ཟུར་མང་དྲུང་པ་ཆོས་ཀྱི་རྒྱ་མཚོའི་རང་རྣམ་ཚན་བཤུས།

ཆོས་རྒྱམ་དྲུང་པ་རིན་པོ་ཆེ།(1939-1987) 琼迈文学网 2025-04-28

  ནུབ་ཕྱོགས་སུ་ནང་ཆོས་ཀྱི་ས་བོན་བཏབ་པ།

  ད་ལྟ་ཁོ་བོ་བོད་ཡུལ་ལུང་པ་དང་ཁ་བྲལ་ནས་ལོ་ངོ་བཅུ་བདུན་ཙམ་འགོར་ཟིན་ལ། 《བོད་ནས་སྐྱེས》ཞེས་པའི་དཔེ་དེབ་འདི་ཨ་རིའི་བེས་སི་ཁང་སེན་སྡེ་ཁུལ་གྱི་ལན་ཁྲོར་མཚོ་ཁ་ནས་བྲིས་པ་ཡིན།

  ཕྱི་ལོ་༡༩༧༦ལོར། བདག་གིས་ས་འདི་ནས་ནང་ཆོས་ཀྱི་འཆད་ཁྲིད་བྱས་ཤིང་། སྐབས་དེར་མཐོ་རིམ་འཛིན་གྲྭ་ན་སློབ་མ་༡༣༠ཙམ་ཞུགས་ཡོད་ལ།ངས་ཁོང་ཚོར་སྒོམ་རྒྱག་སྟངས་ཀྱི་ཐབས་ཤེས་དང་གཏིང་ཟབ་པའི་ནང་བའི་རིག་གཞུང་གི་སྐོར་བསླབས་པ་ཡིན། ད་ལྟ་ཕྱི་འདང་ཞིག་རྒྱག་ན། སེམས་ཀྱི་གཏིང་རིམ་ཞིག་ནས་སྔར་གྱི་དགེ་བའི་བཤེས་གཉེན་དེ་དག་དང་བོད་ཡུལ་ལུང་པ་ལ་གུས་ཞེན་དཔག་མེད་ཅིག་སྐྱེ་ཡོང་ཀི་འདུག ཡིན་ནའང་ད་ལྟ་ཁོ་བོར་སེམས་སྟོབས་སྨིན་ཡོད་པའི་ཚོར་བ་ཞིག་འདུག་སྟེ། བྱ་དངོས་གང་ལ་ཡང་དེ་ཙམ་འཛིན་ཞེན་མི་ཆེ་བ་ཞིག་ཏུ་ཆགས་ཡོད་དོ།།

  ཕྱི་ལོ༡༩༥༩ནས་༡༩༦༣གྱི་བར་ང་རང་རྒྱ་གར་དུ་གནས་སྡོད་བྱས། དེའི་ཡུན་ལ་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ལ་མཚར་སྣང་ཆེན་པོ་སྐྱེས་ཤིང་ཤིན་ཏུ་བག་དྲོ་བའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྱལ་བ་ཡིན། དུས་རབས་བར་མའི་རྣམ་པ་ཅན་གྱི་བོད་ཡུལ་གྱི་འཚོ་བ་དང་བསྡུར་ན། རྒྱ་གར་ནི་ཧ་ཅང་དེང་རབས་ཅན་གྱི་འཇིག་རྟེན་ཞིག་རེད། གནས་དེ་ནས་ཐོག་དང་པོར་ནུབ་ཕྱོགས་ཀྱི་མི་དང་ཐུག་འཕྲད་བྱུང་ཞིང་། ནུབ་ཕྱོགས་སུ་ནང་ཆོས་སྤེལ་དགོས་ན། ངེས་པར་དུ་དེ་གའི་སྐད་དང་ཡི་གེ་ལ་བྱང་ཆ་ཐོན་དགོས་པའི་ངེས་ཤེས་རྙེད། དེ་དུས་ཁོ་བོས་སྤྱན་རས་གཟིགས་དབང་ཚང་གི་བཀའི་དགོངས་བཞེད་བཞིན། ས་གནས་དེའི་གྲྭ་གཞོན་གཞིས་སྒར་སློབ་གླིང་ཞིག་ཏུ་ནང་བའི་བློ་སྦྱོང་གི་མཛུབ་སྟོན་དགེ་རྒན་གྱི་ལས་ཀ་གཉེར་བ་ཡིན། བོད་ནས་བྱོལ་བའི་མི་རྣམས་ལུས་སེམས་གཉིས་ཆར་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་མོད། གལ་ཏེ་བླ་མ་ཁོང་དང་ཁོང་འདྲ་བ་དག་འདིར་བདེ་ལེགས་ངང་བཞུགས་མེད་ན། གནས་ཚུལ་དེ་བས་ཀྱང་སྡུག་ཆགས་ཡིན་ཁོ་ཐག་རེད།

  བདག་རྒྱ་གར་དུ་གནས་སྡོད་བྱས་པའི་སྐབས་སུ། དེའི་སྐབས་ཀྱི་སྲིད་འཛིན་རཱ་དྷ་ཧའ་ཁི་རིའི་སི་ནན་(Radhakrishnan)དང་སྤྱི་ཁྱབ་བློན་ཆེན་ནིའི་ཧུ་རོས་(Nehru)གཉིས་ལ་མཇལ་འཕྲད་ཞུ་བའི་གོ་སྐབས་བྱུང་། ཁོང་གཉིས་ནི་ཆོས་ལུགས་པ་དང་ཆབ་སྲིད་པ་མ་ཡིན་པར། མཚན་ཉིད་རིག་པ་བ་དང་མི་དམངས་ཀྱི་སྣེ་ཁྲིད་པའི་ཐོབ་ཐང་ཉིས་ལྡན་ཞིག་ཡིན་པས། རྣམ་པ་གཉིས་ཀྱིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། གཞན་ཡང་ཕུལ་དུ་བྱུང་བའི་ནུབ་ཕྱོགས་ཀྱི་མི་སྣ་འགའ་ཡང་ངོ་ཤེས་པ་བྱུང་སྟེ། དཔེར་ན་ཧྥུ་རུའུ་དྷ་པུས་དྷུས་(Freda Bedi)ལྟ་བུ། མོ་རང་གི་མཚན་ལ་ད་ལྟར་ཀརྨ་དཀོན་མཆོག་འཕགས་མོ་ཞུ་ཀི་ཡོད་ཅིང་། རྒྱ་གར་གྱི་སྤྱི་ཚོགས་འཚོ་ཕན་ཚོགས་པ་ཞིག་ཏུ་བྱ་བ་གཉེར་ནས་ཆེད་དུ་བོད་པ་རྣམས་ལ་ལྟ་སྐྱོང་གནང་གིན་ཡོད་པ་རེད། མོ་ནི་བདག་གི་མ་ཡུམ་བཞིན་ང་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། ཡང་ཀ་ལིམ་པོང་ནས་ལྗོན་དྷའེ་བུར་(John Driver)དང་ངོ་ཤེས། ནུབ་ཕྱོགས་པ་འདི་ནི་དིལ་མགོན་མཁྱེན་བརྩེ་ཚང་གི་དད་ལྡན་སློབ་མ་ཞིག་ཡིན་ཞིང་། བློ་རིག་ཤིན་ཏུ་གྲུང་པོ་ཡོད་ལ་བྱ་དངོས་རྣམས་ལ་གཏིང་ཟབ་པའི་གོ་རྟོགས་ཡོད་མཁན་ཞིག་རེད། ཁོང་གིས་ང་ལ་དབྱིན་ཡིག་བསླབས་ཅིང་རྟིང་སོར་ཡོ་རོབ་ཏུ་ནང་ཆོས་འཆད་ཁྲིད་འགྲོ་དགོས་ཚུལ་གྱི་བསྐུལ་མ་གནང་། སྐབས་དེར་བདག་གིས་ཀྱང་གལ་ཏེ་ནུབ་ཕྱོགས་ལ་རྒྱུས་ལོན་ཟབ་མོ་ཞིག་ཡོད་དགོས་ན། ད་དུང་ཡང་མུ་ནས་མུར་འབད་པ་དང་སློབ་སྦྱོང་མང་བོ་བྱེད་དགོས་པའི་ངེས་ཤེས་རྙེད།

