ཕྱིར་ལོག་མེད་པའི་ཨ་ཕ།

མགར་ལྷུན། 琼迈文学网 2019-09-14

  འཇིག་རྟེན་སྲིད་ན་དཀོན་པའི་ནོར་བུ་ཆེན་པོ་ཞིག་རྒྱང་ལ་བཞུད་པ་ནས་བཟུང་། ང་ཡིས་དུས་གཏན་དུ་མི་འདོད་པའི་ཐ་སྙན་བཙན་པོ་ཞིག་ཕྲག་པར་ཁུར་ནས་ཡོད་ལ། འདས་སོང་གི་ལོ་ཟླའི་ནང་དུ“ཨ་ཕ”ཞེས་པའི་འབོད་བརྡ་འདི་ནི་བེམ་པོའི་ལུས་པོ་ལ་ཚེ་སྲོག་གི་དབང་བོ་ཞུགས་པ་ནས་བཟུང་ནས་མགོ་བོ་མཐོན་པོར་འགྲེང་བཞིན་གཟི་བརྗིད་དང་ང་རྒྱལ་ཟུང་གིས་བོས་ཆོག་ཆོག་གི་ཐ་སྙད་ཅིག་རེད་སྙམ་བཞིན་ཡོད།

  ཡིན་ན་འང་། ཡིད་སྐྱོ་བ་ཞིག་ལ“ཨ་ཕ”ཞེས་པའི་ཐ་སྙད་འདི་ནི་ང་ཡི་ཡིད་སེམས་སུ་སྦས་ནས་འཇོག་པ་ལས་མགྲིན་ངག་བརྡོལ་ནས་འབོད་ས་ཞིག་ཡེ་ནས་མི་འདུག

  སྐྱོ་བ་ནི་ན་ཟུག་གི་ཁྲོད་ནས་དང་ལེན་བྱེད་པ་དང་། ཁྲོ་བ་ནི་བཟོད་སྒོམ་གྱི་ངང་ནས་དང་ལེན་བྱེད་པ་ནི་ཁོ་བོའི་བུ་ལ་གནང་བའི་བསླབ་བྱ་ཡིན་ལ། དེ་མཚུངས་སུ་ངས་ཀྱང་ཁོ་རང་རྒྱང་དུ་བཞུད་པའི་སྐྱོ་བ་བཙན་པོའི་ན་ཟུག་འདི་རང་སེམས་སུ་མནན་ནས་མི་འཇོག་ཐབས་མེད་དུ་གྱུར།

  དུས་ཚོད་ཀྱིས་དུས་ཚོད་དེད་ནས། ཉི་མ་ཡིས་ཉི་མ་སྒུལ་བཞིན་ཁོ་བོ་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་ལ་འགྲོ་བ་དེ་དང་བསྡེབས་ནས་ང་ཡི་དྲན་པ་ལའང་གསོན་ཤུགས་དྲག་ནས་དྲག་ཏུ་རྒྱས་བཞིན་ཡོད་ལ། མཚམས་ལན་རེར་རྨི་ལམ་གྱི་ཞིང་ཁམས་ནས་ཁོ་དང་ལན་གཅིག་མཇལ་ནའང་རྨི་ལམ་ནི་སྔར་བཞིན་རྨི་ལམ་ཡིན་པ་ལས་དེ་དུས་གཏན་དུ་མངོན་སུམ་དུ་འགྲུབ་ག་ལ་ཐུབ་ཨང་།

