རྒྱུད་མང་པོ་དྲན་མགོ་ཚུགས་ཤིང་། དེར་བསྟུན་ཕྱི་རོལ་གྱི་ལྟད་མོ་དེ་དག་ཀྱང་སྣང་ལ་མ་ངེས་པའི་གནས་སུ་གྱུར།
གཅིག་བུར་སྡོད་སྐབས་འཕྲུལ་བ་ལ། དབུས་བཟའ་མཁའ་འགྲོ་མ་ན་རེ།“རིག་པ་འཛིན་པ་མོ། ཁྱེད་ཀྱི་རྨི་ལམ་དུ་ལུས་ལ་མཚོན་གྱི་རྨ་བྱུང་བ་དང་། གསེར་དངུལ་གྱི་མཛོད་ལ་དབང་བ། མཛའ་བོ་གསར་བ་ཐོབ་པ། ཁང་བ་གསར་བར་ཉལ་བ། ལྷའི་ཁ་ཟས་ལྟ་བུར་ལོངས་སྤྱོད་པ་དག རྨི་སད་པའི་དུས་སུ་མཚོ་ལ་ཁ་བ་ཐིམ་པ་བཞིན་དུ་གྱུར་བ་ལྟར། ད་ལྟའི་ང་ཚོའི་སྣང་བ་འདི་དག་ཀྱང་དེ་ག་རང་ལས་མ་མཆིས་པས། ཁྱེད་ཀྱིས་དེ་ལྟར་སོམས་ཤིག”རིག་པ་འཛིན་པ་མོ་ན་རེ།“ཁོ་མོ་བྱིས་པའི་དུས་སུ་བརླ་གཡས་པའི་སྟེང་དུ་བྱུང་བའི་རྨ་ནི་ད་ལྟར་ཡང་མཆིས་ཤིང་། ལག་པའི་མཐིལ་གྱི་རི་མོ་དང་། གདོང་གི་མིག་ཟུང་། ལུས་ཀྱི་སྟོད་སྨད་དུ་མངའ་བའི་ཡོན་ཏན་དག་སྔར་ལྟར་མཆིས་མོད། རྨི་ལམ་དུ་ཐོབ་པའི་ཟས་དང་གོས་དག་ནི་ཡུད་ཙམ་ལས་མི་དབང་ཞིང་། དེ་དག་ལ་ལོངས་སུ་སྤྱད་པས་ཡིད་ཀྱི་འདོད་པ་གང་ཡང་མ་འཚམ་མོ” ཞུས། དབུས་བཟའ་མཁའ་འགྲོ་མས་བསྐྱར་དུ་གང་ཡང་མི་སྨྲ་བར་བཞུགས། རིག་པ་འཛིན་པ་མོའི་སེམས་སུ། ཅི་སྟེ། འབྲོག་དགོན་པ་འདིའི་ཁོར་ཡུག་ཏུ་འཚོ་བའི་མི་རྣམས་ནི་དུལ་བར་གནས་པ་དང་། སེམས་རབ་ཏུ་ཞུམ་པར་འཚོ་བ་ནི་གནས་མ་ཡིན་ནོ།། གལ་ཏེ་ན། ཁོ་མོའི་ཉེ་སར་འཕུར་བའི་བྱིའུ་འདི་དག་གིས་སྐྱ་ཁྲའི་འཇིགས་པ་ལས་ཐར་སླད་སྐྱབས་འཚོལ་བ་དང་། ཕྲུ་གུ་དག་གསོ་བའི་སླད་དུ་ཡས་འཚོལ་མས་འཚོལ་གྱིས་རྒུམ་བུ་འཐུ་བ་འདི་དག་སྙིང་ཉེ་བ་ལ། རྩྭ་དང་རྩི་ཤིང་རེ་རེ་ཁར་བཅུག་ནས་ཚང་བཟོ་བའི་རིམ་པ་འདིས་སེམས་དང་ལྡན་པ་སུ་ཞིག་ལ་བློ་གྲོས་གསར་བ་མི་སྦྱིན་ནམ་སྙམ་ཞོར། དབུས་བཟའ་མཁའ་འགྲོ་མའི་མདུན་ནས་མགོ་བོ་དུད་ཙམ་བྱས་ཏེ་གོམ་པ་གསུམ་བཞིའི་མཚམས་སུ་གུས་འདུད་དང་བཅས་གྱེས་པའི་སྣང་བ་ཤར།
རིག་པ་འཛིན་པ་མོའི་རྟོག་པ་ལ། ཞི་བའི་ལས་དག་བགྱི་བའི་སྐབས་འདིར་ཡང་།། གནས་དང་གནས་མིན་སོ་སོར་དབྱེ་བ་ལ།།སུ་མཁས་སྙམ་པའི་གཏད་སོ་གཞན་མེད་ཕྱིར།།རང་གི་འདོད་པ་དང་དུ་ལེན་པར་རིགས།།
རིག་པ་འཛིན་པ་མོ་སོམ་ཉི་དང་བྲལ་བའི་ངང་འབྲོག་དགོན་པ་ལས་ལམ་དུ་ཆས་ཤིང་། སྤྱོད་པ་གཞན་དུ་ཞུགས་པའི་ལས་རྩོམ་པ་ན། མི་རྣམས་ཀྱིས་འཕྱ་བ་དང་། ལྟ་སྟངས་བསྒྱུར་བ། ལམ་གྱི་གཡས་གཡོན་ཚུན་ནས་ཀྱང་ཅ་འབྱིད་པ་ནི་གདོན་མི་ཟ་ཡང་། དོན་དེར་ཡ་བྱེད་ཐུབ་པའི་གདེངས་ཚོད་ཁ་ཡར་དུ་མཆིས་ཀྱང་། དབུ་ལ་སེ་བརྡ་སླེབས་པའི་ཕ་མ་གཉིས་ཀྱི་གདོང་གི་སྐྱོ་ཉམས་དང་རེ་བ་ཉམས་པའི་དབུགས་ཀྱི་འགྱུ་སྟངས་དེ་ནི་སུ་ཞིག་གི་སྙིང་རྩར་ཁབ་ཀྱིས་སྣུན་པ་ལྟར་མི་འགྱུར་གྲང་། ལྷག་པར་དུ་ཕ་ལགས་ཀྱི་མིག་ཀོང་ལ། སྔོ་བ། འགྲམ་རུས་ཟུང་ཕྱོམ་ཞིང་། ཁའི་སོ་རེ་གཉིས་ལས་མ་ལྷག་པར་བུད་པ། མིག་འབྱེད་འཛུམ་གྱི་ངང་དུ་ཕྲེང་བ་འདྲེན་པའི་རྣམ་པ་དེས། རིག་པ་འཛིན་པ་མོའི་སེམས་ཀྱི་ཁ་བསྒྱུར་འགྲོ་ཡང་། ད་ནི་ལམ་ལ་ཆས་ཟིན་པའོ།།
རིག་པ་འཛིན་པ་མོ། གྲོང་ཁྱེར་གྱི་སློབ་ཆེན་ཞིག་ཏུ་ཕྱིན་པའི་ཉིན། དེ་གའི་དགེ་སློབ་དག་གི་སྲོལ་ལྟར། སླེབས་མ་ཐག་པ་ཚོས་རང་གི་སློབ་ཁང་དུ་གཞན་སྐད་ཀྱི་ལམ་ནས་སོ་སོ་ངོ་སྤྲོད་བྱས་ཏེ། ཁོ་མོའི་ཐད་དུ་སླེབས་པའི་དུས། འཇིག་རྟེན་གསར་བ་དང་གཞན་སྐད་ལ་མ་གོམས་པའི་ཁོ་མོ་ནི། རེ་ཞིག་འཇིམ་བརྙན་གྱི་ཚུལ་དུ་འགུལ་མེད་དུ་ལུས་ཤིང་། ནག་པང་ངོས་ཀྱི་ཡིག་འབྲུ་དེ་ཀོ་འང་ཞེད་སྣང་གི་ཉམས་ཀྱིས་འཚོ་བ་འདྲ། ཡུད་ཙམ་གྱི་རྗེས་ལ་དགེ་རྒན་གྱིས་བཤད་པ་ལྟར། རྐུབ་སྟེགས་སུ་བསྡད་ཅིང་། སེམས་སུ་ནོངས་པ་དང་བཅས་པའི་རྣམ་རྟོག་གི་འདུ་འཛི་འཁྲིགས་ཀྱང་། ཞི་རུ་མངོན་པར་མ་བྱས།
