གཅེན་པོར་ཁྱིམ་ཆས་བཟོ་བ།

  ༡

  ང་ཚོའི་ལུང་པར་བུ་ཡིས་གཉེན་བསྒྲིག་ན་མནའ་མ་ལེན་པ་ཞེས་འབོད་སྲོལ་ཡོད།

  སྤྱིའི་ཆ་ནས་མནའ་མ་དགུན་ཁར་ལེན།

  དགུན་གྲོ་བཏབ། ལབ་དོང་བཏོན། པད་ཚལ་དོང་དུ་བཅུག ཕག་ལྟོ་གྲབས། སྒེའུ་ཁུང་ཤོག་བུས་སྦྱར། ལྕགས་ཐབ་མེ་ཁ་གསོས། ལོ་གཅིག་གི་བྲེལ་འཚུབ་དང་ངལ་དུབ་སངས་རྗེས། བུ་ལ་མནའ་མ་ལེན་པའི་དོན་ཆེན་སྒྲུབ་མགོ་བརྩམས།

  ཤ་འདེབས་གཅིག་བཟུང་། ཨ་རག་དམ་བི་དོ་ཉོས། ཡང་ན་རྒྱ་ཐུག་སྐམ་ཆུན་ཆུན་པོ་འགའ་བསྣམས། སྒོ་ང་རྒྱ་མ་ཆ་རེ་འཁྱེར་ཏེ་སྨྱན་པ་བཙལ་རྗེས་བུ་མོའི་ཁྱིམ་དུ་སློང་ཆང་གཏོང་མགོ་ཚུགས།

  སྨྱན་པ་མང་ཆེ་བ་བུད་མེད་ཡིན་ཏེ། རྒྱུན་དུ་ཐོན་སྐྱེད་རུ་ཁག་གི་ངལ་རྩོལ་ལ་ཞུགས་གྲངས་ཉུང་ཞིང་། བུ་རམ་ལྟ་བུའི་སྐད་ཆ་འཇམ་པོ་དག་ལ་བརྟེན་ནས་ཕོ་གཞོན་མོ་གཞོན་གྱི་བར་དུ་འདུམ་གཏོང་གིན་ཡོད། ཁོ་ཚོར་དམིགས་བསལ་གྱི་ཡོན་ཏན་གཞན་མེད་ཀྱང་སུ་ཞིག་གི་བུ་མོ་ཇི་ཙམ་ལ་སོན་པ་དང་སུ་ཞིག་གི་བུ་ལ་མནའ་མ་ལེན་དགོས་པ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་ཁོང་དུ་ཆུད་ཡོད།

  སྨྱན་པས་འབུལ་རྟེན་ལ་ལྟ་ཙམ་བྱས་རྗེས། ས་ཁྲི་ཕྱགས་བྱེད་ཀྱི་ཕྱགས་མ་ཡུ་ཐུང་དེའི་ལོགས་ཀྱི་རྩྭ་རྐང་གཅིག་བཀོག་པ་དང་དེས་སོ་སངས་བཞིན་མནའ་མ་སློང་བར་འགྲོ་རྒྱུར་ཁས་བླངས།

  གནམ་ངོ་དྭངས་པའི་ཞོགས་པ་ཞིག་ལ་སྨྱན་པས་བྱི་དོར་ལེགས་པར་བྱས་པ་དང་སྐྲ་ཡི་ངོས་སུ་རྒྱུག་ཤད་བྲད་པའི་རི་མོ་ཕབ། ལག་གཡོན་པར་རྩབ་དྲུག་གི་ལག་ཕྱིས་ཤིག་ཁྱེར་པ་དང་ལག་གཡས་པར་ཁུག་མ་བཟུང་སྟེ་སྐེད་པ་ལྡེམ་ལྡེམ་གྱིས་བུ་མོའི་ཁྱིམ་དུ་བསྐྱོད། སྨྱན་པས་བུ་མོའི་ཨ་མའི་ལག་ནས་བཟུང་སྟེ་ཨ་ཅག་དང་གྲོགས་མཆེད་ཅེས་འབོད་བཞིན་འཇིག་རྟེན་ཁམས་ན་འདི་ལས་སྙིང་ཉེ་བ་དང་ཤ་ཚ་བ་མེད་དོ་སྙམ་པའི་སྤྱོད་ཚུལ་གྱིས་སྲིད་པ་རྒན་པོའི་གཏམ་དཔེ་ལ་བུ་མོ་འགྲོ་ས་གནས་དང་བན་དེ་འགྲོ་ས་སྒར་ཟེར་བ་མིན་ནམ། ད་བུ་མོ་མནའ་མར་གཏོང་རན། ཁོ་ཚོའི་སྤོ་བོ་ཡང་ལོ་ཆེ་བས་ཚ་བོ་ཚ་མོ་ཞིག་གཉོར་རྒྱུར་རེ་ལྟོས་བྱ་བཞིན་ཡོད་སྲིད་ཟེར། སུས་ཉན་ཀྱང་ཕྱོགས་གཉིས་པོར་ཤ་ཚ་བའི་གཏམ་དུ་གོ་སྲིད་པ་ནི་ཐེ་ཚོམ་མེད། ཨ་མས་ཀྱང་དེ་མ་ཉིད་དུ་བུ་མོ་མནའ་མར་སྟེར་རྒྱུའི་ཁས་བླངས། སྨྱན་པས་ཀྱང་བླ་མ་ཡོད་དུས་ཆོས་ཞུ་དགོས་ཟེར་བ་ཇི་བཞིན། ནམ་ཞིག་གཉེན་སྟོན་བྱ་དགོས་ཞེས་དྲིས་པ་ན་བུའི་ཁྱིམ་གྱིས་ཐག་གཅད་པས་ཆོག་ཅེས་བཤད། སྐད་ཆ་དེ་ནི་སྨྱན་པའི་འདོད་བློ་དང་ཡོངས་སུ་མཐུན་པས་ཟ་མ་ཡང་མི་བཟའ་བར་སྐས་རིང་ལས་བབ་སྐས་ཐུང་ལས་མཆོངས་ཏེ་རང་ཁྱིམ་དུ་ལོག

  བུ་མོའི་ཁྱིམ་གྱིས་མོས་མཐུན་བྱས་རྗེས་བུའི་ཁྱིམ་གྱིས་གྲ་སྒྲིག་བྱེད་མགོ་ཚུགས།

  ཁང་པར་བསྡུ་གསོག་རྒྱག་པ་དང་ཁྱིམ་ཆས་བཟོ་བ། མ་བྱན་གདན་འདྲེན་པ། གྲོ་ཕྱེ་ཐག་པ། ཆང་འཚོད་པ་སོགས་ལས་ཀ་མང་བས་མགོ་ལ་མེ་ཤོར་ཀྱང་ཕུར་ཕུར་བྱེད་ཁོམ་ག་ལ་ཡོད། གྲ་སྒྲིག་འཐུས་སྒོ་ཚང་པོ་མ་བྱུང་ན་དོན་ཆེན་ལ་འཐུས་ཤོར་འབྱུང་སྲིད།

  ཁྱིམ་ཆས་བཟོ་རྒྱུ་གཅིག་པུའི་ཐད་ནས་ཀྱང་གསོམ་ཤིང་ངམ་བེ་རྡོ། རྒྱ་ལྕང་། སྦྱར་པ་སོགས་ཤིང་ཆ་ཅི་ཞིག་སྤྱད་ཀྱང་ཁྱིམ་ཆས་ཀྱི་གདང་རིམ་གཏན་ནས་མི་གཅིག་སྟེ་ཚོན་བྱུག་སྟེ་ཁ་དོག་དང་མཛེས་ཉམས་གཅིག་མཚུངས་བཏོན་ཀྱང་རྒྱུ་ཉམས་ཆོད་མཁན་གྱིས་བལྟས་མ་ཐག་དབྱེ་བ་འབྱེད་ཐུབ།

  གསོམ་ཤིང་གིས་བཟོས་པའི་ཁྱིམ་ཆས་ནི་གདང་རིམ་མཐོ་ཤོས་ཡིན་ཏེ་སྤུས་དག་ཅིང་རི་མོ་ལེགས་པ་དང་། དྲི་བཟང་བ། ཁུངས་མཐུག་པ། སེར་ག་མི་གས་པ། མི་ཁྱོགས་པ། ཡང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བེ་རྡོས་བཟོས་པའི་ཁྱིམ་ཆས་ཁུངས་མཐུག་པོ་ཡོད་ཀྱང་ཧ་ཅང་ལྕི། རྒྱ་ལྕང་དང་སྦྱར་པས་བཟོས་པའི་ཁྱིམ་ཆས་ནི་གདང་རིམ་དམའ་ཤོས་ཡིན་ཏེ་སོར་མོས་དྲུད་པ་ཙམ་གྱིས་རི་མོ་ཤར་ཤུར་འབེབས་སྲིད་ཅིང་བཞའ་ཚན་དང་དྲོད་ཕྲན་བུ་ཕོག་པ་ཙམ་གྱིས་སེར་ག་གས་པའམ་འཁྱོགས་སྲིད་པས་འཁོས་ཀ་ཆེས་ཞན་པའི་ཁྱིམ་ཚང་གིས་མ་གཏོགས་ཤིང་ཆ་དེ་སྤྱོད་མི་སྲིད།

  ཤིང་ཆ་གཏན་འཁེལ་སོང་། དེ་ནས་ཡང་ཆ་སྒམ་དང་སྒམ་ཆ་ཇི་ཙམ་བཟོ་རྒྱུ། རྐུབ་སྟེགས་ངོས་སུ་མེ་ཏོག་བརྐོ་མིན། ཉལ་ཁྲིར་ཐོག་འགེབས་མིན་སོགས་ཀྱི་གདམ་ག་སྣ་ཚོགས་བྱ་དགོས།

  ད་དུང་ཤིང་བཟོ་བ་གདན་འདྲེན་དགོས། ཤིང་བཟོ་བ་འགའ་རེ་རྐུབ་སྟེགས་བཟོ་བར་བྱང་ཞིང་འགའ་རེ་ཅོག་ཙེ་དང་ཆ་སྒམ་བཟོ་བར་མཁས། ཤིང་བཟོ་བ་འགའ་རེས་ཅི་ཞིག་བཟོས་ཀྱང་བྱང་ཆུབ་པ་ཤ་སྟག་ཡིན། འོ་ན་སུ་ཞིག་གདན་འདྲེན་དགོས། རང་གི་གྲོང་ཚོ་ནས་གདན་འདྲེན་དགོས་སམ་ཡང་ན་གྲོང་ཚོ་གཞན་ཞིག་ནས་གདན་འདྲེན་དགོས་སམ།

  ངའི་གཅེན་པོ་ཁྲུང་ཆིན༡༩༧༥ལོར་གཉེན་སྟོན་བྱས་ཤིང་། ཁྱིམ་ཆས་ཀྱི་ཤིང་ཆ་ཕལ་ཆེ་བ་གསོམ་ཤིང་ཡིན་ལ་རྒྱ་ལྕང་དང་སྦྱར་པ་ཡང་ཅུང་བསྲེས་ཡོད། རྒྱ་ལྕང་དང་སྦྱར་པ་མང་ཆེ་བ་ང་ཚོའི་ཁྱིམ་གྱི་ཡིན་ལ་དེ་དག་གིས་མི་འདང་བར་དོགས་ནས་ཁྲོམ་ནས་ཀྱང་ཉོས་ཡོད། གསོམ་ཤིང་ནི་རྨོ་རྨོའི་ཁྱིམ་ལ་སློང་པ་ཞིག་རེད། ངེད་ཚང་ལ་གསོམ་སྡོང་མེད་པས་ཨ་མས་རྨོ་རྨོའི་ཁྱིམ་གྱི་གསོམ་སྡོང་རྐང་གཉིས་པོ་ལས་རྐང་གཅིག་སློང་བར་ཐེངས་མང་འགྲོ་མྱོང་།

