དཔེ་ཁང་ཞིག་ནས་དཔེ་ཀློག་པ་གླེང་བ།
དེ་རིང་རོགས་པ་ཞིག་དང་ལྷན་དཔེ་ཁང་ཞིག་ཏུ་སོང་བ་ཡིན། བར་ཞིག་ལ་ངེད་གཉིས་དཔེ་དེབ་གཞན་དག་འགའ་བཙལ་དུ་འགྲོ་སྐབས། ངའི་ཁ་པར་སྔར་བཞིན་མདུན་ཅོག་ཐོག་ཏུ་བཞག་ཡོད་པ་གྲོགས་མོས་མཐོང་ནས་ལམ་སང་ཕྱིར་ལེན་དུ་ཆས་ནས། “ཁ་པར་འདི་ལྟར་བཞག་ན་མི་སུས་ཁྱེར་བའང་ཤེས་རྒྱུ་མ་རེད”ཟེར། “ཡོ་ཡོ། ཁྱོད་དངོས་གནས་ལོས་བདེན།”ལབ་ནས་ཁ་པར་རང་གི་བློ་ཁུག་ཏུ་བཅུག་པ་ཡིན།
ཏག་ཏག་རེད། ལོ་གཉིས་ལྷག་གི་ཡར་སྔོན་དུ་དོན་དག་འདི་དང་གཅིག་པ་ཞིག་དྲན་སོས་བྱུང་། དེ་དུས་ཀྱང་གྲོགས་མོ་གཞན་ཞིག་གིས་ཚིག་དོན་འདི་དང་འདྲ་བོ་ཞིག་ལབ་མྱོང་བ་དྲན། སྐབས་དེར་ངས་མོ་རང་ལ་ལྡོག་ཕྱོགས་ཀྱི་ལན་ཞིག་ཞུས་པ་ནི། “ག་བ། དཔེ་ཁང་དུ་བཞུགས་ཡོད་པ་ཐམས་ཅད་མི་ཡོན་ཏན་ཅན་དང་ཀུན་སྤྱོད་ཡོད་པ་ཤ་སྟག་ཡིན་ངེས་བོར་བརླག་ཏུ་བྱུང་སྲིད་ཀྱི་མ་རེད།” ཁོ་མོས“བཤད་ཁག་པོ་རེད། དཔེ་ཆ་བ་ཞིག་ཡིན་པས་ན་མི་གཞིའང་ཡག་པའི་ངེས་པ་མེད་ཟེར།” འོན་ཀྱང་ངས་སྙིང་བཅུད་ལྡན་པའི་སྐད་ཆ་དེ་ག་ལེར་བརྗེད་སོང་འདུག་པས་དུས་དེར་ངས་ཁོ་མོའི་སྐད་ཆ་དེ་ལ་རྣ་བ་ཁྱོན་ནས་གཏད་མྱོང་མེད་འདྲ། དངོས་འབྲེལ་མཁས་པའི་མཛོད་ནི་སྤྱི་བོར་མིན་ལ་ལག་ལ་ཡང་མིན། སེམས་ཀྱི་དྲོད་དང་ཡིད་ཀྱི་གསལ་བར་གནས་ཞེས་པ་རང་རེད།
ང་རང་ཆུང་དུས་ནས་དཔེ་ཆ་ལ་ཤིན་ཏུ་གུས་མཁན་ཞིག་ཡིན། དེ་ནི་ནང་མི་ཡི་ཤུགས་རྐྱེན་ཐེབས་པ་ཡིན་ངེས། ཁོ་ཚོས་བཀའ་བསྟན་འགྱུར་ཡོད་པ་དེ་དག་ཤིན་ཏུ་རྩ་ཆེན་པོ་འཛིན་ཞིང་། གསུངས་ཀྱི་ཐོག་ལ་སྐུ་ཡང་འཇོག་མི་རུང་ཟེར་ནས་ནང་མི་ཚང་མས་ཡི་གེ་ལ་ཧ་ཅང་མོས་གུས་བྱེད་སྲོལ་ཡོད། འདི་ལྟར་ཕྱིར་འདང་ཞིག་བརྒྱབ་ན་ང་རང་ཐོག་མར་ཀ་ཁ་བསླབས་དུས་སུ་ནས་དགེ་རྒན་དྲིན་མོ་ཆེ་དང་ནང་མི་ཡི་བསླབ་བྱ་ལྟར། བསླབ་དེབ་ཀྱི་ཐོག་ནས་ཕོར་པ་ཙམ་ཡང་ཁྱེར་མི་ནུས་ཤིང་རྟག་པར་བསླབ་དེབ་སྤྱི་གཙུག་ཏུ་འཇོག་ནས་གསོལ་བ་འདེབས་མྱོང་ཡོད། ད་དུང་གཅེན་པོ་ལ་དུས་རྒྱུན་ལུང་ཞིག་འདྲེན་ཡ་ཡོད་དེ། “སྟོན་པའི་ཞལ་ནས། ལྔ་བརྒྱ་དུས་ཀྱི་མཐའ་མ་ལ་ང་ནི་ཡི་གེའི་གཟུགས་སུ་འགྱུར། དེའི་ཚེ་དེ་ལ་གུས་པ་གྱིས།” དེ་དག་གི་སྟོབས་ཀྱིས་ང་རང་ཐོག་མར་ཡི་གེ་ལ་གུས་མཁན་ཞིག་དང་བར་དུ་ཡི་གེ་ལ་དགའ་མཁན་མཐའ་མར་ཡི་གེ་ཀློག་མཁན་དེ་དཔེ་ཀློག་པ་དག་ལ་ཤིན་ཏུ་དུང་མཁན་ཞིག་ཏུ་གྱུར་སོང་།
