རྒྱལ་སྲས་རྐང་བཀྲུ་ཁང་།

སྟག་རིག་འབྲུག་ཐར།༼ ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-03

  ནམ་དུས་བརྗེ་སོར་ལྟ་བུའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས། ང་ཚོས་བྱ་བ་གང་དང་གང་སྒྲུབ་ཀྱང་བསམ་བློའི་འཁོར་སྟངས་ཇི་ལྟར་རྒྱ་ཆེ་ན། དཔལ་འབྱོར་གྱི་འབབ་སྒོ་དེ་ལས་མང་ཞིང་། ལྟ་རྒྱ་དང་ཐོས་རྒྱའི་ཁྱོན་ཇི་ལྟར་ཡངས་ན་བྱ་ལས་གང་དང་གང་ལ་འཇུས་ཀྱང་གནས་ལུགས་ངེས་ཅན་ཞིག་གསལ་བོར་རྟོགས་འོང་།
  ལྷག་པར་དེང་རབས་སྤྱི་ཚོགས་ཀྱི་མྱུར་བགྲོད་གཞུང་ལམ་ཁྲོད། ཚན་རིག་དཔལ་འབྱོར་གྱི་གོམ་འགྲོས་གློག་ལས་མྱུར་བའི་སྐབས་དུས་འདིར། ཡར་རྒྱས་ཅན་གྱི་མི་རིགས་དག་གིས་སྤྱི་ཚོགས་ཀྱི་གནས་བབ་ལ་བསྟུན་ནས་ཐོན་སྐྱེད་གསར་སྤེལ་དང་ལས་གཞི་གསར་བར་གོམ་ཁ་བསྒྱུར་ནས་ཚོང་རའི་དཔལ་འབྱོར་གྱི་ཚ་རླབས་དྲག་ཏུ་མཆེད་བཞིན་གདའ། ཡིན་ཡང་ང་ཚོ་ད་དུང་ལས་རིགས་གཅིག་གཉིས་ཙམ་ལ་ཤོ་འཐམ་རོ་འཐམ་བྱ་བའི་བག་ཆགས་རྙིང་བའི་རྒྱ་ལས་ནམ་ཡང་ཐར་ཐུབ་ཀྱིན་མེད་ལ་གསར་བརྗེ་ཡང་བྱ་ཐུབ་ཀྱིན་མེད། ཡིན་རྒྱུ་ནི་རིག་གནས་སློབ་གསོ་དར་འཕྱི་བའི་རྒྱུ་རྐྱེན་ཡིན་ལ། རིག་གནས་སློབ་གསོ་ཁྱབ་བརྡལ་དུ་གཏོང་བའི་འཕར་ཤུགས་ཀྱང་ཧ་ཅང་དལ་བ་མཚོན། གོ་སླའི་སྒོ་ནས་མདོར་དྲིལ་ན་སློབ་གསོ་དར་འཕྱི་བའི་དབང་གིས་དཔལ་འབྱོར་གྱི་འཕེལ་ཚད་ལ་འགྱུར་ལྡོག་བྱུང་དང་འབྱུང་གིན་ཡོད་པ་གཤམ་གྱི་གཏམ་རྒྱུད་ཐུང་ངུ་འདི་ལས་ངེས་ཤེས་རྙེད་ཐུབ།
  ཉིན་ཞིག་གི་སློབ་ཐུན་གསུམ་པ་གྲོལ་རྗེས། ང་རང་དུས་རྒྱུན་གྱི་གོམས་ལོབས་ལྟར་སློབ་གྲྭའི་དཔེ་མཛོད་ཁང་དུ་སྔོན་བྱོན་སྐྱེས་ཆེན་དམ་པའི་གསུང་རྩོམ་ལ་མཇལ་ཞོར་གནད་ཚིག་དང་ཚིག་རྒྱན་ཡག་གྲས་རྣམས་ཟིན་བྲིས་སུ་འབེབ་པའི་སྐབས་སུ། འཇིགས་སྔངས་སློང་འདྲའི་