  ཨ་ཞང་གིས་ཨའེ་ཅུན་ལ་ཁྱིམ་ཆས་བཟོ་རྩིས་ཡོད་པས་ཨ་མར་གསོམ་སྡོང་སྟེར་རྒྱུ་ཁས་མ་བླངས།

  ཨ་མས་ཨའེ་ཅུན་ད་ལྟ་ལོ་བཅུ་གསུམ་ལས་སོན་མེད་པས་ཁྱིམ་ཆས་བཟོ་རན་མེད། ཁྱེད་ཚང་ལ་གསོམ་སྡོང་རྐང་གཉིས་ཡོད་པས་རྐང་གཅིག་སྦྱིན་ན་ཆོག་ཟེར། ཞང་པོས་ཨའེ་ཅུན་ལ་གསོམ་སྡོང་ཁོ་ནས་ཁྱིམ་ཆས་བཟོ་རྩིས་ཡོད་ལུགས་བརྗོད་མ་ཐག་ཨ་མ་ཁྲོས་སོང་། ཨ་མས་ང་ཚོར་གསོམ་སྡོང་རྐང་གཅིག་ཀྱང་སྟེར་མི་འདོད་པར་ཨའེ་ཅུན་ལ་གསོམ་སྡོང་ཁོ་ནའི་ཁྱིམ་ཆས་བཟོ་འདོད་ན་ཞང་པོ་གཅིག་གི་བྱེད་སྟངས་ལ་ལྟོས་དང་ངས་ཀྱང་ཁྱེད་ཀྱི་ཚ་བོ་ཁྲུང་ཆིན་ལ་ཁྱིམ་ཆས་བཟོ་རྒྱུ་ཡིན་ཟེར་བ་ཁྱེད་ཀྱིས་ཨེ་ཤེས། གལ་སྲིད་མི་སྟེར་ན་ཁྲུང་ཆིན་ལ་ཤིང་ཆ་སྤུས་ཀ་ངན་ཤོས་ཀྱིས་ཁྱིམ་ཆས་བཟོས་ཏེ་གཉེན་སྟོན་བྱ་རྒྱུ་ཡིན། ཕྱི་མིས་ཨ་མ་ང་ལ་རྒྱབ་བཤད་གང་འདྲ་སེ་བརྒྱབ་སྟེ་མི་ལ་གདོང་སྟོན་མི་ཕོད་པར་ཇི་ལྟར་འགྱུར་སོང་ལྟོས། ཡག་བྱུང་། ཁྲུང་ཆིན་གཉེན་སྟོན་བྱེད་དུས་ཀྱང་བཞུགས་གྲལ་ལ་ཕེབས་མི་དགོས། ང་ཚོར་གསོམ་ཤིང་མི་དགོས། ཁྱེད་ཀྱི་བསམ་པར་ཁྱེད་ཚོའི་གསོམ་ཤིང་མེད་ན་ཁྲུང་ཆིན་ལ་གསོམ་ཤིང་གི་ཁྱིམ་ཆས་བཟོ་ཐུབ་ཀྱི་མ་རེད་བསམ་བྱུང་ངམ་ཟེར་བཞིན་ཧིན་སྒྲ་དང་བཅས་ཁྱིམ་དུ་ལོག

  ཨ་མས་ཨ་ཕར་སྔོ་ཚོད་མང་ཙམ་ཟོས། འབྲུ་རིགས་ཉུང་ཙམ་བཀོལ། གྲོན་ཆུང་བསྲི་ཚགས་བྱས་ཏེ་གསོམ་སྡོང་རྐང་གཅིག་ཉོ་རྒྱུའི་གྲོས་མགོ་བཏོན།

  ཨ་ཕས་ཐ་མག་གི་ཐལ་བ་རྡེབ་བཞིན། གསོམ་སྡོང་རྐང་གཅིག་ཉོ་རྒྱུའི་སེམས་ཐག་བཅད།

  ཨ་ཙི། ངའི་ཞང་པོས་གསོམ་སྡོང་སྦོམ་ཤོས་དེ་བཅད་དེ་ཐེར་གེའི་ནང་དྲུད་ནས་ངའི་ཁྱིམ་དུ་སྐྱེལ་བྱུང་། དེ་ནི་ཉིན་གསུམ་འགོར་རྗེས་རེད། ཞང་པོས་དཔྲལ་བའི་སྟེང་གི་རྔུལ་ཆུ་ཕྱིས་བཞིན། ངས་བསམ་བློ་མང་པོ་བཏང་བ་ཡིན། ཁྲུང་ཆིན་ནི་ཁྱེད་ཀྱི་སྙིང་གི་ཚི་ལུ་རེད། ངས་ཀྱང་སྡོང་པོ་རྐང་གཅིག་གི་ཆེད་དུ་མི་གཞན་གྱི་འཕྱ་སྨོད་མྱོང་འདོད་མེད་ཅེས་བཤད།

  ༢

       ཤིང་ཆ་གྲུབ་སོང་།

  ཤིང་བཟོ་བ་ནི་ཚའོ་ཅ་ཆའོ་ཚང་གི་ཚའེ་ཁྲང་ཐའེ་རེད།

  ཚའེ་ཁྲང་ཐའེ་ཡི་གཅེས་ཕྲུག་མ་ཚའེ་ལན་ཧྥང་ནི་ང་ཚོ་ཀྲང་ཅང་གྲོང་ཚོའི་ཀྲང་རེན་ཧུའུ་ཡི་མནའ་མ་རེད། མི་རྒྱུད་དེད་ན་ང་ཡིས་ཨ་སྲུ་ཚའེ་ལན་ཧྥང་ཞེས་འབོད་དགོས། ཚའེ་ལན་ཧྥང་གིས་ངའི་གཅེན་པོར་ཁྱིམ་ཆས་བཟོས་ཏེ་མནའ་མ་བསུ་རྩིས་ཡོད་པ་ཐོས་རྗེས། ངའི་ཨ་ཕར་ཨ་ཁུ། ཁྲུང་ཆིན་ལ་ནང་ཆོས་བཟོ་བར་པའོ་ཡི་སྤོ་བོ་འབོད་ན་ཆོག་ཅེས་བཤད། པའོ་ནི་ཚའེ་ལན་ཧྥང་གི་བུ་རེད། ངའི་ཨ་ཕས་དེ་འདྲ་བྱུང་ན་ཡག་པོ་འདུག ཁྱིམ་ཆས་བཟོ་དུས་པའོ་ཡི་སྤོ་བོ་འབོད་རྒྱུ་ཡིན་ཞེས་བཤད།

  ང་ཚོའི་གྲོང་ཚོར་མཚོན་ན་ཚའེ་ཁྲང་ཐའེ་ཡི་ཤིང་བཟོའི་ལག་རྩལ་མཆོག་ཏུ་འགྱུར་བ་མིན་ཀྱང་ལེགས་གྲས་སུ་བརྩི་བ་ཡིན། ངའི་ཁྱིམ་གྱིས་ཁོ་རང་ཁྱིམ་ཆས་བཟོ་བར་འབོད་ཐུབ་པ་ཁོ་ནས་ཆོག་གོ་སྙམ། ངེད་ཁྱིམ་ཚང་གཉིས་ཀྱང་མཐུན་པོ་ཡོད་དེ། སྔོན་ཆད་ངའི་ཨ་ཕས་པའོ་ཡི་སྲོག་སྐྱོབ་པར་ཁོ་ཚོས་བཀའ་དྲིན་སྙིང་བཅངས་ཞུ་ཡི་ཡོད་པས་ཚའེ་ཁྲང་ཐའེ་ཡིས་ལས་ཀ་བྱེད་དུས་ཀྱང་སེམས་པ་རྣམ་དག་གིས་དུས་ཚོད་འགོར་འགྱངས་གཏན་ནས་བྱེད་མི་སྲིད། དེ་མིན་ན་ཉིན་བཅོ་ལྔའི་ལས་ཀ་ཉིན་ཉི་ཤུར་ཕུད་སྲིད་ཅིང་ག་ཤོད་འདི་ཤོད་མེད་པར་ཁོ་ཚོའི་ལག་རོགས་སུ་འགྱུར་སྲིད། ཤིང་ཆའི་ཐད་ནས་ཀྱང་ཕན་གདགས་ནུས་པའི་ཤིང་རྣམས་གང་ལ་གང་མཚམ་གྱིས་བེད་སྤྱད་དེ་འཕྲོ་བརླགས་གཏན་ནས་གཏོང་མི་སྲིད། ཨི་ཁུང་དབུག་དགོས་སར་ཨི་ཁུང་ཕུབ་པ་ལས་གཟེར་དང་སྤྱིན་སྦྱར་ནས་སླ་བཅོས་མི་བྱེད། བཟོས་པའི་ཁྱིམ་ཆས་ཀྱང་སྤུས་དག་ཡིན།

  ངའི་ཨ་ཕས་པའོ་ཡི་སྲོག་ཇི་ལྟར་བསྐྱབས་པ་རེད་ཟེར་ན། དེ་ནི་དཔྱིད་དུས་ཤིག་རེད། ཀྲང་རེན་ཧུའུ་ཡི་བུ་པའོ་ཀླད་རྒྱའི་གཉེན་ཚད་ཕོག ཀྲང་རེན་ཧུའུ་དང་ཚའེ་ལན་ཧྥང་གིས་ཆམ་པ་ཕོག་པར་འདོད་དེ་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་ཆམ་པའི་སྨན་ཉོས་ཏེ་བཟའ་རུ་བཅུག དེའི་མཇུག་འབྲས་ཅི་ཡིན་པ་ཚང་མས་མཁྱེན་གསལ་རེད། ཀྲང་རེན་ཧུའུ་བཟའ་ཚོ་གཉིས་ཀྱིས་སྨན་གྱིས་ནུས་པ་མི་འཐོན་པ་རྟོགས་རྗེས་ལྷ་འདྲེའི་གནོད་པ་ཕོག་པར་དོགས་ཏེ་ཉེ་འགྲམ་གྱི་གྲོང་ཚོའི་ནང་ལྷ་ལ་ཞུ་བར་སོང་། ངའི་ཨ་ཕ་ཞིང་ཁ་ནས་ལོག་ཡོང་དུས་ཁྲ་ལེན་ཧྥང་གིས་བུ་ཁྲིད་དེ་ཁྱིམ་དུ་འགྲོ་བ་དང་འཕྲད། བུ་ལ་ལྷ་འདྲེས་གནོད་ལུགས་ཐོས་མ་ཐག་ཉེ་བར་བཅར་ནས་བལྟས་པ་ན། བུའི་མཇིང་པ་ཡང་རེངས་པ་མཐོང་བས་བྲེལ་འཚུབ་ངང་། ག་རེའི་ལྷ་འདྲེ། མགྱོགས་པོ་སྨན་ཁང་དུ་འགྲོ་ཟེར་བཞིན་གྲོང་ཚོའི་ནང་ནས་རྐང་འཁོར་གཉིས་གཡར་ཏེ་ཨ་ཕ་དང་ཀྲང་རེན་ཧུའུ་ཡིས་རེས་མོས་ཀྱིས་བྱིས་པ་རྐང་འཁོར་ལ་བསྐྱོན་ཏེ་སྨན་ཁང་དུ་བསྐྱལ། ངའི་ཨ་མའི་ཁྱིམ་གྱི་གཉེན་ཚན་ཞིག་སྨན་པ་ཡིན་པས། ཁོ་དང་ཐུག་ཅིང་མྱུར་སྐྱོབ་བྱས་པས་ནད་གཞི་དྲག་སྐྱེས་བྱུང་།

