གྲྭ་པ་དང་ཨབ་ཏི། (སྒྲུང་རིང་ཚན་བཤུས)
མཱ་ཨབ་ཏིས་ལྷ་ཁང་གསེར་ཁང་དང་ནང་ཆེན་རེ་རེའི་སྒོ་ཁ་མི་གཉིས་རེར་སྲུང་དུ་བཅུག་པ་དང་། མི་གསུམ་རེ་ཚན་ཁག་གཅིག་བྱས་ཏེ་དགོན་པའི་གླིང་བར་རེ་རེར་ཉིན་མཚན་དབྱེར་མེད་དུ་སྐོར་ལྟ་བྱེད་དུ་བཅུག ལྷ་ཁང་གསེར་ཁང་དང་ནང་ཆེན་སོ་སོའི་རྒྱུ་ནོར་བླངས་མི་ཆོག་ནའང་འདི་འདྲའི་གྲྭ་ཤག་མང་པོའི་ནང་ན་རྒྱུ་ནོམ་པ་ཅུང་ཙམ་ལུས་མེད་ཟེར་ན་སུ་རློམ། ཨབ་ཏིས་དེ་ལྟར་བསམས་ནས་རང་ཉིད་གཅིག་པོ་གྲྭ་ཤག་རེ་རེའི་ནང་ལ་འཛུལ་ཏེ་ཕུ་གློང་མདོ་གློང་བྱས་ནའང་ཕྲ་རྒྱན་མེད་པའི་སྐུ་འདྲ་དང་གླེགས་བམ། སྟན་དང་གྱོན་པ་རྙིང་བ་སོགས་མ་གཏོགས་ཅུང་རིན་ཐང་ཡོད་པ་དང་འཁྱེར་བདེ་བའི་ཅ་ལག་ཅི་ཡང་མ་རྙེད། མཚམས་ཤིག་ཁོས་ཆེས་སྤྱིར་བཏང་གི་གྲྭ་ཤག་ཅིག་གི་རྒྱ་སྒོ་ཕྱེ་ནས་མགོ་ནང་ལ་བསྲིངས་པ་དང་མཉམ་དུ་རྣ་ལམ་ལ་སིང་སྒྲ་ཞིག་དང་མིག་ལམ་ལ་འོད་ཟེར་ཞིག་འཕྲོས་པ་ཙམ་ནས་ནག་འཐོམ་མེར་སོང་། བརྒྱལ་བ་ལས་སངས་དུས་མགོ་བོ་ཧ་ཅང་ན་བཞིན་ཡོད་པས་རེག་རྩིས་བྱས་པ་ན་ལག་པ་རྒྱབ་ཏུ་བཀྱིགས་ནས་འགུལ་ཐབས་མེད། སྐད་རྒྱག་བསམ་དུས་ཁ་ནང་ལ་དྲི་ངན་འཐུལ་བཞིན་པའི་དངོས་པོ་ཞིག་བརྫངས་འདུག རྗེས་སུ་ཁ་ནང་ནས་བླངས་དུས་དེ་ནི་ཕྱིང་བལ་གྱི་ལྷམ་ཚངས་རྙིང་བ་ཞིག་ཡིན་པ་ཤེས་ནས་དྲག་ཏུ་ཁྲོས་ཤིང་ཞེན་པ་ལོག་སྟེ་ཅིག་ཤོས་ཀྱི་སྟེང་ལ་མཆིལ་ཞགས་འཕངས། ཅིག་ཤོས་ནི་གྲྭ་བ་རྒན་པ་ཞིག་ཡིན་ལ། དེས་ཨབ་ཏིའི་དཀྲུམ་མདའ་རང་གི་སྐེ་ལ་བཏགས། ད་སོ་མ་ཨབ་ཏིའི་མགོ་ལ་རྒྱག་སྤྱད་ལོས་ཡིན་སྙམ་པའི་ལག་རྟེན་སྦོམ་པོ་དྲེག་པ་ནག་པོས་གཡོགས་པ་ཞིག་ལག་ལ་བཟུང་ནས་འདུག ཁོ་གཉིས་ཀར་རིང་ཐུང་དང་ཆེ་ཆུང་། ཁ་དོག