ཁ་པར་གྱི་སྒྲ་མེད་འདར་འགུལ་བསྟུད་མར་གྲགས་བྱུང་། མྱུར་མོར་ཕྱི་རོལ་དུ་སོང་ནས་ཁ་པར་བླངས་དུས། ལོ་ངོ་གསུམ་ལྷག་ལ་འཕྲད་སྐལ་མ་བྱུང་པའི་སློབ་ཆེན་གྱི་སློབ་གྲོགས་དྭངས་མ་བཀྲ་རྡོ་རེད། ངེད་གཉིས་ཕ་གཅིག་གི་རུས་སུ་མ་གྲུབ་རུང་། མ་གཅིག་གི་མངལ་ཁོག་མ་བརྒྱུད་རུང་། ཆུ་དང་ཉ་མོ་ལྟར་མཛའ་བརྩེ་ཧ་ཅང་ཟབ་པས། ཡིད་ཀྱི་གཙང་ངོགས་སུ་དེ་དུས་བག་ཆགས་ཟབ་པའི་སློབ་གྲོགས་ཀྱི་མངར་ལ་སྐྱུར་བའི་སློབ་གྲྭའི་འཚོ་བ་ཝ་ལེར་བརྡོལ་འོང་ཞིང་སེམས་པའི་གཏིང་ནས་ཀྱང་དགའ་སྤྲོ་བླ་ལྷག་ཅིག་སྐྱེས་ཏེ། ཁ་པར་ལས་ཐུགས་འཕྲད་བྱེད་སའི་གནས་གཏན་འཁེལ་བྱས་མཐར། ང་རང་ཡང་དེ་མུར་མལ་ཁང་དུ་ལོག་ནས་ཉེར་བསྡོགས་ལེགས་པར་བརྩམས་རྗེས། ལོ་ངོ་གསུམ་གྱི་རིང་མ་འཕྲད་པའི་གྲོགས་པོའི་འདང་བརྩེ་ཉར་ཞོར་ཐད་ཀར་སྤྱི་སྤྱོད་ཨང་རྟགས་གཉིས་པར་བསྡད་དེ་སོང་།
  ཤ་རྒྱགས་ཤིང་ངང་མདངས་དཀར་པོའི་གྲོགས་བཀྲ་རྡོའི་གཟུགས་བྱད་མིག་ལ་ཐོགས་དུས། ངའི་གོམ་ཁ་ཡང་གཞན་དབང་གི་སྒྲོག་ལས་ཐར་ཏེ་ཁོའི་གམ་དུ་བཅར་ནས་བདེ་འཚམས་དྲིས་ཤིང་ལག་འཇུའི་དུས་ཚོད་ཡུན་རིང་ལ་གློད་རྒྱུའང་བརྗེད་པར་གྱུར། ཁོའི་བརྩེ་འཛུམ་གྱི་མིག་ཟུང་གིས་ངའི་མགོ་ནས་རྐང་བའི་བར་ཞིབ་ལྟ་ཐེངས་ཤིག་བྱེད་ཞོར"སྐྱིད་མདོག་ཤར་འདུག"ཅེས་པའི་སྐད་ཆ་ཚིག་གཅིག་ལས་ཅི་ཡང་མ་ཤོར། ངེད་གཉིས་ཀྱིས་གོམ་པ་མཉམ་ལེན་སྒོས་འདས་དོན་གྱི་སྒོ་གླེགས་ཡངས་པོར་ཕྱེ་སྟེ་གོ་རིམ་འཆོལ་བའི་གླེང་མོལ་དང་ལྷན་དུ། ཚད་ཐིག་ཅུང་མཐོ་བའི་ཟ་ཁང་ཞིག་གི་ནང་དུ་སོང་། ཟ་མ་ཟ་ཞོར་དུ་ཕན་ཚུན་གྱི་བྱ་བའི་ལས་རྐང་གི་གནས་ཚུལ་དང་ཁྱིམ་ཚང་དང་བཟའ་ཚོའི་ཕྱོགས་ཀྱི་གནས་ཚུལ་སོགས་ཆུང་ཕྱོགས་ནས་སྒེར་དོན་དང་ཆེ་ཕྱོགས་ནས་སློབ་གསོའི་ཁ་ཕྱོགས། མི་རིགས་ཀྱི་མདུན་ལམ་སོགས་ཞིབ་རྒྱས་ཤིག་གླེང་ནས་ཕྱི་དྲོའི་དུས་ཚོད་དགུ་པར་ནམ་སླེབས་འདི་སླེབས་ཀྱང་མ་ཤེས། བཀྲ་རྡོས"བྱ་བ་ཇི་འདྲའི་བྲེལ་ཡང་ངེད་གཉིས་མ་ཐུག་པའི་ལོ་ངོ་གསུམ་གྱི་འཚོ་བ་དོ་ནུབ་གསལ་བརྗོད་ཅིག་བྱ" ཞེས་ནན་བཤད་བྱས་པས། མཇུག་མཐར་ངེད་གཉིས་ཀྱི་བློ་ཁ་གཅིག་ལ་ཕྱོགས་ཏེ་ཟི་ལིང་གྲོང་ཁྱེར་ན་གཞི་རྒྱ་ཆེས་ཆེ་བའི་རྒྱལ་སྲས་རྐང་བཀྲུ་ཁང་གི་ཡན་ལག་འཛད་སྤྱོད་ཁང་ཞིག་ཏུ་འགྲོ་རྒྱུའི་གྲོས་ཐག་བཅད།
  གནས་དེར་ཐོན་པ་ན་མིག་མདུན་དུ་བ་གམ་མངོན་པར་འཕགས་པའི་ཐོག་བརྩེགས་རིམ་པ་ཉེར་ལྔ་ཅན་གྱི་ཐོག་ཁང་ཞིག་ཀེར་རེར་འགྲེང་ལ། ཐོག་ཁང་གི་མདུན་ངོས་སུ་དཀར་སེར་དམར་ལྗང་གི་གློག་འོད་ཆེམ་ཆེམ་འཕྲོ་ཞིང་གཅིག་ཐོག་གི་མདུན་ཐད་དུ་དབྱིབས་མང་ཞིང་རྟགས་འདྲ་མིན་གྱི་རླངས་འཁོར་གྱི་ཚོགས་བྱུར་བུར་སྤུངས་པའི་མི་ཚད། མདུན་སྒོའི་གཡས་གཡོན་དང་ཉེ་འགྲམ་ན་དཀར་ཞིང་གཙང་ལ་གྲལ་དག་པའི་གྱོན་གོས་ལུས་སུ་མཛེས་ཤིང་ཞལ་ངོ་འཛུམ་གྱིས་ཁེངས་བའི་ཞབས་ཞུ་བ་བཞི་ལྔ་ཙམ་ཡོད་ཅིང་། ཁོ་ཚོས་སྐེད་པ་སྒུར་སྒུར་དང་གཉའ་ཞུམ་ཞུམ་ངང་"ཕེབས་རོགས་གནོང"ཞེས་གུས་པའི་ཕྱག་བརྡ་ནང་དུ་བསྐོར་ཏེ་གང་ཡག་གི་བསུ་མ་བྱས་པར། ངེད་གཉིས་ཀྱིས་ཀྱང་འཛེམ་དོགས་འདྲེས་མའི་ཡ་ལན་ཞིག་སློག་ནས་གོམ་པའི་འདེགས་འཇོག་རྒྱས་སྤྲོས་ཆེ་ཞིང་ཉིན་དཀར་ལས་གསལ་བའི་གློག་འོད་ཀྱི་གུར་ཁང་ནང་དུ་བསྒྱུར། སྣེ་ལེན་པའི་བཀོད་སྒྲིག་གི་འོག་ངེད་གཉིས་གྱན་གཅིག་ལས་ཅུང་ཆེ་བའི་ཁང་བ་ཞིག་གི་ནང་དུ་ཁྲིད། ཁོ་ཚོའི་མངག་བཀོད་ལྟར་སོ་སོའི་གམ་དུ་སྤུས་གཙང་ཅ་དག་མངོན་པའི་སྨན་ཤར་བུ་མོ་གཉིས་འོང་ཞིང་ལག་ཏུ་འགྱིག་གི་དྲ་ཕད་ཅིག་བསྣམས་ཡོད་ལ། གུས་ཉམས་དང་འཛུམ་མདངས་འདྲེས་མའི་ཞབས་ཞུ་ལས་དོགས་མི་བདེ་བའི་སྣང་བ་ཡང་བསྐྱར་བསླངས།
  དང་ཐོག་ཞབས་ཞུ་མ་གཉིས་ཀྱིས་དབྱངས་གཅིག་མགྲིན་གཅིག་གིས"སྐུ་ཉིད་རྒྱལ་སྲས་རྐང་བཀྲུ་ཁང་དུ་འཛད་སྤྱོད་ལ་ཕེབས་པར་དགའ་བསུ་ཞུ"ཞེས་གུས་ཉམས་མཚར་བོ་ཞིག་བསྟན་རྗེས་གཞི་ནས་རྐང་བ་བཀྲུ་བའི་སྦྱོར་བ་མགོ་བརྩམས། ངའི་གམ་དུ་སྡོད་པའི་ཞབས་ཞུ་མ་དེ་བལྟས་ཚོད་ཀྱིས་བོད་རིགས་བུ་མོ་ཞིག་ཡིན་སྙམ་སྟེ། མིག་གཉིས་གོར་ལ་སྣའི་གཟེངས་མཐོ་ཞིང་ཞལ་རས་སྨུག་མདངས་བཀྲ་བ། ནག་ཅིང་སྣུམ་པའི་སྐྲ་ལོ་ཀླད་པའི་ཕྱི་ལྟག་ཏུ་ཕོན་པོར་བསྡམས་ཤིང་དངུལ་གྱིས་བརྡུངས་པའི་རྣ་ལུང་ཉ་གཟུགས་ཅན་ཐུར་དུ་དཔྱངས་པས་བོད་ཀྱི་སྣུམ་ཚོན་རི་མོ་སོགས་སུ་བོད་པའི་བུ་མོའི་ཉམས་སྣང་རྗེན་པར་མངོན་པ་དང་ཡོངས་སུ་མཐུན། ཁོ་མོས་རིམ་པ་དང་པོར་འཇམ་ཞིང་མཉེན་པའི་ལག་ཟུང་གིས་མགོ་བོའི་སྐྲ་གསེང་ནས་བྱིལ་བྱིལ་བྱས་ཤིང་མཐེ་བོང་དང་གོང་མཛུབ་ཀྱིས་དཔྲལ་ངོས་ནས་གདོང་པ། གདོང་པ་ནས་མཁུར་ཚོས། མཁུར་ཚོར་ནས་མ་ནེ་སོགས་རིམ་གྱིས་མཉེན་འཕུར་རན་པ་ཞིག་བྱས་པའི་རྗེས་ལག་ཟུང་གི་ལྷུ་ཚིགས་རེ་རེ་དང་མཛུབ་གུ་རེ་རེ། རིམ་བཞིན་བརླ་ངོས་ནས་པུས་མོ། པུས་མོ་ནས་བྱིན་པ། དེའི་རྗེས་རྐང་བའི་སྲེ་ལོང་ནས་རྗེ་ངར། རྗེ་ངར་ནས་རྐང་མགོའི་མཛུབ་གུ་བཅས་གོ་རིམ་ལྡན་ཞིང་རྩལ་ཤུགས་འཛོམས་ལ། མཉེན་འཕུར་གྱི་དང་ལྷོད་རན་པའི་སྟབས་ཀྱིས་ཤིང་ཡར་སྐྱེས་ནང་གི་སྲ་སྐྱེས་དང་མི་ཡར་སྐྱེས་ནང་གི་དྲང་མོ་ཞེས་པ་ལྟར་ཉམས་མྱོང་ཕུན་སུམ་ཚོགས་པའི་ཡོན་ཏན་ཁྱད་པར་བ་ཞིག་ལྡན་པས་ན། ངས་ཁོ་མོར"ཁྱེད་ཀྱིས་ཞབས་ཞུ་སྒྲུབ་པ་ངོ་མ་བཟང"ཞེས་རྒྱ་སྐད་ཀྱིས་ལབ་པར། ཁོ་མོའི་གདོང་ཡོངས་འཛུམ་གྱིས་ཁེངས་ཞོར་བོད་སྐད་དག་མའི་ལམ་ནས"བསྟོད་པ་ཆེ་དྲགས་སོང་། འཛད་སྤྱོད་པའི་ཐུགས་ལ་རན་རྒྱུ་ནི་ང་ཚོའི་འོས་འགན་ཡིན"ཞེས་འཇོལ་མོའི་གསུང་དང་མཐུན་པ་ཞིག་བསྙད་བྱུང་། སྐབས་ཐོག་དེར་ང་རང་ཧ་ལས་ཤིང་ཧང་སངས་སུ་བཅུག་པར་མ་ཟད། གན་རྐྱན་དུ་ལོག་པའི་གྲོགས་བཀྲ་རྡོ་ཡང་འཚུབས་སེ་ཡར་ལངས་ནས་ཁོ་མོའི་ཕྱོགས་སུ་སྐེ་དཀྱོགས་ཏེ"ངོ་མ་བོད་མོ་སངས་མ་ཞིག་རེད"ཅེས་ཤོད་རྒྱུ་ལས་སྐད་ཆ་གཞན་གློད་རྒྱུ་མ་བྱུང་། ངས་ཀྱང་སྐད་ཆའི་གླེང་གང་ནས་སློང་དགོས་པའང་མ་ཤེས་པར་དར་ཅིག་ལ་རིག་རིག་མིག་གིས་ཁང་བའི་གནམ་ལྕལ་ལ་ཅེར་ཏེ་སྨྲ་བ་ཆད་ཅིང་ངག་ལྐུགས་པར་གྱུར། ཁོ་མོས་ཚམ་ཚོམ་མེད་པར"ཁྱེད་གཉིས་དེ་འདྲའི་ཡ་མཚན་དགོས་དོན་ག་ནས་ཡོད། ངས་འདི་རུ་རྐང་བཀྲུའི་ལས་རིགས་གཉེར་ནས་དཔལ་འབྱོར་གྱི་ཡོང་སྒོར་འབད་བརྩོན་བྱེད་པ་ལས་མདོ་མེད་འཆལ་མོ་ལྟར་རང་ལུས་བཙོང་གིན་མེད། ཡང་གཅིག་བཤད་ན་ང་ཚོ་བོད་པ་རྣམས་ཀྱི་སེམས་ངོགས་སུ་རྐང་བ་བཀྲུ་བ་དང་སྐྲ་བཞར་བ། ལྷམ་འཚེམ་པ་སོགས་ཀྱི་ལས་རིགས་དག་ནི་རི་མཐོ་རུང་མགོ་ན་རྩྭ་མེད་པ་དང་མིང་ཆེ་རུང་སྒོ་ན་རྒྱུ་མེད་ཅེས་པ་ལྟར་ཆེས་ཐ་ཤལ་གྱི་ལས་ཀ་ཞིག་ཏུ་བརྩི་བཞིན་ཡོད་མོད། དོན་དངོས་སུ་བཅིངས་འགྲོལ་མ་ཐོབ་པའི་ཆེས་དམན་གྲས་ཀྱི་བསམ་བློ་རེད"ཅེས་ན་ཟུག་དང་སེམས་གཏམ་འདྲེས་མས་དེ་ལྟར་བཤད། ངའི་ཡིད་ལ་གློ་བ་གློ་བུར་སློབ་འབྲིང་སློབ་དེབ་ཅིག་ཏུ《ཕྱག་འཇུ་གནང་བ》ཞེས་པའི་སློབ་ཚན་ཞིག་ཐོལ་བྱུང་དྲན་སོང་། སློབ་ཚན་དེའི་ཁྲོད་དུའང་མགར་ལས་ནི་ལས་རིགས་ཀུན་ལས་དམན་གྲས་སུ་བརྩི་བའི་བརྗོད་བྱ་བསྟན་ལ། བརྗོད་བྱའི་ཤུགས་ལས་རྗེས་ལུས་བསམ་བློ་ལ་དགག་པ་བརྒྱབ་ཡོད་ཅིང་། དེ་ནི་རྗེས་ལུས་ཀྱི་མངོན་རྟགས་ཤིག་ཡིན་པས། ང་ཚོ་མྱུར་བར་རྙིང་ཞེན་གྱི་བསམ་བློ་ལས་ཐར་དགོས་པའི་བརྡབ་གསིག་ཅན་གྱི་གནས་ལུགས་ཤིག་ཀྱང་བསྟན་ཡོད། ཏག་ཏག་བོད་མོ་འདིའི་འབྲུ་ཉུང་བའི་སྐད་ཆས་ང་དང་ང་ལྟ་བུའི་མི་བུ་མང་པོ་ཞིག་གི་མི་སྙིང་ལ་གཡོ་འཁྱོམ་བཟོས་ཤིང་། ང་དང་ང་ལྟ་བུའི་བོད་མི་ཇི་སྙེད་ཅིག་རྗེས་ལུས་ཀྱི་སྒྲོག་ལ་ཚུད་པའི་བསམ་བློ་དེ་དུམ་བུར་གཏུབ་འགྲོ། བཀྲ་རྡོས་གླེང་མོལ་གྱི་མཇུག་མཐུད་དེ་ཁྱེད་རང་ལས་རིགས་འདིར་ནམ་ཚོད་ཅིག་ནས་ལས་མགོ་བརྩམ་པ་དང་ཟླ་རེའི་ཟླ་ཕོགས་ག་ཚོད་ཡིན་པ་དྲིས་པར། ཁོ་མོས་གསང་རྒྱ་ཅི་ཡང་མེད་པར་སྐྱོ་ཤས་ཀྱི་ཉམས་ཀྱིས་དངན་པ་རིང་མོ་ཞིག་འཐེན་ནས་བཤད་རྒྱུར"སློབ་ཆེན་མཐར་ཕྱིན་རྗེས་སློབ་གྲྭའི་དགེ་རྒན་བསྡུ་བའི་རྒྱུགས་ཐེངས་རེ་གཉིས་ཤིག་ལ་ཞུགས་མྱོང་མོད། བསྡུ་ཚད་ཧ་ཅང་ཉུང་བས་ངེས་གཏན་གྱི་བྱ་བ་ཞིག་རེག་པའི་གོ་སྐབས་ཧ་ཅང་ཕྲ། ལྷག་པར་ཟླ་ཐོག་ལོ་བརྩེགས་ལ་བྱ་བ་མ་རྙེད་པའི་གནོན་ཤུགས་ཀྱིས་ཕ་མའི་སེམས་ཁུར། རང་དབང་མིན་པའི་གཉེན་སྒྲིག་གི་དཔུང་འཇུག ཉག་ཕྲ་བའི་གཞུང་ཞབས་པའི་ལས་ཞུགས་འགྲན་རྩོད་སོགས་ཀྱིས་ང་རང་འུ་ཐུག་ཐབས་ཟད་དུ་གྱུར་སྟབས། མིག་ཆུའི་འབབ་རྒྱུན་ནི་དབྱར་གསུམ་རྫ་ཁའི་ཆར་བ་དང་འདྲ་བར་ཉིན་རེར་རེབ་ཐེངས་འགའ་རེར་བཞུར་མྱོང་། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཞེས་པ་ཅི་མ་བདེན། ལོ་ཞིག་གི་སྟོན་གཞུག་ཏུ་ང་རང་ཨ་ཞང་གི་ངོ་སྤྲོད་བརྒྱུད། ཟི་ལིང་གི་ཟ་ཁང་ཆེན་མོ་ཞིག་ཏུ་ཞབས་ཞུའི་ལས་ཀ་གཉེར་བ་ཡིན། ཉིན་མཚན་དེ་དག་གི་ཁྲོད་ལུས་ཤུགས་ངལ་རྩོལ་ལ་བྱང་ཆ་མེད་པའི་ངའི་གྱ་ཚོམ་གྱི་སྤྱོད་སྟངས་ཀྱིས་སྦྱིན་བདག་གི་ཐུགས་སུ་མ་བབས་རྐྱེན་བཀའ་བཀྱོན་ལ་རྒྱུན་ཆད་མེད་ཅིང་། ཐ་ན་མཚམས་རེ་འགར་སྐྱུར་དྲི་མངའ་བའི་གཅར་རྡུང་ཀྱང་ཉོས་མྱོང་། དེའི་རྗེས་ལས་གྲོགས་རྣམ་པའི་ཁ་བརྡའི་གླེང་མོལ་ཁྲོད་ནས་ང་རང་གནས་འདིར་ཡོང་བའི་ཀུན་སློང་རྨ་མེད་པ་ཞིག་སྐྱེས། གནས་འདིར་འོང་འདོད་པའི་ཀུན་སློང་སྐྱེས་ན་ཡང་གཞན་པའི་ངོ་སྤྲོད་མེད། འབྲེལ་ཡོད་ཀྱི་ངོ་ཤེས་མེད་མོད། ཁ་བཤད་དོན་ཐོག་ལ་འབབ་དགོས། ཁབ་ཤུལ་སྐུད་པས་བསུམ་དགོས་ཞེས་པ་ལྟར། ཉིན་ཞིག་ངོ་ཚ་རྒྱབ་ཏུ་བསྐྱུར། སྤོབས་པ་ཆེ་རུ་བསྐྱེད་ནས་རྒྱལ་སྲས་རྐང་བཀྲུ་ཁང་དུ་འོང་སྟེ་སྦྱིན་བདག་ལ་རེ་བ་བཏོན་པར། ཚོད་ལྟའི་ཚུལ་གྱིས་ཟླ་གཅིག་གི་རྗེས་ལག་རྩལ་དང་ཞབས་ཞུའི་རྣམ་འགྱུར་ལེགས་ན་དེ་དུས་ཐག་གིས་གཅོད་ཅེས་གོ་སྐབས་རེག་པའི་སྐད་ཆ་སྙན་མོ་ཞིག་བཤད་པར་རྨ་བྱས་འབྲུག་སྐད་ཐོས་པ་བཞིན་ང་རང་སྤྲོ་བ་ཆེན་པོ་བརྟས་ནས་མི་ཚེའི་དཀྱོགས་མཚམས་ཤིག་གི་ཕུགས་བསམ་བདེ་ལེགས་ངང་འགྲུབ་སོང་སྙམ་པའི་ཚོར་བ་སྐྱེས་མྱོང་། ཟླ་ངོ་གཅིག་གི་རིང་ངས་ནུས་ཤུགས་ཡོད་ཚད་རྩལ་དུ་སྤྲུགས་ནས་ཆེ་དགེ་རྒན་ལ་མཛུབ་སྟོན་བྱེད་པའི་རེ་ཞུ་གྲངས་མེད་པ་ཞུས་མྱོང་ཞིང་། ལོ་མང་ལ་ལག་རྩལ་བསླབས་མྱོང་བའི་དགེ་རྒན་རེ་འགས་ཀྱང་ང་རང་གི་སེམས་པའི་དཀའ་ཁག་ཚོར་ནས་ང་ལ་ཉིན་བྱེད་ཀྱིས་ས་གཞི་ལ་སྣང་བ་སྦྱིན་པ་ལྟར་གཟིགས་སྐྱོང་གང་ལེགས་གནང་བས། ལྟོས་བཅས་ཀྱིས་ལག་རྩལ་གྱི་ཕྱོགས་ནས་འབྲས་བུ་ཅུང་ཡིད་ཚིམ་པོ་ཞིག་ཐོབ་པ་ན། སེམས་པའི་ཕུ་རུ་ང་རྒྱལ་གྱི་རྣམ་པ་ནི་ལྟ་ཅི། ད་དུང་ཁེངས་སྐྱུང་སྒོས་གཉིད་བཅག་ཟས་བརྗེད་ངང་ལག་རྩལ་གྱི་ཕྱོགས་སུ་ནུས་ཤུགས་ཆེ་ཆེར་བསྣན་པའི་རྐྱེན་གྱིས་ལས་གྲོགས་ཚོས་ཀྱང་བལྟས་བལྟས་རིག་རིག་ལ་ཤ་རིད་འདུག ལུས་ཟུངས་ཉམས་འདུག ཟས་ཐུན་ཆད་ན་ལུས་ཕུང་ལ་མི་བཟང་ཚུལ་དང་ངལ་གསོའི་དུས་ཚོད་ལོང་དགོས་ཚུལ་སོགས་ཕ་མས་ཅི་གསུང་ཆོས་དང་། མཛུབ་མོས་གར་བསྟན་ཤར་ལྟ་བུའི་ཁ་ཏ་སློབ་གསོ་མང་པོ་བཏང་མྱོང་། ཟླ་ངོ་གཅིག་གི་རྗེས་སུ་སྦྱིན་བདག་གིས་ངའི་ཞུམ་པ་མེད་པའི་བརྩོན་པ་དང་ཡང་རྩལ་སྙོམ་པའི་ལག་རྩལ། རྣམ་དག་གཙང་མའི་ཞབས་ཞུ་བཅས་མིག་གིས་རིག་ཅིང་སེམས་པས་ཚོར་བས། གཞི་ནས་རྒྱལ་སྲས་རྐང་བཀྲུ་ཁང་དུ་བསྡུ་ལེན་བྱས་པ་ཡིན། ཟླ་བ་རེ་འགར་འཛད་སྤྱོད་པ་མང་