  ཚའེ་ཁྲང་ཐའེ་ཡི་ཤིང་བཟོའི་ལག་ཆ་རྣམས་ཉིན་མགོ་མའི་ས་སྲོད་ཀྱི་དུས་སུ་ང་ཚོའི་ཐོན་སྐྱེད་རུ་ཁག་གི་ཤིང་རྟ་ཡིས་སྐྱེལ་བར་འོང་། ཁ་ལོ་བས་ཤིང་རྟ་འཁྲིད་དེ་བྱེ་མ་དྲུད་དུ་འགྲོ་དུས་ཚའེ་ཁྲང་ཐའེ་ཡི་གྲོང་ཚོ་བརྒྱུད་དེ་སོང་བ་དང་སྐབས་འཁེལ། སོག་ལེ་དང་འབུར་ལེན། ཟོང་། སྟེའུ། ཐིག་ཕོར། ཐིག་ཤིང་སོགས་ལག་ཆ་ཆེ་ཆུང་སྣ་ཚོགས་སྒམ་ཆེན་པོ་ཞིག་གི་ནང་དུ་བཅུག་འདུག

  ཉིན་གཉིས་པར་ནམ་མ་ལངས་གོང་ནས་ཚའེ་ཁྲང་ཐའེ་དང་ལོ་ན་གཞོན་པའི་དགེ་ཕྲུག་ཅིག་རྐང་འཁོར་བསྐོར་ཏེ་སླེབས་བྱུང་། རྐང་འཁོར་གྱི་ཏིང་སྒྲའི་ཁྲོད་དུ་ཨ་ཕ་དང་ཨ་མས་འཚམས་འདྲི་བྱེད་བཞིན་ཁོ་གཉིས་མ་ཁང་ནང་དུ་གདན་དྲངས། ཇ་ཞུས། ཐ་མག་ལ་མེ་བསྒོས། ཁོ་གཉིས་ཀྱིས་དུ་བ་ཁམ་གང་དོ་ཞིག་རྔུབ་རྗེས་ཇ་ཡང་འཐུང་ཁོམ་མེད་པར། སྒོ་རའི་ནང་དུ་བསྐྱོད་དེ་ལག་ཆ་བཏོན་ནས་ཤིང་ཆ་དག་གི་མདུན་དུ་ལས་ཀ་བྱེད་མགོ་བརྩམས། ཁོ་གཉིས་ཀྱིས་ཤིང་ཆ་རྣམས་ཐིག་ཤིང་གིས་འཇལ། ཐིག་བཏབ། པང་ལེབ་བྲེག།

  ཨ་ཕ་དང་ཨ་མས་ཐབ་ཚང་གི་ནང་དུ་ཟ་མ་གཡོས་སྦྱོར་བྱས། མོག་མོག་བཙོས་ཟིན། མོག་ཚགས་གི་ནང་དུ་བཅུག་ནས་ཚ་དྲོད་བཏང་ན་ཆོག སྔོ་ཚལ་ཀྱང་ཉོས་ཟིན། ཅིན་ཚལ་དང་བསོད་ནམས་དཔལ་འཛོམས། ཧྲན་ཡའོ། ཞོག་ཁོག སྒོག་ལོ་སེར་པོ། ཤ།ཉ། ཕིང་ལེབ། ཤ་མོ་སོགས་ཡོད།

  ཨ་མས་མགོ་ལ་མགོ་རས་སྔོན་མོ་ཞིག་གྱོན་ཏེ་ཐབ་ཀྱི་འགྲམ་དུ་གོ་ཏག་་་་་ གོ་ཏག་་་་་་ ཅེས་འབུད་པ་སྤུད་ནས་མོག་མོག་དང་ཨ་ཤོམ་གྱི་ཐུག་པ་ཚ་པོ་བཟོས།

  ཨ་ཕས་ཧྲ་ཐག་་་་་ ཁྲ་ཐག་་་་་ ཅེས་ཚལ་བརྔོས།

  ཞི་མི་ཐལ་སྐྱ་ཞིག་ཀྱང་དྲི་ཞིམ་གྱིས་བསུས་ཏེ་ཐབ་ཚང་གི་སྒོ་ཁ་ནས་ཕར་འགྲོ་ཚུང་འོང་བྱེད་ཀྱིན་འདུག

  ངའི་གཅུང་པོ་ཞི་ཨན་དང་གཅུང་མོ་ཡུས་ཞན་ཐབ་ཀྱི་འགྲམ་ནས་ཙོག་པུར་བསྡད་དེ་མིག་ཟུང་གཡོ་བ་མེད་པར་སླ་ངའི་ནང་འགུལ་བཞིན་པའི་ཉ་ཤར་བལྟས་འདུག ཨ་ཕས་ཁོ་གཉིས་ཀྱི་ཚུགས་ཀ་དེ་མཐོང་མ་ཐག་ཉ་ཤ་སྟི་ག་ཆུང་བ་གཉིས་བླངས་ཏེ་སྡེར་མའི་ནང་ནས་གྲང་དུ་བཅུག་སྟེ་ཁོ་གཉིས་ལ་བྱིན། ཁོ་གཉིས་ལོ་ན་ཆུང་སྟེ། གཅིག་ནི་ལོ་བཅུ་གཉིས་དང་གཅིག་ཤོས་ནི་ལོ་བཅུ་རེད། ང་དང་ཁོ་ཚོའི་དབར་དུ་ཡང་ལོ་ཁྱད་དེ་ཙམ་མེད་དེ་ང་ལོ་ན་བཅོ་ལྔ་ལ་སོན་ཙམ་ཡིན།

  ཟ་མ་གྲུབ་ཅིང་ཟ་རྒྱུའི་དུས་ལ་ཡང་ཐོན་སོང་། ཨ་ཕས་ཤིང་བཟོ་བ་གཉིས་པོ་ཟ་མ་ཟ་བར་འབོད། ཤིང་བཟོ་བ་གཉིས་པོས་ལག་ནང་གི་སོག་ལེ་ཆེན་པོ་འཐེན་མཚམས་བཞག་པ་དང་དགེ་ཕྲུག་གིས་པང་ཁེབས་དཀྲོལ་ཏེ་པང་ཁེབས་ཀྱིས་ལུས་པོའི་ཐོག་གི་ཐལ་རྡུལ་དཀྲུགས། ཚའེ་ཁྲང་ཐེ་ཡིས་རྣ་ཅོག་གི་ངོས་སུ་གཟེར་བའི་ཞ་སྨྱུག་བླངས་པ་དང་ཕུ་ཐུང་གི་ཤུབས་ཕུད་དེ་ཙོག་ཙོག་བྱས་ཏེ་ཨ་མས་ཚ་གྲང་སྙོམས་ཟིན་པའི་ཆུ་ཡི་ནང་དུ་ལག་པ་བཀྲུས།

  ཟ་མ་ནི་མ་ཁང་མདུན་ངོས་ཀྱི་ཅོག་ཙེ་གྲུ་བཞིའི་ཐོག་ཏུ་བསྒྲིགས་འདུག ཚའེ་ཁྲང་ཐའེ་དང་དགེ་ཕྲུག ཨ་ཕ་གསུམ་པོ་ཅོག་ཙེའི་མཐའ་ནས་བསྡད་དེ་ཟ་མར་རོལ། ང་ཚོས་ཉེ་འགྲམ་གྱི་ཐབ་ཁ་ནས་ཁོ་ཚོ་ཟ་མ་བཟས་ཚར་རྒྱུར་སྒུག ཨ་མས་ཁོ་ཚོར་ཕོར་པ་སྤྲད། མོག་མོག་བསྐྱལ།

  ཚའེ་ཁྲང་ཐའེ་ཡིས་འཛེམ་ཟོལ་གྱིས་ང་ཚོར་མཉམ་དུ་བཟའ་བར་ཤོག་ཅེས་སྨྲས། ཨ་མས་ང་ཚོ་ལྟོགས་མ་བྱུང་ཁྱོད་ཚོ་ཟོ་ཞེས་ལན་བཏབ། ཚའེ་ཁྲང་ཐེ་དང་ཁོ་ཚོས་མོག་མོག་བླངས་ཏེ་ཟ་བཞིན་འདུག དྲང་པོར་བཤད་ན་ང་ཚོ་སྔར་ནས་ལྟོགས་ཏེ་འགྲམ་ཆུ་ལྕེ་ཡི་བར་ནས་འཁོར་བཞིན་འདུག འོན་ཀྱང་། མོག་མོག་ནི་ཤིང་བཟོ་བར་ཆེད་དུ་བཟོས་པ་ཞིག་ཡིན་པས་ང་ཚོར་ཟ་སྐལ་མེད། ཚལ་ཡང་ཤིང་བཟོ་བ་ཚོ་བཟས་ཚར་རྗེས་ཀྱི་ལྷག་མ་དག་ཐབ་ཀྱི་གམ་དུ་འབྱོར་སྲིད། དེ་དུས་ཁོག་མའི་ནང་དུ་ཚ་མོ་བཟོས་པའི་ལོ་གོའི་མོག་མོག་བཟས་ཆོག ངའི་གཅེན་པོ་སྤྱི་ལེ་བཞི་བཅུའི་ས་ཡི་ཡུན་ཧོ་ཆུ་མཛོད་དུ་ལས་ཀ་བྱེད་དུ་སོང་བས་ང་དང་ཞི་ཨན། ཡུས་ཞན་གསུམ་མིག་ཧུར་ཧུར་གིས་ཤིང་བཟོ་བས་ཚལ་ལེན་པ་དང་མོག་མོག་ཟ་བ། འབྲས་ཐུག་ཧུ་ལུ་ལུ་རུ་འཐུང་བ། ཁ་ནང་དུ་ཅིན་ཚལ་ཙོ་ཧྲོག་ཙོ་ཧྲོག་ཅེས་ལྡད་པར་ཉན།

  ཚའེ་ཁྲང་ཐའེ་ཡིས་མོག་མོག་གཅིག་ཟས་པ་དང་འབྲས་ཐུག་ཕོར་པ་གང་བཏུང་རྗེས་ཕོར་པ་ཅོག་ཙེའི་ཐོག་ཏུ་བཞག ཨ་ཕས་ཁོ་ལ་མོག་མོག་སྤྲད་དེ་གཅིག་ཟ་དགོས་ཞེས་ཨུ་ཚུགས་བྱས་ཀྱང་། ཁོས་མཆུ་ཏོ་གཉེར་གཉེར་གྱིས་རྒྱགས་སོང་། ཟ་མི་ཐུབ་ཟེར་བཞིན་ལག་ཞོར་དུ་ཅོག་ཙེའི་སྟེང་གི་ཐ་མག་བླངས། དགེ་ཕྲུག་གིས་དགེ་རྒན་གྱིས་མི་ཟ་བ་མཐོང་མ་ཐག་ཟ་མཚམས་བཞག ཚའེ་ཁྲང་ཐེ་ཡིས་ཨ་མར་མགྱོགས་པོ་ཕྲུ་གུ་ཚོ་ཟ་རུ་ཆུགས་ཞེས་བཤད། དེ་ནས་དགེ་ཕྲུག་ལ་བལྟ་ཙམ་བྱས་ཏེ་པང་ལེབ་གཤགས་སུ་འགྲོ་ཅེས་བཤད།