  ༡༩༦༣ལོར། ཁོང་རྣམ་པ་གཉིས་དང་དབྱིན་ཇིའི་བོད་ཚོགས་བཅས་ཀྱི་རོགས་རམ་ལ་བརྟེན་ནས།བདག་ལ་ཨོ་ཁི་སོ་ཧྥོར་དྷི་(University of Oxford)སློབ་གྲྭ་ཆེན་མོར་སློབ་སྦྱོང་དུ་འགྲོ་བའི་རོགས་དངུལ་ཞིག་ཐོབ་ཅིང་། ཨ་དཀོན་ངེད་གཉིས་མཉམ་དུ་རྒྱ་གར་ནས་མཚོ་གྲུར་བསྡད་དེ་དབྱིན་ཇིར་ཕྱིན་པ་ཡིན་ལ། མཚོ་གྲུར་སྡོད་མཁན་ནུབ་ཕྱོགས་ཀྱི་མི་ཤ་སྟག་ཡིན་པས། ངེད་གཉིས་ལ་མཚར་སྣང་ཆེན་པོ་སྐྱེས་ཤིང་སྤྲོ་སེམས་ངང་གིས་འཁོར་བ་ཞིག་བྱུང་། དབྱིན་ཇི་ཡིས་བདག་ལ་བཞག་པའི་བག་ཆགས་དང་པོ་ནི་གྲ་དག་སྤུས་གཙང་དང་ལུགས་མཐུན་ཁྲིམས་སྲུང་གཉིས་རེད་ལ། སྤྱིའི་ཆ་ནས་བཤད་ན། དབྱིན་ཇི་ནི་ང་རང་སྔར་འགྲོ་མྱོང་བའི་ས་ཆ་གཅིག་དང་མི་འདྲ་བ་ཞིག་ཏུ་ཆགས་འདུག་པས་ཡ་མཚན་ཆེས་ཆེར་སྐྱེས་ཤིང་། སློབ་གྲྭར་འབྱོར་སྐབས་ཡིད་འགུལ་ཡང་ཆེན་པོ་ཐེབས་པ་ཡིན། རྒྱུ་མཚན་ནི་ཁོ་བོ་ཅག་རྒྱ་གར་དང་བོད་ཡུལ་དུ་སྡོད་སྐབས་སུ། ནུབ་ཕྱོགས་ནི་ངམ་ནག([1] ངམ་ནག (Indifferent) 冷漠 མི་གཞན་དང་བྱ་བ་སོགས་ལ་སེམས་ཁུར་མི་བྱེད་པའི་དོན། ༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།༽ )པའི་དེང་རབས་ཅན་གྱི་སྤྱི་ཚོགས་ཤིག་རེད་འདུག་བསམ་མོད། དོན་དུ་ནི་དེ་ན་ཡང་བཀུར་བར་འོས་པའི་རིག་གནས་ཀྱི་རྒྱབ་ལྗོངས་ཤིག་ཡོད་པས། སློབ་ཆེན་དེར་སློབ་སྦྱོང་བྱས་ཏེ་སློབ་མའི་ཉལ་ཤག་ཏུ་འདུག་སྐབས། རིམ་པས་དབྱིན་ཇིའི་རིག་གནས་ལ་དགའ་གུས་སྐྱེ་བའི་འགོ་ཚུགས་པ་ཡིན། མཁའ་དབུགས་ལ་འབགས་བསླད་ཅུང་ཙམ་ཡོད་པ་མ་གཏོགས། དབྱིན་ཇིར་སྡོད་སྐབས་ཀྱི་འཚོ་བ་ཤིན་ཏུ་སྐྱིད་པོ་བྱུང་ཞིང་། ཤེས་བྱ་ཡང་མང་ཙམ་པ་ཞིག་བསླབས་ཐུབ་སོང་། ངས་ཆོས་ལུགས་རིག་པ་དང་མཚན་ཉིད་རིག་པ་ཐེ་བའི་བསླབ་ཚན་མང་བོ་བསླབ་གཞི་རུ་བདམས་ཤིང་། ཕོའོ་ལཱ་ཐོལ(Πλατών Plato柏拉图)དང་དེ་ལས་གཞན་པའི་ནུབ་ཕྱོགས་མཚན་ཉིད་རིག་པ་སྨྲ་བ་དག་གི་བསམ་བློའི་སྐོར་ཀློག་ཙ་ན། མཚར་སྣང་དང་སྤྲོ་བ་ཆེས་ཆེར་བརྟས་པ་ཡིན་མོད། སྐབས་དང་སྐབས་སུ་སྐད་ཡིག་གི་ཆུ་ཚད་སློབ་གྲོགས་གཞན་གྱི་རྗེས་མི་ཆོད་པའི་དཀའ་ངལ་རེ་ཡང་འདུག དམིགས་བསལ་སྒྱུ་རྩལ་བསླབ་ཚན་གྱིས་ང་ལ་སྐུལ་ལྕག་ཆེ་ཙམ་པ་ཞིག་ཐེབས་སུ་བཅུག་སྟེ། སྒྱུ་རྩལ་པས་རང་གི་རང་མོས་ལྟར་ཅི་དགར་བརྩམས་ཆོས་རྩོམ་པ་དེ་དེང་སང་གི་ནུབ་ཕྱོགས་སྒྱུ་རྩལ་གྱིས་བཀག་འགོག་མེད་ཅིང་ཡི་རང་ཡོད་པས། རང་གི་སེམས་སུ་ཡོད་པའི་ཁེ་མཚར་གྱི་བསམ་བློ་དག་རང་དབང་སྒོས་ཕྱི་རུ་བཏོན་ཆོག་པ་རེད། འདི་ནི་ཡ་གླིང་གི་སྲོལ་རྒྱུན་སྒྱུ་རྩལ་དང་གཞི་ནས་མི་མཚུངས་བའི་ཆ་དེ་ཡིན་འདུག སྐབས་འགར་ང་རང་ལོན་ཏོན་དུ་སོང་ནས་དེར་ཡོད་ཀྱི་བཤམས་སྟོན་ཁང་དུ་ལྟ་སྐོར་ཕྱིན། དེ་ལྟ་མོད་ཀྱང་། དབྱིན་ཇིར་སྡོད་སྐབས་སུ་ང་རང་ད་དུང་ཡིད་མ་ཚིམ་པ་ཞིག་ལ།ནུབ་ཕྱོགས་སུ་ནང་ཆོས་དར་སྤེལ་དང་སློབ་སྟོན་བྱེད་དགོས་པའི་མཐར་ཐུག་གི་དམིགས་ཡུལ་མ་འགྲུབ་པ་དེ་རེད། ཡིན་ན་ཡང་། ཕུར་ལུན་ནཱ་ཧྲི་(Prinknash) དང་སི་ཁྲན་པོའོ་ཁུ་(Stanbrook)གཉིས་ཀྱི་ཆོས་ཁང་མཐོང་རྗེས་སུ། སླར་ཡང་སྙིང་སྟོབས་དང་སྤོབས་པ་ཞིག་སྐྱེ་བྱུང་སྟེ།ཆོས་ཁང་འདི་གཉིས་ལ་བལྟས་ན། ཆོས་ལུགས་ཀྱི་སྒོམ་སྒྲུབ་དེ་ནུབ་ཕྱོགས་སུ་ཡང་ལག་བསྟར་འདེབས་ཐུབ་པ་ཞིག་ཏུ་ཆགས་འདུག་པས་སོ།།