པོ་ཡོད་ཚེ། ཟླ་ངོ་གཅིག་ལ་སྒོར་ཁྲི་གཅིག་ཙམ་བཙལ་ཐུབ་པའི་སྐབས་ཀྱང་ཡོད་མོད། ཆ་སྙོམས་སུ་ཟླ་རེར་སྒོར་སྟོང་ཕྲག་ལྔའི་ཡོང་སྒོ་ནི་རྒྱུན་ལྡན་དུ་གྲུབ་ཡོད། ད་ལྟ་ཕྱིར་དྲན་ཞིག་བྱས་ཚེ་གཡུར་ཟའི་འབྲས་བཟང་མཐའ་དག་ནི་དཀའ་སྡུག་གི་རྔུལ་ཆུ་ལས་གྲུབ་པ་གདོན་མི་ཟ"ཞེས་བཤད་མཚམས་འདིར་ཐོན་དུས། ངེད་གཉིས་ཁོ་མོའི་ལྷུ་འགྲིག་པའི་སྐད་ཆའི་སྟོབས་ཀྱིས་ཡིད་སེམས་བློང་བློང་བོར་གྱུར་ཞིང་། ཁོ་མོའི་ཀྱག་ཀྱོག་གི་དཀའ་སྡུག་ཡོད་ཚད་ལས་ངེད་གཉིས་ལ་སྒུལ་ཤུགས་ཡན་གར་བ་ཞིག་ཀྱང་བསྩལ་བྱུང་།
  འདི་ནི་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཚབ་མཚོན་རང་བཞིན་ཅན་གྱི་དཔེ་བརྗོད་ཡག་གྲས་ཤིག་རེད། ཁོ་མོ་ལྟ་བུ་ནི་ང་ཚོ་བོད་པ་འབྱུང་འགྱུར་དུ་འཕེལ་རྒྱས་ལ་ཕྱོགས་པའི་མིག་དཔེ་བཤའ་མ་ཞིག་རེད། ཁོ་མོའི་ཞུམ་པ་མེད་པའི་འབད་རྩོལ་གྱིས་ང་ཚོ་གཞོན་རབས་པ་རྣམ་པར་མདུན་ལམ་གསར་བའི་བློ་སྤོབས་སྦྱིན་བྱུང་། ཁོ་མོའི་མི་ཚེར་བཅངས་པའི་རེ་སྙེག་གིས་ང་ཚོ་རྗེས་རབས་པ་ཡོངས་ལ་ལྷང་ལྷང་གི་འབོད་སྐུལ་གསར་བ་ཞིག་བསྒྲགས་སོང་།
  བཀྲ་རྡོ་དང་ངེད་གཉིས་རྒྱལ་སྲས་རྐང་བཀྲུ་ཁང་ནས་སྟེས་དབང་གིས་ཁོ་མོར་འཕྲད་པས་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་ཡག་ཤོས་ཤིག་ལ་འཚོལ་སྙེག་བྱེད་པའི་གོ་རིམ་ནི་ཇི་འདྲའི་བཀྲག་མདངས་ལྡན་པ་གཞི་ནས་ཚོར་ཞིང་། དཔལ་འབྱོར་གྱི་རྒྱལ་ཁའི་ལམ་ཆེན་ལ་དཔའ་མཛངས་ལྡན་པའི་ངང་བསྐྱོད་པའི་ངར་ཤུགས་ལྷད་མེད་ཅིག་ཀྱང་རིམ་གྱིས་བསྩལ་བྱུང་ངོ་།།

               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྲས་རྐང་བཀྲུ་ཁང་།

2014-11-03 སྟག་རིག་འབྲུག་ཐར།༼ ཁྲི་ཀ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།