ཞི་དུལ་སེམས་ཀྱི་ཨུཏྤལ་རྫིང་བུ་ལ།།དྲི་མས་ཡོངས་སུ་བཏང་བ་གསལ་ལགས་ཀྱང་།།མ་གོམས་འཚོ་བའི་རླུང་གིས་སྐྱོད་པ་ཡིས།།ཁྱེད་ཀྱི་གདོང་ལ་སྐྱོ་བའི་སྨིན་མ་གཡོ།།
ཁོ་མོའི་འཁྲིས་ཀྱི་སྐྱེས་པ་དེ་ཚུར་བཅར་ཙམ་བྱས་ཤིང་། རྫི་གསང་དོད་པས་ཅི་ཞིག་སྨྲ་འདོད་ཀྱིས་མཆུ་ཡི་ཡལ་འདབ་འགུལ་བའི་སྐབས། རིག་པ་འཛིན་མོའི་ཤ་རུས་ཀྱི་གཏིང་དུ་དངངས་པ་འམ། འཇིགས་པ་གང་ཡིན་མི་གསལ་བའི་ཚོར་བ་གྲང་ཅང་ཅང་ཞིག་རྒྱུ་བ་དང་ལྷན། བར་ཐག་རིང་དུ་བཏང་ཞིང་། མགོའི་ཞྭ་མོ་མདུན་དུ་ཐེན་ཙམ་བྱས་ཏེ་ཁུ་སིམ་མེར་གཞན་གང་ལའང་མི་ལྟ་བར་མདུན་ཅོག་སྟེང་ལ་མིག་ཟུང་ཕབ་ནས་བསྡད། རེ་ཞིག་ཐུན་མཚམས་སུ་སླེབས་ཤིང་སོ་སོའི་སྡོད་གནས་སུ་ལོག་པའི་ཡུན་ལ། སློབ་གྲོགས་ཕོ་མོ་དག་གིས་ཕན་ཚུན་ལ་ཀུ་རེ་སློང་བ་དང་། ལག་པ་འཁྱུད་པ། ཤབ་ཤུབ་ཀྱི་གཏམ་ཟློ་བ། དཔུང་པར་བསྙེས་པ་སོགས་མཐོང་སྐབས། རིག་པ་འཛིན་པ་མོའི་སེམས་སུ་རེ་དོགས་མི་ཆོད་པའི་ཚོར་བས་ཁེངས་ཤིང་། གཅིག་བུར་འདུག་གནས་སུ་ལྡོག
གྲོགས་མོ་སྤེན་སྐྱིད་ན་རེ།“རིག་པ་འཛིན་པ་མོ། བག་འཁུམ་པར་མ་བྱེད། རང་ཅག་སུ་ཡིན་རུང་ཚེ་རབས་སྔོན་མའི་ལས་ཀྱི་གདམས་ཀ་ལས་འཆོལ་མི་སྲིད་ཅིང་། དེ་ལ་ལེ་ལན་བྱེད་པ་ནི་ངེད་ཅག་གི་བསམ་བློ་ལས་རིང་དུ་གྱེས་པའོ།། ད་ནི་དོན་དངོས་གང་ཡིན་ཡང་རང་གི་ཕྲག་ཏུ་འཛིན་ཐུབ་པའི་སྤོབས་པ་གྱིས་ཤིག”རིག་པ་འཛིན་པ་མོས། “གྲོགས་མོ། དེ་ག་རང་ངོ་། ཁོ་མོ་འདིར་འོངས་པ་ནི་རིག་པ་བསླབ་པའི་ཆེད་དུ་ཡིན། དེའི་ཕྱིར་སོམ་མེད་ཉི་མེད་པར། མི་ལྡོག་བརྩོན་པའི་གོ་ཆ་སྙིང་ལ་བཅང་ངེས་པ་ཡིན། ཁྱེད་ཀྱིས་སེམས་ཁྲལ་གང་ཡང་མ་གནང་རོགས།”
ངལ་གསོའི་ཉིན་ཞིག་ལ་རིག་པ་འཛིན་པ་མོ། གྲོང་ཁྱེར་གྱི་སྲང་ལམ59བར་འཕྱན་པ་དེ་ཡི་ཚེ་ན། ཁོ་མོའི་གཡོན་ཕྱོགས་ཀྱི་ཚོགས་པའི་འདུ་འགོད་དབུས་སུ་ལོ་ན་སྨིན་ཅིང་། གདོང་ལ་མིག་ཤེལ་བརྒྱབ་པ་ཞིག་གིས་གོམས་འགྲོས་དལ་བའི་ཚུལ་གྱིས་ཁོ་མོར་ལྟ་བཞིན་ཕ་གིའི་ཇ་ཁང་དུ་འཛུལ། ཁོ་མོ་སྲང་ལམ་དེ་གར་གྱ་ཚོམ་དུ་བསྡད་པ་ལས་རིག་པར་ཧུར་བཏོན་ནས། གང་དུ་འགྲོ་འམ་སྙམ་པའི་དུས་ལ་ཁ་སྐོམ་པའི་ཚོར་བ་བྱུང་བ་དང་མཉམ་དུ། རང་ཡང་ཕ་གིའི་ཇ་ཁང་དུ་འགྲོ་སྙིང་སྐྱེས་ནས་དེ་གར་ཕྱིན་ཅིང་། ཇ་ཁང་གི་དབུས་ཀྱི་རྐུབ་སྟེགས་ཤིག་ཏུ་བསྡད། ཇ་ཁང་དེ་ནི་ལྷིང་པོར་གནས་ཤིང་། ཁོད་ཡངས་པ། མཚམས་མཚམས་སུ་ཤུག་པ་དང་གསོམ་པ། མེ་ཏོག་གསར་སྐྱེས་ཀྱི་སྡོང་ཕྲན་ཚོགས་དབྱིབས་དང་ཁ་དོག་མ་ངེས་པའི་རྫ་བུམ་དུ་བཤམས་པ་དག་བསྟར་ཅིང་། དེ་དག་གི་ཡལ་ག་དང་ལོ་མའི་དྲ་བ་དྲ་ཕྱེད་ཀྱིས་མགྲོན་པོའི་ཚོགས་ཀྱི་བར་ཐག་བསྒྲིབས་ཏེ་མཆིས། རིག་པ་འཛིན་པ་མོས་ཇ་མཆོད་བཞིན་ལྷོད་ལ་བབ་ཅིང་། ཁང་བའི་ནང་གི་མཛེས་བཀོད་དང་། ཅ་གའི་རིགས་ལ་ཞིབ་ཏུ་བལྟས་ཤིང་། སེམས་སུ་འཁོར་བའི་ཕུན་ཚོགས་ཀྱི་ལོངས་སྤྱོད་འདི་ལྟ་བུ་མངོན་དུ་གྱུར་བའི་སྐབས། སུ་ཞིག་འདི་ལས་ངེས་པར་འབྱུང་བ་ཡང་དཀའ་འོ་སྙམ་ཞོར། སྔོན་གྱི་དམ་པ་མང་པོ་ཞིག་གིས་སྲིད་རྩེའི་སྙོམས་འཇུག་གི་བདེ་བར་མ་ཆགས་པར་ཐར་བར་སྙེགས་ཚུལ་གསུངས་མོད། ད་ལྟའི་ཆར་སྲིད་རྩེའི་བདེ་བ་ནི་རང་ཅག་གི་ངོར་རྟོག་བཏགས་ཙམ་ལས་མ་མཆིས་ཤིང་། འདི་ལྟའི