ཨ་མ་ལོ་ལོན་དང་སྒྲོལ་མ་ཉེར་གཅིག

མཁན་སློབ་རྒྱལ། 琼迈文学网 2025-02-14

  ཆུ་ཕོ་སྟག་གི་ལོ་ལ་བབས་ཏེ། ངའི་ཨ་ཕྱི་ཚེ་ལོ་བརྒྱད་ཅུར་ལོན། མོའི་བཤད་སྟངས་ལྟར་ལོ་ལྷག་ཟླ་ལྷག་བརྩིས་ན་དེ་ལས་ཀྱང་ལྷག་ངེས། ཚེ་ལོ་བརྒྱད་ཅུར་སོན་པའི་བགྲེས་མོ་འདིས་འཇིག་རྟེན་སོ་རྙིང་གཉིས་ཀྱི་སྐྱིད་སྡུག་སྐྱ་སྔོན་མང་པོ་གདོང་གིས་བསུས། མི་ཚེའི་སྒང་གཤོང་གཉིས་ཀྱི་ཆག་ཆེ་ཉམ་ང་ཡོད་ཚད་ངང་གིས་བརྒལ་ནས་ཚེ་ལོ་བརྒྱད་ཅུར་ལོན་ཡང་། ཨ་ཕྱི་ལགས་རྐང་རྐ་ལག་ཅུང་མི་བདེ་བ་ལས། རྣམ་རིག་ཧ་ཅང་གསལ་ཞིང་ཁམས་ཡང་ཤིན་ཏུ་དྭངས། ཨ་ཕྱི་ཡང་ལོ་ལོན་ཕལ་ཆེ་བ་བཞིན་ཁ་བརྡ་ལ་དགའ་ཞིང་། ཡར་མར་གྱི་སྐྱིད་སྡུག་དང་སྐད་ཆ་འདྲི་བར་དགའ། གནའ་མྱི་སྨུག་པོ་དེ་ཚོའི་གཤིས་ཀྱི་བརྟན་བརླིང་གི་ཞེ་དཔངས་དང་། སྐྱིད་སྡུག་གང་ལ་ཕྲད་ཀྱང་མི་ཞུམ་པའི་གདེང་། འཕར་འཇགས་ཆེན་པོ་མེད་པར་ཤིན་ཏུ་སྙོམས་པའི་ཁམས། སྐྱབས་ཡུལ་གཅིག་ལ་ཕྱོགས་ན་གཉིས་པ་མི་འཛིན་པའི་དད་པ། སེམས་ཅན་ཐམས་ཅད་བདེ་བར་སྨོན་པའི་བྱང་སེམས་བཅས་ལ་ང་རང་སྙིང་ནས་གུས་པ་འཆོར། ཕྱི་ལ་འཁྱར་ཡུན་རིང་བའི་ང་རང་ཁྱིམ་ལ་ལོག་ཐེངས་རེར། ཨ་ཕྱིའི་བཤད་མི་ཚར་བའི་གཏམ་རྒྱུད་དང་སྐད་ཆ་ལ་ཉན་ན་ད་གཟོད་དངོས་གནས་ཁྱིམ་ལ་ལོག་པའི་ཚོར་བ་དྲོད་ལམ་མེ་བ་ཞིག་སྐྱེས་ཡོང་ཞིང་། ནངས་རེ་དགོང་རེ་བཞིན་གྱི་ཨ་ཕྱིའི་ངག་གི་སྒྲོལ་མ་ཉེར་གཅིག་གི་དབྱངས་རྟ་དེར་ཉན་ཐེངས་རེར། ད་གཟོད་སེམས་ཀྱི་ཁྲེས་པོ་ཡོད་ཚད་ཐང་ལ་གཡུགས་ནས་སྙིང་གི་ངལ་བ་སེལ་ཞིང་། དྲན་པ་མི་གཙང་བ་རྣམས་ཁྲུས་ཀྱིས་དག་ནས་སེམས་ཀྱི་མནོལ་གྲིབ་བསངས་སོང་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་ངོ་།།