ཐ་ན་སྤུའི་གྲངས་ཀའང་ལོས་མཚུངས་སྙམ་པའི་ར་མའི་སྨ་ར་རེ་ཡོད་པས་ཨབ་ཏི་དགོད་རྒྱུ་ཞིག་ཡོང་སྟེ་སྡུག་བསྔལ་གྱིས་གདོང་པ་འཛུམ་ཙམ་བྱས། གྲྭ་རྒན་དེས་ཀྱང་ཨབ་ཏི་ལ་བྱམས་བརྩེའི་འཛུམ་ཞིག་བསྟན། ཨབ་ཏིས“ཨང་ཨང……”ཞེས་མགྲིན་སྒྲ་བསྒྲགས་ཏེ་སྐད་ཆ་བཤད་དགོས་པའི་བརྡ་བསྟན། གྲྭ་རྒན་དེས་ལག་རྟེན་གྱིས་སྒོ་ཕྱེ་འདུག་པའི་ཁང་པ་ཞིག་བསྟན་ཏེ་དེའི་ནང་ལ་སོང་ཞེས་པའི་བརྡ་བསྟན། ཨབ་ཏིའི་སེམས་ལ་དེའི་ནང་ལ་ཁྲིད་ནས་གསོད་རྒྱུ་རེད་བསམས་ཏེ“ཨང་ཨང……”ཞེས་མགྲིན་སྒྲ་སྒྲོག་བཞིན་ཤུགས་ཅི་ཡོད་ཀྱིས་མགོ་ཐད་དུ་གཡུག གྲྭ་རྒན་གྱིས་མི་འགྲོ་ན་འདི་རུ་གསོད་རྒྱུ་ཡིན་ཞེས་པའི་བརྡ་ལ་ལག་པ་གཉིས་ཀས་ལག་རྟེན་གནམ་ལ་ཕྱར་བ་ན་ཨབ་ཏིས“ཨང་ཨང……”ཞེས་མགྲིན་སྒྲ་སྒྲོག་བཞིན་ཡར་ལངས་ནས་ཁང་པ་དེའི་ནང་ལ་སོང་། ཁང་མིག་དེའི་སྒོ་སྒེའུ་ཡོད་ས་མ་གཏོགས་པའི་ཕྱོགས་གསུམ་ལ་སྨྱུག་མའི་པར་བུས་གཅུད་པའི་ཇ་ལན་ཆེན་གདུང་ལྕམ་ལ་ཐུག་པའི་བར་དུ་བརྩིགས་ཡོད་པ་རྡུལ་གྱིས་གཡོགས་འདུག གྲྭ་རྒན་གྱིས་སྒོ་བརྒྱབ་རྗེས་ཨབ་ཏིའི་ཁ་ནང་གི་ལྷམ་ཚངས་བླངས་ནས་ས་ལ་གཡུགས། ཨབ་ཏིས་ལྷམ་ཚངས་དེ་མཐོང་རྗེས་ངར་ལངས་ནས་མཆིལ་ཞགས་འཕངས། གྲྭ་རྒན་ཁོང་ཁྲོ་མི་ལང་བར“དེ་ཁྱོད་ལ་ཁག་མེད། ཡིན་ཡང་ངས་ཀྱང་ཁྱོད་ཀྱི་ཁ་ནང་ལ་ཁྲིགས་སེ་འགྲིག་པའི་ཅ་ལག་གཞན་པ་ཞིག་མ་རྙེད་པས་ཐབས་མེད།”ཅེས་བཤད། འོན་ཀྱང་ཨབ་ཏིས་བོད་སྐད་མི་གོ། གྲྭ་རྒན་གྱིས་རྒྱ་སྐད་མི་གོ་བས་ཁོ་གཉིས་ཀས་ཕན་ཚུན་ལ་བརྡ་སྤྲོད་ཐབས་མེད། ཨབ་ཏི་འུ་ཐུག་སྟེ་ཡང་མིན་ན་ཁྱོད་ཀྱིས་ང་རེམ་པར་སོད་དང་། ཅུང་ཙམ་ནས་དམག་མི་ཚོ་ང་འཚོལ་བར་ཡོང་བས་ཁྱོད་རང་ཡང་ཐར་ས་མེད། ཡང་མིན་ན་ཁྱོད་ཀྱིས་ང་རེམ་པར་ཐོངས་དང་ངས་ཁྱོད་སྲོག་ཐར་གཏོང་བ་ཨན་ལཱ(الله