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ནི་ལག་པས་ཟིན་པ་དང་། མིག་གིས་མཐོང་བ། སྣ་ཡིས་སྣོམ་པ། ལྕེ་ཡིས་མྱོང་བ། ལུས་ཀྱིས་རེག་པའི་ཚོད་དུ་ཡོད་པས། མངོན་སུམ་དང་རྟོག་བཏགས་ཀྱི་བར་ཐག་དཔེ་དང་དཔེ་ཅན་དུ་བྱེད་པ་ནི་ཤིན་ཏུ་འཕྲོད་པར་མི་དམིགས་སོ་སྙམ་ཡང་། དེ་མ་ཐག་ཞེད་སྣང་གཞན་ཞིག་སྐྱེས་པ་ནི། ཁོ་མོའི་ལས་དང་བསོད་ནམས་མཐུ་རྡུགས་པའི་ད་ལྟར་དམ་པའི་གསུང་རབ་ལ་འང་ལོག་པར་ལྟའོ་ཞེས་བསམས་ཏེ་ཡིད་འགྱོད་དྲག་པོ་སྐྱེས།
སྤྱོད་པའི་བརྟུལ་ཞུགས་རྣམ་པ་གཞན་གྱུར་ཀྱང་།།ཡིད་ཀྱི་འོད་ཟེར་སྔར་བཞིན་གསལ་བ་ཡི།།འཇིག་རྟེན་ཆོས་ཀྱིས་མ་གས་ཡིད་འོང་གཟུགས།།ཉ་རྒྱས་ཟླ་བཞིན་ཁང་བཟང་འདི་ཡི་རྒྱན།།
རིག་པ་འཛིན་པས། ལོ་འདབ་དག་གི་དྲ་བ་དྲ་ཕྱེད་ཀྱི་གསེབ་ནས་མིག་གིས་ལྟ་ཙམ་ལྟ་ཙམ་བྱེད་བཞིན། སྐབས་རེར་ལག་ཏུ་འཆང་བའི་དཔེ་དེབ་ཀློག་པའི་ལས་སུ་ཞུགས་མོད། རྣམ་པར་ཤེས་པ་ནི་ཕྱིར་འཕྱོ་བ་ལས་ནང་དུ་སྡུད་དཀའ་བར་གྱུར། རིག་པ་འཛིན་པའི་མདུན་ཐད་ཀྱི་རྩིག་ངོས་སུ་བཀལ་བའི་མེ་ལོང་དབུས་སུ་རྒྱབ་ཕྱོགས་ཀྱི་སྐུ་མགྲོན་རྣམས་ས་ལེར་མངོན་ཅིང་། རིག་པ་འཛིན་པ་མོའི་བྱད་དབྱིབས་ཀྱང་མངོན་པར་གསལ། རིག་པ་འཛིན་པས་ཇ་མཆོད་བཞིན་མེ་ལོང་ལ་མངོན་ཆུང་གིས་བལྟས་ཤིང་། སྐབས་རེར་ཞེད་སྣང་གིས་བལྟས།
ཤིན་ཏུ་རྟོགས་པའི་ཡིད་ཀྱི་ནགས་ཚལ་འདི་ནི་འདར་བའི་ཚུལ་ལ་ལྟོས།།གང་ཡང་མི་སྨྲ་རྩིག་པའི་ངོས་ཀྱི་རི་མོ་དེ་དང་ཐ་མི་དད།།མིག་གི་ཟུར་ནི་མེ་ལོང་དབུས་སུ་བྲིས་པའི་རྐང་པ་དྲུག་པར་མཚུངས།།སྐུ་མགྲོན་སུ་ཞིག་གདོང་ལ་ཁ་དོག་སྣ་ཚོགས་འཆང་བཞིན་ངལ་གསོ་བྱེད།།
རིག་པ་འཛིན་མོས་ངལ་གསོས་རྗེས་འགྲོ་བའི་ལམ་དུ་ཞུགས་སྐབས། མིག་ཟུང་རིག་པ་འཛིན་པར་ཚུར་ཕྱོགས་ནས་འཛུམ་ཙམ་བྱས་ཏེ། ཞི་དུལ་ངང་གོམ་པ་སྤོ་བཞིན། ཇ་ཁང་ལས་སྒོར་བུད། སྐབས་དེར། རིག་པ་འཛིན་པས་ཁོ་མོའི་འཛུམ་བརྡའི་ལན་ལྟ་བུར་ལག་པ་གཡས་པས་རང་གི་འགྲམ་པར་བྱིལ་བྱིལ་ཅིག་བགྱིས་པ་ལས་གང་ཡང་བཤད་མ་ཕོད་ཅིང་། མུ་མཐུད་དུ་ཇ་མཆོད་བཞིན་མདུན་ཐད་ཀྱི་མེ་ལོང་ལ་བལྟས། མེ་ལོང་ངོས་སུ་འཆར་བའི་སྐུ་མགྲོན་རྣམས་ནི་ལྷིང་པོར་གནས་ཤིང་། སོ་སོས་ཁ་པར་ལ་ལྟ་བ་དང་། དེབ་ཀློག་པ། ཤུབ་བུའི་ཚུལ་གྱིས་གླེང་མོལ་བྱེད་བཞིན་མཆིས། སྐུ་མགྲོན་དག་གི་ཟུར་གྱི་རྐུབ་སྟེགས་དེ་ནི་ད་ལྟར་སྟོང་བར་མཐོང་། རིག་པ་འཛིན་པས་དབུགས་རིང་ཞིག་གཏོང་ཞོར། རང་སེམས་སྐྱ་ཐ་ལེར་སོང་བའི་ཉམས་དང་བཅས་ཏེ་ལག་གི་དེབ་ཀྱི་ཤོག་ངོས་རེ་རེ་ཕར་སློག་ཚུར་བྱེད་བཞིན་དུས་ཚོད་ཕྱེད་ཀྱི་ཡུན་ལ་བསྡད་མཐར་སྡོད་སྙིང་མ་བྲོ་བར་ཇ་ཁང་ལས་ཁ་གྱེས་ཏེ་ཕྱིན།
རིག་པ་འཛིན་པ་མོ་ཕྱིར་སྡོད་ཁང་དུ་སླེབས་མ་ཐག གློ་བུར་དུ། སྤེན་སྐྱིད་ན་རེ།“ཁྱེད་ཀྱི་གདོང་མདོག་འགྱུར་བ་དང་། ལུས་ཀྱི་ཉམས་ཡོངས་སུ་ཞེད་སྣང་ཞིག་འཁོར་འདུག ཀྱེ། གྲོགས་མོ་རང་དྲང་མོར་གསུངས་དང་།དེ་རིང་ཁྱེད་ཇ་ཁང་ངམ་ཆང་ཁང་། ཡང་ན། ཀོག་ཧྥེ་ཁང་གང་རུང་ནས་ཁྱད་མཚར་བའི་དོན་དམིགས་བསལ་བ་ཞིག་དང་ཕྲད་སོང་བ་ཡིན་ནམ།”རིག་པ་འཛིན་པ་མོས། “སྤེན་སྐྱིད། དེ་ལྟ་གང་ཡང་མ་ཡིན། ཁོ་མོ་གཅིག་བུར་ཇ་ཁང་དུ་ཕྱིན་ཏེ་དུས་ཚོད་རིང་པོ་འགྱངས་སུ་མ་བཅུག་པར་ཕྱིར་ཐོན་པ་ཡིན།”སྤེན་སྐྱིད་ཀྱི་གདོང་ལ་འཛུམ་ཞིག་མངོན་བཞིན།“གྲོགས་མོ། གུས་མོས་ཁྱེད་ཀྱི་ལུས་ངག་གི་རྣམ་རིག་བྱེད་མཐའ་དག་གཞན་དུ་འགྱུར་བར་བལྟས་ན། དེ་རིང་ཁྱེད་སྐུ་མགྲོན་རྩ་ཆེན་ཞིག་དང་མཉམ་དུ་རོལ་བའི་ཚོར་བ་འདུག”རིག་པ་འཛིན་པ་མོས་ལན་གང་ཡང་མ་བཏབ་པར་མལ་ཁྲིར་གན་གྱེན་དུ་ལྡོག་ནས་བསྡད། རེ་ཞིག་ན། སྤེན་སྐྱིད་ཀྱིས་མེ་ལོང་མདུན་དུ་སྨིན་མ་འབྲི་བ་དང་། གདོང་དང་མཆུ་ལ་རྩི་བྱུགས་པ། སྐྲ་ཚུགས་སྣ་ཚོགས་སུ་བསྒྱུར་ནས། ན་རེ། “ཁྱེད་ཀྱིས་བལྟས་ན། ངས་སྐྲ་མདོག་སེར་པོ་ཁོ་ནར་བསྒྱུར་ན་ཡག་གམ། ཡང་ན་སེར་ཤ་ཙམ་འདྲེས་པར་བྱས་ན་བཟང་ངམ”རིག་པ་འཛིན་པ་མོས།“རང་གི་འདོད་པར་གང་མཐུན་ན་དེ་ལེགས། མི་གཞན་གྱི་ཇུས་ཏོག་ནི་འབྲེལ་བ་མེད་པ་ཞིག་གོ།”ཞེས་མལ་ཁྲི་ལས་གྲེ་ལྡོག་ཅིག་བྱས་ཏེ་བསྡད། སྤེན་སྐྱིད་ན་རེ། “ས་སྲོད་ལ་ངེད་ཅག་ཚན་ཞིག་མཉམ་དུ་དགོང་ཟས་ལ་རོལ་རྒྱུ་བྱས་ཡོད་པས། ཁྱེད་ཀྱང་མཉམ་དུ་འགྲོ”རིག་པ་འཛིན་པ་མོས་ཅི་ཡང་སྨྲ་བར། དངན་པ་ཞིག་དང་བཅས་སྔས་ཀྱི་དེབ་དག་སྔོག་བཞིན་འདུག
ས་སྲོད་ལ་བབ་དུས་སྤེན་སྐྱིད་དང་རིག་པ་འཛིན་པ་མོ་གཉིས་མཉམ་དུ་སྲང་ལ་ཕྱིན་ཅིང་། མི་ཚོགས་ཀྱི་འདུ་འགོད་དང་། རླངས་འཁོར་སྣ་ཚོགས་ཀྱི་ཟང་ཟིང་ཤིན་ཏུ་འཁྲིགས། སྤེན་སྐྱིད་ཀྱིས་རང་གི་གྲིབ་མ་དང་ལྷམ་ལ་གྲུང་ཤ་དོད་ནས་མཉམ་འཇོག་པར་མ་ཟད། ལག་པས་སྐྲ་དང་འགྲམ་པ་སོགས་ལ་ག་ལེར་རེག་བཞིན་མདུན་དུ་འགྲོ རིག་པ་འཛིན་པ་མོས་ཕྲག་པ་དང་གདོང་པ་ལྷོད་ཅིང་། གཡས་གཡོན་གྱི་ལྟད་མོའི་རིགས་སྣང་ལ་མ་ངེས་པའི་གནས་སུ་སྐྱུར་བཞིན་སྤེན་སྐྱིད་ཀྱི་རྗེས་སུ་བསྐྱོད། སྤེན་སྐྱིད་ལ་མཚོན་ན་སྣང་བ་འཇའ་འོད་བཞིན་དུ་འཚེར་ཞིང་། འཛུམ་མདངས་པདྨ་ལྟར་གསལ་བའི་ངང་བྲེལ་སྟབས་ཀྱིས་གསོལ་ཁང་སྙེགས། གསོལ་ཁང་དུ་སླེབས་འཕྲལ་ཟས་ཅོག་སྒོར་དབྱིབས་ཤིག་མཐར་བསྡད། གྲོགས་གཞན་དག་ཀྱང་སྔ་ཕྱིར་འབྱོར། མིག་དམར། སྲི་ཐར། ཁྱི་སྐྱག སྒྲོལ་མ། ཨ་བོ། པདྨ་ལྷ་མོ། ནོར་ལྷ་སོགས་དེ་གའི་བོད་རིགས་ཀྱི་འཛིན་གྲོགས་ཕལ་ཆེར་འཛོམས་ཤིང་། སོ་སོས་དགའ་མོས་ལྟར་ཅི་གྲོས་མོལ་གྲོས་ཀྱི་འུར་མགོ་བསླངས། མིག་དམར་དང་པདྨ་ལྷ་མོ་གཉིས་ཀྱིས་སྨྲ་སྒོ་གཞན་ལས་མཐོ་བར་བྱས་ཏེ། མ་འོངས་པར་འཚོ་བའི་ཕྱོགས་གང་དགེ་ཅི་དགེའི་གླེང་བར་དབྱིངས་ཞུགས། མིག་དམར་ན་རེ།“བསོད་ནམས་དང་ལྡན་པའི་ལས་ནི། ཁང་བ་དང་ཁང་ཆེན། རླངས་འཁོར་གྱི་རིགས་དག་མ་ཡིན་ཏེ། གསེར་དངུལ་དང་མུ་ཏིག ཕ་ལམ་གྱི་ཆས་དག་ཡང་མ་ཡིན། དེ་ནི་ལྗོངས་དང་ལྗོངས་སུ་རྒྱུ་བ་དང་། མི་རིགས་མང་པོ་འདུས་སྡོད་ཀྱི་གནས་གྲོང་ཁྱེར་ཆེན་པོར་འགྲུལ་བཞུད་བྱེད་པ་དེའོ།།”པདྨ་ལྷ་མོ་ན་རེ།“དེ་ནི་མ་ལགས་སོ།། ཁང་བ་དང་། གསེར་དངུལ་མུ་ཏིག་གི་རྒྱན་དང་། རླངས་འཁོར་ཐོན་ཆེས་གསར་བར་ལོངས་སུ་སྤྱོད་པ་ནི་ཤིན་ཏུ་དགེའོ།།”ཁྱི་སྐྱག་ན་རེ།“གལ་ཏེ། རང་གིས་གང་ཡིད་ལ་བརྣགས་པ་དེ་མངོན་གྱུར་བྱ་ཐུབ་ན། འཆི་མེད་རྒས་མེད་ཀྱི་དུས་ཚོད་ཅིག་འཐོབ་ན་ཨང་།”ཨ་བོ་འཛུམ་དམུལ་དམུལ་གྱིས་ན་རེ།“གྲོང་ཁྱེར་འདི་ལྟ་བུ་ཞིག་ལ་དབང་སྒྱུར་མཁན་གྱི་དཔོན་པོ་ཞིག་ཡིན་ན་ཅི་མ་རུང་།”ནོར་ལྷས་ལག་པ་གཡས་པས་གཡབ་མོ་བྱེད་བཞིན།“རང་ལ་ཆེས་སྙིང་ཉེ་བའི་ཁྱོ་ག་ཞིག་བསུ་ཐུབ་ན། དེ་གས་ཆོག”ཅེས་དེར་འཁོད་ཀྱི་མཆེད་པོ་དང་མཆེད་མོ་དག་གི་འུར་གྱིས་ཁང་བའི་བར་སྣང་དོགས་པོར་བྱས་པའི་སྐབས། འཛིན་གྲྭའི་རྩིས་གཉེར་བ་སྲི་ཐར་གྱི་བཀོད་སྒྲིག་བཞིན་ཞབས་ཕྱི་བ་དག་གིས་སྡེར་དུ་བཅེར་བའི་ཟས་རིགས། སྡིག་སྲིན་དང་ཉ། ཆུ་སྦྲུལ། སྦལ་བ། བྱ་ཤ་སོགས་དམར་ཟས་ཀྱི་སྐོར་དང་། ཤ་མོ་དང་ཁ་ཚ་སྔོན་པོ། བསོད་ནམས་དཔལ་འཛོམས་གཙོས་སྔོ་ཚོད་ཀྱི་སྐོར་སྔར་བོད་སྐད་ཀྱི་མིང་ཡོད་མེད་གཉིས་ཀ་མདུན་དུ་བསྟར་བ་ན། འུར་མགོ་ཞི་བ་དང་མཉམ་དུ་སོ་སོའི་དགའ་མོས་ལྟར་མཆོད། རིག་པ་འཛིན་པ་མོས་སྐྱེངས་འཛུམ་དང་བཅས་ཏེ་ཅི་ཞིག་མཆོད་རྒྱུར་ཚོམ་ནས། སྤེན་སྐྱིད་ལ་བལྟས་པ་ན། སྤེན་སྐྱིད་ཀྱིས་ཞིམ་སྣང་གི་ཉམས་དང་བསྡེབས་ཏེ་སྡིག་སྲིན་ཞིག་སེན་རྩེར་བཟུང་ནས་སྙིགས་དོར་སྒོས་ཟ་བཞིན་པ་མཐོང་འཕྲལ། རིག་པ་འཛིན་པ་མོས་ཞེ་མེར་བ་འམ་ཡི་ག་འགགས་པའི་སྟངས་ཀ་དང་བཅས“སྤེན་སྐྱིད། ག་དུས་ཤིག་ནས་ཁྱེད་སྡིག་སྲིན་གྱི་རོ་ལ་སྲེད་པ་འཕེལ།”“ཀྭ་ཡེ། རིག་པ་འཛིན་པ་མོ། རང་ལ་དུས་ཀྱི་ཟས་དང་གོས་སུ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་བཞིན་དུ། མཁྲེགས་པོའི་འདུ་ཤེས་དེ་འདོར་མི་ཕོད་དམ། གང་ལའང་དོགས་པ་མ་ཟ་བར་ལོངས་སུ་སྤྱོད་ཅིག གཡོས་སྦྱོར་ལ་ཆེད་མཁས་པ་དག་གིས་བཟོས་པའི་བཟའ་བཏུང་གི་རིགས་ནི་གཞན་དང་མི་མཚུངས་སོ།།”ཟེར་བཞིན་གཉེན་ལྕུགས་ལྡན་པའི་གོང་མཛུབ་དང་མཐེབ་ཆེན་གཡས་གཡོན་གྱིས་སྡིག་སྲིན་གྱི་རྐང་ལག་སོ་སོར་འཕྲལ་ནས་ཞིམ་སྣང་གིས་མཆོད། རིག་པ་འཛིན་པ་མོས་ལན་གང་ཡང་མི་སྨྲ་བར་ལྐུག་པའི་བརྟུལ་ཞུགས་བཟུང་བའི་ཚེ། མཆེད་གྲོགས་གཞན་དག་གིས་མིག་ཟུང་རིག་རིག་གིས་རིག་པ་འཛིན་པ་མོར་བལྟས་ཀྱང་། མཆུ་ཟས་ཟ་བར་བྲེལ་ནས་གཏམ་གང་ཡང་མ་གླེང་། རེ་ཞིག་ན། སྒྲོལ་མ་ན་རེ།“རིག་པ་འཛིན་པ་མོ། ངེད་ཅག་གིས་གྲོང་ཁྱེར་གྱི་འཚོ་བ་རོལ་དགོས་ན། ངེས་པར་དུ་ཟས་དང་གོས་ནས་མགོ་བརྩམས་ཏེ་གོམས་སུ་བཅུག སྐད་དང་འདུ་ཤེས་ནས་བཟུང་སྟེ་བསྟུན་པར་བྱ་དགོས་པས། མི་གཅིག་གིས་ཁོར་ཡུག་དང་མཆེད་གྲོགས་དག་ལ་མ་བསྟུན་པས་ཅི་ཕན།”ཟེར། ཁྱི་སྐྱག་ན་རེ།“སྤེན་སྐྱིད་ཐོག་མར་སླེབས་དུས། སྡིག་སྲིན་མཆོད་ཐུབ་པ་ལྟ་ཞོག བྱ་ཀེག་གི་སྡེར་མོ་རིག་ནའང་ཞེད་འགྲོ་བ་ཞིག་ལགས་མོད། ད་ལྟར་སྡིག་སྲིན་མཆོད་པའི་ཉམས་ལ་གཟིགས་དང་། ཞིམ་མདོག་ཁ་བ་ལ།”ཞེས་རིག་པ་འཛིན་པ་མོར་གདོང་ཕྱོགས་ནས་བཤད། རིག་པ་འཛིན་པ་མོས་མགོ་བོ་ལྕོག་ལྕོག་བྱེད་བཞིན་ཅི་ཡང་མ་བཤད།
ཁ་ལག་མཆོད་ཚར་བའི་རྗེས་ལ་མཆེད་གྲོགས་ཕོ་མོ་གཉིས་ཀས་ཨ་རག་མཆོད་མགོ་བརྩམས། ཨ་རག་དཀར་པོ་དང་དམར་པོ། སྦུ་རག་བཅས་ཤེལ་ཕོར་དུ་བླུགས་ཤིང་། ལག་པ་མཐོ་རུ་བཏེགས་ནས་ཆང་ཕོར་གཏུགས་ཞོར། ལག་པ་གཡོན་པ་ཕན་ཚུན་གྱི་གཉའ་བར་འཁྱུད་ནས་གཞས་གཏོང་བ་སོགས་བྱས་ཏེ་ཁོར་ཡུག་ཆུང་ངུ་དེ་ཟང་ཟིང་དུ་བཟོས། སྐབས་དེར་རིག་པ་འཛིན་པ་མོ་ཐོ་ཡོར་བཞིན་ཟུར་ཞིག་ཏུ་མཆིས། ཡུད་ཙམ་རིང་མཆེད་གྲོགས་ཕོ་མོའི་ཚོགས་ཀྱི་གདོང་པ་དམར་པོར་ཆགས་ཤིང་། སྐད་ཆ་ལྡབ་ལྡིབ་ཏུ་གྱུར། སོ་སོའི་སར་ནམ་རྒྱུན་ཁར་མི་འདོན་པའི་སྐད་ཆ་མང་པོ་སྦིར་སྒྲོག་བྱེད་པ་དང་མཉམ་དུ་ཤེལ་ཕོར་གྱི་སིང་སྒྲ་ཟམ་མི་ཆད་དུ་གྲག ཚུལ་འདིས་རིག་པ་འཛིན་པ་མོའི་མིག་དང་སེམས་འཕྲུལ་བར་གྱུར་ནས།
རྣམ་པར་རྟོག་པ་ལ། ར་རོར་གྱུར་བ་འདི་ཀོ་འཁྲུལ་བར་འབྱམས་པའི་ངང་ལས་ནམ་སད་དམ།། བྱད་གཞིའི་ཚོགས་ནི་ཡ་ང་བ་འམ་ཅི་ཞིག་ཡིན་པར་བརྗོད་ནུས་བྲལ།། མིག་དག་དམར་པོར་གྱུར་བ་མཐོང་སྐབས་འདོད་ལྷའི་བུ་ཡང་མངོན་སུམ་དུ།། འདི་དག་ལ་སྤྲུལ་འཇིག་རྟེན་སྨྱོན་པར་གཏོང་སླད་སྐད་ཅིག་འོང་ངམ་ཀྱེ།།