ལྷག་པར་དུ་ངའི་ནང་སེམས་ཀྱི་རྩེ་མོར་དཔེ་ཀློག་མཁན་དག་ཆགས་ཤིང་། ཁོ་ཚོ་ནི་གཞན་ལས་ལྷག་ཅིང་གཞན་ལས་ཡག་པའི་ཚོར་བ་ཞིག་ཡོད་དེ། བོད་ཡིག་ཉམས་གུད་དུ་འགྲོ་བཞིན་པའི་དུས་དེང་སང་ང་རང་ལྷག་ཏུ་བོད་ཡིག་དཔེ་ཀློག་པ་དེ་དག་ལ་སྙིང་ནས་དུང་ཞིང་གཏིང་ནས་དགའ་མོད། འོན་ཀྱང་ཉེ་བའི་ཆར་ཚོར་བ་དེ་རྡུལ་གྱིས་བཀབ་ཅིང་སད་ཀྱིས་བཅོམ་སོང་། དཔེ་ཀློག་པ་འགའ་རེའི་བྱ་བྱེད་ལས་གསུམ་ནི་ལུང་ཁུག་དཀྱུས་མ་ཞིག་ནས་འཚར་ལངས་བྱུང་ཞིང་ཡིག་འབྲི་ཚིག་གཅིག་མི་ཤེས་མཁན་ཞིག་གི་ལས་སྟངས་ལས་ཀྱང་སྡུག་པའི་གནས་ཚུལ་རེ་གསལ་དུས། འདྲེ་ལ་མི་སྐྲག་མི་ལ་སྐྲག་ཞེས་པ་ལྟར་ང་རང་སྔར་གྱི་བསམ་པ་ལས་འགྱུར་ནས་རང་བཞིན་གྱིས་རྫུ་བག་ཅན་དེ་དག་ལ་འཇིགས་སྣང་ཞིག་ཀྱང་སྐྱེས་ཡོང་། ལར་ཞིབ་ཀྱིས་བཤད་ན་ལུང་ཁུག་དཀྱུས་མ་དག་ཏུ་འཚོ་སྡོད་བྱས་པའི་མི་རྣམས་དེང་གི་སྤྱི་ཚོགས་ནང་འདུར་བའི་ཤེས་ཡོན་པའི་ཆོ་ལོ་ཅན་ཁ་བདེ་འགའ་ལས་ཡག་ཏུ་སྣང་ཞིང་། སྲོལ་རྒྱུན་གྱི་སློབ་གསོ་དང་འདྲེས་ཤིང་མི་ཆོས་གཙང་མ་བཅུ་དྲུག་ལ་གཞི་བཅོལ་ནས་ཡོད་པས་ན།
མེ་ཏོག་གི་མདོག་ལ་ལྟོས་པ་མ་ཡིན་ཏེ་རྩི་ཤིང་གི་རོ་བཅུད་ལ་ལྟོས་དགོས་པ་ལྟར། ང་རང་དེ་ལྟར་དཔེ་ཀློག་པའམ་བོད་ཡིག་འབྲི་མཁན་འགའ་རེས་ཡིད་སེམས་གཏིང་ནས་སྐྱོ་རུ་བཅུག་བྱུང་། ངས་དཔེ་ཀློག་པར་བཅངས་བའི་དད་འདུན་གཙང་མ་རྡོ་ལ་གཏུགས་པས། ང་ཡི་རྣམ་ཤེས་བརྟེན་སའི་ཆ་ཤས་གཅིག་མེད་སོང་བ་ལྟར་བློ་ཕམ་ཆེན་པོའང་བྱུང་། ཕྱིའི་རྣམ་པ་ཙམ་གྱིས་ནང་སེམས་མཚོན་མི་ཐུབ་ཅིང་། མིའི་རིན་ཐང་ནི་སེམས་ཀྱི་གསལ་རིག་དང་ཡིད་ཀྱི་ཡོན་ཏན། ངོ་བོ་གཙང་མ་བཅས་ལ་གཞི་བཅོལ་དགོས་པར་མྱོང་ནས་རྟོགས་ཤིང་། འགའ་རེའི་ཕྱི་ཚུལ་ལྷག་ཀྱང་ནང་ངོས་རུལ་ཟིན་པའི་དཔེ་ཀློག་མཁན་རྫུན་མ་ཆ་ཤས་མཐོང་གསལ་དུ་མཆིས་པས་ན་ཤར་མར་རང་སྣང་ལྟར་བྲིས་སོ།།
༢༠༢༥.༢.༡༡
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།