  ཚའེ་ཁྲང་ཐའེ་དང་དགེ་ཕྲུག་ཕྱིར་ཐོན་མ་ཐག་ང་ཚོ་མདའ་ཕངས་པ་བཞིན་ཅོག་ཙེ་གྲུ་བཞིའི་མཐའ་རུ་རུབ་སྟེ། འགའ་རེས་ཉ་ཤ་བླངས། འགའ་རེས་ཚལ་ཟས། ཨ་མས་ང་ཚོར་མིག་ལོག་ལྟ་བཞིན་སྐད་ཤུགས་ཆུང་ངུས་ཐབ་ཚང་ནང་དུ་འཁྱེར་ཏེ་ཟོ་ཞེས་ཟེར་ཀྱང་། སུས་ཀྱང་ཨ་མའི་སྐད་ཆར་སྣང་བ་མ་བཏང་། གང་ཡིན་ཟེར་ན། ཁྱིམ་དུ་ཤིང་བཟོ་བ་སླེབས་ཡོད་པས་ཨ་མ་སྐུ་རླུང་བཞེངས་ཀྱང་ང་ཚོར་ཅི་ཡང་བྱ་མི་ཐུབ།

  ༣

  ཨ་ཕའི་ཐོག་མའི་འཆར་གཞི་ལྟར་ན་གཅེན་པོར་མེ་ཏོག་དཀྲོལ་བའི་ཞབས་བཀྱག་ཅན་གྱི་སྒམ་ཆེན་པོ་ཆ་གཅིག་དང་ཅོག་ཙེ་གྲུ་བཞི་གཅིག ཅོག་ཙེའི་རྒྱབ་ཏུ་ཅོག་ཙེ་རིང་པོ་གཅིག བརྐོས་དཀྲོལ་ཅན་གྱི་རྐུབ་བཀྱག་རྒྱབ་བསྙེས་མ་ཆ་གཅིག དཀྱིལ་ཀྲུང་དུ་སྡོད་ཐུབ་པའི་རྐུབ་སྟེགས་ཆ་གཅིག ཐོག་མེད་པའི་ཉལ་ཁྲི་གཅིག་བཅས་བཟོ་རྒྱུ་དེ་ཡིན། ཁྱིམ་ཆས་འདི་དག་ཁང་པ་གསར་པའི་ནང་བསྒྲིགས་ཚེ་རྒྱང་བཀྲག་ཀྱང་ཆེ་ངེས་ཡིན། འོན་ཀྱང་ཨ་མས་མཐའ་གཅིག་ཏུ་མེ་ཏོག་དཀྲོལ་བའི་ཞབས་བཀྱག་ཅན་གྱི་སྒམ་ཆུང་ངུ་ཆ་གཅིག་ཀྱང་བཟོ་དགོས་ཟེར། ཨ་ཕས་ཤིང་ཆ་འདེང་མི་སྲིད། སྒམ་མང་པོ་དེ་ཙམ་བཟོས་རུང་གོ་མི་ཆོད་ཟེར། ཨ་མས་ཤིང་ཆ་ཅུང་ཙམ་ཉོས་ཏེ་མཉམ་དུ་བསྲེས་ཏེ་བཟོས་ཆོག གོ་ཆོད་མིན་སེམས་ཁྲལ་བྱེད་མི་དགོས། བཟོ་དགོས་ཟེར།

  ཨ་ཕས་ཨ་མའི་འདོད་ཐོག་ཏུ་མི་འཇོག་ཀ་མེད་བྱུང་།

  ཁྱིམ་ཆས་ཀྱི་ཐད་ནས་ཨ་མའི་སེམས་སུ་གནོང་འགྱོད་ཡོད་པ་ཨ་ཕས་ཤེས་ཀྱིན་ཡོད།

  ཨ་མའི་ཁྱིམ་ནི་ཆན་ཀའོ་གྲོང་ཚོ་ནས་ཡིན། ཨ་མ་ལོ་ན་བཅུ་བདུན་ལ་སོན་པའི་ཉིན་གུང་ཞིག་ཞིང་ཁ་ནས་ཁྱིམ་དུ་ལོག་ཡོང་དུས་ཨ་མའི་ཨ་མ་དང་ཨ་ཅེ་ཞིག་སྒོ་རའི་ནང་གི་ཁམ་སྡོང་འོག་ཏུ་འགྲེངས་ཏེ་ཅི་ཞིག་འཆད་ཀྱིན་ཡོད་པ་མཐོང། ཨ་མས་ཁོ་གཉིས་ལ་འཚམས་འདྲི་ཞུས། ཟོར་བ་ཐང་དུ་བཞག་སྟེ་ཐད་ཀར་ཐབ་ཚང་གི་ནང་དུ་བསྐྱོད། ཆུ་ཟོམ་གྱི་ཁ་ནས་ཆུ་སྐྱོགས་གང་བཅུས་ཏེ་ཀོ་ཀྲོག་ཀོ་ཀྲོག་ཅེས་བཏུང་། ཨ་མས་སྐྱོགས་ཀྱི་མུ་ཁ་ནས་ཨ་མའི་ཨ་མ་དང་ཨ་ཅེ་དེས་རང་ལ་བལྟས་ནས་གད་མོ་དགོད་བཞིན་ཡོད་པ་མཐོང་། ཨ་མའི་སེམས་སུ་ཁོ་གཉིས་ཀྱིས་རང་ཉིད་དང་འབྲེལ་བ་ཡོད་པའི་དོན་ཞིག་གླེང་བཞིན་པ་འདྲའོ་སྙམ། ཁོ་མོས་ཚོད་དཔག་བྱས་པ་ཤིན་ཏུ་བདེན་ཏེ་ཆུ་བཏུང་སྟེ་སྒོ་རའི་ནང་འབྱོར་མ་ཐག་ཨ་མས་ཁོ་མོར་དབྱིན་ཙེ་ཨ་ཅེས་ཁྱེད་ལ་མནའ་མར་འགྲོ་སའི་ཁྱིམ་ཚང་ཞིག་གྲོས་འདྲི་བར་འོང་པ་རེད་ཟེར། གཏམ་དེ་གོ་མ་ཐག་ཨ་མའི་ངོ་གདོང་བྱུ་རུ་ལྟར་དམར་པོར་གྱུར་ཏེ་ག་ཤོད་འདི་ཤོད་མེད་པར་ལན་བུའི་ངོས་སུ་བྲད་ཙམ་བྲད་ཙམ་བྱེད་བཞིན་ལུས། ཨ་ཅེ་དེས། ཀྲང་ཅ་གྲོང་ཚོའི་ཁྲན་ཧྥུ་ཀེན་རེད། ཁྱེད་ལས་ལོ་གཉིས་ཀྱིས་ཆེ་བ་འདུག ད་ལོ་ལོ་བཅུ་དགུ་རེད་ཟེར། ཁོ་ལ་གཅེན་པོ་གཅིག་ཡོད་ཀྱང་དེ་གཞན་ལ་བུ་སྐལ་དུ་སྦྱིན་པས་ཁོའི་ཁྱིམ་དུ་ཕ་མ་གཉིས་ལས་མེད། ཁྱིམ་གྱི་འཁོས་ཀ་ཞན་ཡང་གཤིས་རྒྱུད་དྲང་བས་འཚོ་བ་བདེ་བར་རོལ་སའི་ཁྱིམ་ཚང་ཞིག་རེད། ཁྲན་ཧྥུ་ཀེན་ཟེར་བ་དེ། གཟུགས་པོ་ཆེ་ལ་ཁ་སྒོ་སྐྱེ་འབྲས་ལེགས་ལ། སྤྱོད་ལམ་ཡང་བཟང་ཞེས་བཤད། ཨ་མས་ཁོ་མོར་ལྟ་བཞིན་ཨ་ཅེས་བཤད་པ་དག་གོ་བྱུང་ངམ་ཟེར། ཁོ་མོ་ངོ་ཚ་ནས་ཅི་ཞིག་བརྗོད་དགོས་པ་མ་ཤེས་པར་མགོ་བོ་སྒུར་ཏེ་ལུས། ཨ་མས་ཁྱོད་ཀྱི་བློ་ལ་བབ་འདུག་ཁྱེད་ཀྱང་ལོ་བཅུ་བདུན་ཡིན་པས་ཟླ་བོ་འཚོལ་རན་ཟེར། ཨ་ཅེ་དེས། འོ་ན་ངས་ཀྱང་ཁོམ་པ་ཞིག་བཙལ་ཏེ། ཁྲན་ཧྥུ་ཀེན་ཁྱེད་ཚང་དུ་འཁྲིད་ཡོང་ནས་ཅིག་བསྟན་ཆོག་ཟེར།

  ཉིན་འགའི་རྗེས་སུ་ཨ་ཅེ་དེས་ཕོ་གཞོན་ཞིག་འཁྲིད་དེ་སླེབས་བྱུང་། དེ་ནི་ངའི་ཨ་ཕ་ཁྲན་ཧྥུ་ཀེན་རེད། ཨ་ཕས་གོ་ཐུང་སྔོན་པོ་དང་ཚིལ་ལེན་དཀར་པོ། རས་ལྷས་མཐིལ་དཀར་པོ་ངོས་ནག་པོ་ཞིག་བཅས་གྱོན་ཡོད། རྫི་མའི་གཟེངས་མཐོ་ཞིང་ངོ་སྒོར་བ། གཟུགས་ཆེ་ཞིང་བལྟས་མ་ཐག་གཞུང་དྲང་ཟོལ་མེད་ཀྱི་ཚོར་སྣང་ཞིག་སྦྱིན་འོང་། ཨ་མས་ཟུར་མིག་ཕངས་པ་ཙམ་གྱིས་དེ་ནི་ཁྲན་ཧྥུ་ཀེན་ཡིན་པ་རྟོགས།

  ཁ་བའི་འདབ་མ་ལྷུབ་ལྷུབ་ཏུ་བབ་པའི་དགུན་ཁའི་ཞོགས་པ་ཞིག་ལ་ཨ་ཕས་ཨ་མ་ཀྲང་ཅ་གྲོང་ཚོར་མནའ་མར་བསུས། གནས་འདིའི་ལུགས་སྲོལ་ལ་མནའ་མ་མི་སྒོ་འགྲིམས་རྗེས་ཁྱོ་བོའི་ཁྱིམ་དུ་ཉིན་གསུམ་བསྡད་རྗེས་མ་ཁྱིམ་དུ་ལོག་སྟེ་ཉིན་འགའ་འདུག་སྲོལ་ཡོད། དེར་བག་ལོག་ཅེས་ཟེར། ཉིན་དེར། ཨ་མ་སྤོ་བོས་ཁྲིད་ཡོང་བའི་བོང་བུར་བཞོན་ཏེ་མ་ཁྱིམ་དུ་ལོག

  མིག་གི་རྡེབ་དབང་ཙམ་ལ་ཉིན་གསུམ་འདས་སོང་ཨ་མས་མས་ཁྱིམ་ནས་བསྐུར་བའི་འབོག་སྒྲིལ་ཕྲག་པར་བཏེགས་ཏེ་ས་སྲོས་ཀྱི་དུས་སུ་ཀྲང་ཅ་གྲོང་ཚོར་ལོག།

  དེ་དུས་ཨ་ཕ་ཕག་ཚང་ལ་གཙང་སྦྲ་བྱེད་བཞིན་ཡོད། ཨ་མ་འབྱོར་བ་ཤེས་མ་ཐག་སྤོ་དང་རྨོ་བོ་ལྷན་དུ་ཨ་མ་ཁྱིམ་དུ་བསུས།

  ཨ་མ་ཁང་པའི་ནང་དུ་འབྱོར་ཏེ་ནང་དུ་མིག་ཡུལ་ཞིག་བྱས་པ་ན་ཅོག་ཙེ་གྲུ་བཞི་དེ་ལས་སྒམ་ཆ་གཅིག་དང་རྒྱབ་བསྙེས་ཅན་གྱི་རྐུབ་སྟེགས་ཆ་གཅིག་མཐོང་ཡུལ་ན་མེད་ཅིང་རྐུབ་སྟེགས་གོག་ཏོ་གཅིག་བསྒྲིགས་ཡོད། ཨ་མ་ཡ་མཚན་སྐྱེས་ཏེ་ཨ་ཕར་དྲིས་པ་ན། ཨ་ཕ་ཅི་ཤོད་འདི་ཤོད་མེད་པར་ཡུན་རིང་ལུས་རྗེས། དོགས་མི་བདེ་བའི་ངང་ཁྱིམ་གྱི་འཁོས་ཀ་ཞན་དྲག་པའི་དབང་གིས་ཁྱིམ་ཆས་བཟོ་མ་ཐུབ། གཉེན་སྟོན་གྱི་དུས་སུ་ཁྱིམ་མཚེས་གྱི་ཁྱིམ་ཆས་གནས་སྐབས་གཡར་བ་དང་གཉེན་སྟོན་མཇུག་བསྒྲིལ་རྗེས་བདག་པོར་སྤྲད་པ་ཡིན་ཞེས་ལན་བཏབ།

  འདི་འདྲ་བྱེད་སྲོལ་ཞིག་གང་ན་ཡོད་དམ།

  ཨ་མས་ལག་ནང་གི་འབོག་སྒྲིལ་ས་སྟེང་དུ་བརྡབས་པ་དང་ཁོང་ཁྲོ་གཏིང་ནས་ལངས་ཏེ་རྐང་ལག་འདར་སིག་སིག་ཏུ་ལུས་མོད། མི་སྒོ་འགྲིམས་མ་ཐག་པའི་མནའ་མ་ཞིག་གིས་ཅི་ཡང་ཤོད་མ་ཐུབ་པར། ས་ཁྲིའི་ཐོག་བསྡད་དེ་ངུས། སྤོ་བོ་དང་རྨོ་བོ། ཨ་ཕ་གསུམ་པོས་རེས་མོས་ཀྱིས་སེམས་གསོ་བྱས་ཀྱང་། ནུས་པ་ཅི་ཡང་མ་ཐོན། དགོང་ཟས་ཀྱང་མི་ཟ་བར་ས་ཁྲིའི་ཐོག་ཏུ་ནམ་མ་ལངས་བར་དུ་ངུས། དེ་ནས་ཅ་ལག་བསྡུ་གསོག་བརྒྱབ་སྟེ་མ་ཁྱིམ་དུ་ལོག

  ཨ་མ་མ་ཁྱིམ་དུ་འབྱོར་རྗེས་ངུ་ཞིང་བརྒྱལ། ཨ་མས་ད་ནས་བཟུང་ཀྲང་ཅ་གྲོང་དུ་གོམ་པ་སྤོ་ཡི་མིན། དབུལ་དྲགས་ཏེ་གཉེན་སྒྲིག་ལ་གཤོམ་རྒྱུའི་ཁྱིམ་ཆས་ཀྱང་ཁྱིམ་མཚེས་ལ་གཡར་འདུག་འབྱུང་འགྱུར་གྱི་འཚོ་བར་རེ་བ་ཆད་སོང་ཟེར། འོན་ཀྱང་། མངགས་པའི་མནའ་མ་བརྒྱབ་པའི་མདའ་མོ་ཟེར་བ་ཇི་བཞིན་རྨོ་བོས་ཨ་མ་དང་མཉམ་དུ་ཉིན་མང་པོ་མིག་ཆུ་མཉམ་བཞུར་དང་དབུགས་རིང་ཉིན་མཐུད་མཚན་མཐུད་བྱས་རྗེས། ཨ་མ་ལ་འཚོ་བ་ནི་མི་དང་མཉམ་དུ་སྐྱེལ་དགོས། གཅེས་ཕྲུག་མ། མི་བཟང་ན་དེ་ཡིས་ཆོག་ཅེས་བཤད། སྤོ་བོས་ཀྱང་མི་རེ་རེ་ལ་ལས་རེ་ཡོད་ཅེས་སེམས་གསོ་མང་པོ་བཏང་། ཉིན་འགའི་རྗེས་ནས་ཨ་མར་ཡང་སེམས་འགུལ་ཅུང་ཐེབས་འདུག དེའི་རྗེས་སུ་ཨ་ནེ་ཞིག་གི་སྐད་ཆ་ཚིག་གཅིག་གིས་ཨ་མའི་སེམས་ཁུགས་སུ་བཅུག་སོང་།

  ཨ་མ་ཁྲོམ་པའི་ཁ་ནས་ཆུ་ལེན་པར་འགྲོ་དུས། མི་རྒྱུད་ལྟར་བརྩིས་ན་ཨ་ནེ་ཡིན་པ་ཞིག་ཆུ་ལེན་པར་ཡོང་བ་དང་འཕྲད། ཨ་མ་ཁྲོམ་པའི་ཆུ་བཀྱག་གི་འགྲམ་དུ་སླེབས་ཉེར་ཡོད་དུས་ཨ་ནེ་དེས་ཆུ་ཟོམ་གཉིས་ཕྲག་ཤིང་གི་གཡས་གཡོན་ནས་བཏེགས་ནས་ཡོང་གིན་འདུག ཨ་མ་སྲང་ལམ་གྱི་ནང་ནས་ཡོང་བ་མཐོང་མ་ཐག རྒྱང་ཐག་རིང་པོ་ནས་ལའོ2ཁྲན། ཆུ་ལེན་པར་ཡོང་བ་ཡིན་ནམ་ཟེར། ཨ་མའི་རུས་མེང་ཡིན་པ་ལས་ཁྲན་མིན་པས་རང་ལ་འདྲི་གྱིན་མི་འདུག་སྙམ་སྟེ་ལན་མ་སློག འོན་ཀྱང་། འདི་ན་རང་ཉིད་མ་གཏོགས་མེད་པ་དང་གློ་བུར་དུ་ཨ་ཕའི་རུས་ཁྲན་ཡིན་པ་དྲན་ཏེ་མྱུར་མོར་ཡིན་ལགས། ཨ་ནེ་ཁྱེད་ཀྱང་ཆུ་ལེན་དུ་འོང་བ་ཡིན་ནམ་ཞེས་ལན་བཏབ། ཨ་ནེས་ཡིན་ཟེར་བཞིན་ཆུ་འཁུར་ཏེ་སོང་། ཨ་མས། ཁོ་མོའི་རྒྱབ་གཟུགས་ལ་ལྟ་བཞིན་ཡུན་རིང་ཧད་དེ་ལུས། ཁོ་མོའི་སེམས་སུ་ང་ད་ལྟ་ཀྲང་ཅ་གྲོང་ཚོའི་ཁྲན་ཧྥུ་ཀེན་ལ་མནའ་མར་སྟེར་ཚར་བ་རེད། ཆན་ཀའོ་གྲོང་ཚོའི་བུ་མོ་མ་རེད། རུས་ཀྱང་གྱུར་ཟིན་པ་རེད་དོ་སྙམ། ཨ་མས་མིག་ཟུང་བགྲད་ཙམ་བགྲད་ཙམ་བྱེད་བཞིན་རང་ཉིད་མནའ་མར་སོང་བའི་ཉིན་དེ་ནས་བཟུང་རང་ཉིད་རུས་ཁྲན་གྱི་མི་ཡིན་པ་གཏན་འཁེལ་བྱས་པ་འདྲ་བས་བསྒྱུར་ཡང་མི་ཐུབ་པ་འདྲའོ་སྙམ། དགོང་མོ་དེར་ཨ་མ་གཉིད་གཏན་ནས་མ་ཁུགས་པར་ཉལ་སའི་ནང་ཕར་སློག་ཚུར་སློག་བྱེད་བཞིན་ལུས། གཉིད་མི་ཁུག་པའི་ཨ་མས་ཨ་ཕའི་དགེ་མཚན་རེ་གཉིས་ཀྱང་མཐོང་།

  ཨ་མ་སླར་ཡང་ཀྲང་ཅ་གྲོང་ཚོར་ལོག

  ད་དུས་ཨ་མས། ད་ནས་བཟུང་མི་ཚེ་ཡག་པོར་སྐྱེལ་རྒྱུ་དང་རྗེས་སུ་ཕྱུག་པོ་ཆགས་རྗེས་ཐོག་མར་ཁྱིམ་ཆས་ཁ་ཤས་བཟོ་རྒྱུ་དང་གལ་ཏེ་རྗེས་སུ་བུ་སྐྱེས་ན་གཉེན་སྟོན་བྱེད་དུས་ཀྱི་ཁྱིམ་ཆས་རང་ཉིད་ཀྱི་གཉེན་སྟོན་ལྟར་ཉུང་དུ་མི་འཇུག་པའི་དམ་བཅའ་ལྐོག་ནས་བཞག ལྷག་པར་དུ་གཅེན་པོ་སྐྱེས་པ་དང་རིམ་བཞིན་ནར་སོན་པ་ནས་བཟུང་ཨ་མས་གཅེན་པོར་གཉེན་སྒྲིག་དུས་ཁྱིམ་ཆས་སྤུས་དག་མང་ཙམ་བཟོ་དགོས་སྙམ།

  ༤

       ཨ་མ་གཅེན་པོར་ཤིན་ཏུ་གཅེས།

  མ་གཞི་ནས་གཅེན་པོ་ནི་ང་ཚོ་བྱིས་པ་རྣམས་ཀྱི་ནང་ནས་ལོ་ཆེ་ཤོས་ཡིན་པས། འཇིག་རྟེན་པའི་ལུགས་སུ་དོན་དག་ཅི་ཞིག་ཡིན་ཀྱང་གཅུང་པོ་དང་གཅུང་མོར་བསྟུན་དགོས་ཀྱང་། ཨ་མས་དེ་ལྟར་མི་བྱེད་པར་གཅེན་པོའི་རྒྱབ་རྩ་ཁོ་ན་བྱས་ཏེ་ང་ཚོ་གཅེན་པོར་བསྟུན་དུ་འཇུག་གིན་ཡོད།