ཆུ་ཚོད་བཅུ་གཅིག་ལ་ཟིན་གྲབས་བྱེད་དུས་སྤེན་སྐྱིད་སོགས་ཤིན་ཏུ་ར་རོ་བར་གྱུར་ནས། མིག་ཆུ་འདོན་པ་དང་། སྐྱུགས་པ། འཛེམ་དོགས་མེད་པའི་སྤྱོད་པ་སྣ་ཚོགས་སྟོན་པར་འཇུག་པའི་ཚེ་ལ། རིག་པ་འཛིན་པ་མོ་མངོན་ཆུང་གིས་གསོལ་ཁང་གི་སྒོར་ཕྱིན་ཏེ། གཡས་གཡོན་གང་ལ་མི་ལྟ་བར་རང་སྤྱིལ་དུ་ལོག་ཅིང་། ཨེན་ཙམ་གྱི་རིང་མལ་ཁྲིའི་སྟེང་དུ་ཁ་སྦུབ་ཀྱིས་བསྡད་ཅིང་། ཆང་དྲི་དང་དུད་དྲི། ཤེལ་ཕོར་གྱི་སིང་སིང་གི་སྒྲ། མཆེད་གྲོགས་དག་གི་གཅིག་ཏུ་མ་ངེས་པའི་སྐད་རྒྱག་པ་སོགས་དབང་པོ་ལྔའི་སྒོ་ཁར་འཚངས་པའི་སྣང་བ་མ་ཡལ་གྱི་བར་ངལ་གསོས་ཤིང་། ཟ་ཟིའི་རྣམ་པ་དེ་དག་ཞི་བའི་དུས་སུ་སྔས་སྒྲོམ་ལས་དཔེ་ཆ་ཚུར་བཏོན་ནས་གཟའ་སྔོན་མར་བསླབས་པ་དག་བསྐྱར་དུ་སྦྱངས་ཀྱང་། སེམས་ཀྱི་ངོ་བོ་རྣལ་མར་མ་གྱུར་བར་གང་སར་འགྱུ། མཚན་དཀྱིལ་ལ་སླེབས་དུས་སྲི་ཐར་གྱིས་སྤེན་སྐྱིད་ཁྲིད་དེ་འདུག་གནས་སུ་ཐོན་ཅིང་། ཁོ་མོའི་མལ་ཁྲིའི་སྒང་ལ་ཉལ་དུ་འཇུག་རྗེས་ཕྱིར་ཕྱིན།
ཞོགས་པར་རིག་པ་འཛིན་པ་མོ་ཡར་ལངས་ཏེ་སྐྱབས་འགྲོ་སྔོན་དུ་བཏང་ནས། དབང་སྡུད་གསོལ་འདེབས་དང་། སྒྲོལ་མ་སོགས་ཡིད་བཟླས་བྱས་པའི་རྗེས་ལ། བསླབ་དེབ་གཟབ་ནན་གྱིས་སྐྱོར་མགོ་ཚུགས། དུས་དེ་ལ། སྤེན་སྐྱིད་ཀྱིས་སྔུར་བ་འདྲེན་བཞིན་གཉིད་ཀྱི་གཏིང་དུ་བྱིང་འདུག རིག་པ་འཛིན་པ་མོ་སོམ་ཉི་དང་བཅས་ཏེ་ཁང་བའི་ཕྱི་རོལ་གྱི་སྟེག་བུ་ཆུང་ཆུང་ཞིག་ཏུ་ངལ་གསོ་བཞིན། རྣམ་པར་རྟོག་པ་ལ། སྔར་དབུས་བཟའ་མཁའ་འགྲོ་མའི་མདུན་དུ་ཞུགས་པའི་ཚེ་ལ། ཁོང་གིས་སྤྱན་གཉིས་ཟིམ་བུའི་ངང་།“ཚོགས་དྲུག་གི་ཡུལ་སྣང་ལ་ཞེན་པ་ཐམས་ཅད་རི་དྭགས་ཀྱིས་སྨིག་རྒྱུ་ཆུ་རུ་མཐོང་ནས་རྒྱུག་པ་ལྟ་བུ་ལས་སྙིང་པོ་རྡུལ་ཙམ་ཡང་མ་གྲུབ་པས་ན་ཡུལ་སྣང་ཐམས་ཅད་སྟོང་བའི་རང་བཞིན་དུ་རྟོགས་པར་བྱའོ།། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ། དཔེར་ན། ནམ་མཁའི་འཇའ་ཚོན་དང་གློག་འོད་ལྟ་བུ་ཡིན་ནོ།།”ཞེས་ག་དུས་ཡིན་ཡང་གསུང་གི་རྒྱུན་འདར་བ་དང་བཅས་ཏེ་ཁོ་མོ་ཅག་ལ་འབོགས་པ་དྲན་ཅིང་། དེ་ཡི་མུར་མིག་ལ་བཞའ་འཁོར་བ་དང་ཡིད་ལ་སྐྱོ་བའི་ན་བུན་ཅུང་ཟད་བསྐྱིལ།
ཉིན་གུང་ལ་བབ་ཀྱང་། སྤེན་སྐྱིད་ད་དུང་གཉིད་དུ་གཡུར་འདུག རིག་པ་འཛིན་པ་མོ་སུན་སྣང་དང་བཅས་ཕྱིའི་སྲང་ལམ59བར་ཕྱིན་ཅིང་། སྟོན་སྤྲིན་གཡོ་བ་ལྟ་བུའི་མི་ཚོགས་ཀྱི་འདུ་འགོད་དང་། གཙང་པོ་འཕྱུར་བ་ལྟ་བུའི་རླངས་འཁོར་གསར་རྙིང་མང་པོའི་འཚངས་ཀ སྦྲང་ཚང་གི་ཁ་ཕྱེ་བར་མཚུངས་པའི་སྐད་ཅོར་ལ་ཡོལ་འདོད་ཀྱང་ཡོལ་བའི་གཞི་མི་རྙེད་ཅིང་། འབྲོ་བསམས་ཀྱང་ཐར་བའི་གླགས་མེད་པ་དེ་རུ། རིག་པ་འཛིན་པ་མོར་ཆད་སྣང་འཛད་མེད་ཅིག་སྐྱེས་པ་དང་མཉམ་དུ་ཉེ་དུས་ཀྱི་ཇ་ཁང་དེ་རུ་སོང་། ཇ་ཁང་ནི་ལྷིང་པོར་གནས་ཤིང་། མགྲོན་པོའང་དེ་འདྲའི་མང་པོ་མ་མཆིས། རིག་པ་འཛིན་པ་མོས། ཇ་ཞིག་མངགས་ནས་རྒྱབ་ལྟག་པར་བསྙེས་ཏེ་དབུགས་རིང་ཞིག་བཏོན་ཅིང་། ལག་པ་གཡོན་པས་གདོང་ལ་བྱིལ་བྱིལ་གཏོང་། སྐབས་དེར། རིག་པ་འཛིན་པའང་ཇ་ཁང་དེར་སླེབས་ཤིང་། མིག་གིས་ཡར་ཉུལ་མར་ཉུལ་ཞིག་བྱས་མཐར་རིག་པ་འཛིན་པ་མོ་དང་རྐུབ་སྟེགས་གཅིག་གིས་བར་ཆོད་པའི་སར་བསྡད། འོན་ཀྱང་། གཉིས་ཀས་ཕན་ཚུན་ལ་འཛུམ་བརྡ་གཏོང་བ་ལས། སྐད་ཆ་གང་ཡང་མ་སྨྲ།
རིག་པ་འཛིན་པའི་རྟོགས་པ་ལ། རི་དྭགས་མིག་གི་མཛེས་པ་བརྐུས་སམ་ཅི།། ཟླ་བའི་དཀྱིལ་འཁོར་ལས་ནི་བཏོན་ནམ་ཅི།། བག་ཡོད་གོས་ཀྱི་མཛེས་པ་རྣམ་བཀྲ་བའི།།སྙིགས་མའི་སྤྱོད་པར་མ་ཞུགས་མི་འདི་གང་།།
རིག་པ་འཛིན་པས་སྤོབས་པ་བསྐྱེད་དེ་ན་རེ།“ཁྱེད་ཀྱིས་གྲོང་ཁྱེར་འདིར་བགྱི་བ་ཅི་ཞིག་གཉེར།”རིག་པ་འཛིན་པ་མོ་ན་རེ།“གུས་མོས་འདིར་རྒྱའི་ཡི་གེ་རེ་སློབ་བཞིན་ཡོད།”རིག་པ་འཛིན་པས།“ཁྱེད་རང་གཅིག་བུ་ཡིན་ནམ།”རིག་པ་འཛིན་པ་མོས།“མཆེད་གྲོགས་བཅུ་གྲངས་ལྷག་མཆིས།”རིག་པ་འཛིན་པས།“ཁྱེད་རང་ཡུལ་ག་བ་ནས་ཡིན།”རིག་པ་འཛིན་པ་མོས།“ཡུལ་པདྨ་ཅན་ནས་ཡིན།”རིག་པ་འཛིན་པས་མགོ་ལྕོག་ནང་དུ་དུད་ཞོར། ལག་ཏུ་རི་མོ་འབྲི་བྱེད་ཀྱི་སྨྱུ་གུ་འཆང་ནས། ཟུར་དུ་བཞག་པའི་རས་གཞི་ཁྲི་གང་ལས་མི་ཆེ་བ་ཞིག་གི་ངོར་རི་མོ་འབྲི་མགོ་བརྩམས། རིག་པ་འཛིན་པ་མོས། སྐབས་རེར་ཇ་མཆོད། སྐབས་རེར་བསླབ་དེབ་ཀློག སྐབས་རེར་རིག་པ་འཛིན་པས་འབྲི་བཞིན་པའི་རི་མོར་ཟུར་གྱིས་བལྟས། དེ་ལྟའང་། གཉིས་ཀ་སོ་སོའི་སར་གནས་པ་ལས། ཉེ་སར་བཅར་མ་ཕོད། རིག་པ་འཛིན་པས་འབྲི་བའི་རི་མོ་ནི་གཞི་དེར་གསར་དུ་མགོ་བརྩམས་པ་ཞིག་མ་ལགས་པར། སྔར་བྲིས་པ་ཞིག་ལ་མདངས་འབྱུག་པའོ།། ཇ་ཁང་དུ་མགྲོན་པོ་མང་དུ་སོང་ཞིང་། ལྷིང་འཇགས་ཀྱི་རྣམ་པ་ཅུང་ཟང་ཟིང་དུ་གྱུར། རིག་པ་འཛིན་པ་མོར་རི་མོ་དེ་ལྷ་སྐུ་ཞིག་གམ། ཡུལ་ལྗོངས་ཤིག ཡང་ན་མི་སྣ་ཆེ་གེ་མོ་གང་ཡིན་ཤེས་འདོད་ཆེས་མོད། འདོད་དོན་ཡིད་ལ་སྦས་ཏེ་ངག་མི་སྨྲ།
རིག་པ་འཛིན་པས་རི་མོ་དེ་འབྲི་མགོ་བརྩམས་ནས་དུས་ཇི་སྙེད་སོང་བའི་རིང་ལ། ཉི་མ་རེ་རེར་རི་མོ་དེར་ལག་པ་མ་འཆང་བའི་སྐབས་མེད། འོན་ཀྱང་། མཚམས་རེར་རིག་པ་འཛིན་པའི་ལག་ཐོགས་སར་གྱུར་བ་ནི། རི་མོའི་བྱད་གཞིར་འབྲི་བ་བོ་རང་གི་སེམས་ཀྱི་འགྱུར་བས་སོས་བཏབ་པ་དེ་མཚོན་ཐབས་བྱེད་པ་ལས། འབྲི་ཡུལ་དེའི་ནང་གི་འགྱུར་བ་འདོན་ཐུབ་ཡོད་མེད་ནི་སོམ་ཉིའི་གནས་སོ།།
ཇ་ཁང་གི་ཞབས་ཕྱི་མ་དེས་རིག་པ་འཛིན་པར་ཇ་འདྲེན་བཞིན་ན་རེ། “ཇོ། ཁྱེད་ཀྱིས་འབྲི་བའི་བུ་མོ་འདིའི་བྱད་གཞི་དེ་འདྲའི་ཡག་པ་ལ།”རིག་པ་འཛིན་པས་དོགས་མ་བདེ་བའི་ངང་ལན་གང་ཡང་མ་བསློགས། ཚིག་དེ་རིག་པ་འཛིན་པ་མོས་ཐོས་འཕྲལ། ཡིད་ཟང་ཟིང་དུ་གྱུར་ཅིང་། མིག་སྔར་རིག་པ་འཛིན་པ་མདོག་ཉེས་སུ་སོང་བ་ལྟ་བུའི་ཚོར་བ་འཕེལ་བ་དང་བསྟུན། རིག་པ་འཛིན་པའི་ཕྱོགས་སུ་མ་རངས་པ་དང་སྡང་སེམས་ཀྱང་ཟུར་ཙམ་འཁོར། སྐབས་དེར་རིག་པ་འཛིན་པས་གཟབ་ནན་གྱིས་རི་མོ་ལ་འདང་འབྱུག་བཞིན་མཆིས། རིག་པ་འཛིན་པ་མོས་བསླབ་དེབ་བཀླག་རྒྱུའི་འདུན་པ་ལྡོག་ཅིང་། མིག་ཟུང་ཇ་ཕོར་ཁར་ཧུར་གྱིས་གཏད་དེ་བསྡད། ཇ་ཕོར་ནང་གི་ཇ་ལོའི་ཚོགས་རིམ་གྱིས་གཏིང་དུ་བྱིང་ཞིང་། ཇ་ཡི་ཁ་རླངས་ཉི་ཟེར་དང་བསྡེབས་ནས་གསལ་ལ་མི་གསལ་བའི་ངང་གྱ་གྱུར་བར་སྣང་ལ་ཕྱོགས།
རིག་པ་འཛིན་པ་མོའི་རྟོག་པར། འཁྲུལ་བའི་སེམས་ཀྱིས་བདག་ནི་བསླུས་པར་བྱས།། སྔོན་མེད་ཆོ་ག་མཁན་ཁྱེད་ཅིའི་ཕྱིར་མཐོང་།། འཛུམ་གྱི་གཡོ་ལ་བསྲེགས་པའི་མཐུ་རྫོགས་ཤིང་།།དུལ་བའི་ཉམས་ལ་རྩུབ་པའི་མེ་ཏོག་བཞད།།
རིག་པ་འཛིན་པས་ཡིད་གཉིས་དང་བྲལ་བའི་སྒོ་ནས་རི་མོར་ལྟ་བཞིན། པིར་རྩེར་བསྒོས་པའི་ཚོན་གྱིས་རི་མོར་ཞིབ་ལས་བགྱིད། ཇ་ཁང་གི་ཞབས་ཕྱི་བ་གཞོན་ནུ་ཞིག་གིས་རིག་པ་འཛིན་པར་ཇ་འདྲེན་བཞིན་ན་རེ།“ ཇོ་ལགས་ཀྱི་ཕྱག་དཔེ་མི་སྲིད་པའི་བདེ་བོ་རེད་འདུག ཕ་གིའི་ཨ་ཅག་ལགས་ཅི་ལྟ་བ་བཞིན་བྲིས་འདུག ཡིན་ནའང་གོས་ཀྱི་མདངས་ཅུང་དམར་བ་དེར་འགྱུར་བཅོས་ཕྲན་ཙམ་གནང་ན་རེད།”ཟེར། རིག་པ་འཛིན་པས་གཡས་གཡོན་གང་སར་མིག་ཉུལ་བྱས་པ་ལས། རིག་པ་འཛིན་པ་མོ་མ་གཏོགས་ཨ་ཅག་གཞན་གང་ཡང་མ་མཐོང་ཞིང་། དེ་ཡི་ཚེ་ལ་རིག་པ་འཛིན་པ་མོ་ངག་ལྐུག་པའི་ཟོལ་དུ་འཚོ། ཞབས་ཕྱི་བས། བསྐྱར་དུ“ཇོ་ལགས། ཁྱེད་ཀྱིས་ཨ་ཅག་འདི་དེ་འདྲའི་གསོན་ཉམས་ལྡན་པར་བྲིས་འདུག་པ་ལ། སྒམ་བརླིང་དང་ཞི་དུལ། འཛུམ་བག