ཚེ་རིང་དོན་གྲུབ་ཀྱི་ཕྱག་རྩོམ་གསར་པ། “འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”དགའ་བ་འབུམ་གྱིས་བསུ།

ཚེ་རིང་དོན་གྲུབ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-26

  ཉིན་འགའི་སྔོན་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གྲགས་ཆེན་བསོད་ལོ་ལགས་ནས་ང་ལ་ཁ་པར་བཏང་སྟེ“འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”ཚར་གཅིག་སྟེར་ཟེར་བས་ང་དེ་མ་ཐག་གླ་འཁོར་དུ་བསྡད་དེ་དཔེ་སྐྲུན་ཁང་དུ་སོང་། བསོད་ལོས་བཤད་ན་ཁོ་རྒན་ཡོལ་གྱི་ཞུ་ཡིག་ལ་ཆོག་མཆན་ཐོབ་པའི་ཡིག་ཆ་དེ་རིང་བཀྲམ་བྱུང་ཟེར་ནས་གཞུང་ལས་ཁང་གི་ཅ་ལག་བསྡུ་གསོག་རྒྱག་བཞིན་ཡོད་ལ། སྟོང་བར་གྱུར་འདུག་པའི་དཔེ་སྒྲོམ་དག་མཐོང་བ་ན་ངའི་སེམས་ཁོང་ཡང་སྟོང་བར་གྱུར་པའི་ཚོར་སྣང་ཞིག་སྐྱེས། གང་ཡིན་ཟེར་ན་ལོ་ངོ་བཅུ་ལྷག་གི་རིང་ལ་བསོད་ལོ་ལགས་ནས་པར་སྐྲུན་ལས་གཞི་ཆེན་པོ་རབ་དང་རིམ་པ་བརྩོན་ལེན་བྱས་ཏེ་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་བྱས་རྗེས་བླ་ལྷག་བཞག་པ་དང་། དེང་རབས་རྩོམ་རིག་གཅིག་པུའི་ངོས་ནས་བཤད་ནའང“དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང”ལ་ཁྱོན་དེབ་སུམ་ཅུ་ཡོད་པ་དང་། “སྒྲུང་རིང་དཔེ་ཚོགས”སྒྲིག་ཐེངས་གཉིས་ལ་ཁྱོན་དེབ་བཅུ། “གཡུ་དྲུག་དཀར་དཔེ་ཚོགས”སྒྲིག་ཐེངས་གཉིས་ལ་ཁྱོན་དེབ་བཅུ་གཉིས་བཅས་པར་སྐྲུན་བྱས། ང་རང་གཅིག་པུའི་དེབ་ལྔ་པར་སྐྲུན་བྱས་ཤིང་། དེའི་ནང་དུ་པར་ལོག་དག་གི་དཔར་གྲངས་མ་ཐེ་བར་སྤྱིའི་དཔར་གྲངས་ལྔ་ཁྲིར་སླེབས་ཡོད་པ་ལྟ་བུ་རེད།

  དེ་ཡང་རྒྱབ་ཤའི་ཇུས་འགོད་ཡག་ཅིང་པར་འདེབས་སྤུས་ཀ་ལེགས་པའི་དེབ་རྒན་ཉི་ཤུའི་བདག་ཉིད་ཅན་གྱི“འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”ཀྱི་དེབ་རེ་རེ་ལག་ཏུ་ལེན་བཞིན་ལོ་འགའི་སྔོན་དུ་བསོད་ལོ་ལགས་ཀྱིས་དཔེ་ཚོགས་འདི་གཙོ་སྒྲིག་དང་ཇུས་འགོད་བྱེད་པའི་འཆར་གཞི་ཞིབ་ཏུ་གསུངས་པར་མ་ཟད་ང་ལ་དེབ་གཅིག་བསྒྱུར་རྒྱུའི་རེ་སྐུལ་གནང་བའི་རྣམ་པ་ཡིད་ལ་ཤར། ཡིན་ནའང་དེ་དུས་ངའི་སེམས་ལ་བརྩམས་ཆོས་གང་དེའི་མ་ཡིག་མ་ཤེས་ན་ས་མིང་མི་མིང་ཙམ་ཡང་སྒྲ་སྒྱུར་དག་མོ་ཞིག་མི་ཐོན་པ་དང་གཅིག དེ་དུས་ང་རང་སྔ་ཙམ་ནས་རྒན་ཡོལ་བྱ་བར་ཆོག་མཆན་འཐོབ་ཆེད་རྫོང་སྲིད་གཞུང་ལ་ལས་ཀ་མང་པོ་བསྒྲུབ་རྒྱུ་ཁས་བླངས་ཡོད་པས་དངོས་གནས་ཁོམ་པ་མེད་པ་དང་གཉིས་ཀྱིས་དེབ་དེ་བསྒྱུར་རྒྱུ་དང་ལེན་མ་བྱས་ལ། ལྷག་པར་དུ་ང་རང་ནི་རྒྱ་ཡིག་གི་ལམ་ནས་ནུབ་གླིང་གི་བརྩམས་སྒྲུང་ཁོ་ན་བཀླགས་ནས་ལོ་ན་རྒས་པའི་མི་ཞིག་ཡིན་ནའང་དེ་དག་ལས་དེབ་གཅིག་ཀྱང་རང་གི་སྐད་དུ་བསྒྱུར་མ་ཐུབ་པ་ལ་ད་ལྟ་དངོས་གནས་འགྱོད་པ་དྲག་ཏུ་སྐྱེས་བྱུང་།