  བདག་གི་གྲོགས་པོ་རོའོ་པུར་ཙིའི་(Esme Roberts) སྐུལ་མ་དང་རོགས་རམ་ལ་བརྟེན་ནས། 《བོད་ནས་སྐྱེས》ཀྱི་འདོན་ཐེངས་དང་པོ་༡༩༦༦ལོར་འགྲེམ་སྤེལ་བྱས། འོན་ཀྱང་། བདག་གིས་ད་དུང་ཡང་ཚང་ལ་མ་ནོར་བའི་སྒོ་ནས་ནང་བསྟན་ངོ་སྤྲོད་བྱེད་སའི་འོས་འཚམས་ཀྱི་ཁོར་ཡུག་དང་གོ་སྐབས་ཡག་པོ་ཞིག་རྙེད་ཐབས་མ་བྱུང་། དེ་ནས་ཡུན་རིང་མ་འགྱངས་བར། གནས་ཚུལ་ལ་གཞི་ནས་འགྱུར་ལྡོག་ཐོན་ཏེ། སོས་ཀི་ལན་ནང་ཆོས་སྒོམ་སྒྲུབ་ལྟེ་གནས་ཤིག་གི་གཙོ་སྒྲུབ་པ་དང་དགེ་རྒན་ཨེ་ནན་དྷ་པོའོ་དྷཱ་ཞུ་བ་རྣམ་གཉིས་ཀྱིས་ལྟེ་གནས་དེ་ཨ་དཀོན་ངེད་གཉིས་ཀྱིས་བདག་གཉེར་བྱེད་དགོས་པའི་གླེང་སློང་མཛད། སྒོམ་སྒྲུབ་ལྟེ་གནས་དེའི་འགན་འཛིན་པས་ཨ་དཀོན་ངེད་གཉིས་སྒོམ་སྒྲུབ་བསླབ་ཚན་ཞིག་གི་སྣེ་ཁྲིད་པར་གདན་འདྲེན་བྱས། དེ་ནས་ངེད་གཉིས་དྷིམ་ཧྤུ་རས་ཧྲར་སོང་བ་ཡིན། ས་དེའི་དྭངས་གཙང་གི་ཁོར་ཡུག་དང་ཚར་དུ་དངར་བའི་གསེར་རིའི་ཕྲེང་བ་བསྟར་ལ་བརྒྱུས་པ་དེས་ང་ལ་གསོན་ཤུགས་དང་ཡིད་འོང་གི་རེ་བས་ཁེངས་པར་བྱས། ངེད་གཉིས་བསྟུད་མར་ལན་གྲངས་གང་མང་ཞིག་ཏུ་སྒོམ་སྒྲུབ་ལྟེ་གནས་དེེར་ཕྱིན་ཅིང་། རྟིང་མར་དངོས་སུ་ས་དེར་གནས་སྤོར་བྱས་ཏེ་ལྟེ་གནས་དེའི་བྱ་བཞག་ཆེ་ཕྲ་ཀུན་པོའི་ལས་འགན་མཐའ་དག་གཙང་ལེན་བྱས་པ་ཡིན། ངེད་གཉིས་ཀྱིས་སྒོམ་སྒྲུབ་ལྟེ་གནས་དེའི་མིང་ལ་བསམ་ཡས་གླིང་ཞེས་སུ་གསོལ། དེར་བརྟེན་གོམ་གང་མདུན་དུ་སྤོས་པ་ཡིན་མོད། འདིར་ད་དུང་ཡང་བྱེད་སྒོ་དེ་ཙམ་མང་བོ་སྤེལ་ཐུབ་ཀྱིན་མེད་ལ། དེར་མ་ཟད་བྱེད་སྒོར་ཞུགས་མཁན་རྣམས་ཀྱིས་ནང་ཆོས་དང་སྒོམ་སྒྲུབ་ཀྱི་སྐོར་ལ་ངེས་ཤེས་ཀྱང་རྙེད་ཐུབ་ཀི་མེད།

  ༡༩༦༨ལོར། འབྲུག་རྒྱལ་ཁབ་ཀྱི་རྒྱལ་བོའི་གཞིས་སྒར་གྱིས་ང་རང་མགྲོན་འབོད་ཞུས། ངས་སྔོན་ཚེ་འབྲུག་གི་སྐུ་ན་གཞོན་པའི་རྒྱལ་སྲས་འཇིགས་མེད་དབང་ཕྱུག་ལ་ནང་ཆོས་སྐོར་བསླབ་སྟོན་བགྱིས་པ་ཡིན། ཁོང་ད་ལྟར་འབྲུག་གི་རྒྱལ་བོར་གྱུར་འདུག འབྲུག་ཡུལ་དུ་མ་ཐོན་པའི་སྔོན་དུ་ང་རང་གནས་སྐབས་སུ་ཁཱར་ཁོར་དྷའི་ (བྷང་ག་ལའི་གྲོང་ཁྱེར་ཞིག་ཡིན།)དབུས་མགྲོན་བྲང་དུ་བསྡད་པ་ཡིན། ཤིན་ཏུ་སྟབས་ལེགས་པ་ཞིག་ལ། སྐབས་དེར་བདག་གིས་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཐོའོ་མཱ་སི མཱེར་ཁྲིན་(Thomas Merton)ལགས་དང་ངོ་ཤེས་ཆགས།ཁོང་ཁཱར་ཁོར་དྷར་འཛམ་གླིང་ཆོས་ལུགས་མཉམ་འབྲེལ་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་ཡོང་བ་ཡིན་འདུག་ལ། ཁོང་གིས་ཚོགས་འདུར་ཞུགས་པའི་མི་རྣམས་ཀྱི་ཆོས་ལུགས་ཀྱི་ཡོན་ཚད་ལ་ཤིན་ཏུ་ཡིད་མ་རངས་པའི་ཚུལ་མཛད་ཀྱིན་ཡོད། མཱེར་ཁྲིན་ཆོས་དཔོན་ནི་ཤིན་ཏུ་སྒམ་དཀྱེལ་ཅན་གྱི་མི་ཞིག་རེད། ངེད་གཉིས་བསྟུད་མར་ཉི་མ་ཁ་ཤས་བློ་སེམས་མཐུན་པོའི་ངང་ནས་མཉམ་དུ་བསྡད་པ་ཡིན། ཁོང་གིས་ངེད་གཉིས་ཀྱིས་མཉམ་དུ་གནམ་བདག་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་གྱི་ཁྱད་དུ་འཕགས་པའི་གྲུབ་མཐའི་རྣམ་གཞག་དག་ཕྱོགས་གཅིག་ཏུ་གཏན་ལ་དབབ་པའི་དེབ་ཅིག་འབྲི་ཞེས་གྲོས་གཞི་བཏོན། འོན་ཀྱང་། ཡུན་རིང་མ་འགོར་བར་ཁོང་ཉིད་གློ་རྡེག་ཏུ་འཇིག་རྟེན་དང་ཁ་གྱེས། འདི་ནི་ང་མི་སྒེར་དང་རྣམ་པར་དག་པའི་ཆོས་ལུགས་ཀྱི་འཇིག་རྟེན་སྤྱིའི་གྱོང་གུན་ཆེན་པོ་ཞིག་ཡིན་པ་གོར་མ་ཆག་གོ།།

  འབྲུག་ཏུ་སྡོད་སྐབས་རྒྱལ་ཡུམ་མས་ཞབས་ཏོག་རྒྱ་ཆེར་གནང་ཞིང་། སྐབས་དེར་འབྲུག་རྒྱལ་ཁབ་ཀྱིས་དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ་དབུ་བླར་གདན་ཞུས་མཛད་ཡོད་པས། ངས་ཁོང་གི་གསེར་ཞལ་མཇལ་མ་ཐག་ལུས་སེམས་ལ་དགའ་སྤྲོས་ཡོངས་སུ་ཁེངས། དེ་ནས་ང་རང་སྤ་གྲོ་སྟག་ཚང་དུ་ཉིན་བཅུར་མཚམས་བསྡད་ཅིང་། འདིའི་ཉི་མ་བཅུ་ནི། ཁོ་བོའི་མ་འོངས་པའི་ལས་དོན་ལ་མཚོན་ན་དོན་སྙིང་ཤིན་ཏུ་ཆེ་བ་ཞིག་ཡིན། ལོ་ངོ་ཆིག་སྟོང་ལྷག་གི་སྔོན་དུ། སློབ་དཔོན་པདྨ་འབྱུང་གནས་སྐུ་ཉིད་ཀྱིས་སྟག་ཚང་ནས་བསམ་གྱིས་མི་ཁྱབ་པའི་ནུས་མཐུ་ལ་བརྟེན་ཏེ་མ་རུངས་གདུག་ཅན་གྱི་དཔུང་སྡེ་ཚར་བཅད་ཅིང། དེ་ནས་བོད་གངས་ཅན་ལྗོངས་སུ་བྱོན་པ་རེད། ང་རང་བོད་དབུས་གཙང་དུ་འགྲོ་མྱོང་མེད་པས། དེར་ཡོད་ཀྱི་སློབ་དཔོན་པདྨ་འབྱུང་གནས་དང་བཀའ་བརྒྱུད་པའི་ཤིང་རྟ་པ་ཆེན་པོ་དག་གི་སྒྲུབ་གནས་བྱིན་ཅན་ཁག་མཇལ་བའི་གོ་སྐབས་མ་རྙེད། དེའི་ཕྱིར། ད་ཐེངས་སྟག་ཚང་དུ་འབྱོར་བའི་གླགས་རྙེད་པ་འདིས་ཁོ་བོ་ལ་སེམས་འགུལ་ཆེན་པོ་ཐེབས། སྟག་ཚང་ནི་མཐོངས་ཡངས་ཤིང་མཚར་སྡུག་མངོན་པར་བཀྲ་བ་ཞིག་རེད་ལ། གནས་འདི་ནས་བདག་གིས་ད་དུང་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་རླབས་ཆེ་བའི་བྱིན་མཐུ་ཚོར་ཐུབ་ཀྱིན་གདའ།

  མཚམས་ལ་སྡོད་སྐབས། ངས་རང་གི་མི་ཚེ་ལ་ཞིབ་རྟོག་བྱས་ཤིང་། ནུབ་ཕྱོགས་སུ་ནང་ཆོས་ཇི་ལྟར་སྤེལ་བའི་ཐབས་ལ་མནོ་བསམ་བཏང་། སློབ་དཔོན་པདྨ་འབྱུང་གནས་དང་བཀའ་བརྒྱུད་པའི་ཤིང་རྟ་པ་རྣམས་ཀྱིས་ལམ་སྟོན་གནང་བར་གསོལ་བ་བཏབ། འོན་ཀྱང་། བསྟུད་མར་ཉི་མ་ཁ་ཤས་ལ་རྟགས་ཙམ་ཡང་མངོན་མ་བྱུང་། དེ་ནས་གློ་རྡེག་ཏུ། ཁོ་བོའི་སེམས་ལ་ནང་བསམ་པའི་སྟོབས་ཤུགས་དེ་ཆེ་ནས་ཆེར་བསྐྱེད་དགོས་པ་དང་། མུ་ནས་མུར་གུ་ཡངས་ཀྱི་བློ་རྒྱ་བསྐྱེད་པ་དང་། སྒོས་སུ་ཀརྨ་པ་སྐུ་ཕྲེང་གཉིས་པ་གྲུབ་ཆེན་པཀྵི་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་ཀྱི་བསམ་པའི་སྟོབས་ཤུགས་ཀྱི་རྗེས་སུ་རྩེ་གཅིག་ཏུ་འབྲང་དགོས་པའི་ངེས་ཤེས་གཏིང་ཟབ་པ་ཞིག་རྙེད་ཅིང་། དེ་དང་དུས་མཉམ་དུ། ཀརྨ་པཀྵི་དང་སློབ་དཔོན་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པ་ཡིན། སྤྱིར་ན་བོད་པ་དག་གིས་ཁོང་རྣམ་གཉིས་ཀྱི་བཞེད་སྲོལ་ལུགས་གཉིས་སུ་སོ་སོར་བཀར་བ་ཡིན་མོད། ད་སྐབས་བདག་གིས་ནི་གྲུབ་མཐའི་བཞེད་སྲོལ་དེ་གཉིས་གཅིག་གྲོགས་གཅིག་གི་ཚུལ་དུ་འགལ་མེད་གནད་གཅིག་ཏུ་བབ་ཡོད་པར་ངེས་ཤེས་གཏིང་ཚུགས་པ་ཞིག་འདྲོངས་ཡོད། ངས་ཉིན་གཉིས་ཀྱི་རིང་ལ། ལྡེབ་གྲངས་ཉེར་བཞིར་ལོངས་པའི་ནང་ཆོས་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ཤིང་། རྩོམ་ཡིག་འདི་འབྲི་དོན་ནི། གཅིག་ནས་བོད་བརྒྱུད་ཀྱི་གྲུབ་མཐའ་དེ་གཉིས་གནད་ཐོག་གཅིག་ཏུ་དབབ་པ་དང་། གཉིས་ནས་ནུབ་ཕྱོགས་པའི་ཆོས་པ་རྣམས་ཀྱི་རང་རློམ་དེ་འབུར་འཇོམས་བྱ་བའི་ཆེད་ཡིན། ངས་གློ་བུར་བའི་གོ་རྟོགས་དེ་ལས། ཡང་དག་པའི་ཆོས་ལུགས་ཀྱི་བསམ་བློ་བསྐྱེད་པ་ལ། ཐོག་མར་ངེས་པར་དུ་ཆོས་པ་ཚོའི་རང་རྒྱུད་ཀྱི་རང་རློམ་དེ་དང་དེ་ལས་གཞན་པའི་ཉེས་ཕྱོགས་ཀྱི་འོབ་དོང་དག་སྤོང་དགོས་པ་ཤེས་རྟོགས་བྱུང་། ད་གདོད་མ་འོངས་པའི་མི་ཚེའི་ཁྲོད། ཞུམ་པ་མེད་པའི་བློ་སྟོབས་བསྐྱེད་ནས་ལམ་གྱི་འགག་འཕྲང་གང་མང་སྟོར་དགོས་པའི་གོ་རྟོགས་སད་མགོ་ཚུགས་པ་ཡིན། འབྲུག་ནས་ཕྱིར་ཐོན་སྐབས་སླར་ཡང་རྒྱ་གར་བརྒྱུད་དེ། སྤྱན་གཟིགས་ཚང་དང་ཀརྨ་པ་རྣམ་གཉིས་མཇལ་བས་སེམས་ལ་སྐྱིད་པོ་བྱུང་། དུས་མཚུངས་སུ། རྗེ་མི་སི་ལྗོར་ཇི་(James George)དང་ཁོང་གི་ཁྱིམ་མི་དག་ལ་རྒྱུས་ཡོད་ཆགས། ཁོང་ནི་ཁེ་ནཱ་ཏ་སྲིད་གཞུང་གིས་རྒྱ་གར་དུ་མངགས་པའི་མཐོ་རིམ་ཕྱི་འབྲེལ་མཁན་ཞིག་རེད་ལ། མཛངས་ཤིང་འཇོན་ནུས་ཆེ་བའི་ཆབ་སྲིད་མགོ་པ་ཚད་ལྡན་ཞིག་ཀྱང་ཡིན། ནང་ཆོས་ལ་གུས་བརྩི་ཆེ་ཞིང་གཅིག་ཏུ་ནང་པའི་རིག་གཞུང་ལ་དད་གུས་ཆེ།

  ཕྱིར་བསམ་ཡས་གླིང་དུ་འབྱོར་རྗེས། སྟག་ཚང་དུ་མཚམས་འདུག་པའི་མྱོང་བ་ལ་ཞིབ་མོ་རྣམ་འཐག་སྒོས་བསམ་གཞིག་བཏང་། སྐབས་དེར། ང་རང་དབྱིན་ཇིའི་སྤྱི་དམངས་ཤིག་ཏུ་ཆགས་ཐུབ་པའི་འཕྲིན་བཟང་དེ་ཐོན་པས། ནང་སེམས་ལ་དགའ་སྤྲོ་འབུམ་ཕྲག་གིས་བརྟས་ཤིང་། དབྱིན་ཇིའི་དཔལ་ཡོན་ལ་སྤྲོ་བ་ལྷག་པར་རྒྱས། དེར་བསྟུན། ངས་ཀྱང་གོམ་གང་མདུན་སྤོས་ཀྱིས་རིན་ཐང་ལྡན་པའི་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་རིག་གནས་དང་མཉམ་འབྲེལ་ཐུབ་སོང་བ་རེད། དེ་ལྟ་མོད་ཀྱང་། ཁོ་བོ་ལ་ནེམ་ནུར་འགའ་ཡོད་པ་ནི། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་ནང་ཆོས་ཇི་ལྟར་དར་སྤེལ་བྱ་དགོས་པ་འདི་དང་། ཆོས་པ་ཞིག་གི་རང་རློམ་ཇི་ལྟར་སེལ་དགོས་པ། ད་དུང་སྔར་ལས་ཀྱང་ལྷག་པའི་ཤེས་རབ་དང་བྱམས་སྙིང་རྗེ་ཞིག་ཇི་ལྟར་བསྐྱེད་དགོས་པ་བཅས་རེད།