གདོང་དང་སྨིན་མ། སྐྲའི་ལན་བུ་དང་བཅས་པ། གཅིག་ལས་གཅིག་མཚར།”ཟེར་བཞིན་ཇ་ལྟིར་ལག་ཏུ་འཆང་ནས་ཟུར་དུ་འགྲེངས། རིག་པ་འཛིན་པ་ན་རེ། “ཀྭ་ཡེ། རི་མོ་འདི་ནི་ངའི་རྨི་ལམ་གྱི་འཕྲུལ་བ་ལས་བྱུང་བ་སྟེ། རྨི་ལམ་འདི་དང་འབྲེལ་ནས་ང་ལ་སྒྲུང་མང་པོ་ཡོད།”ཅེས་ལན་མག་མོག་ཅིག་ལས་མ་བཏབ། ཞབས་ཕྱི་བས་རི་མོར་མིག་བཤེར་བགྱིས་མཐར་ཇ་འདྲེན་པའི་སྟངས་ཀས་རིག་པ་འཛིན་པ་མོའི་གདོང་ལ་གཟབ་ནན་གྱིས་བལྟས་རྗེས། གང་ཡང་མི་སྨྲ་བར་འཛུམ་དམུལ་དམུལ་གྱིས་སོང་། རིག་པ་འཛིན་པ་མོས་སོམ་ཉི་དང་བཅས་མདུན་ལ་ལྟ་བའི་ཟོལ་གྱིས་མིག་ཟུར་རིག་པ་འཛིན་པའི་ཕྱོགས་སུ་བསྒྲིམས་ཀྱང་། རི་མོའི་གྲུ་ཟུར་ལས་གང་ཡང་མ་མཐོང་། ཡིད་ལ་གློ་བུར་དུ་སྔོན་གྱི་གཏམ་རྒྱུད། ཟླ་བ་ཆུ་ཤེལ་གྱི་རྡོ་ལ་རྒྱལ་བུ་སྤྲིན་གྱི་བཞོན་པས་རི་མོ་བགྱིས་པའི་ཚུལ་དེ་དྲན་མོད། དེ་ལྟའི་དྲན་པའང་འདིར་མཐའ་གཅིག་ཏུ་སྦྱར་བར་འོས་པ་ཞིག་ཏུ་མ་དམིགས་པས། རིག་པ་འཛིན་པར་གདོང་ཕྱོགས་ཏེ་ཉམས་འགྱུར་གང་ཡང་མི་མངོན་པར་བྱས་ནས་རེ་ཞིག་ངལ་གསོ་བའི་སྐབས།
རིག་པ་འཛིན་མོའི་རྟོག་པར། གང་ཞིག་ཡིད་ཀྱི་རི་མོ་བཀྲ་བའི་གཟུགས།། བདག་དང་བདག་གི་གྲིབ་མ་གསལ་བདེན་ན།། ཚེ་རབས་སྔོན་ནས་འདྲིས་པའི་པིར་རྩེ་དེ།། རྨི་ལམ་འཕྲུལ་བ་ལས་ཀྱང་འབྱུང་སྲིད་དམ།
རིག་པ་འཛིན་པས་རི་མོ་སེང་རས་ཀྱི་སྒྲིབ་ཡོལ་ཞིག་ཏུ་དྲིལ་ནས་ཇ་ཁང་ལས་ཕྱིར་ཕྱིན་པའི་སྐབས་ཀྱི་འདས་དོན་སོགས་མེ་ལོང་ངོས་ཀྱི་གཟུགས་བརྙན་ལྟར་ཡིད་ལ་ལྷམ་མེར་ཤར་བར་དབྱིངས་ཞུགས་པའི་དུས་ལ། ཀོག་ཧྥེ་ཁང་གི་ཞབས་ཕྱི་བ་ན་རེ།“ཀྭ་ཡེ། སྐུ་མགྲོན་ད་ནི་ཆུ་ཚོད་མང་པོ་འདས་ཟིན་པས། ཉིད་ཕེབས་པར་རེ། ངེད་ཅག་ལ་ངལ་གསོ་བའི་གོ་སྐབས་གནང་རོགས།”དེ་སྐད་ཐོས་པ་དང་ལྷན་དུ་རིག་པ་འཛིན་པ་མོ་སྐྱེངས་པའི་ཉམས་དང་ལྡན་པར་ཀོག་ཧྥེ་ཁང་ལས་སྒོར་ཐོན་སྐབས། མཚན་མོའི་གློག་སྒྲོན་གྱི་ཚོགས་ནི་ས་ལ་རྒྱུ་སྐར་བབས་པ་དང་མཚུངས་ཤིང་། ཉིན་མོ་ལས་མཚན་མོར་སྲང་ལམ་ཀུན་ལྷིང་བོར་གནས་པའི་ཚུལ་དེས་རིག་པ་འཛིན་པ་མོའི་ཡིད་ལ་དགའ་བ་དང་སྐྱོ་བའི་སྣང་ཚུལ་མང་པོ་དྲངས་འོང་ཞིང་། རང་སྤྱིལ་སྙེགས་པའི་ལམ་བར་དུ་རང་གི་གྲིབ་མ་ནི་ལམ་ནོར་བའི་བཟི་བོ་ཞིག་ཏུ་མཐོང་ཞིང་། རང་ཉིད་ནི་སྨིག་རྒྱུས་བསླུས་པའི་མགྲོན་པོ་ཞིག་ཏུ་རྟོགས་ཀྱང་། བློ་ཡི་ཟུར་ཅིག་ཏུ་ད་ནི་རིག་པ་འཛིན་པས་གླེང་མོལ་གྱི་མཐིལ་བརྟོལ་བར་མཉམ་པར་གཞག་པར་བྱའོ་སྙམ་ནས། འདུག་ས་ག་ལ་བ་དེའི་སྒོ་ཕྱེ་སྟེ་ནང་དུ་འཛུལ་ཏོ།།
རིག་པ་འཛིན་པ་མོ་དྲན་པ་མཉམ་གཞག་གི་ངང་དུ་དབྱིངས་ཞུགས་པ་ན། ཅི་སྐད་དུ། འདས་པ་མ་སྐྱེས་ནམ་མཁའི་མེ་ཏོག་བཞིན།། མཛུབ་མོ་ཀེར་ནས་རྙེད་རྒྱུ་ཅང་མ་མཆིས།། ད་ལྟའི་སྣང་བ་འདི་ཡང་སྨིག་རྒྱུ་བཞིན།། དྲུང་དུ་ཅི་ཙམ་བཅར་ན་དེ་ལྟར་ཡལ།། སོ་ན་མི་གནས་དུས་གསུམ་གང་ལ་འང་།། གཏན་དུ་ཆ་འཇོག་བགྱིད་པ་བདག་གི་ངོར།། ཟང་ཟིང་རི་མོ་འབྲི་བའི་སེམས་འདི་ནི།། རིག་པའི་མེ་ལོང་དབུས་སུ་ཤར་ན་ཨང་།། རེ་ཞིག་རིག་པ་འཛིན་པ་མོས་ཕྱོགས་གང་ལ་བསམས་ན་ཡང་ཆ་འཇོག་འཕེར་བའི་དོན་གང་ཡང་མ་རྙེད་ཅིང་། མ་རྙེད་པའི་སེམས་དེའི་ངོར་གཉིད་ལོག་གོ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།