  ཆུང་དུས་སུ་ཁྱིམ་གྱི་འཁོས་ཀ་ཞན་པས་རྟག་ཏུ་ཞོག་ཁོག་མངར་མོ་དང་པད་ཚལ་གྱི་མོག་མོག འབྲས་ཐུག་འཐུང་བ་ལས་ཉ་ཤ་ཐེངས་རེ་གཉིས་ལས་ཟ་རྒྱུ་མེད། ཉ་ཤ་ཟ་སྐབས་ཨ་མས་གཅེན་པོའི་ཕོར་པའི་ནང་དུ་ལྡུག་གང་ཐུབ་བྱེད་ཀྱིན་ཡོད། མཚམས་རེ་གཅེན་པོ་བྱ་དཀའ་བྱེད་གཏད་དུ་གྱུར་ཏེ་ཨ་མས་བླུག་པའི་ཤ་རྣམས་ང་ཚོའི་ཕོར་པའི་ནང་དུ་ལྡུག་གིན་ཡོད་ཀྱང་ཨ་མས་ཤ་དེ་དག་ཕྱིར་གཅེན་པོའི་ཕོར་པའི་ནང་དུ་ལྡུག་ཏུ་འཇུག་གི་ཡོད།

  ལོ་གསར་ཚེས་དུས། དངུལ་ཇི་ལྟར་དཀོན་ཀྱང་ཨ་མས་ཐབས་བརྒྱ་ཇུས་སྟོང་གིས་གཅེན་པོར་གྱོན་གོས་གསར་པ་ཉོ་བ་དང་ལྷམ་གསར་པ་འཚེམ་གྱི་ཡོད། གཅེན་པོ་ལོ་བཅུ་ལ་སོན་པ་ནས་ཚོང་ཁང་ནས་ཉོས་པའི་གྱོན་གོས་དང་ཞྭ་མོ་གྱོན་རྒྱུ་ཡོད། འོན་ཀྱང་། ང་ལོ་ན་བཅོ་ལྔ་ལ་སོན་ཀྱང་ཨ་མས་སྣུམ་ཞུའི་འོན་ཏུ་ལག་འཚེམ་བརྒྱབ་པའི་རས་དཀྱུས་མའི་གྱོན་གོས་ལས་གྱོན་རྒྱུ་མེད། གྱོན་པ་འཚེམ་རྒྱུའི་རས་དེ་དག་ནི་ཨ་མས་དགུན་དུས་སུ་ང་ཚོའི་ཁྱིམ་གྱི་རས་འཐག་འཕྲུལ་འཁོར་གྱིས་བཏགས་པ་ཞིག་རེད། རས་དེ་དག་མཐུག་ཅིང་རྩུབ་པས་ཚོང་ཁང་ནང་གི་གྱོན་གོས་ལྟ་བུའི་བདེ་ཟོར་དང་རྫིག་ཉམས་མེད། དེ་བས་རས་ལ་རང་ཉིད་ཀྱིས་ཚོད་བརྒྱབ་པ་ཞིག་ཡིན་པས་ཚོས་བརྟན་པོ་མེད། ཉིན་གཅིག་གྱོན་ཚེ། རྔུལ་ཆུ་བཞུར་བའི་རྐྱེན་གྱིས་སྐེ་རགས་བཅིངས་ཤུལ་དག་ལ་རས་ཀྱི་ཁ་དོག་འགོས་ཀྱི་ཡོད།

  ང་དང་གཅུང་པོ་ཞི་ཨན་གྱིས་ཨ་མའི་ལག་ནས་འཇུས་ཏེ་ཚོང་ཁང་ནས་ཉོས་པའི་གྱོན་པ་དགོས་ཞེས་སྐྱུར་གོང་བཤད་པ་ན་ཨ་མས། ཚོང་ཁང་ནང་གི་གྱོན་གོས་དེ་དག་གྱོན་འདོད་ན་མགྱོགས་པོ་འཚར་ལོངས་ཡོང་ཐབས་གྱིས། ཕོ་གཞོན་ལ་གྱུར་ཚེ་ཨ་མས་ཉོས་ཆོག་ཟེར། གཅེན་པོ་ལོ་ན་ཆུང་དུས་ནས་ཉོ་དོན་ཅི་ཡིན་ཞེས་དྲིས་པ་ན། ཨ་མས་ཁོ་ནི་ཁྱེད་ཚོའི་གཅེན་པོ་ཡིན་པས་རེད་ཟེར། ཨ་མས་ཕྱོགས་ཞེན་བྱེད་ཀྱི་འདུག་ཅེས་སྐྱུར་གོང་བཤད་པ་ན་ཨ་མས་ང་ཚོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན། ཁ་ལ་ཉོན་ཨང་། ངའི་གཅེས་ཕྲུག་བསམ་ཤེས་ཅན་གྱིས་གཅེན་པོར་ཕྲག་དོག་བྱེད་མི་སྲིད། དེ་འདྲ་ཨེ་རེད་ཅེས་ཟེར།

  ང་ཚོ་ཁ་གཉེར་གཉེར་བྱེད་བཞིན་འགྲོ་དགོས་བྱུང་།

  ངའི་གཅེན་པོ་ལོ་ན་བཅུ་གསུམ་ལ་སོན་པའི་དུས་སུ་རྐང་ལག་གི་ནུས་ཤུགས་ཉམས་ཤིང་སྐྱུག་མེར་ལངས། སྨན་ཁང་དུ་བརྟག་དཔྱད་བྱས་པ་ན་མཆིན་པའི་ནད་ཕོག་སོང་ཟེར། ཨ་མ་དངངས་སྐྲག་ལངས་ཏེ་ག་ས་གང་དུ་སྒོར་མོ་གཡོར་ཏེ་གཅེན་པོ་འཁུར་ནས་རྫོང་དང་ཞིང་ཆེན་གྱི་སྨན་ཁང་དུ་ནད་གཞི་གསོ་བར་བསྐྱོད། ཉིན་ལྟར་གཅེན་པོར་སྨན་སྐོལ་ཏེ་སྨན་རྩྭའི་དྲི་མ་སྒོ་རའི་ཕྱི་ནང་ལ་ཐིམས། སྐོལ་བའི་སྨན་གྱིས་གཅེན་པོའི་ཁ་འཚིག་པར་དོགས་ནས་ཨ་མས་རྟག་ཏུ་རང་གིས་འཐུང་བྱེད་བྱས་ནས་ཚ་གྲང་བརྟག་རྗེས་གཅེན་པོར་ལྡུད་ཀྱིན་འདུག

  གཅེན་པོའི་ནད་གཞི་གསོ་བའི་ཆེད་དུ་ཨ་མས་གཅེན་པོ་འཁུར་ཏེ་ཧྲང་ཧེ་ཡང་འགྲིམས་མྱོང་།

  དེ་དུས་ང་ཚོར་མཚོན་ན་ཧྲང་ཧེ་ནི་གནམ་སའི་མཐའ་རུ་ལུས་པའི་གྲོང་ཁྱེར་ཞིག་ཡིན། འོན་ཀྱང་། ཨ་མས་གཅེན་པོ་འཁུར་ཏེ་གནས་དེར་བསྐྱོད་མྱོང་། སྒོར་མོ་དཀོན་པས་ཨ་མས་སྨན་ཁང་དུ་ཉིན་གཅིག་གི་ཟ་མས་ཉིན་གཉིས་གོ་ཆོད་པར་བྱས་ཏེ་ཨ་ཕ་དང་ལྷན་དུ་ཁྲག་ཐེངས་མང་བཙོངས། ཐ་ན་ཁྲག་འཚག་རྒྱུ་མང་དྲགས་ཏེ་དྲན་མེད་དུ་ཡང་བརྒྱལ་མྱོང་།

  གྲོང་ཚོའི་ནང་གི་བྱིས་པ་པྲ་ཚགས་རྣམས་ཀྱིས་གཅེན་པོར་མཆིན་པའི་ནད་ཡོད་པ་ཐོས་རྗེས། ནད་འགོ་བར་དོགས་ཏེ་གཡོལ་ཅི་ཐུབ་ཀྱིས་གཅེན་པོར་རྩེད་རོགས་ཙམ་ཡང་བྱེད་ཀྱིན་མེད། ཨ་མས་གཅེན་པོ་སེམས་སྐྱོ་བར་དོགས་ཏེ་ལྐོག་ཏུ་ང་ཚོར། ཁོ་ནི་ཁྱེད་ཚོའི་གཅེན་པོ་རེད། གཞན་གྱིས་ཁོ་ལ་གཡོལ་རུང་། ང་ཚོ་ནི་ཁྱིམ་གཅིག་གི་བུ་སྤུན་ཡིན་པས་གཡོལ་མི་རུང་ཟེར། ང་ཚོས་ཀྱང་ཁས་ལེན་བྱས། ཨ་མས་གཅེན་པོར་ཆུ་དང་ཟ་མ་ལྡུད། ཉལ་ཆས་ཉུང་བས་དགོང་མོ་གཅེན་པོ་དང་ཉལ་ཆས་གཅིག་གི་ནང་དུ་མགོ་མཇུག་སོ་སོ་ནས་ཉལ3བ་དང་གཅེན་པོའི་འཐུང་འཕྲོར་ལུས་པའི་འབྲས་ཐུག་ཀྱང་འཛེམས་དོགས་མེད་པར་བཏུང་།

  ཨ་མའི་གཅེས་སྐྱོང་གི་འོག་ཏུ་གཅེན་པོའི་ནད་གཞི་ཡང་དྲག་སྐྱེས་བྱུང་སྟེ་ད་ཆ་མནའ་མ་བསུ་བའི་དུས་ལ་བབ།

  ༥

  གཅེན་པོར་ཁྱིམ་ཆས་བཟོས་ཏེ་མནའ་མ་བསུ་བརྩིས་ཡོད་པ་ཐོག་མར་ཤེས་མཁན་ནི་གྲོང་ཚོའི་ནང་གི་བུད་མེད་དེ་དག་ཡིན་སྲིད། གྲོང་ཚོའི་ནང་གི་བུད་མེད་དེ་དག་ནི་ལབ་ལབ་གཏོང་རྒྱུར་ཤིན་ཏུ་དགའ། ཁོ་ཚོ་ཡུར་བུའི་ཁ་ནས་གྱོན་པ་བཀྲུ་དུས་སམ་ཡང་ན་ཁྱིམ་གྱི་སྒོ་ཁ་ནས་ལྷམ་མཐིལ་འཚེམ་དུས། སྲང་ལམ་ནས་འཕྲད་དུས། བྱིས་པ་འཚོལ་བར་འགྲོ་བ་སོགས་ཀྱི་དུས་སུ་མཉམ་དུ་འདུས་ཏེ་ལབ་ལབ་གཏོང་རྒྱུར་ཧ་ཅང་དགའ་སྟེ། སུ་ཞིག་གི་མནའ་མས་བཟའ་ཚང་དཀྲུགས་པ་དང་སུ་ཞིག་གི་བྱིས་པ་ཟླ་བ་འཁོར་བ། སུ་ཞིག་མནའ་མར་འགྲོ་བ་སོགས་མ་ཎི་འདྲེན་འདྲེན་བྱེད་ཀྱིན་ཡོད།