  འཇུ་སྐལ་བཟང་ལགས་ཀྱིས་དཔེ་ཚོགས་སྤྱིའི་མགོ་བརྗོད་གནང་ཡོད་པ་དེར་དབུགས་ཐེངས་གཅིག་གིས་བལྟས་པར་གལ་ཏེ་ལོ་ཙཱའི་གཞུང་ལུགས་ཀྱི་དེབ་རྒན་ཞིག་བཀླགས་ནའང་འདི་ལས་ལྷག་པའི་ངེས་ཤེས་རྙེད་མི་སྲིད་སྙམ་པའི་དུས་མཚུངས་སུ་གལ་ཏེ་ཁོང་གིས་དེབ་གཅིག་གཉིས་རེ་དམིགས་སུ་བཟུང་ནས་ལེགས་ཉེས་གསུངས་ཡོད་ན་ལྷག་ཏུ་བཟང་ལ། ཁོང་གིས་དེབ་གཅིག་གཉིས་རེ་བསྒྱུར་ཡོད་ན་ཅི་འདྲ་བཟང་ཨང་སྙམ་པའི་ཚོར་བ་ཞིག་ཀྱང་སྐྱེས་བྱུང་།

  སྤྱིར་ན་འདས་པའི་ལོ་ཟླའི་ནང་དེབ་འདི་དག་ལས་མང་ཤོས་རྒྱ་ཡིག་གི་ལམ་ནས་བཀླགས་མྱོང་ཡོད་ནའང་བོད་འགྱུར་འདི་མཐོང་བ་ན་ཉེ་དུངས་དུངས་ཀྱི་ཚོར་སྣང་ཞིག་གིས་ཀུན་ནས་བསྐུལ་བས་འཛམ་གླིང་གི་ཆེས་རིང་བའི(མིག་སྔར་རྒྱ་ཡིག་ཏུ་བསྒྱུར་ཟིན་པ་ལ་དེབ་བཅུ་དྲུག་ཡོད)སྒྲུང་རིང་སྟེ། སོལ་ཟེན་ནེ་ཆིན་གྱི《འཁོར་ལོ་དམར་པོ》ཀློག་མཚམས་བཞག་ནས་ཐོག་མར་ཚེ་རིང་བསམ་འགྲུབ་ཀྱིས་སུན་ཀྲུང་ཞུས(孙仲旭)ཟེར་བའི་རྒྱ་འགྱུར་གཞིར་བཟུང་ནས་བསྒྱུར་པའི《གྲོ་ཞིང་ཁའི་སྲུང་མ》ཞེས་པ་དེ་ངས་ལོ་བཅུ་ལྷག་གི་སྔོན་ལ་བལྟས་མྱོང་བའི་ཧྲི་ཞན་རོང(施咸荣)ཟེར་བའི་རྒྱ་འགྱུར་དང་བསྡུར་ནས་བལྟས་པ་ཡིན། དེ་ཡང་ངས་ཐོག་མར་ཚེ་རིང་བསམ་འགྲུབ་ཀྱི་འགྱུར་དེབ་ལ་བལྟ་དོན་ནི་ཁོའི་ལོ་ཙཱའི་ཆུ་ཚད་དང་ཉམས་མྱོང་ཅི་འདྲ་ཡིན་པར་ཆ་རྒྱུས་མེད། འོན་ཀྱང་ངས་བལྟས་ན་ཁོ་ནི་གཏམ་རྒྱུད་ཅིག་བསྒྲིགས་པ་ཙམ་མ་ཡིན་པར་ངེས་པ་དོན་གྱི་བརྩམས་སྒྲུང་འབྲི་ཤེས་པའི་གཞོན་རབས་འགའ་རེ་ཡོད་པའི་ནང་གི་གཅིག་ཡིན་ལ། ད་དུང་ངས་བོད་ཡིག་གི་བརྩམས་སྒྲུང་འབྲི་མཁན་དག་གི་བརྩམས་ཆོས་ལ་བཞུར་སྒྲུང་དང་བཙིར་སྒྲུང་གཉིས་སུ་ཕྱེ་ཡོད་པ་ལས་ཁོ་ནི་བཞུར་སྒྲུང་འབྲི་མཁན་གྱི་གྲས་ཡིན། མ་མཐའ་ཡང་ཁོའི《ཞྭ་མོ་དམར་པོ》(《གྲོ་ཞིང་ཁའི་སྲུང་མའི》མི་སྣ་གཙོ་བོ་ཧོལ་ཌེན་ལའང་ཞྭ་མོ་དམར་པོ་ཞིག་ཡོད་པར་མ་ཟད་དེས་ཀྱང་མཚམས་རེར་ཞྭ་ལྕེ་ལྟག་རྒྱབ་ཏུ་བསྐོར་ནས་གྱོན་གྱིན་འདུག)གཙོ་བྱས་པའི་བརྩམས་ཆོས་དག་གི་བརྗོད་བྱ་རྗོད་བྱེད་གང་གི་ཐད་ནས་བལྟས་ཀྱང་དེ་འདྲ་ཡིན་པས་རེད། ཡིན་ནའང་ཁོའི་འགྱུར་དེབ་ལ་བལྟས་ཀྱིན་བལྟས་ཀྱིན་མཚམས་རེར་ཅུང་འགྲིག་མེད་པའི་ཚོར་སྣང་སྐྱེས་པས་ཚེ་རིང་བསམ་འགྲུབ་ལ་འབྲེལ་གཏུག་བྱས་པ་ན་གཞི་ནས་སུན་ཀྲུང་ཞུས་ཀྱི་འགྱུར་དང་ཧྲི་ཞན་རོང་གི་འགྱུར་གཉིས་ལ་ཧེ་བག་ཡོད་པ་རྟོགས། དཔེར་ན་སུན་ཀྲུང་ཞུས་ཀྱི་འགྱུར་དུ“《走出非洲(ཨ་ཧྥེ་རི་ཀ་ནས་ཕྱིར་ཐོན་པ)》”ཡིན་ལ། ཧྲི་ཞན་རོང་གི་འགྱུར་དུ“《非洲见闻(ཨ་ཧྥེ་རི་ཀའི་མཐོང་ཐོས)》”རེད། ཡང་སུན་ཀྲུང་ཞུས་ཀྱི་འགྱུར་དུ“《人性的枷锁(མི་གཤིས་ཀྱི་འཆིང་ཐག)》”ཡིན་ལ། ཧྲི་ཞན་རོང་གི་འགྱུར་དུ“《人生的枷锁(མི་ཚེའི་འཆིང་ཐག)》”ཡིན་པ་ལྟ་བུ་ཤིན་ཏུ་མང། མ་ཡིག་ཏུ་གང་ཡིན་ངས་མི་ཤེས་མོད། འོན་ཀྱང་ཧྲི་ཞན་རོང་གི་འགྱུར་དུ“天气冷得像巫婆的奶头”(གནམ་གཤིས་འཁྱག་པ་ལྷ་མའི་ནུ་མ་དང་འདྲ།)ཞེས་ཡོད་པ་མ་ཡིག་ཏུའང་དེ་ལྟར་ལོས་ཡིན་བསམས་ནས་དབྱིན་ཡིག་ཤེས་མཁན་ཞིག་ལ་མ་ཡིག་བལྟ་རུ་བཅུག་པར་དེ་ལྟར་རེད་ཟེར། ཡིན་ནའང་སུན་ཀྲུང་ཞུས་ཀྱིས“天气很冷”(ནམ་ཟླ་ཤིན་ཏུ་འཁྱག)ཟེར་བ་ཙམ་གྱིས་འཐུས་པར་བྱས་འདུག ང་རང་ལྷ་མའི་ནུ་མར་རེག་མ་མྱོང་བས་དེའི་དྲོད་འཁྱག་མི་ཤེས་ལ། ཐ་ན《གྲོ་ཞིང་ཁའི་སྲུང་མའི》རྩོམ་པ་པོ་ས་ལིན་གྷེར་གྱིས་ཀྱང་ལྷ་མའི་ནུ་མའི་དྲོད་འཁྱག་ཉམས་སུ་མྱངས་ཡོད་མེད་མི་ཤེས་མོད། འོན་ཀྱང་དེ་གཙོ་བོ་མ་རེད། གཙོ་བོ་ཚིག་འདིས་ཁྱོད་ཀྱི་སེམས་ཁོང་གྲང་ཤུར་རེར་གཏོང་ནུས་པར་མ་ཟད་ད་དུང་དབང་མེད་དུ་དགོད་ཁ་འཆོར་དུ་འཇུག་པས་ན་འདི་ལ་སྐད་ཆའི་སྒྱུ་རྩལ་ཟེར། དེའི་ཕྱིར་རྩོམ་རིག་བརྩམས་ཆོས་སྒྱུར་སྐབས་ཚིག་འདི་འདྲ་འདོར་མཁན་ནི་ངས་བལྟས་ན་ལོ་ཙཱ་བ་ཡག་པོ་ཞིག་མ་རེད། འདི་ནི་ཚེ་རིང་བསམ་འགྲུབ་ཀྱི་སྐྱོན་མིན་ནའང་ངས་བཤད་འདོད་པ་ནི་བརྩམས་ཆོས་གང་དེ་དང་པོ་ཡི་གེ་གང་གི་ལམ་ནས་བྲིས་པ་དེ་ལས་བསྒྱུར་ཐུབ་ན་རབ་ཡིན་ལ། ད་ལྟ་ང་ཚོར་དེ་འདྲ་འཇོན་མཁན་ཧ་ཅང་ཉུང་བས་རྒྱ་ཡིག་ནས་བསྒྱུར་བ་ལས་ཐབས་མེད། དེས་ན་མ་མཐའ་ཡང་རྒྱ་འགྱུར་མི་འདྲ་བ་གཉིས་གསུམ་གཤིབ་སྡུར་བྱས་ནས་བསྒྱུར་ན་བཟང་ཟེར་བ་དེ་ཡིན།