Allāh) ལ་དམ་བཅའ་བཞག་པ་ཡིན་ཟེར་བ་གྲྭ་རྒན་གྱིས་ཧ་མ་གོ། གྲྭ་རྒན་ཐབས་ཟད་ནས་ཇ་དེ་དག་ལ་མཛུབ་སྟོན་བྱས་ཏེ་ཁོ་རང་མ་བྲོས་པའི་རྒྱུ་མཚན་ཇ་འདི་ལ་རག་ལས་ཡོད་ཅེས་པའི་བརྡ་བསྟན་ནའང་ཨབ་ཏིས་ཧ་མ་གོ། མཚམས་ཤིག་ཨབ་ཏིས་ཤུགས་ཀྱིས་སྐད་བརྒྱབ་པས་གྲྭ་རྒན་གྱིས་ཡང་བསྐྱར་དེའི་ཁ་ནང་ལ་ལྷམ་ཚངས་བརྫངས། རྐང་པ་གཉིས་ཀྱང་བསྡམས་ནས་སྒོར་བུད།
ཨབ་ཏི་ཐབས་ཟད་ཅིང་དེ་བས་ཀྱང་ཁ་ནང་གི་ལྷམ་ཚངས་ལ་ཞེན་པ་ལོག གལ་ཏེ་རང་ཉིད་ཐར་དུས་ཤིག་ཡོད་ན་གྲྭ་རྒན་འདིའི་ཁ་ནང་ལ་ལྷམ་ཚངས་མང་པོ་མཉམ་དུ་བརྫངས་ནས་མ་བསད་ན་བུ་མིན་བསམས། ཡང་ན་དེ་ལས་ཐུ་བའི་ངན་གསོད་བྱེད་ཐབས་ཤིག་ཡོད་ན་དེ་ལྟར་གསོད་དགོས། གང་ལྟར་མདེའུ་གཅིག་གིས་ཕྱི་མར་མངགས་པ་སོགས་ལས་སླ་མོའི་ངང་འཆི་རུ་མི་འཇུག་ཁོ་ཐག་ཡིན། འོན་ཀྱང་ཕར་བལྟས་ན་འདིས་ང་གསོད་རྩིས་མེད་པ་འདྲ། ཡང་གཅིག་བཤད་ན་སྲོག་མི་གཅོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་ཚོའི་ཆེས་མ་མཐའི་བསྲུང་བྱ་ཡིན་པས་རང་ཉིད་ཐར་དུས་ཤིག་ཡོད་སྲིད་བསམ། ཆེས་འདང་མི་ཕོག་པ་ནི་གྲྭ་པ་འདི་གཅིག་པོ་མ་བྲོས་པར་བསྡད་ཡོད་དོན་ཅི་ཡིན་ནམ། ཁོས་ཇ་འདི་དག་བསྟན་ནས་ཅི་ཞིག་བཤད་ཀྱིན་ཡོད་དམ། འདི་འདྲའི་གྲྭ་པ་དབུལ་པོ་ཞིག་ལ་འདི་འདྲའི་ཇ་མང་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། ཇ་འདི་དག་ལ་གཏམ་རྒྱུད་ཅི་ཞིག་ཡོད་དམ་སྙམ།
དང་ཐོག་གྲྭ་རྒན་གྱིས་སྒོ་བར་ནས་སོ་ལྟ་བྱེད་དུས་ཨབ་ཏིས་རྒྱ་སྒོ་གཟས་ནས་ཡོང་བཞིན་ཡོད་པས་ཁོ་སྐྲག་ཅིང་ཐབས་ཟད་དེ་མགོ་ལ་ཤུགས་ཀྱིས་བརྒྱབ་པ་ན་དེ་དྲན་དུ་མེད་བརྒྱལ་སོང་བས་འདི་ལྟར་མི་བཀྱིག་ཐབས་མེད་བྱུང་། ཡིན་ནའང་འདི་ནི་ཡུན་རིང་གི་བྱེད་ཐབས་ཤིག་མ་རེད། རང་ཉིད་ལ་འཇིག་རྟེན་འདི་ན་གཉེན་ཉེ་མཐེ་བོང་ཙམ་དང་མུག་ཕྲུག་ཅིག་ཀྱང་མེད་པས་ཞེ་ཆགས་ས་མེད་ལ། ལོ་ནའང་འདི་ཙམ་ལ་སླེབས་པས་ད་ནི་འཆི་མ་རན་པ་ཅང་མེད། དགོན་པ་གྲྭ་ཚང་ལ་གདོས་བྱས་ནས་འཁྱེར་དུ་འཇུག་དགོས་དོན་མེད། ལྷག་པར་དུ་ཚོང་པ་ངོ་ཤེས་དེར“ང་མ་ཤི་བར་དུ་ཁྱོད་ཀྱི་ཇ་ལ་སེམས་ཁུར་མེད།”ཅེས་ཁས་བླངས་ཡོད། རང་གིས་གཞུང་དང་རིག་གནས་ཅི་ཡང་མི་ཤེས་ནའང་འདུལ་ཁྲིམས་གཙང་མ་ཡིན། ཚེ་མཇུག་ཏུ་ཁ་བཤད་དོན་ལ་མ་གནས་ན་མི་འགྲིག་བསམས་ནས་ཁ་སང་ཡང་མ་བྲོས་པ་མིན་ནམ། ད་ནི་ཤི་སོང་ནའང་ཁ་དན་ཚིག་ལ་གནས་སོང་བས་འགྱོད་པ་མེད་བསམས་པ་ན་འཆི་བ་ལ་སྐྲག་སྣང་ཅི་ཡང་མེད་པར་གྱུར།
ཁོས“ང་མ་ཤི་བར་དུ་ཁྱོད་ཀྱི་ཇ་ལ་སེམས་ཁུར་མེད།”ཅེས་ཁས་ལེན་བྱེད་སའི་མི་དེ་ནི་ལོ་རེ་བཞིན་ཤར་ཁོག་ནས་ཇ་བཀལ་ཏེ་བཙོང་ཞོར་དུ་འདིར་ཐོན་དུས་ཇ་ཡང་ཕལ་ཆེར་བཙོངས་ཚར་ཡོད་པ་དང་། གལ་ཏེ་ལྷག་མ་ཡོད་ན་དགོན་པའི་སྐོར་ལམ་ནས་ཉིན་གཅིག་གཉིས་རིང་བཙོངས་ན་ཚར་འགྲོ། དེ་ནས་ཁོ་ཚོ་ཚྭ་མཚོའི་ཁར་སོང་སྟེ་ཚྭ་བཀལ་ནས་ཕྱིར་འགྲོ་བའི་ལྷོ་རྡོ་རྗེ་གླིང་དང་ལྡོང་གངས་དཀར་གྱི་ཚོང་ཆེན་ནང་གི་ཚོང་པ་ཆུང་ཆུང་ཞིག་ཡིན། བྱང་ཆོས་འཁོར་གླིང་ནི་ཚོང་ལམ་གྱི་ས་ཚིགས་གཙོ་བོ་ཞིག་ཡིན་པས་ནང་ཆེན་ཁག་དང་ཚོང་དཔོན་ཚོ་ཕན་ཚུན་ངོ་ཤེས་ཡིན། ཚོང་པ་ཆུང་ཆུང་ཚོ་ལའང་གྲྭ་ཤག་ངོ་ཤེས་ཡོད། ལོ་ཞིག་ལ་དབྱར་ཁར་ཐན་པ་བྱུང་ནས་རྩྭ་མ་སྐྱེས་པ་དང་། དགུན་ཁར་ཁངས་གནོད་བྱུང་ནས་ཕྱུགས་ཟོག་གྲངས་མེད་ཤི། ཁྱིམ་ཚང་མང་པོ་སྒོ་ནག་ཏུ་བུད་ནས་ཇ་དང་ཚྭ་ཉོ་བྱེད་ཀྱང་དཀའ་བའི་གནས་སུ་གྱུར། དེའི་ཕྱིར་ཤར་ཁོག་ནས་ཡོང་བའི་ཚོང་པ་ཚོས་ཀྱང་ཇ་བཙོང་མ་ཐུབ་པས་རང་རང་གི་ངོ་ཤེས་ཚོར་བཅོལ་ནས་སོང་། ལོ་འགའི་སྔོན་ལ་ཁོས་ཚོང་པ་ཞིག་གི་ལག་ནས་ཇ་ཅུང་ཙམ་ཉོ་རྩིས་བྱས་ནས་རིན་གོང་དྲིས་པ་ན་ཚོང་པ་དེས་ཁོའི་མགོ་ནས་རྐང་པའི་བར་མིག་ཉུལ་ཞིག་བྱས་རྗེས“རིན་པ་མི་དགོས། ཁྱེད་རང་གིས་ཁྱག་ཚད་ཅིག་ཁྱེར་སོང་།”ཟེར།
ཁོས“མིན་མིན།”ཟེར་ནས་ཟངས་སེར་གྱི་དོང་ཙེ་བཅུ་ཙམ་ཡོད་པ་དེ་ཕར་བསྲིངས་པ་ན་ཚོང་པས་དེ་མི་ལེན་པར་ཇ་ལན་ཆུང་གཅིག་རང་གི་ཕྲག་ཏུ་བླངས་ཏེ་ལམ་ཁྲིད་ཟེར། ཁོ་གཉིས་དེ་ལྟར་ངོ་ཤེས་སུ་གྱུར་པ་དང་། ཚོང་པ་དེས་ལོ་རེར་ཁོ་ལ་ཇ་ལན་ཆུང་རེ་ཁྱེར་ཡོང་།
ཐན་པ་དང་ཁངས་གནོད་བྱུང་བའི་ལོ་དེ་ལ་ཚང་མས“ལོ་ངན་ལོ”ཟེར་ལ། ལོ་ངན་ལོར་ཁོའི་ངོ་ཤེས་ཚོང་པ་དེའི་ཇ་ཡང་བཙོང་མ་ཐུབ་པས་ཁོའི་གྲྭ་ཤག་ཏུ་བཅོལ། ཕངས་པ་ཞིག་ལ་ཕྱི་ལོར་ཚོང་པ་དེ་མ་ཡོང་ལ། དེའི་ཕྱི་ལོའང་མ་ཡོང། ཁོ་ཚོང་ཆེན་སླེབས་ཐེངས་རེར་སྔུན་ལ་སོང་ནའང་རང་གི་ངོ་ཤེས་དེ་རིག་རྒྱུ་མེད། ལོ་འདི་འགར་ལྷོ་རྡོ་རྗེ་གླིང་སྒར་འབྲོག་གཉིས་དང་བྱང་ཆོས་འཁོར་གླིང་སྒར་འབྲོག་གཉིས་ཀྱི་བར་གྱོད་བྱུང་ནས་འགྲོ་འོང་ཆད་སོང་བའམ་གསལ་པོར་བཤད་ན་འགྲོ་འོང་བཅད་སོང་བས་ད་ནི་ཚེ་འདིར་ཇ་འདིའི་བདག་པོ་དང་ངོ་ཐུག་པའི་རེ་བ་ཡོད་མེད་མི་ཤེས། ཡིན་ནའང་ཁ་བཤད་དོན་ལ་གནས་དགོས།
“ང་འཆི་རེག་བར་དུ་ཁྱོད་ཀྱི་ཇ་ལ་སེམས་ཁུར་མེད།”ཁོས་འདི་ལྟར་ཟློ་བཞིན་ཉིན་རེ་ནས་ཟླ་རེ་དང་། ཟླ་རེ་ནས་ལོ་རེ་འགོར……
“འུ་གཉིས་ཚེ་ཕྱི་མ་ནས་ངོ་ཐུག་པར་སྨོན།”ཁོས་འདི་ལྟར་ཁེར་བཤད་བྱེད་བཞིན་ཨབ་ཏིའི་གམ་ལ་སོང་ནས་ཁ་ནང་གི་ལྷམ་ཚངས་བླངས། རྐང་ལག་གི་བཀྱིག་ཐག་བཤིག དཀྲུམ་མདའ་ཕྱིར་བྱིན།
ཨབ་ཏི་རེ་ཞིག་གྲགས་འགུལ་མེད་པར་ཁོའི་གདོང་ལ་ཅེར་ནས་འདུག ཁོས་ཨབ་ཏིའི་ལག་གི་དཀྲུམ་མདའ་ལ་མཛུབ་སྟོན་ཞིག་བྱས་ཤིང་། དེ་ནས་རང་གི་དབྲལ་བར་མཛུབ་མོ་བཙུགས།
ཨབ་ཏིས་འདིས་ཁོ་སོད་ཅེས་པའི་བརྡ་སྟོན་བཞིན་ཡོད་པ་ཧ་གོ་ནའང་ད་ལྟ་ཁོ་ལ་འདི་གསོད་འདོད་གཏན་ནས་མེད་པར་མ་ཟད་རང་གི་ཁ་ནང་ལ་ལྷམ་ཚངས་བརྫངས་པར་སྐྱིན་པ་ལེན་འདོད་ཀྱང་མེད། དེ་ལས་ལྡོག་སྟེ་ཇ་འདི་དག་ལ་ངེས་པར་དུ་དོན་དག་ཅིག་ཡོད་ངེས་ཡིན་ལ། ཁོས་དེ་ཧ་ཅང་ཤེས་འདོད་ཡོད་ནའང་ཁོ་གཉིས་ལྐུགས་པ་གཉིས་ཕྲད་པ་ཇི་བཞིན་ཕན་ཚུན་ལ་གོ་བརྡ་མི་འཕྲོད་པས་ཐབས་ཟད་དེ་འཇིགས་མེད་སེང་གེའི་ནང་ཆེན་དུ་དམག་སྒར་བཏབ་ཡོད་པ་དེར་ཁྲིད། དམག་སྒར་ན་ལོ་ཙཱ་བ་ཞིག་ཡོད་པ་དེ་བརྒྱུད་ནས་ཨབ་ཏིས་ཇ་དེའི་གཏམ་རྒྱུད་ཤེས་ནས་སྔར་ལས་ཀྱང་ངོ་མཚར་སྐྱེས།
ཨབ་ཏིས“ངས་ཁྱོད་ལ་རྟ་གཅིག་དང་བྲོ་ཁ་སྟེར། ཁྱོད་ས་ཆ་གཞན་དུ་སོང་།”ཞེས་བཤད།
“གལ་ཏེ་ཁྱོད་ཚོས་ང་མི་གསོད་ན་ངས་འཆི་རེག་བར་དུ་ཇ་འདི་དག་བསྲུངས་ནས་འདུག་རྒྱུ་ཡིན།”
ཨབ་ཏི་ཐབས་ཟད་དེ་དམག་མི་ཡོངས་ལ་གྲྭ་རྒན་འདི་ཁོའི་སྲོག་སྐྱོབ་མཁན་ཡིན་པས་གསོད་མི་ཆོག་པར་མ་ཟད་འདིའི་འགྲོ་འདུག་ལ་ཚོད་འཛིན་བྱེད་མི་ཆོག་ཅེས་བཀའ་ཕབ། གྲྭ་རྒན་ཁྱོད་རང་གང་འདོད་ལྟར་གྱིས་ཟེར་ནས་བཏང་། དེ་ནས་བཟུང་ཨབ་ཏིས་གྲྭ་ཤག་རེ་རེ་གློང་ནས་ཅུང་རིན་ཐང་ལྡན་ཞིང་འཁྱེར་བདེ་བའི་ཅ་ལག་རེ་བཙལ་རྒྱུའང་མཚམས་བཞག་པ་དང་། སྨྲ་བ་ཇེ་ཉུང་དུ་སོང་། ཉིན་ལྟར་གཅིག་པུར་བསྡད་དེ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག གྲྭ་རྒན་འཛེམ་དོགས་མེད་པར་དོན་རྐྱེན་མ་བྱུང་སྔོན་ལྟར་ལྷ་ཁང་མཆོད་རྟེན་ལ་ཕྱག་སྐོར་བྱེད་པ་དང་། མཚམས་རེར་དམག་སྒར་རམ་འཇིགས་མེད་སེང་གེའི་ནང་ཆེན་བརྒྱུད་ནས་འགྲོ་སྐབས་ཨབ་ཏི་དང་ཐུག་ན་ཕན་ཚུན་འཛུམ་རེ་སྟོན་པ། ལོ་ཙཱ་བ་བརྒྱུད་ནས་མི་ཚེ་ཧ་ཅང་ཐུང་བ་དང་དགྲ་གཉེན་ཆགས་སྡང་འཛིན་པ་ལ་སྙིང་པོ་མེད་པ། ཡོད་ཚད་མི་རྟག་པའི་སྐོར་གྱི་ཁ་བརྡ་དམ་དུམ་རེའང་བྱེད། མཚམས་ཤིག་ཨབ་ཏིས་རང་འགུལ་གྱིས་ལོ་ཙཱ་བ་ཁྲིད་དེ་གྲྭ་རྒན་བཙལ་ནས་ཁ་བརྡ་བྱེད། ཡིན་ནའང་ཉིན་འགའི་རྗེས་སུ་ཧན་ཐོན་ཀྲང་གིས་རྒྱལ་ཁ་ཆེར་མ་ལོན་པའམ། གསལ་པོར་བཤད་ན་འཇིགས་མེད་སེང་གེ་འཛིན་མ་ཐུབ་ལ་གསོད་ཀྱང་མ་ཐུབ། ད་དུང་རང་གི་དཔོན་དམག་མང་པོའི་ཚེ་སྲོག་ཤོར་བར་ཁོང་ཁྲོ་དང་ངོ་ཚའི་ངང་ཕྱིར་དགོན་པར་སླེབས། ཏག་ཏག་སྐབས་འདིར་འཇིགས་མེད་སེང་གེའི་ནང་ཆེན་གྱི་སྒོ་ཁ་ན་གྲྭ་པ་ཞིག་ལག་རྟེན་ལ་ཨོཾ་བཙུགས་ནས་བསྡད་ཡོད་པ་རིག་ནས་བསམ་དབང་དྲན་དབང་མེད་པར“ཁྱི་མོར་གཡེམ་མཁན……”ཞེས་དམོད་ཞོར་མདེལ་སྒྲོམ་ནང་གི་མདེའུ་བཅུ་བོ་ཚར་རེག་བར་དུ་དཀྲུམ་མདའ་འཕྲོ་རིམ་འཕྲོར་བརྒྱབ། མཱ་ཨབ་ཏིས་བོའུ་སྐད་གོ་ནས་བརྒྱུགས་ཡོང་དུས་གྲྭ་རྒན་ཆུ་ཚགས་ལྟར་བཟོས་ཡོད་པ་དང་། དང་ཐོག་ཁོའི་མགོ་ལ་རྒྱག་བྱེད་ཀྱི་ལག་རྟེན་སྦོམ་པོ་དེར་ཁེན་ནས་ལང་མ་ཙོག་ཏུ་འདུག ཨབ་ཏིས་གྲྭ་རྒན་ལ་ཐོད་པ་གཏུགས་ནས་བསྡད། མིག་ཆུ་དྲོན་པོ་ཞིག་རིང་ཐུང་དང་ཆེ་ཆུང་། ཁ་དོག ཐ་ན་སྤུའི་གྲངས་ཀའང་ལོས་མཚུངས་སྙམ་པའི་ར་མའི་སྨ་ར་གཉིས་ཀའི་གསེང་ནས་ས་ལ་འཐིག་གིན་འདུག ཧན་ཐོན་ཀྲང་ཡང་རེ་ཞིག་ཨབ་ཏིའི་བྱ་སྤྱོད་ལ་ཡ་མཚར་ཏེ་ཉེ་སར་སོང་། ཨབ་ཏིས་གྲྭ་རྒན་གྱིས་བེམ་པོ་བཏང་ནས་ཡར་དགྱེ་བ་ན་གདོང་ཡོངས་མཆི་མས་བརླན་ཞིང་མགྲིན་པ་རྣོང་བཞིན་འདུག་པས་དེ་བས་ཀྱང་ཡ་མཚར་ཏེ་ཅི་ཡིན་དྲིས།
ཨབ་ཏིས་མིག་ཆུ་འབྱིད་བཞིན“འདིའི་ལག་ལ་ངའི་མེ་མདའ་ཤོར་སོང་བས་ང་ལས་སླ་མོས་བསད་ན་ཆོག་ཀྱང་མ་བསད་པར་མེ་མདའ་ཕྱིར་བྱིན། དེས་ན་ཁོས་ངའི་སྲོག་བསྐྱབས་པ་དང་ཁྱད་པར་མེད། ཕར་བལྟས་ན་སྤྲང་པོ་འདྲ་བོ་འདིས་གནས་ལུགས་ཆེན་པོ་གང་མང་ཤེས། འདིའི་རྒྱུད་ན་བྱམས་དང་བརྩེ་བ་མ་གཏོགས་ཅི་ཡང་མེད། ཡིན་ནའང་ཁྱོད་ཀྱིས་མི་གསོད་རྒྱུ་ཁོ་ན་མ་གཏོགས་འདི་དག་ཧ་གོ་ནི་མ་རེད།”ཅེས་བཤད།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།