  བསྟུད་མར་ཟླ་བ་ཁ་ཤས་ལ་སེམས་མི་བདེ་བ་མང་དུ་བྱུང་ཞིང་། སྐབས་འགར་ལས་ཀྱི་བསྐོས་ཐང་གིས་ང་རང་སྔུན་ནས་སྔུན་དུ་དེད་ཅིང་། ཡང་སྐབས་འགའ་རེར་ཕྱིར་ཕྱིར་ཕར་ལ་འདྲུད་པར་བྱེད། དེས་ང་ལ་སྔོན་ནས་ཉེན་བརྡའི་ཚུལ་གྱི་ལྟས་གང་མང་བསྟན་མོད། དེ་དག་ཇི་བཞིན་གསལ་ཐག་ཆོད་པ་ཞིག་མ་བྱུང་བས། ཉིན་ཞིག་རླངས་འཁོར་གཏོང་གི་ཡོད་པའི་སྐབས་ཤིག་ལ། ང་རང་གློ་རྡེག་ཏུ་ཐོལ་གྱིས་བརྒྱལ་སོང་ནས་གཞན་ལ་ཀྱལ་ཀ་གཏོང་བའི་མཁོ་རྫས་ཆེད་ཚོང་ཁང་ཞིག་གི་ནང་དུ་ཤར་གྱིས་རྒྱུག་པས། ཁོ་བོ་དེ་མ་ཐག་ས་གནས་དེ་གའི་སྨན་ཁང་དུ་བསྐྱལ་དགོས་ཐུག་པ་རེད། སྨན་ཁང་ནས་སད་མ་ཐག ལུས་ལ་བཟོད་མི་བཏུབ་པའི་ན་ཟུག་ཅིག་ཡོད་ན་ཡང་། སེམས་པ་ཤིན་ཏུ་གསལ་མོ་ཞིག་འདུག་ལ། ང་ལ་མངོན་རྟགས་ཤིག་འཆར་གྲབས་བྱེད་ཅིང། མངོན་རྟགས་འདི་འཆར་མ་ཐག་ལུས་སེམས་ཀུན་ཀློད་དེ་དགའ་བདེས་ཁེངས་པའི་ཉམས་སྣང་ཤར། དེ་ནི་ཤིན་ཏུ་ཉམས་མཚར་བའི་ཚོར་བ་ཞིག་རེད། དུས་ཚོད་ཉེར་བཞིའི་རྗེས་ནས་ང་རང་གློ་བུར་གཉིད་ལས་སད། དེ་མ་ཐག་ལུས་ཀྱི་གཞོགས་གཡོན་པར་ཚོར་ཤེས་གཞི་ནས་མེད་པར་གྱུར་བ་ཧ་གོ

  མི་ཞིག་རྣམ་དག་ཟོལ་མེད་ངང་གཅིག་ཏུ་ནང་ཆོས་ཀྱི་སློབ་སྟོན་ལ་གཞོལ་བའི་ཚེ། ཅིས་ཀྱང་རང་མགོ་རང་གིས་བསྐོར་མི་འོས་པ་ཞིག་རེད། ངས་རང་ཉིད་མཐའ་གཅིག་ཏུ་རྣམ་པ་གང་རུང་ཞིག་གི་འཆིང་རྒྱར་ཚུད་མི་རུང་བ་དང་། གཟན་ཤམ་གྱི་འོག་ཏུ་གབ་སྟེ་མི་རྣམས་ལ་ཁོ་བོ་ཤིན་ཏུ་དཔག་དཀའ་སྒམ་དཀྱེལ་ཞིག་ཡིན་པའི་བཟོ་ལྟ་འཇོག་དོན་ཡང་མི་འདུག་སྟེ། དེ་ནི་ང་ལ་མཚོན་ན་བར་ཆད་ཅིག་ཏུ་གྱུར་འདུག་ཡོད་པས་སོ།། དེའི་ཕྱིར། ངས་གནས་སྐབས་སུ་བསླབ་སྡོམ་གྱི་ནར་བོར་ནས་ཁྱིམ་པར་ཞུགས་པ་ཡིན་ལ། དེ་ནས་བཟུང་། ངས་ངེས་པ་དོན་གྱིས་རང་གི་མི་ཚེ་ནང་ཆོས་ཀྱི་ཕྱོགས་སུ་གཏོང་ཐུབ་པའི་གདེང་ཚོད་རྙེད། སྐབས་དེར། ངས་ཕེའེ་པུ་སིའི་ལྕམ་ཆུང་ཞིག་དང་གཉེན་སྒྲིག་རྒྱུར་ཐག་བཅད། མོ་ནི་ནང་པ་ལ་དད་མོས་ཤིན་ཏུ་ཆེ་ཞིང་། ངའི་ལས་དོན་ལ་རྒྱུན་དུ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་ལ། མོས་སྙིང་སྟོབས་ཆེར་བསྐྱེད་ངང་རང་གི་རིག་གནས་ཀྱི་རྒྱབ་ལྗོངས་དེ་ལས་ཡོངས་སུ་བརྒལ་ནས། ཡང་དག་པའི་ནང་པ་པ་ཞིག་ཏུ་འགྱུར་བ་ལ་འབད་ཀྱིན་མཆིས། ང་ཡང་དེ་ནང་བཞིན་དཀའ་ཁག་འགའ་ཞིག་གདོང་དུ་བླང་ནས་ང་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ས་མཚམས་དེ་ལས་ཐོད་བརྒལ་བྱེད་དགོས་པ་ཡིན། ངེད་གཉིས་ཀྱིས་བློ་བརྟན་འགྱུར་མེད་ངང་གཉེན་སྒྲིག་པ་དང་མཉམ་དུ་ནང་ཆོས་ལ་ཞབས་འདེགས་བསྒྲུབ་དགོས་པའི་ངེས་ཤེས་སྐྱེས། མོའི་མིང་ལ་དྷེ་ཨན་ནཱ་ཇོས་ཏུས(Diana Judith)ཞུ་ཀི་ཡོད་ཅིང་། མོ་ནི་བུ་མོ་རང་གཤིས་བརྟན་པོ་དང་གུ་ཡངས་སླད་མེད་ཅིག་ཡིན། ངེད་གཉིས་ཨེའེ་ཏུན་པཱོའ་(Edinburgh)ནས་གཉེན་སྒྲིག་ཐོ་འགོད་བྱེད་དུ་སོང་། གཉེན་སྒྲིག་དེས་མོའི་མ་ཡུམ་དང་ཁྱིམ་མི་གཞན་དག་ལ་ཧ་ལས་སུ་བཅུག མོའི་ཕ་ཡབ་ལགས་ནི་ལོ་དུ་མའི་སྔོན་ནས་འདས་གྲོངས་སུ་ཕྱིན་ཚར་འདུག་ལ། གོ་ཐོས་སུ་ཁོང་ནི་སྒམ་དཀྱེལ་ཅན་ཞིག་ཡིན་ཞིང་། ནང་ཆོས་ལ་སྤྲོ་བ་ལྷག་པར་ཡོད་མཁན་ཞིག་ཡིན་སྐད། ཁོང་སྐུ་མ་གཤེགས་གོང་ནས། དྷེ་ཨན་ནཱ་ལ་ནང་ཆོས་ཀྱི་བསླབ་སྟོན་མང་དུ་གནང་མྱོང་། ངེད་གཉིས་གཉེན་སྒྲིག་རྗེས། དྷེ་ཨན་ནཱས་ངའི་རུས་ཀྱི་མིང་བཀོལ་བ་ཡིན་ལ། ངའི་རུས་ནི་སྨུག་པོ་ཡིན་ཞིང་། འདི་ནི་བོད་ཀྱི་རུས་ཆེན་དྲུག་གི་ཁོངས་སུ་གཏོགས། ངའི་རུས་ནི་བོད་དུ་གྲགས་ཆེ་བའི་སྨུག་པོ་གདོང་སྟེ་གླིང་གེ་སར་གྱི་རྒྱུད་ལས་མཆེད་པ་རེད།(ཉེ་ཆར། མོའི་མ་ཡུམ་ཨ་རུར་གནས་སྤར་ཡོད་ལ། སྔོན་ཆད་ངེད་གཉིས་འཕྲལ་དུ་ཐུག་འཕྲད་གཅིག་ལས་བྱུང་མྱོང་མེད། ད་ཐེངས་ངས་མོ་རང་རྒྱུས་ལོན་པའི་གོ་སྐབས་རྙེད་པས། མོ་ནི་གོ་རྟོགས་ཀྱི་ཚད་མཐོན་པོར་སོན་ཡོད་མཁན་ཞིག་ཡིན་པར་ཚོར། དེ་ཙམ་མ་ཟད། སེམས་ཤུགས་ཤིན་ཏུ་ཆེ་ཞིང་མི་ལ་རྟག་ཏུ་བྱམས་པ་བྱེད་མཁན་ཞིག་རེད་འདུག ངེད་གཉིས་མཛའ་བརྩེ་ཧ་ཅང་ཟབ་ཅིང་། མོའི་སྙིང་སྟོབས་དེས་ངའི་འཇིག་རྟེན་ལ་དོན་སྙིང་གང་མང་ཞིག་ཁ་སྣོན་བྱས་སོང་། )