  ཁོ་ཚོའི་གཏམ་གླེང་ལ་ནམ་ཡང་རྫོགས་མཐའ་བྲལ།

  ཞོགས་པ་ཨ་མས་མ་རྨོས་ལོ་ཏོག་འབོ་གང་ཁྱེར་ཏེ་སྲང་ལམ་དུ་སྲན་ཞོ་དང་བརྗེ་བར་སོང་། དགུན་ཁར་གྲོང་ཚོའི་ནང་དུ་སྲན་ཞོ་བརྗེ་རེས་བྱེད་མཁན་རྟག་ཏུ་ཡོང་གི་ཡོད། ཨ་མར་ཡང་ལམ་བར་དུ་སྲན་ཞོ་བརྗེ་བར་འགྲོ་མཁན་གྱི་བུད་མེད་གཉིས་དང་ཐུག ཁོ་གཉིས་ཀྱིས་ཨ་མར་ཁྱེད་ཚོའི་ཁྱིམ་མཚེས་ཀྱིས་བཤད་པ་ལྟར་ན་བུ་ཁྲུང་ཆིན་ལ་ཁྱིམ་ཆས་བཟོས་ཏེ་མནའ་མ་ལེན་རྩིས་འདུག་ཟེར་བ་བདེན་ནམ་ཅེས་དྲིས། ཁོ་གཉིས་ཀྱིས་བརྗོད་པའི་ཁྱིམ་མཚེས་ཨ་མ་ནི་ང་ཚོའི་ནུབ་ངོས་ཀྱི་མའོ་མའོ་ཡི་ཨ་མ་ལ་ཟེར། ཨ་མས་སེམས་ནང་གི་སྤྲོ་སྣང་ཁོག་ཏུ་སྦས་ཏེ་སྣང་དོགས་ཅ་ཡང་མེད་པའི་ངང་ཨ་ཙི། ཅོག་ཙེ་ཁ་ཤས་བཟོས་ཏེ་བྱིས་པར་མནའ་མ་བསུ་རྒྱུ་ཡིན་ཅེས་བཤད། ཨ་མ་དེ་གཉིས་ཀྱིས་གོ་ཐོས་ལྟར་ན་ཚེས་གྲངས་ཟླ་བ་བཅུ་གཉིས་ཀྱི་ཚེས་བརྒྱད་ལ་གཏན་འཁེལ་བྱས་པ་རེད་ཟེར་གྱིན་འདུག་ཟེར། ཨ་མས། རེད། རྩིས་པས་འབྱུང་འཕྲོད་ལེགས་ཤིང་སྐར་མ་ཡག་པོ་འདུག གཉེན་སྒྲིག་ཐོ་འགོད་ཀྱང་བྱས་པ་ཡིན་ཞེས་ལན་བཏབ།

  དེ་ལྟར་ཤོད་ཀྱིན་ཤོད་ཀྱིན། མིག་གི་རྡེབ་དབང་ཙམ་ལ་བུད་མེད་རེ་རེ་བཞིན་ཨ་མའི་མཐའ་ནས་འདུས། འགའ་རེས་སྲན་ཞོ་བརྗེ་རྒྱུའི་འབོ་བཏེགས་ཡོད་པ་དང་འགའ་རེས་ཉོས་མ་ཐག་པའི་ལྷམ་ཐིལ་གྱི་འདྲ་དཔེ་བཟུང་ཡོད། འགའ་རེས་ལྷམ་མཐིལ་འཚེམ་འཕྲོ་འཁྱེར་འདུག ཁོ་ཚོས་ཤིང་བཟོ་བ་སུ་ཡིན་པ་དང་ཤིང་ཆ་ཅི་ཡིན་པ། ཁྱིམ་ཆས་གང་དག་བཟོ་རྒྱུ་ཡིན་པ། ཅི་འདྲ་བཟོས་ཡོད་པ་སོགས་ཨ་མར་རེ་རེ་བཞིན་དྲིས། བུད་མེད་གཉིས་ཨ་མ་དང་འགྲོགས་ནས་ཁྱིམ་དུ་ཡོང་། ཁོ་གཉིས་ཀྱི་བུ་ཡང་གཉེན་སྟོན་བྱེད་ལ་ཉེ་བས་ཁྱིམ་ཆས་བཟོ་རྩིས་ཡོད། ནང་དུ་འབྱོར་རྗེས་འབུར་ལེན་གྱི་ཤིང་ཤོག་དག་བརྫི་བཞིན་ས་ཐོག་ན་སྤུངས་པའི་འཇམ་ཤ་དོད་པའི་པང་ལེབ་དང་བྲེགས་ཟིན་པའི་ཤིང་དུམ། གཞི་གྲུབ་པའི་སྒམ་དག་ལ་རེག་རེག་བྱེད་བཞིན་རང་གི་བུར་ཁྱིམ་ཆས་ཅི་ཞིག་བཟོ་རྒྱུ་དང་ཅོག་ཙེ་གྲུ་བཞིའི་སོག་མཐིལ་དབྱིབས་ཇི་འདྲ་བཟོ་རྒྱུ་སོགས་བཤད། ཁོ་གཉིས་ཀྱིས་ཤིང་བཟོ་བར་ཅོག་ཙེ་གྲུ་བཞི་གཅིག་བཟོས་ན་ཤིང་ཆ་ཇི་ཙམ་དགོས་པ་དང་སྒམ་ལ་ཤིང་ཆ་ཇི་ཙམ་དགོས་པ་སོགས་དྲིས། ཚའེ་ཁྲང་ཐའེ་ཡིས་ཤིང་དུམ་གྱི་ཐོག་ཏུ་ཐིག་འཐེན་ཞོར་ཁོ་གཉིས་ཀྱི་དྲི་བར་ལན་བཏབ། དགེ་ཕྲུག་གིས་ཅི་ཡང་མི་སྨྲ་བར་མགོ་བསྒུར་ནས་རང་གི་ལས་ཀར་བྲེལ།

  ཕྱི་ཉིན་ང་སློབ་གྲྭར་འགྲོ་དུས། སློབ་གྲོགས་ཤིག་གིས་ཁྱེད་ཚོའི་ཁྱིམ་གྱིས་ཁྱིམ་ཆས་བཟོས་ཏེ་གཅེན་པོར་མནའ་མ་ལེན་རྒྱུ་ཡིན་ནམ་ཟེར། ངས་ཁྱེད་ཀྱིས་ཇི་ལྟར་གོ་བ་ཡིན་ནམ་ཅེས་དྲིས་པས་ན། མདང་གོང་ཀོང་ཧུའེ་ཡི་ཨ་མ་ང་ཚོའི་ཁྱིམ་དུ་ཡོང་དུས་ངའི་ཨ་མར་བཤད་པ་གོ་བྱུང་ཟེར། ཀོང་ཧུའེ་ཡི་ཨ་མ་ནི་ཁ་སང་ངའི་ཁྱམ་དུ་ཡོང་མཁན་གྱི་ཨ་མ་དེ་གཉིས་ལས་གཅིག་རེད། སློབ་གྲོགས་དེས་ཁྱེད་ཀྱི་གཅེན་པོར་གཉེན་སྟོན་བྱེད་དུས་སྟོན་མོའི་བག་ལེབ་ཁ་ཤས་སྟེར་རོགས་ཟེར། ང་ཚོའི་གོམས་གཤིས་ལྟར་ན་མནའ་མ་བསུ་སྐབས་སྟོན་མོའི་བག་ལེབ་བཟོ་བ་ཡིན། བག་ལེབ་སྐར་ལྔ་ཅན་གྱི་ཧྥིན་གཉིས་ཀྱི་ཆེ་ཆུང་དང་མཚུངས་ཤིང་ངོས་གཅིག་ལ་ཁམ་བུ་དང་ཉ་ཡི་རི་མོ་བཀོད་དེ་དམར་རྩི་བྱུགས་ཡོད། ངས་ཀྱང་གཏོང་ཕོད་ཆེ་མདོག་གིས། སྟེར་ཆོག་ཅེས་ལན་བཏབ། སློབ་གྲོགས་དེས་ཁ་གདན་ཚིག་ལ་གནས་དགོས་ཟེར། ངས་མནའ་སྐྱེལ་ཆོག་ཅེས་བཤད་དེ་ངེད་གཉིས་ཀྱིས་ལག་གཡས་པའི་མཛུབ་མོ་དམ་པོར་བསྐོན་ནས། མནའ་སྐྱེལ། དམ་བཅས། ལོ་བརྒྱར་སོང་ཡང་འགྱུར་བ་མེད། སུ་ཡིས་འགྱུར་ན་ལྟས་ངན་ཡིན་ཞེས་གྱེར། ང་གཉིས་ཀྱིས་མནའ་སྐྱེལ་བ་སློབ་གྲོགས་ཁ་ཤས་ཀྱིས་མཐོང་སྟེ། ལྟ་རུབ་རྒྱག་བཞིན། ཅི་ཞིག་ལ་མནའ་སྐྱེལ་བ་ཡིན་ནམ་ཟེར། ང་གཉིས་ཀྱི་མནའ་སྐྱེལ་དོན་ཤེས་རྗེས། སློབ་གྲོགས་རྣམས་ཀྱིས་ང་ལ་ཡང་དགོས། ང་ལ་ཡང་དགོས་ཞེས་འུར་བརྒྱབ། ངས་ཚང་མར་སྟེར་ཆོག་ཅེས་ཁས་བླངས་པ་ན་ང་རང་སློབ་གྲོགས་རྣམས་ཀྱིས་དམ་དུ་བསྐོར་བྱུང་།

  ༦

  ཚའེ་ཁྲང་ཐའེ་དང་དགེ་ཕྲུག་གཉིས་ལས་ཚའེ་ཁྲང་ཐའེ་ཡིས་ཤིང་ཆ་འདེམས་པ་དང་ཤིང་ཆ་གང་ཞིག་ཁྱིམ་ཆས་ཀྱི་གནས་གང་དུ་བཀོལ་དགོས་པ། ཨི་ཁུང་འབིག་ས་དང་འབྲེལ་མཐུད་བྱེད་སར་ཐིག་ཤིང་གིས་གཞལ་བ་འམ་ཞ་སྨྱུག་གིས་རྟགས་རྒྱག་པ། ཐིག་འཐེན་པ་སོགས་བྱས་ཤིང་དགེ་ཕྲུག་གིས་དགེ་རྒན་གྱིས་བཏབ་པའི་ཐིག་ལྟར་བྲེགས་པ་དང་ཨི་ཁུང་ཕུབ་པ་སོགས་བྱས། ཐིག་ཕོར་ནི་གླང་རྭ་ལས་བཟོས་པ་དང་སྣེ་སྦོམ་པའི་ངོས་སུ་ཐིག་སྐུད་སྐྲི་སའི་ཤིང་གི་འཁོར་ལོ་ཆུང་ཆུང་ཞིག་བསྒར་ཡོད། ཤིང་གི་འཁོར་ལོ་བསྐོར་བ་ན་ཐིག་སྐུད་རྣམས་འཁོན་ཐོགས་མེད་པར་ཤིང་གི་འཁོར་ལོའི་ངོས་སུ་དཀྲི་ཐུབ། སྣེ་ཕྲ་སའི་རྭ་ཅོའི་ཐོངས་སུ་ཁུང་བུ་ཞིག་ཕུབ་ཡོད། ཁུང་བུའི་ནང་དུ་སྣག་ཚ་བྱུགས་པའི་སྲིན་བལ་བཅུག་ཡོད། ཤིང་གི་འཁོར་ལོའི་ཐོག་གི་ཐིག་སྐུད་ཁུང་བུ་འདིའི་ནང་གི་སྲིན་བལ་བརྒྱུད་རྭ་ཅོའི་སྣེ་རུ་བསྲིངས་ཡོད། ཕྱི་རུ་བསྣར་བའི་ཐིག་སྐུད་ཀྱི་སྣེ་མོ་ནང་དུ་མི་ཤོར་བའི་ཆེད་དུ་ལྕགས་ལེབ་ཟུར་སུམ་མ་ཞིག་ཐིག་སྐུད་ཀྱི་སྣེ་མོར་བཏགས་འདུག ཚའེ་ཁྲང་ཐའེ་ཡིས་ཤིང་ཆའི་ཕྲ་སྦོམ་འཇལ་བ་དང་དང་ཐིག་སྐུད་ཀྱི་སྣེ་མོའི་ལྕགས་ལེབ་ཟུར་གསུམ་མ་ཐིག་འདེབས་སའི་ངོས་སུ་སྦྱར་རྗེས་ཐིག་སྐུད་ཤིང་གི་ངོས་སུ་བཀྲམ་རྗེས་ཐིག་སྐུད་ཀྱི་དཀྱིལ་ནས་བཀྱག་སྟེ་ཕངས་པ་ན་ཐག་སྒྲ་དང་བཅས་ཐིག་གསལ་ལེར་བཏབ།