  དེས་ན་ཚེ་རིང་བསམ་འགྲུབ་ཀྱི་བོད་འགྱུར་ཅི་འདྲ་རེད་ཟེར་ན་བརྡ་རྙིང་དང་མངོན་བརྗོད། གྲོང་སྐད་སོགས་ཀྱིས་མ་བཅིངས་པ་འདི་ལ་ང་རང་ཤིན་ཏུ་དགའ་ཞིང་། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོར་མི་བདེ་བའི་ཆ་མེད་པ་འདྲ་ལ། དེ་བས་ཀྱང་ཧ་མི་གོ་བ་གང་ཡང་མེད་པའི་ཚོར་སྣང་བྱིན། མདོར་ན་དཔེ་ཚོགས་འདིའི་ནང་གི་དེབ་གཞན་རྣམས་ཀྱང་འདི་འདྲ་ཡིན་ན་དཔེ་ཚོགས་འདི་ཧ་ཅང་ལེགས་འགྲུབ་བྱུང་ཡོད་ཅེས་པ་དེ་ཡིན། ཡིན་ཡང་སྐྱོན་ཅུང་ཙམ་ཡང་མེད་ཟེར་བ་མིན་ཏེ། གཏགས་ནོར་འགའ་རེ་ཤོར་ཡོད་པ་དང་། “གཟའ་ཉི་མའི་ཉིན་ཞིག་ལ”ཞེས་པ་ལྟ་བུའི་ཚིག་སྐྱོན་ཧ་ཅང་ཉུང་ངུ་རེའང་ཡོད་པ། “‘ང་འགྲོ་འདོད་མེད་ཟེར་བ་མིན།‘ངས་མོར’གལ་ཏེ་ཁྱོད་རང་འགྲོ་འདོད་ཡོད་ན། ང་ལ་བསམ་འཆར་གང་ཡང་མེད‘”ཅེས་པ་ལྟ་བུ་རྒྱ་ཡིག་ལྟར་ན་འགྲིག་མོད། བོད་སྐད་ལྟར་ན་ཚིག་དེའི་མཇུག་ཏུ“ཅེས་བཤད”ཅེས་པ་ལྟ་བུ་ཞིག་མེད་ན་དེ་འདྲ་མི་བདེ་བའི་ཚོར་སྣང་སྟེར་བས་བདེན་གིས་བསམས་ན་དཔར་ཐེངས་གཉིས་པའི་སྐབས་སུ་བཅའ་རོགས་ཞེས་པ་དེ་ཡིན།

  བརྒྱ་བཤད་ཚིག་གི་རྩ་བ་ནི་བསོད་ལོ་ལགས་ཀྱི་ཐབས་དང་ཤེས་རབ། སྒྱུར་མཁན་དག་གི་རྣམ་དཔྱོད་བརྩོན་འགྲུས་ལས་འཁྲུངས་པའི“འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”པར་སྐྲུན་འགྲེམ་སྤེལ་བྱས་པ་འདི་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་དེང་རབས་རྩོམ་རིག་ལ་མཚོན་ན་ཆེས་དོན་སྙིང་ལྡན་པའི་མཛད་རྗེས་བླ་མེད་ཅིག་ཡིན་པས་ན་དགའ་བ་འབུམ་གྱིས་བསུ་ཞེས་པ་དེའོ།།
                                                                                            2021ལོའི་ཟླ12པར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་ཕྱག་རྩོམ་གསར་པ། “འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”དགའ་བ་འབུམ་གྱིས་བསུ།

2021-12-26 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།