  སྔོན་ཆད་ངས་འབྲོག་པའི་ཁ་སྐད་ལྟར་ཨ་ཕྱི་ལ་ཨ་མ་ལོ་ལོན་དུ་འབོད་པ་ལས། ཡིག་སྐད་དང་ཡུལ་སྐད་གཞན་དུ་ཇི་ལྟར་འབོད་པ་མི་ཤེས་ཏེ། མདོ་སྨད་ཀྱི་ཡུལ་ཕྱོགས་ཁ་ཤས་སུ་རང་གི་ཕ་མའི་མ་ཡི་འབོད་མིང་ལ་ཨ་མ་ལོ་ལོན་དུ་འབོད་ཀྱིན་ཡོད་པ་དང་། དབུས་པ་ཚོས་རྨོ་ལགས་སུ་འབོད་ཅིང་། ཚིག་མཛོད་དང་ཡིག་ཚང་དུ་ཨ་ཕྱི་དང་ཕྱི་མོ་ཞེས་བྲིས་འདུག་པ། ཕྱིས་སུ་ངས་བཙན་པོའི་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་དང་། གྲི་གུམ་གྱི་མཚན་གདགས་མཁན་ཨ་ཕྱི་མོ་མ་མ་གྲོ་ཞ་མ་སྐྱི་རླུང་མའི་གཏམ་རྒྱུད་གཉིས་བཀླགས་པ་ནས་ཐོག་མར་ཁ་སྐད་དང་ཡིག་སྐད་ཀྱི་འབོད་མིང་མི་འདྲ་བ་གཉིས་ངོ་འཕྲོད་པ་ཡིན། ངའི་ཨ་ཕྱི་ནི་ལོ་རྒྱུས་ཡིག་ཚང་གི་ཨ་ཕྱི་དེ་གཉིས་བཞིན་བྱས་པ་དེབ་ཐེར་དུ་འགོད་རི་བའི་བུད་མེད་ཅིག་མ་ཡིན་ཡང་། མངར་སྐྱུར་ཁ་བསྐས་ཕྱུག་པའི་ཨ་ཕྱིའི་གཏམ་རྒྱུད་ཡི་གེར་འགོད་པ་ནི་ང་ཡི་ཡི་གེའི་དོན་རྩ་རུ་རློམ་ཡོད་དེ། ཨ་ཕྱིའི་ངག་ན་གེ་སར་དམག་ལ་ཆས་པའི་སྒྲུང་སྣ་ཚོགས་དང་། གབ་དོན་བློ་ལས་འགོངས་བའི་ཁེད་སྣ་ཚོགས་ཡོད། ཨ་ཕྱིས་ཨ་སྟག་ལྷ་མོ་དམྱལ་བར་ལྷུང་ཚུལ་དང་། མེ་བཟའ་འབུམ་སྐྱིད་ཀྱིས་བརྗེད་ཆུ་འཐུང་ཚུལ། མགར་བཟའ་ཆོས་སྒྲོན་གཡོག་ལ་བཀོད་ཚུལ། སྐྱ་ལོ་སེང་ལྕམ་འབྲུག་མོ་ཧོར་གྱིས་འཕྲོག་ཚུལ་སོགས་བཤད་ཚེ། ཡིད་སེམས་སྒྲུང་གིས་བཀུག་ནས་སྒྲུང་གི་མི་སྣ་རེ་རེ་མིག་ལམ་ལ་འཆར་ཡོང་བ་ཞིག་བཤད་ཐུབ་པ་དང་། མོས་སྒྲུང་བཤད་པའི་རྣམ་འགྱུར་དང་ཡིད་འགྱུར། ཐ་ན་ཚིག་ལྕག་རེ་རེས་ཀྱང་སྒྲུང་ལ་བྲོ་བ་ཁ་ཁ་ཞིག་བསྣན་ཡོང་ངོ་། ཕྱིས་སུ་ཨ་ཕྱི་ངེད་གཉིས་ལ་སྒྲུང་དང་གནའ་གཏམ་ལ་ཉན་ཐུབ་པའི་སྒྲ་སྡུད་འཕྲུལ་ཆས་ཤིག་ཀྱང་ཡོད་པར་གྱུར་བས། ཨ་ཕྱི་ཡང་ང་དང་འདྲ་བར་སྒྲུང་བཤད་མཁན་ཞིག་ནས་སྒྲུང་ལ་ཉན་མཁན་ཞིག་ཏུ་གྱུར་སོང་། སྒྲུང་པ་སྐལ་བཟང་གྲགས་པའི་ངག་ནས་ཡིད་འཕྲོག་ལྷ་མོ་དགུང་ལ་འཕུར་བའི་གཏམ་རྒྱུད་དང་། སྣང་ས་འོད་འབུམ་འདས་ལོག་བྱས་པའི་གཏམ་རྒྱུད་སོགས་ལ་ལན་མང་ཉན་པས། ང་ཡང་ཨ་ཕྱི་དང་འདྲ་བར་གཏམ་རྒྱུད་ལ་ཉན་པར་དགའ་མཁན་ཞིག་ནས་གཏམ་རྒྱུད་བཤད་པར་དགའ་མཁན་ཞིག་ཏུ་གྱུར་སོང་། ངས་བསམ་ན་ཕྱིས་སུ་ང་རང་སྒྲུང་དང་གཏམ་རྒྱུད་རྩོམ་པར་དགའ་བའི་བག་ཆགས་དང་པོ་ནི་ཨ་ཕྱིས་ང་ལ་བཞག་པ་ཡིན་ངེས་ཤིང་། ང་ཚོའི་མི་རབས་འདིའི་རྒྱུད་ན་གདོད་ནས་མངའ་བའི་ཐུན་མོང་གི་དྲན་པ་ནི་ལོ་ལོན་ཚོའི་ངག་ནས་བརྒྱུད་པའི་སྒྲུང་དང་གཏམ་གྱི་དྲན་པ་སྟེ། སྣང་བ་ཞིག་ལ་དྲན་པ་དེ་ཡིས་ནམ་ནམ་ཞ་ཞར་ཡང་ང་ཡི་བསམ་སྦྱོར་ཀུན་ལ་བྱ་ར་བྱེད་བཞིན་འདུག ང་ནི་དེ་ལྟ་བུའི་རིག་གནས་ཀྱི་དྲན་པ་དང་བག་ཆགས་ཤིག་གི་ཁྲོད་ནས་འཚར་ལོངས་བྱུང་བ་ཡིན་པས། ངས་རྟག་ཏུ་དེ་ནི་རང་གི་ལས་སྐལ་དང་བསོད་ནམས་ཤིག་ཏུ་རློམ་ཡོད་དེ། སྒྲུང་དང་རྨི་ལམ་གྱི་སྐྱེ་རྒྱུན་འགགས་པ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་དྲན་པ་རྒུད་པའི་ལམ་དུ་ཞུགས་པའི་རྟགས་མཚན་ཞིག་ལས་མ་འདས་སོ།།

  ཨ་ཕྱིའི་སྔས་ན་སྡུད་གསོག་ཙག་ཙིག་བྱེད་སའི་སྒམ་ཆུང་གྲུ་བཞི་ཞིག་ཡོད་པའི་ནང་ན། མདོག་ཟད་པའི་མདུད་པ་དང་བདུག་པ་འདྲ་མིན་དང་། རོ་ལྕེ་ལ་གཟན་པའི་སྨན་གྱི་རིལ་བུ་རེ་འགའ། ཚོས་མདངས་ཉམས་པའི་སྒྲོལ་མའི་ཤོག་ཐང་སྐྱ་བོ་ཞིག ཤོག་ཐུམ་ཁུག་ལ་གཅུད་པའི་རྡོ་ཀ་ར་སིལ་མ་དང་། སིལ་ཙོ་རིལ་ཡང་ཡོད་པས། ཨ་ཕྱིས་ནམ་རྒྱུན་ང་ལ་ཀར་ལྟོ་ལངས་དུས་དེའི་ནང་ནས་ཀ་ར་རྡོག་པོ་རེ་བླངས་ནས་ཁ་ནང་ལ་འཇོག་ཅིང་། ཕོ་བ་ན་དུས་དེའི་ནང་ནས་རི་ལུ་ཆུང་ཆུང་རེ་བླངས་ནས་ངའི་ལྕེ་ཐོག་ལ་འཇོག ཨ་ཕྱིས་ངའི་སོ་རྐང་འབུ་ཟོས་རེ་ལྷུང་ན་སྒམ་ཆུང་ལས་བལ་ལུ་དཀར་པོ་ཞིག་བླངས་ནས་ཁུད་དུ་གཅུད་རྗེས། “ངའི་ཁྱི་སོ་ཡ་སོ་ཁྱེད་ལ་སྟེར། ཁྱོའི་དུང་སོ་དཀར་མོ་ང་ལ་བྱིན”ཞེས་ཞོགས་པར་ཉི་རྩེ་བརྒྱབ་མ་ཐག་ཁང་ཀླད་དུ་འཕེན་ཞིང་། ཡང་ང་རང་སྔངས་ལོག་བྱེད་པ་དང་འགབ་བདུས་རེ་ཤོར་ན་སྒམ་ཆུང་དེ་ལས་བདུག་པ་རྙིང་བ་རེ་བླངས་ནས་ང་ལ་བདུགས་རྗེས། སྒྲོལ་མའི་ཤོག་ཐང་དེ་མགོར་བཞག་ནས་རྗེ་བཙུན་སྒྲོལ་མས་སྐྱོབ་ཅེས་གསོལ་བ་རེའང་འདེབས། ཆུང་དུས་ངས་ཨ་ཕྱིའི་སྒམ་ཆུང་དེ་ནི་སྒྱུ་འཕྲུལ་གྱི་སྒམ་ཆུང་ཞིག་བཞིན་ཟས་འདོད་པ་ལ་ཟས་དང་། སྨན་འདོད་པ་ལ་སྨན་སྦྱིན་པ་ཞིག་རེད་ཨང་འདོད་མྱོང་ཞིང་། ཨ་ཕྱིའི་ངག་ན་ནངས་དགོང་མེད་པར་བཞུགས་པའི་རྗེ་བཙུན་སྒྲོལ་མ་ནི་ཨ་ཕྱི་ལས་ཀྱང་བྱམས་སེམས་ལྡན་པའི་བུད་མེད་ཅིག་ཨེ་ཡིན་བསམ་མྱོང་། བག་ཆགས་དེའི་དབང་གིས་ཆུང་དུས་ངས་ཨ་ཕྱིའི་གམ་ནས་སྒྲོལ་དཀར་བསྟོད་པ་དང་། བར་ཆད་ལམ་སེལ། དགའ་ལྡན་ལྷ་བརྒྱ་མ་སོགས་ཁ་ཏོན་ཐུང་ངུ་རེ་ཆད་མེད་དུ་བློར་འཛིན་ཐུབ། བྱས་ན་འདི་ནི་ང་རང་ཐོག་དང་པོར་ཡིག་ཐོག་ནས་ངག་ཐོག་ཏུ་འཕེལ་བའི་སྙན་ངག་དང་ཉེ་བར་བཅར་བ་ཡིན་སྲིད་དེ། དོན་གྱི་གོ་བ་མི་ལོན་ཡང་ངག་སྐྱོར་གྱི་དབྱངས་འགྲོས་ཁོ་ནའི་སྟེང་ནས་ཀྱང་སྙིང་གི་འཕར་ལྡིང་དང་མཉམ་པའི་ཉམས་ཤིག་ཀྱང་ཐོན་ཐུབ། འོན་ཏེ་ང་ནི་དེ་ལས་ཀྱང་ཨ་ཕྱིའི་ངག་གི་སྒྲོལ་མ་ཉེར་གཅིག་གི་དབྱངས་རྟ་དེར་ཉན་པར་དགའ་ཞིང་། དབྱངས་རྟ་དེ་ནི་ངའི་ནང་སེམས་ཀྱི་རྒྱབ་ལྗོངས་རོལ་མོ་ལྟ་བུར་གྱུར་ཡོད་དེ། ངའི་ནང་སེམས་ཀྱི་འགྱུར་ཁུགས་དང་སྙིང་གི་འཕར་འགྲོས་ཀྱང་དབྱངས་རྟ་འདི་དང་ཤིན་ཏུ་མཉམ་པའི་སྣང་བ་དེ་ངས་ནམ་ཡང་འབོར་མྱོང་མེད། ང་ལ་མཚོན་ན་ཨ་ཕྱིིའི་ངག་གི་སྒྲོལ་མའི་འདོན་རྟ་དེ་དབྱངས་རྟ་རྐྱང་བ་ཞིག་ཀྱང་མ་ཡིན་ཏེ། ཨ་ཕྱིའི་ངག་གི་སྒྲོལ་མ་ཉེར་གཅིག་གི་འདོན་རྟ་དེའི་འགྱུར་ཁུགས་ཁྲོད་ན་སེམས་ཅན་ཐམས་ཅད་བདེ་བའི་སྨོན་ལམ་ཡོད་ལ། སྣོད་བཅུད་གཅིག་ཏུ་འདུས་པའི་རྟེན་འབྲེལ་ཡང་ཡོད། ལྷ་ངོ་མི་ངོ་འཕྲོད་པའི་བྱིན་རླབས་ཡོད་ལ། འདི་ཕྱིའི་དགེ་སྡིག་གསལ་བའི་ས་ལམ་ཡང་ཡོད་པར་ཁོ་མོ་ནམ་ཡང་དད་པ་གཡོ་མྱོང་ཡོད་མི་སྲིད།

  ཨ་ཕྱིའི་སྙིང་ན་འཇིག་རྟེན་ལག་མཐིལ་དུ་ལོན་པ་ལྟ་བུའི་སྐྱིད་ཁྱག་སྡུག་ཁྱག་གི་གདེང་དང་ལྡན་ལ། འགྲོ་དྲུག་མ་རུ་སྒོམ་པའི་བྱམས་དང་སྙིང་རྗེ་ལྡན། ཨ་ཕྱིའི་ངག་ན་ལྷ་ཡི་ཐུགས་རྗེའི་ཏིང་འཛིན་གཡོ་བར་བྱེད་པའི་ཁ་འདོན་དང་གསོལ་འདེབས་མང་པོ་ཡོད། ངའི་ཨ་ཕྱིས་ཀ་ངོ་ཡིག་ངོ་ཙམ་ཡང་མི་ཆོད་པས་མོའི་ངག་གི་སྒྲུང་དང་ཁ་འདོན་ཕལ་ཆེ་བའང་ངག་ནས་ངག་ལ་བརྒྱུད་ཅིང་། རྣ་ནས་རྣ་ལ་བརྒྱུད་པ་ཤ་སྟག་ཡིན་ཕྱིན། ཚིག་ངོས་ཡིག་ངོས་ཇི་བཞིན་ཞིབ་གསལ་དག་གསུམ་ཚང་བ་ཞིག་དཀའ་ནའང་། མོའི་ངག་གི་སྒྲོལ་མའི་འདོན་རྟ་དེའི་ཁྲོད་ན་མ་བཅོས་རང་བྱུང་གི་འགྱུར་ཁུགས་སེམས་ལ་འབབ་པ་ཞིག་ཡོད་དེ། འདོན་རྟ་དེར་བརྒྱུས་པའི་སྒྲོལ་མའི་བསྟོད་པ་དེ་ལ་ཚིག་ངོས་དང་ཡིག་ངོས་ལས་མྱོང་མི་ཐུབ་པའི་མཛེས་པ་གཞན་ཞིག་ཡོད་པར་སྣང་། ལན་རེར་ངས་ཀྱང་ཨ་ཕྱིའི་ངག་རྗེས་འབྲངས་ནས་ཁ་འདོན་དབྱངས་ལ་བཀུག་ཐེངས་རེར་ངའི་ཡིད་ལ་བདེ་བ་ཁྱད་པར་བ་ཞིག་སྐྱེས་ཡོང་ཞིང་། ཐ་ན་དབུགས་ཀྱི་འབྱིན་རྔུབ་དང་སྙིང་གི་འཕར་ལྡིང་ཡང་ཤིན་ཏུ་སྙོམས་པའི་བདེ་སྣང་ཞིག་གིས་ལུས་ཡོངས་ཁྱབ་ཡོང་། ད་ལྟ་བསམ་ན་མེས་པོ་ཚོས་ངག་ནས་ངག་ལ་བརྒྱུད་པའི་ཁ་བཏོན་དགེ་སྦྱོར་འདིའི་ཕུགས་ན་ལུས་ངག་ཡིད་གསུམ་ལ་ཁྱབ་མཉམ་དུ་འཇུག་ཐུབ་པའི་བདེ་བ་ཁྱད་པར་བ་ཞིག་ཡོད་པར་སྙམ་སྟེ། ཁོ་ཚོའི་ངག་གི་སྐྱབས་འགྲོ་དང་སེམས་བསྐྱེད། བསྔོ་སྨོན་དང་གསོལ་འདེབས། སྔགས་དང་ཆོ་ག འདོན་རྟ་ཚུན་ཆད་ལ་མ་བཅོས་པའི་བྱིན་རླབས་ཤིག་ངང་གིས་འཁོར་ཡོད་པར་ངེས་ཤིང་། ཨ་ཕྱིའི་ཁ་འདོན་ནི་ལྷ་ངོ་མི་ངོ་འཕྲད་པའི་དགའ་སྟོན་གྱི་ཆོ་ག་ཞིག་སྟེ། ཞོགས་པ་རེ་རེར་ཨ་ཕྱིས་སྒྲོལ་མ་འདོན་པའི་དབྱངས་རྟའི་ཁྲོད་ན་སེམས་ཅན་དང་རང་བྱུང་ཡོད་ཚད་རྟེན་འབྲེལ་གཞི་གཅིག་ཏུ་འཛོམས་ཤིང་། ཨ་ཕྱིའི་ཁ་འདོན་གྱི་དབྱངས་རྟའི་ཀློང་ནས་སྒྲོལ་མའི་ལྷ་ཚོགས་ཀྱང་ཐག་ཉེའི་ནང་མི་རེ་རེ་བཞིན་སྙིང་ཉེ་བ་ཞིག་དང་། རི་ཆུ་ས་རྡོ་རེ་རེ་ཡང་སྲོག་ལྡན་དབུགས་ཐོག་ཅིག་བཞིན་སྙིང་དུ་སྡུག་པ་ཞིག་ཏུ་སྣང་། སྣང་བ་ཞིག་ལ་ཞོགས་པར་ཨ་ཕྱིས་ནོར་ལྷས་ནས་སྒྲོལ་མ་འདོན་དུས། གཡང་འབྲི་མ་བུ་དེ་དག་སྐྱུག་ལྡད་རེ་བྱེད་ཞོར་སྒྲོལ་མའི་དབྱངས་ལ་སིམ་པའི་བཟོ་ལྟ་དེ་ནི་ཡ་མཚན་པ་ཞིག་རེད། ཨ་ཕྱི་དང་ཁོ་ཚོའི་བར་ན་མི་མངོན་པའི་རྟེན་འབྲེལ་ཅིག་ཡོད་པ་འདྲ་སྟེ། མོས་གཡང་ཟོག་རེ་རེར་གཅེས་མིང་སྙིང་རྗེ་བ་རེའང་བཏགས་ཡོད་པས། མི་ཟོག་གཉིས་ཀྱི་འབྲེལ་བ་ནི་བདག་པོ་དང་སྒོ་ཟོག་ཙམ་མ་ཡིན་པར། ཚེ་སྲོག་གི་གོང་བུ་གཉིས་ཕན་ཚུན་གཅིག་བརྟེན་དང་གཅིག་འདྲེས་ཀྱི་ངོ་བོར་གྲུབ་ཡོད། དགོང་མ་རེ་རེར་གོ་ཁར་ཉལ་བའི་བྱི་ལ་ཁྲ་བོས་ཀྱང་ཨ་ཕྱིའི་ངག་རྗེས་འབྲངས་ནས་སྒྲོལ་མའི་དབྱངས་འགྲོས་གསལ་ལ་མི་གསལ་བ་ཞིག་འབྱིན་པས། ང་ཡི་སེམས་ངོགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྣང་བརྙན་ལ་ལྷག་པར་མཚར་མདོག་གཞན་ཞིག་བསྐྲུན་པར་བྱས་ཤིང་། ལྷག་པར་དུ་ཨ་ཕྱིའི་ངག་གི་བྱིན་རླབས་ལ་ཚན་ཁ་གཞན་ཞིག་སྤྲོ་བར་བྱས་ཡོང་། ང་རང་ནམ་ཡང་མེས་པོ་ཚོའི་ལུས་ངག་ཡིད་གསུམ་གྱི་སྒམ་བརླིང་དང་ཞི་འཇགས་ཀྱི་གཟི་བྱིན་ཁྱད་པར་བ་འདི་ལ་གུས་པ་འཆོར་ཅིང་། སྣང་བ་ཞིག་ལ་ཨ་ཕྱིའི་འཇིག་རྟེན་ན་མི་ཟོག་གཉིས་ཀ་འཚེ་མེད་ཞི་བའི་སེམས་བསྐྱེད་ཁྱད་པར་བ་ཞིག་ལས་མ་བགྲོས་ངང་གིས་མཐུན་པར་གནས་ཤིང་། སྣོད་བཅུད་གཉིས་ཀ་ལེགས་ཚོགས་དགེ་བའི་རྟེན་འབྲེལ་རང་བྱུང་བ་ཞིག་ལས་མ་བཅོས་གཞི་གཅིག་ཏུ་འདུས་ཡོད་པར་སྣང་ངོ་།།

  བོད་པ་ནི་རྟེན་འབྲེལ་དང་ཆོ་ག་ལ་སྙིང་ནས་བརྩི་བའི་མི་རིགས་ཤིག་ཡིན་པས། ཨ་ཕྱིས་གསོལ་འདེབས་ཚར་གཅིག་བཟློ་ཡང་ལག་པ་སྙིང་ཁར་སྦྱར། མིག་ཟུང་ཤེད་ཀྱིས་བཙུམ་ནས། སྙིང་ཐག་པ་ནས་བཟློ་བ་ཞིག་བྱེད་ཅིང་། མཆོད་མེ་རྐོང་གཅིག་བསྒྲོན་ཡང་སེམས་བསྐྱེད་དང་བསྔོ་སྨོན་མ་ལུས་པར་ཞེ་བསམ་པའི་གཏིང་ནས་སྒྲོན། རུ་ཁ་ཁྱིམ་མཚེས་བར་ལ་སྣ་གསུམ་དང་མར་ལོ་རེ་འཁྱེར་ནའང་ཡིད་དགེ་བས་གཞན་ལ་ཕན་ན་སྙམ་པ་ཞིག་དང་། སྒར་དགོན་པའི་ནང་ལ་དཀར་ཐིག་རེ་འབུལ་ནའང་ཚེ་འདི་ཕྱི་གཉིས་ནས་བསམ་རྒྱུ་ཅི་ཡོད་བསམ་པ་ཞིག་གིས་འབུལ། ཨ་ཕྱིས་དགེ་བ་ཡུངས་འབྲུ་ཙམ་ལའང“བཞོན་ཁལ་སྲོག་གཅོད་འོ་ཞོ་འཐུང་བ་དང་། ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ”ཞེས་རྟ་རྒན་འབྲི་རྒན་གཡང་ལ་དེ་དག་གི་དྲིན་དྲན་པར་བྱེད། ཨ་ཕྱིས་ནངས་སྔ་མོར་ཇ་ཡུ་དམར་བསྐོལ་མགོ་དགུང་ལ་མཆོད་ནས་ཇ་མཆོད་འདོན་མཚམས་འཇོག་མ་མྱོང་ལ། དགོང་ཕྱི་དྲོར་གསུར་རྩམ་པ་ཁེམ་རེ་སྐྱོགས་ལ་ཕུད་ནས་གསོལ་འདེབས་བཟློ་བའང་ཆད་མ་མྱོང་བས། ཨ་ཕྱིའི་སེམས་ནས་སྒྲོལ་མ་ཉེར་གཅིག་གི་ཚོགས་ཞིང་ནི་ཐག་ཉེའི་འཇིག་རྟེན་གྱི་ལ་ལུང་ཞིག་ན་ལོས་ཡོད་ཨང་སྙམ་པ་ཞིག་དང་། ཨ་ཕྱིའི་སེམས་་ནས་སེམས་ཅན་ཐམས་ཅད་ནི་ཕ་མ་སྤུན་མཆེད་བཞིན་དུ་སྙིང་ཉེ་བ་ཞིག་ཡིན་ཨང་སྙམ་པའི་བློ་ཞིག་ང་ལ་ཡང་ཡང་སྐྱེས་མྱོང་ཡོད། ང་ནི་དེ་ལྟར་ཨ་ཕྱིའི་སྒྲུང་དང་རྨི་ལམ་བཞིན་གྱི་མཚར་སྡུག་གི་འཚོ་བ་ཞིག་ལ་ཧ་ཅང་ཉེ་མྱོང་བས། ངས་ནམ་ཡང་སྒྲུང་གི་བག་ཆགས་དང་རྨི་ལམ་གྱི་སྐྱེ་རྒྱུན་འགགས་པ་ནི་རང་གི་གདོད་རྣམ་དང་གཤིས་ཁམས་ལ་རིང་དུ་བཀྱེད་པ་ཡིན་པར་རློམ་ཞིང་། ནང་སེམས་ཀྱི་དྲན་པ་བོར་བའི་མི་ནི་ད་ལྟ་བའི་ཡུལ་དུས་ཉི་ཚེ་བའི་གཟེབ་ཏུ་ཚུད་པའམ། མངོན་སུམ་ལྟར་སྣང་བའི་བྲན་དུ་གྱུར་བའམ། ཕྱི་ཡུལ་གྱི་འུར་ཟིང་ཁོ་ནའི་དབང་དུ་སོང་བ་ལས་མ་འདས་པར་བསམ་ཞིང་། མིའི་གཤིས་ན་གནས་པའི་བདེན་དགེ་མཛེས་གསུམ་གྱི་མ་བཅོས་གདོད་མའི་ས་བོན་དེ་སྒྲུང་དང་རྨི་ལམ་གྱི་བག་ཆགས་ལས་སྐྱེས་ནས་སད་པར་རློམ་པས། ང་ཚོའི་ངག་གི་བཟློ་བ་ཕྲ་མོ་ཙམ་ཡང་རང་བྱུང་མ་ཡིན་པར་རྒྱུ་རྐྱེན་རྟེན་འབྲེལ་ངང་གིས་འགྲིག་ཡོད་ཅིང་། གསོལ་འདེབས་དང་སྨོན་ལམ་རེ་རེས་རང་རེའི་སེམས་ཁམས་ལོ་རྒྱུས་བསྐྲུན་ཡོད་པར་ངེས་ན། མེས་པོའི་ངག་ནས་བརྒྱུད་པའི་ཁ་འདོན་གྱི་འདོན་རྟ་རེ་རེ་ཡང་ཁྱོད་དང་ངའི་ཡ་ཆུང་གངས་དཀར་སེམས་ཀྱི་སྐྱེས་རབས་ཡིན་པར་ངེས། ཆུང་དུས་ཨ་ཕྱིས་གནང་བའི་སྒྲུང་དང་གཏམ་རྒྱུད་ཀྱི་བག་ཆགས་སྣུམ་པོ་དེ་དང་། ཨ་ཕྱིའི་ངག་གི་ནངས་རེ་དགོང་རེ་བཞིན་གྱི་སྒྲོལ་མ་ཉེར་གཅིག་གི་དབྱངས་རྟ་དེའི་བྱིན་རླབས་ཀྱི་དབང་གིས་ཡིན་པ་འདྲ་སྟེ། ངའི་སེམས་གཏིང་ནས་སྦྲ་ནག་ཁ་ཚུབ་ནང་ནས་སྐར་མ་རྩི་བ་དང་། ཞོགས་པའི་ཟིལ་བའི་ནང་དུ་རྐང་རྗེན་དུ་ཁེད་རྡོ་བཙལ་བ། ཆར་རྗེས་གཅེར་བུར་བརྒྱུགས་ནས་འཇའ་སྣེ་བདའ་མྱོང་བའི་བྱིས་དུས་ཀྱི་དྲན་པ་དེ་དག་ནམ་ཡང་བརྗེད་དུ་མེད་ལ། ཨ་ཕྱིའི་ངག་གི་སྒྲོལ་མའི་དབྱངས་རྟ་ལ་སིམ་པའི་ཉི་འོད་ཀྱི་རླངས་པ་འཐིལ་བའི་ལྷས་ར་དང་། ཉི་བུག་རེ་ན་སྐྱུག་ལྡད་དང་རླུང་སྣོམ་བྱེད་པའི་གཡང་འབྲི་མ་བུ། མཚན་མོའི་དཀར་མེ་འོད་ཆེམ་མེ་བའི་མཐའ་ན་འཁོར་བའི་འབུ་མེ་ལྕེབས། ཐབ་ཀའི་གོ་འདབས་ན་སྔུར་བས་སྒྲོལ་མ་འདོན་པའི་བྱི་ལ་ཁྲ་བོ་སོགས། མ་བགྲོས་ངང་གིས་མཐུན་པའི་རང་བྱུང་རྟེན་འབྲེལ་གྱི་བག་ཆགས་དེ་དག་བརྗེད་པ་མེད་དེ། འདི་ནི་དྲན་པའི་རྟོད་ཐག་བཅད་ནས་ཤོར་བའི་སྣང་བའི་རྟེའུ་ཆུང་ཁམ་པ་ནམ་ཞིག་ཕྱིར་ལོག་སའི་བྱང་ལམ་དང་། བྱང་ཁོག་གད་པའི་ནང་ན་ལྷུག་ལྷུག་ལྡིང་བའི་སྙིང་ཆུང་ལུ་གུ་ག་གཞིས་ཀྱི་མཇུག་མཐའི་གནས་མལ་ཡིན་ཨང་སྙམ་པའི་བློ་ཞིག་ང་ལ་ནམ་ནམ་ཞ་ཞར་དུ་སྐྱེས་ཡོང་ངོ་།།

  བོད་རབ་གནས་ཆུ་ཕོ་སྟག་གི་ལོར་ཨ་ཕྱི་ལགས་དགུང་གྲངས་བརྒྱད་ཅུར་ལོན་པའི་རྟེན་འབྲེལ་ཏུ་གླེང་བསླངས་ཤིང་། ཤིང་མོ་སྦྲུལ་ལོའི་ལོ་སར་ཚེས་གཅིག་གི་ནུབ་ལ་རང་ཁྱིམ་ནས་ལེགས་པར་གྲུབ་ཁུལ་བགྱིས་པའི་ང་ཡི་དྲན་ངོས་ཀྱི་ཡི་གེ་ཐོར་རེ་ལོང་ངེ་བ་འདི་ཡང་། བདག་གི་ཨ་ཕྱི་ལགས་ཀྱི་སྐུ་ཚེ་བརྟན་པའི་རྒྱུ་རུ་བསྔོའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་མ་ལོ་ལོན་དང་སྒྲོལ་མ་ཉེར་གཅིག

2025-02-14 མཁན་སློབ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།