  ངས་དྷེ་ཨན་ནཱ་དང་གཉེན་སྒྲིག་པ་དེས། བསམ་ཡས་གླིང་སྒོམ་སྒྲུབ་ལྟེ་གནས་ཀྱི་སློབ་མ་ཁ་ཤས་ཡིད་མ་རངས་པ་གྱུར་འདུག་སྟེ། ཁོ་ཚོས་གཉེན་སྒྲིག་འདིའི་དོན་སྙིང་གང་ཡིན་ཤེས་ཀྱིན་མེད་ལ། དེ་ལྟར་རིམ་པས་འགལ་བ་ཆེར་ཕྱིན་ཞིང་། མིང་ལ་བོས་དྷི་མན་(Christopher Woodman)ཟེར་བའི་མི་དེས་ལྷག་པར་ང་ལ་སྡང་། ཁོས་ང་དང་དྷེ་ཨན་ནཱ་གཉིས་ལ་ཞེ་འགྲས་ཆེ་བས། ལོན་ཏོན་ནང་བསྟན་མཐུན་ཚོགས་དང་དེ་ལས་གཞན་པའི་དབྱིན་ཇིའི་ནང་བསྟན་གྱི་ཆོས་ཚོགས་ཁག་ལ་ངས་བསྒྲུབས་པའི་ནང་ཆོས་ཀྱི་ལས་དོན་ཁག་ནག་ཉེས་ཁོ་ན་ལས་མ་འདས་པར་སྐྱོན་འཛུགས་བྱས། གནས་འདིའི་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་པས། ངས་ཡང་ནས་ཡང་དུ་ཀརྨ་པཀྵི་ལ་ལུང་བསྟན་རེ་ཡོད་པར་ཞུས་ལ། མོ་ཞིག་ཀྱང་བཏབ་མོད། བརྟག་འབྲས་ལ་༼ཆུ་ཆེན་བརྒལ་བ༽ཐོབ་འདུག ད་ནི་དུས་ཚོད་མང་བོ་རྩོད་གཞི་འདིར་འཕྲོ་བརླག་གཏོང་འདོད་མེད་པས། ཅིས་ཀྱང་ནང་ཆོས་དར་སྤེལ་གྱི་ཕྱོགས་ལ་འབད་བརྩོན་བྱེད་དགོས་སྙམ་པའི་དམ་བཅའ་བརྟན་པར་བྱས་ཏེ། ད་སྐབས་དབྱིན་ཇིའི་ཁོར་ཡུག་འདི་སྟབས་མི་བདེ་བ་ཞིག་ཏུ་ཆགས་ཟིན་པས་ལམ་སེང་ཨ་རིར་འགྲོ་རྒྱུར་ཐག་བཅད། ཨ་རི་ན་ངོ་ཤེས་འགའ་ཡང་ཡོད་མོད། གནས་དེ་ང་ལ་མཚོན་ན་ཧ་ཅང་རྒྱུས་མེད་ཅིག་ཡིན།

  ༡༩༦༨ལོར། 《བོད་ནས་སྐྱེས》སླར་ཡང་ཨ་རི་ནས་དཔར་སྐྲུན་བྱས། ༡༩༦༩ལོར་བདག་གིས་སྔར་བསམ་ཡས་གླིང་དུ་འཆད་ཁྲིད་བྱེད་སྐབས་ཀྱི་བརྗོད་བྱ་དག་གཅིག་ཏུ་བསྒྲིགས་ནས་《འགུལ་སྐྱོད་ཁྲོད་ཀྱི་ཉམས་ལེན》ཞེས་པའི་དེབ་ཅིག་བྲིས། དེ་ནི་དབྱིན་ཇིའི་དཔར་སྐྲུན་ཁང་ཞིག་ནས་པར་དུ་བསྐྲུན། སྐབས་དེར་ཨ་རི་ནས་ཡུལ་སྐོར་ཡོང་བའི་ལོ་ན་གཞོན་པའི་དཔེ་འཚོང་པ་ཞིག་གིས་སྟེས་དབང་གིས་དེབ་འདི་མཐོང་འཕྲལ་ཨ་རིར་ཁྱེར་ནས་པར་བསྐྲུན་མཛད། པར་གཞི་འདི་༡༩༦༩ལོའི་སྟོན་ཁ་སྟེ། ང་ཨ་རིར་འབྱོར་བའི་ཟླ་བ་འགའི་སྐབས་སུ། ཤམ་བྷ་ལ་དཔར་སྐྲུན་ཁང་གིས་འགྲེམ་སྤེལ་མཛད། དེབ་འདི་དཔར་སྐྲུན་ཁང་འདིའི་འགྲེམ་སྤེལ་གནང་བའི་དེབ་ཐོག་མ་དེ་ཆགས་འདུག དེབ་འདི་དཔར་རྗེས། ཀློག་པ་པོ་རྣམས་ཀྱིས་དགའ་བསུ་མི་དམན་པ་ཞིག་ཐོབ་པར་བརྟེན། མུ་ནས་མུར་དཔར་གཞི་མང་བོ་རིམ་པས་དཔར་སྐྲུན་བྱས། དེའི་རྐྱེན་པས་ཁཱོ་ལོའ་དྷོ་སློབ་གྲྭ་ཆེན་མོས་ང་རང་འཆད་ཁྲིད་བྱེད་པར་གདན་ཞུས་གནང་། གཞན་ཡང་བསམ་ཡས་གླིང་གི་སློབ་མ་ཁ་ཤས་ངའི་སྔོན་དུ་ཨ་རིར་འབྱོར་ནས་སྟ་གོན་བྱས་ཏེ་(Vermont)བུར་མཱན་ཁྲི་ནས་མུ་བཞི་བརྒྱ་སོ་བཞིར་ལོངས་པའི་ཞིང་ཁ་ཞིག་ཉོས། མིང་ལ་སྟག་རྔ་ཞེས་བཏགས།

  ང་རང་སློབ་གྲྭ་དེ་གས་གདན་ཞུས་གནང་བ་དང་། ལྷག་པར་དུ་ས་འདི་ནས་ངེད་ཅག་གི་གནས་སྟངས་ཀྱང་ཐབས་སྡུག་ཏུ་ཕྱིན་འདུག་པས། དྷེ་ཨན་ནཱ་ངེད་གཉིས་ཨ་རིའི་སྟག་རྔར་ཕྱིན་པའི་ལམ་ལ་ཆས། ངའི་ལུས་པོ་སྐྱོན་ཅན་དུ་སོང་ཡོད་ན་ཡང་མོ་རང་ལོ་ན་གཞོན་པས་འགྲོ་འདུག་ཀུན་ཏུ་ཕན་ཆེན་པོ་ཐོགས་ཀྱིན་འདུག་ལ། ངེད་གཉིས་ཁཱ་ན་ཏར་འཕུར་བའི་གནམ་གྲུར་སྡོད་སྐབས། ནང་ཆོས་ཀྱིས་ཨ་རི་ལ་དབང་བསྒྱུར་དགོས་ཚུལ་སོགས་ལབ་གླེང་མང་བོ་བགྱིས་ཤིང་། འགྲུལ་བཞུད་དུ་སྤྲོ་སྣང་གིས་ཡོངས་སུ་བརྟས། ངེད་གཉིས་ཀྱིས་ད་དུང་ཨ་རིའི་ལམ་ཡིག་ལོན་མེད་པས། ཐོག་མར་ཁཱ་ན་ཏར་སོང་ཤིང་། དེར་སྤྱི་གཞིས་ཆུང་ཆུང་ཞིག་ཏུ་གཟའ་འཁོར་དྲུག་ཙམ་བསྡད་པ་ཡིན། སློབ་མ་འགའ་ཨ་རིའི་སྟག་རྔ་ནས་ཁཱ་ན་ཏར་ངེད་གཉིེས་ཀྱི་སར་ཐོན་ཞིང་། ས་གནས་དེའི་ཕྱོགས་ནས་ཀྱང་གདན་ཞུ་གནང་མཁན་འགའ་ལ་དང་ལེན་བྱས་ནས་དངོས་སུ་ནང་བསྟན་འཆད་ཁྲིད་ཞུས་པ་ཡིན། ༡༩༧༠ལོའི་ཟླ་ལྔ་བར་གཞི་ནས་ཨ་རིར་བགྲོད་ཆོག་པའི་ལམ་ཡིག་ལག་སོན་བྱུང་།