  ལོ་དེ་ཡི་མཚན་མོ་དེ་ནི་ཅི་འདྲའི་སྨག་སྟུག་པ་ལ་ཨང་། མཚན་མོ་དེར་ད་དུང་ཁ་བ་འབབ་བཞིན་པ་མ་ཡིན་ནམ། ཨོ་རེད་་་དེ་ནི་ང་རང་ཡུལ་ལ་ལོག་པའི་མཚན་མོ་དེ་རེད། མཚན་མོ་དེ་ནི་ང་ལ་མཚོན་ན་ཅི་འདྲའི་འཇིགས་སུ་རུང་བའི་མཚན་མོ་ཞིག་རེད་ཨང་། སེམས་ལ་བུ་ག་ཕིག་པ་ལྟ་བུའི་ཇི་འདྲའི་སྡུག་བསྔལ་ལྕི་མོ་ཞིག་སྐྱེས་ཡོང་ཨང་། སྙིང་རྩའི་ན་ཟུག་དེ་མགྲིན་པར་བརྒྱུད་ནས་ངུ་སྐད་ཕྱི་རུ་འབྱིན་འདོན་འདོད་ཀྱང་མགྲིན་པ་བརྣངས་ནས་སྐྱོ་བ་དྲག་པོ་དེ་མིག་ཆུ་རུ་གྱུར་ནས་འཇུས་བསྡད་ཡོད་པའི་ཁོ་དང་ངའི་ལག་པའི་སྟེང་དུ་ཟག་པ་མ་ཡིན་ནམ། ཨ་ཁ་ཁ། དེ་དུས་ཁོ་བོ་ངའི་གདོང་ལ་ཅེར་ནས་འཛུམ་ཙམ་བྱེད་ཨང་། ཁོ་བོའི་ན་ཟུག་ཁྲོད་ཀྱི་འཛུམ་མདངས་དེ་ནི་ཅི་འདྲའི་ལྷད་མ་འདྲེས་པ་ཞིག་རེད་ཨང། ཀྱེ་མ། དེ་ནི་ངའི་ཚེ་མཐའ་ཟད་རག་བར་དུ་ཡལ་ཐབས་མེད་པའི་སྐྱོ་གར་ཆེན་མོ་ཞིག་རེད་ཨང། ཀྱི་ཧུད། གོ་ཐོས་ལྟར་ན་མི་འདས་རྗེས་ཀྱི་བེམ་པའི་སྟེང་དུ་མིག་ཆུ་གཏོར་མི་རུང་། དེ་ལྟ་ན་ཤི་བོའི་ཞེ་ཕྱིར་ཐོག་འགྲོ་ཟེར་བ་བདེན་ནམ། གང་ལྟར་ཀྱང་ང་ནི་སྐྱེས་པ་ཕོ་ཞིག་ཡིན་པས་ངས་ཅིས་ཀྱང་བཟོད་བསྲན་བྱེད་དགོས།

  སྐབས་དེ་དུས་ངས་དོན་དངོས་རྨི་ལམ་དུ་བསམ་མི་རུང་ལ། བདེན་པ་རྫུན་མ་རུའང་སྣང་མི་ངེས་མོད། ཕྱིར་འདང་གི་སྣེ་མོ་ལ་འཇུས་ནས་ཞིབ་འདང་ཞིག་ཡིད་ལ་བསྒོམ་ན་དོན་དངོས་དང་རྨི་ལམ་གྱི་དབྱེ་བ་འབྱེད་མི་ནུས་ལ། བདེན་པ་དང་རྫུན་མ་ཡི་ངོ་བོ་ཡང་དབྱེ་བའི་ནུས་པ་རྩ་བ་ནས་བྲལ། དེ་ནི་ཕལ་ཆེར་ང་རང་ཉོན་མོང་གིས་བསླུས་པ་འདྲ། འདི་ནི་ཧ་ལམ་ང་རང་དྲན་གདུང་གིས་མནར་བ་འདྲ། ད་ནི་ང་རང་ལས་དབང་གིས་དབང་བསྒྱུར་བྱས་ཟིན་པ་འདྲ། མི་རེ་རེའི་ལས་དབང་ཟེར་བ་འདི་ནི་རང་ཉིད་ཨ་མའི་མངལ་ན་ཡོད་པ་ནས་བཟུང་གཏན་དུ་འཁེལ་ཟིན་པ་འདྲ་ལ། ལས་དབང་ཟེར་བ་འདི་ནི་སྔ་མོ་ནས་རི་མོ་ལ་སྐྱ་ཐིག་ཕབ་པ་དང་གཉིས་སུ་མེད། ང་རང་ཅིས་ཀྱང་ལས་དབང་ཟེར་བར་ཡིད་ཆེས་དགོས། དར་ན་ལས་དབང་ཡིན་ལ། རྒུད་ན་ལས་དབང་ཡིན།འབད་ན་ལས་དབང་ཡིན་ལ། གཡེང་ནའང་ལས་དབང་ཡིན། འདོར་ན་ལས་དབང་ཟེར་བ་ཡིས་བྱེ་བྲག་ནང་གི་བྱེ་བྲག་ཟིན་ཡོད་ཡོད་འདྲ། སྐབས་དེ་ནས་བཟུང་ང་ཡིས་ལས་དབང་ཟེར་བར་དོ་སྣང་བྱེད་འགོ་བརྩམས། ལས་དབང་ཟེར་བ་ནི་མི་ལ་བརྒྱབ་པའི་སྲབ་ཅིག་ཡིན་སྲིད་ལ། སྒྲོག་ཅིག་ཀྱང་ཡིན་སྲིད་པ་འདྲ།

  འདི་ལྟར་ལས་དབང་ཟེར་བ་དེས་ང་ཡི་ཨ་ཕ་འཇིག་རྟེན་གཞན་ཞིག་ཏུ་ཁྱེར་སོང་ལ། ངེད་ཕ་བུ་གཉིས་ལས་གཞན་ད་དུང་ཕ་བུ་དང་མ་བུ་ཅི་འདྲའི་རྫོགས་མཐའ་བྲལ་བ་ཞིག་བར་ན་ཟམ་པ་མེད་པའི་འདི་ཕྱི་རུ་ཁྲིད་ཟིན་ཨང་། ངས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད་ལ། གོམས་ལོབས་སུ་སོང་བའི་སློབ་རའི་སློབ་ཁང་ནས་མལ་ཁང་བར་གྱི་གོམས་སྟབས་དེ་དག་ནམ་རྒྱུན་ཕྱིར་དྲན་ལ་བརྗེས་པ་ཡིན། དགའ་བའི་དུས་སུ་དགའ་བ་ཨ་ཕ་ལ་བརྗོད་འདོད་ལ། སྐྱོ་བའི་དུས་སུ་སྐྱོ་བ་ཨ་ཕ་ལ་བཤད་འདོད་མོད། ཁོ་བོ་རྒྱང་དུ་བཞུད་ཟིན་པས་ངས་དྲན་པ་རུམ་ལ་འཇུག་པ་ལས་ཕྱི་རུ་བརྗོད་མི་ནུས། ངས་ནམ་རྒྱུན་སྐད་འཕྲིན་དུ་ཉར་བའི་ཁོ་བོའི་སྐུ་པར་ལ་ལྟ་བཞིན་ཡོད་ལ། སྐུ་པར་སྟེང་ན་ཁོ་རང་འཛུམ་གྱིས་བཞད་འདུག ང་ཡང་ཁོ་བོའི་ཕང་ན་འཁང་རའི་ངང་ཁོང་གི་སོར་མོ་ལ་འཇུས་འདུག དེའི་རྣམ་པ་མཐོང་ན་ངེད་ཕ་བུ་གཉིས་ནི་དུས་དང་རྣམ་པ་ཀུན་དུ་འདི་ལྟར་བྲལ་བ་མེད་ན་ཅི་མ་རུང་སྙམ་ནའང་མཁས་དབང་དགེ་ཆོས་ཀྱི་གསུང“འདས་ནས་བྲལ་བ་འཁོར་བའི་ཆོས་ཉིད།། བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས”ཞེས་པ་ནང་བཞིན་ངེད་ཕ་བུ་གཉིས་ནི་གཏན་ནས་གཏན་དུ་གཏན་བྲལ་བྱེད་དགོས་བྱུང་སོང་། ངས་ནམ་རྒྱུན་འདི་ལྟར་ཨ་ཕ་མེད་པའི་མ་འོངས་པར་ཅི་ལྟར་འཚོ་བའི་བསམ་བློ་གཏོང་གིན་ཡོད། ངས་དུས་རྒྱུན་འདི་ལྟར་ཨ་ཕ་མེད་པའི་མ་འོངས་པར་མཚོན་མདངས་ཅི་ཞིག་བྱུགས་པར་ཚོད་བགམ་བྱེད་བཞིན་ཡོད། ངས་གཏན་དུ་འདི་ལྟར་ཕྱིར་ལོག་མེད་པའི་ཨ་ཕས་བཞག་པའི་བསླབ་བྱའམ་ཕྱིར་དྲན་གསོན་པོ་དག་ལ་བསྐྱར་ཟློས་བྱ་བཞིན་ཡོད། ཨ་ཕ་ལགས། ཁྱེད་ཀྱི་བཞུད་ལམ་བདེ།

                                                                             སྤྱི་ལོ༢༠༡༩.༣.༢༩ལ།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕྱིར་ལོག་མེད་པའི་ཨ་ཕ།

2019-09-14 མགར་ལྷུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།