  དགེ་ཕྲུག་གི་སྐྲ་ལོའི་ངོས་སུ་ཤིང་ཕྱེ་ཕྲན་བུ་འགོས་འདུག མཆུ་ཡི་རྩེ་ན་ཐ་མག་རྐང་གཅིག་བཟུང་འདུག སྐྱ་མདོག་གི་ཐ་མག་གི་ཐལ་བ་རིང་པོར་གྱུར་ནས་སྔོ་ལྷོག་ལྷོག་གི་དུ་བ་གྱེན་དུ་འཕྱུར་གྱིན་འདུག དགེ་ཕྲུག་གི་མགོ་བོ་ཅུང་འཁྱོགས་པ་དང་མིག་སེར་ག་ཙམ་གདངས་ཏེ་དགེ་རྒན་གྱིས་ཐིག་བཏབ་པའི་ཤིང་དུམ་ཐོག་འབུར་ལེན་བརྒྱབ་པ་དང་དེ་ནས་ལག་གཡོན་མས་གཟོང་དང་གཡས་པར་སྟེའུ་བཟུང་སྟེ་ཐག་ཐག་ཅེས་བུ་ག་བརྟོལ། ཡང་བུ་ག་བརྟོལ་ཟིན་པའི་ཤིང་དུམ་རྐུབ་སྟེགས་སུག་རིང་ཐོག་བཞག་སྟེ་རྐང་པས་མནན་ཏེ་འབུར་ལེན་བརྒྱབ། འབུར་ལེན་གྱི་ཧར་སྒྲའི་ཁྲོད་དུ་ཤིང་ཤོག་སྦུབས་རིལ་འབུར་ལེན་གྱི་སྒལ་པ་ནས་ཤག་ཤག་ངང་ཐོན་ནས་ས་རུ་ལྷུང་སྟེ། ག་ས་ག་རུ་འཐོར། བབ་ཤུལ་མང་ཆེ་བར་ཕུང་གསོག་ཐེབས་འདུག ཤིང་ཆའི་བསུང་ངད་ཅིག་ཀྱང་ངང་གིས་ཁྱབ་ཅིང་འཇམ་མཉེན་ལྡན་པའི་ཤིང་དུམ་གྲུ་བཞིའི་ངོས་ནས་འོད་ཀྱང་འཕྲོ་བར་གྱུར།

  མཚམས་རེ་ཚའེ་ཁྲང་ཐའེ་ཡིས་ཤེལ་ཕོར་ལས་གོ་ཀྲོག་གོ་ཀྲོག་ཅེས་ཇ་མིད་ཞོར་ལས་ཀ་བྱེད་བཞིན་པའི་དགེ་ཕྲུག་ལ་དམར་ཁྲིད་བྱས། མཚམས་རེ་གྲང་མོར་གྱུར་པའི་ཇ་ཡང་དགེ་ཕྲུག་ལ་དྲངས། དགེ་ཕྲུག་གིས་མྱུར་མོར་ལག་ནང་གི་འབུར་ལེན་བསྐྱུར་ཏེ་འཛེམས་ཟོལ་ཆེན་པོས་དགེ་རྒན་གིས་དྲངས་པའི་ཇ་ཕོར་བླངས་ཏེ་ཇ་ཁམ་གང་དོ་ཙམ་བཏུང་རྗེས། མུ་མཐུད་ལས་མགོ་བརྩམས། ས་རུབ་སྟེ་མིག་གིས་མི་རིག་པར་གྱུར་རྗེས་མ་གཏོགས་ལས་མཚམས་མི་འཇོག

  ཉིན་གཉིས་པར་ནམ་ལངས་མ་ཐག་ནས་ལས་མགོ་བརྩམས་བྱུང་།

  དེ་ལྟར་ཉིན་བཅུ་མ་ཟིན་གོང་ནས་ཁྱིམ་ཆས་ཆ་ཚང་བཟོས་ཚར་སོང་།

  ཨ་མའི་རེ་བ་ལྟར། ཚའེ་ཁྲང་ཐའེ་ཡིས་ཁྱིམ་ཆས་རྣམས་ལ་གཟབ་ནན་ངང་མདོག་རྒྱ་སྨུག་གི་ཚོན་བྱུགས་པས། སྨུག་ཁྲིག་ཁྲིག་གིས་གཟི་བྱིན་རབ་ཏུ་འཕྲོ་བར་གྱུར།

  ༧

  ཁྱིམ་ཆས་བཟོས་ཟིན་པའི་ཉིན་གསུམ་པར་ངའི་གཅེན་པོ་ཡང་ཆུ་མཛོད་ཀྱི་ལས་ཀ་ཚར་ཏེ་ཁྱིམ་དུ་ལོག་བྱུང་།

  ཐབ་འགྲམ་གྱི་དམར་ལྷེམ་ལྷེམ་ཏུ་འགུལ་བཞིན་པའི་སྣུམ་སྒྲོན་འོག་ཏུ་ཨ་མས་གཅེན་པོར། ཁྲུང་ཆིན་ཁྱོད་ཀྱིས་སང་ཉིན་ལན་ཅོན་བོས་ཏེ་ཁྱིམ་ཆས་ལ་བལྟ་རུ་བཅུག་སྟེ་བློ་མགུ་མིན་ལྟོས། ལན་ཅོན་ནི་ངའི་གཅེན་པོར་བསུ་རྒྱུའི་མནའ་མ་ཡིན། རུས་མིང་ལ་ཧྥེང་ལོན་ཅན་ཟེར་ཞིང་ཧྥེང་ཚང་གི་བུ་མོ་ཡིན། གཅེན་པོས་འབྲས་ཐུག་ཧུ་ལུ་ལུ་རུ་འཐུང་བཞིན། འོང་ཞེས་ཁས་ལེན་བྱས། ཨ་མས་དེ་མིན་ཁོ་མོར་གྲོས་དྲིས་ཏེ་གཉེན་སྟོན་བྱེད་དུས་ཅི་ཞིག་ཉོ་དགོས་མིན་ཕྲིས། ང་ཚོ་རྫོང་ཐོག་ཏུ་ཉོ་བར་འགྲོ་ཅེས་བཤད། གཅེན་པོས་སྔར་བཞིན་འོང་ཞེས་ལན་བཏབ།

  ཨ་མས་བུ་ལ་མནའ་མ་བསུ་བ་ནི་མི་ཚེའི་དོན་ཆེན་ཞིག་རེད། ང་ཚོས་གང་དྲག་ཅི་དྲག་གིས། སྟོན་མོ་གྲ་གང་རྒྱས་དང་རྒྱ་ཅི་ཆེ་བྱས་ཏེ། མནའ་མའི་ཁྱིམ་ཚང་མགུ་བ་དང་ཡུལ་ཉེ་དུ་དགའ་འོས་པ་ཞིག་ཡོང་བ་བྱ་དགོས་ཞེས་བཤད།

  གཅེན་པོས་འོང་ཟེར་བཞིན། མེ་ཏོག་གིས་བརྒྱན་པའི་དཀར་ཡོལ་གྱི་མུ་ཁ་ནས་སེམས་འགུལ་ཐེབས་པའི་མིག་ཟུང་ཨ་མར་ལྟ་བཞིན། མིག་ཟུང་ཟུམ་ཙམ་ཟུམ་ཙམ་རེ་བྱས།

  ངའི་ཨ་མ་ནི་གཅེན་པོའི་ཨ་མ་དྲུང་དྲུང་མ་ཡིན་པར་གཅེན་པོ་སྐྱེས་ནས་ཉིན་གསུམ་བཞི་ཙམ་ལ་གཞན་གྱིས་ས་སྟོང་དུ་བསྐྱུར་པ་ལས་སྒྲུག་པ་ཞིག་རེད། དེའི་སྐབས་སུ་གཅེན་པོ་གྲང་ངར་གྱིས་བཅོམ་སྟེ་དབུགས་རྟ་རྔ་ཙམ་ཡང་ཆད་ལ་ཉེ། ཨ་མས་གཅེན་པོ་ཨམ་ཕྲག་ཏུ་བཅུག་སྟེ་དྲོད་ཀྱིས་བསྐྱངས་པ་མ་ཟད་ཁྱིམ་དུ་བསུས་པ་ཞིག་རེད།

  མཆན།

  1 སྐྱེས་མིང་དུ་ཡུས་ཧོ་རུ་འབོད་ཅིང་ཧྲན་ཏུང་ཞིང་ཆེན་གྱི་མི་ཡིན། རྡོ་སྣུམ་རྫས་འགྱུར་གྱི་ཁེ་ལས་ཤིག་ཏུ་བྱ་བ་གཉེར་བཞིན་ཡོད། བརྩམས་སྒྲུང་འགའ་ཤས《ཧྲན་ཏུང་རྩོམ་རིག》དང《ཨན་ཧུའེ་རྩོམ་རིག》སོགས་ཀྱི་དུས་དེབ་སྟེང་དུ་སྤེལ་ཡོད། དེ་མིན་བརྩམས་སྒྲུང་རིང་གྲས་དང་ཐུང་གྲས་ཕྱོགས་བསྒྲིགས་དཔེ་སྐྲུན་བྱས་ཡོད།

     2 ལའོ་ནི་སྒྲ་སོར་འཇོག་སྟེ་ལོ་ཆེ་བའི་དོན་ལ་གོ་ཡང་། འདིར་མཛའ་བརྩེ་ཟབ་པའི་བར་གྱི་འབོད་སྲོལ་ཞིག་ལ་གོ་དགོས། སྒྱུར་པ་པོས།

     3 རྒྱའི་ས་ཁུལ་འགའ་རེའི་ཉལ་སྲོལ་ཤིག་སྟེ་ཉལ་ཆས་གཅིག་གི་ནང་དུ་མི་གཉིས་མགོ་མཇུག་སོ་སོ་ནས་ཉལ་བའི་སྲོལ་ཞིག་ཡིན། སྒྱུར་པ་པོས།

                                                                                               གྲ་གཉེན་ཚེ་རྒྱལ་གྱིས་བསྒྱུར།

  རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅེན་པོར་ཁྱིམ་ཆས་བཟོ་བ།

2019-11-17 ཡུས་ཧོ།1 ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།