  ང་ཚོ་སྟག་རྔར་འབྱོར་རྗེས། གནས་འདིའི་སློབ་མ་རྣམས་ལ་རྣམ་གཡེང་གི་ཞད་ཆེ་ཞིང་། ཧེ་པེས་(Hippie 嬉皮士)ཀྱི་ཤན་ཆེན་པོར་ཞུགས་ཡོད་པ་ཤེས་རྟོགས་བྱུང་། གནས་འདིའི་སློབ་མ་རྣམས་ཀྱིས་ཀྱང་ནང་བསྟན་ཤེས་ཀྱིན་མེད་མོད། དབྱིན་ཇི་བ་དང་མི་འདྲ་བ་ཞིག་ལ། ཁོང་ཚོ་ནི་རང་དབང་གི་བསམ་བློ་ལ་གོམས་པས་ལན་པ་རེད་འདུག འདིར་ཡོད་པའི་སློབ་མ་རྣམས་ཀྱིས་འཕྲལ་དུ་གསང་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་ལེན་པར་མོས་ན་ཡང་། ཁོ་ཚོས་ད་དུང་ནང་ཆོས་ཀྱི་རྨང་གཞི་ཙམ་ཡང་རྒྱུས་ལོན་བྱུང་མེད། སྟག་རྔའི་ལས་སྣེ་པ་དང་སྐུ་ཞབས་པུར་ཁཱོ་ཟིས(Bercholz)ང་རང་ཁཱ་ལི་ཧྥོར་ཉིས་ཡར་རྟོག་ཞིབ་བྱ་བར་བཀོད་སྒྲིག་གནང་། ས་དེ་ནས་དེ་ལས་མང་བའི་རང་དབང་གི་སྲོལ་གཤིས་མང་དུ་མཐོང་ཞིང་ཁོ་ཚོ་ཚང་མ་གོ་རིམ་མེད་པར་ནང་ཆོས་སློབ་གཉེར་བྱེད་མཁན་ཤ་སྟག་རེད། སྐུ་ཞབས་པུར་ཁཱོ་ཟི་དང་ཁོང་གི་ལས་གྲོགས་རྣམ་པས་ང་རང་ཤམ་བྷ་ལའི་པར་སྐྲུན་ཁང་དུ་ལྟ་སྐོར་ཁྲིད་ཅིང་། ཁོང་རྣམ་པས་ང་ལ་ལྷག་བསམ་རྣམ་དག་གནང་ཀི་ཡོད། སྐབས་དེར། ངས་ཨ་རི་པ་རྣམས་ནང་ཆོས་ཀྱི་ཐད་ནས་ད་དུང་རྨོངས་འཐོམ་དུ་ལུས་ཡོད་ནའང་། ཁོང་ཚོར་ནང་ཆོས་ལ་གོ་རྟོགས་རྙེད་པའི་ནུས་པ་ཁོང་ན་ཡོད་པར་ཤེས། དེའི་ཕྱིར་ནང་ཆོས་ནི་ཨ་རི་ནས་རྩ་བ་ཚུགས་ཐུབ་ངེས་ཅན་ཞིག་རེད་འདུག

  ངས་སློབ་དཔོན་གཞན་དག་གི་སློབ་མ་ཡང་མང་བོ་མཐོང་མོད། སྔར་བཞིན་བློ་ཕམ་བྱུང་བ་ལས་མི་འདུག སློབ་མ་རྣམས་ལ་ནང་ཆོས་ཀྱི་གོ་བ་ཡེ་ནས་མེད་པར་རང་གི་སློབ་དཔོན་གྱི་ཕྱིའི་བཟོ་ལྟ་ཁོ་ནར་ཡིད་འཁྲེང་ནས་འདུག་ཡོད། སློབ་དཔོན་ཡིན་ནོ་ལོ་དེ་དག་ཕལ་ཆེར་ཚུལ་མིན་དང་ཚད་ལྡན་མིན་པར་བརྟེན། སློབ་མ་རྣམས་ཀྱི་དོགས་པ་བསལ་ཐུབ་ཀྱིན་མེད། རེད་དེ། བདག་གིས་མཚན་ཉིད་མི་ལྡན་པའི་ནང་པའི་དགེ་སློབ་དེ་དག་ལས། དམིགས་བསལ་གྱིས་ཕུལ་དུ་བྱུང་ཞིང་། ལྷག་བསམ་ཟོལ་མེད་ཡིན་པའི་ཀུན་དང་མི་མཐུན་པའི་བླ་མ་ཞིག་དང་ཁོང་གི་སློབ་མ་རྣམས་མཇལ་བྱུང་སྟེ། བླ་མ་དེ་ནོ་ཉི་ཧོང་གི་བླ་མ་ཞིག་རེད་ལ། ཁོང་གི་མཚན་ནི་སློབ་དཔོན་སི་ཙི་ཁས་(すずき Suzuki Roshi 铃木俊隆) ཞུ་ཀི་ཡོད་ཅིང་། ཁོང་དང་ཁོང་གི་སློབ་མ་རྣམས་མཐོང་འཕྲལ། བདག་གིས་མཁའ་དབུགས་གསར་བ་ཞིག་རྔུབ་པ་དང་འདྲ་སྟེ། ངས་ཁོང་ཅག་དང་འབྲེལ་བ་མང་དུ་གཟུགས་པའི་རེ་བ་ཆེས་ཆེར་ཕྱིན། དེ་ནས་ཕྱིར་སྟག་རྔ་ལ་ལོག་རྗེས། ཨ་རི་ནས་ཐོག་དང་པོའི་ནང་ཆོས་འཆད་ཁྲིད་ཀྱི་དབུ་བཙུགས་ནས་ཁྱོན་ཉིན་བཅུ་བདུན་གྱི་རིང་ལ་རྗེ་སྒམ་པོ་པའི་ལམ་མཆོག་རིན་ཆེན་ཕྲེང་བ་འཆད་ཁྲིད་བྱས། དེ་ནས་རྗེ་མི་ལའི་རྣམ་ཐར་དང་ཞལ་གདམས་ཁག་གཙོ་བྱས་ནས་འཆད་ཁྲིད་བགྱིས་པ་ཡིན།

  སྐབས་དེར། དྷེ་ཨན་ནཱ་ཕྱིར་དབྱིན་ཇིར་ལོག་ནས་ངའི་ལོ་ན་བརྒྱད་ལ་སོན་པའི་བོད་ཕྲུག་འོད་གསལ་རང་གྲོལ་ཨ་རིར་འཁྲིད་ཐབས་བྱས་མོད། བུ་ཆུང་དབྱིན་ཇིར་བསྡད་སྐབས་སྐུ་ཞབས་བོས་དྷི་མན་གྱིས་བདག་སྐྱོང་བྱས་པ་ཡིན་ལ། ཁོས་བུ་ཆུང་ཚུར་གཏོང་རོགས་མི་བྱེད་པས། དོན་དག་དེས་ངེད་གཉིས་ཧང་སངས་སུ་བཅུག་ཅིང་། མཐར་ཁྲིམས་རྩོད་ཁང་གིས་ཐག་གཅོད་བཞིན་བུ་ཆུང་གནས་སྐབས་བྱིས་གཉོར་ཁང་ཞིག་ཏུ་བསྡད་དགོས་ཐུག་པ་རེད། ང་༡༩༧༠ལོར་ཉིན་བཅུའི་རིང་ལ་བུ་ཆུང་ལྟ་རུ་ཕྱིན། ༡༩༧༡ལོར་གཟོད་བུ་ཆུང་ཚུར་ཨ་རིར་ཁྲིད་ཐུབ་པ་ཡིན། དེ་ནས། ཁཱོ་ལོའ་དྷོ་སློབ་གྲྭ་ཆེན་མོས་གདན་ཞུས་བཞིན་ང་རང་དབྱིན་ཇི་ནས་དྷན་བུར་(Denver)འཕུར་བའི་གནམ་གྲུར་བསྡད་པ་ཡིན། སློབ་གྲྭའི་ལས་སྒྲུབ་པས་འབབ་ཚུགས་ནས་བསུ་མ་གནང་ཞིང་། སྣེ་ལེན་གཟབ་རྒྱས་བྱས། གསེར་རི(Gold Hill)ནས་ཤག་ཆུང་ཞིག་བཀོད་སྒྲིག་མཛད། གསེར་རི་ནི་གཏེར་ཁ་ཡོད་པའི་རི་བོ་ཆུང་ཆུང་ཞིག་ཡིན་ལ། པཱོ་སྒྲིར་(Boulder)གྲོང་ཁྱེར་གྱི་རི་བོའི་སྟེང་ན་ཡོད། དེ་ནས་གཟའ་འཁོར་འགའི་རྗེས་ནས་སྡོད་ཤག་ཆེན་མོ་ཞིག་ཏུ་སྤོས། སྡོད་ཤག་དེ་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་ཤིང་། ཁང་བ་དེར་དྷེ་ཨན་ནཱ་ངེད་གཉིས་ལྷན་དུ་འདུག་པ་ཡིན། ངེད་གཉིས་པཱོ་སྒྲིར་གྲོང་ཁྱེར་ཧ་ཅང་དགའ་སྟེ། ཆེ་ཆུང་རན་ཞིང་མཁའ་དབུགས་གཙང་ལ། ལྷུན་སྟུག་གི་རི་བོ་མང་བོའང་ཡོད། ས་དེ་ནས་ངས་འཆད་ཁྲིད་ཀྱི་མགོ་བརྩམས་ཤིང་སློབ་གྲྭ་བ་སྐོར་གཅིག་གིས་གྲུབ་པའི་ཆོས་ཚོགས་ཤིག་ཡོད་ལ། ཁོང་ཅག་གིས་སྲང་བར་དུ་འཚོག་ཁང་ཞིག་གླས་པས། ངས་དེ་ལ་གནས་སྐབས་ཀྱི་ཁང་ཤག་ཅེས་བཏགས་པ་ཡིན། སློབ་མ་རྣམས་ཀྱི་ཆོས་ལུགས་ལ་བཟུང་བའི་རྣམ་འགྱུར་དང་མྱོང་རྟོགས་ག་ལེར་གོང་འཕེལ་འགྲོ་བཞིན་འདུག་ལ། ངས་ཁོང་ཚོར་ཆེད་ལས་མིན་པའི་དགའ་ཕྱོགས་ཅན་ལས་རིམ་པས་ངེས་དོན་གྱི་ཉམས་ལེན་པར་ཆགས་ཐུབ་པའི་གདེང་ཚོད་རྙེད། སློབ་མ་རྣམས་ཀྱི་སྒོམ་སྒྲུབ་ཀྱི་སྦྱང་བ་དང་ནང་དོན་རིག་པ་ལ་སྤྲོ་བ་གོང་ནས་གོང་དུ་འཕེལ་ཞིང་། མི་ཚོགས་ཀྱང་ཇེ་མང་དུ་འགྲོ་བཞིན་འདུག་ལ། ཡོ་གའི་སློབ་གྲྭ་ཞིག་གི་སློབ་མ་སྐོར་གཅིག་གིས་ང་རང་ནང་ཆོས་འཆད་ཁྲིད་དུ་བོས། རྗེས་མར་ཁོང་ཅག་ཀྱང་ངེད་ཚོའི་ནང་དུ་དངོས་སུ་ཞུགས། ང་ཚོས་ཀྱང་ཁོང་རྣམས་ཀྱི་པཱོ་སྒྲིར་གྲོང་ཁྱེར་གྱི་མུ་ཏིག་སྲང་ལམ་དུ་ཡོད་པའི་ཡོ་གའི་སློབ་གླིང་དེ་བདག་དམ་བྱས་པ་ཡིན། སློབ་གྲྭ་དེར་ནཱ་ར་ཡང་ནཱ་འབོད་པའི་ཨ་རིའི་ན་གཞོན་ཞིག་ཡོད་ལ། ཁོ་ནི་ཨི་ཐ་ལིའི་ཁྲག་རྒྱུད་ཡོད་ཅིང་བྱད་ལེགས་ཞི་དུལ་ཞིག་ཀྱང་འདུག ཁོ་ངའི་སར་ཡོང་ནས་འཛམ་གླིང་བློ་འབྱེད་ཚོགས་ཆེན་ཞེས་པར་གདན་འདྲེན་བྱས། ཐོག་དང་པོར་ཁོང་དང་འཕྲད་པའི་སྐབས་ཀྱང་ངེད་གཉིས་ཀྱི་བར་ལ་ལས་སྨོན་ཟབ་མོས་སྦྲེལ་བ་ཚོར།

  ༡༩༧༡ལོའི་ཟླ་གསུམ་པར། དྷེ་ཨན་ནཱར་བུ་ཞིག་བཙས་ཤིང་། ངས་བུ་ཆུང་མཐོང་འཕྲལ་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས། བུ་འདི་ཁྱད་དུ་འཕགས་པ་ཞིག་ཡིན་སྣང་ཤར། སྤྱན་རས་གཟིགས་དབང་གིས་བསྟན་འཛིན་ལྷ་དབང་ཞེས་མཚན་གསོལ་ཡང་གནང་། ངས་དེའི་ཁར་སྟག་ཕྲུག་ཅེས་ཀྱང་བཏགས། རྗེས་ནས་རྒྱལ་བ་ཀརྨ་པ་ཉིད་ནས་ཁོང་གི་བླ་མ་སྟེ། ཟུར་མང་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད། སློབ་མ་རྣམས་ནི་ཡིད་སེམས་སྤྲོ་ཞིང་གསོན་ཤུགས་ཀྱིས་ཕྱུག་པར་འགྱུར་བཞིན་འདུག་ལ། ངེད་ཅག་གིས་དངོས་སུ་པཱོ་སྒྲིར་གྲོང་ཁྱེར་ནས་སྒོམ་སྒྲུབ་ལྟེ་གནས་ཤིག་བཙུགས་ཤིང་། མིང་ལ་ཀརྨ་རྫོང་ཞེས་བཏགས། སླར་ཡང་ནན་ཞིབ་ངང་འཚོལ་རྟོག་བྱས་ནས་ཁཱོ་ལོའ་དྷོའི་ནུབ་ཕྱོགས་སུ་མུ་སུམ་བརྒྱ་དྲུག་ཅུར་ལོངས་པའི་ས་ཞིག་ཉོས་ཏེ། ནང་བསྟན་ལྟེ་གནས་ཤིག་བསྐྲུན་པ་ཡིན། ཐོག་དང་པོར་འདིར་སྡོད་མཁན་ནི་ལོ་གཞོན་ལྷད་མེད་ཀྱི་ཧེ་པེས་(Hippie 嬉皮士)སྐོར་གཅིག་ཡིན་ཞིང་། ཁོང་ཚོས་རང་ཉིད་ལ་མིའུ་ཐུང་ཞེས་འབོད་ཀྱིན་ཡོད་དོ།།

  དུས་སྐབས་དེར། ང་རང་གནས་ཡུལ་མང་པོར་ཡུལ་སྐོར་སོང་། ཐེངས་གཉིས་པར་ཁཱ་ལི་ཧྥོ་ཉིས་ཡཱར་འབྱོར་སྐབས་སློབ་དཔོན་སི་ཙི་ཁས་(すずき Suzuki Roshi 铃木俊隆)དང་མཇལ་བའི་གོ་སྐབས་མང་དུ་རྙེད། རྟག་པར་ཁོང་དང་མཉམ་དུ་སྡོད་སྐབས། དོན་སྙིང་གིས་ཕྱུག་པའི་ཐུན་མིན་གྱི་མྱོང་བ་ཐོན་གྱིན་འདུག།ཁོང་ནི་ཉི་ཧོང་གི་སྲོལ་རྒྱུན་གྱི་བསམ་གཏན་པའི་སློབ་དཔོན་ཆེན་མོ་ཞིག་ཡིན་ལ། ༡༩༥༨ལོར་ཨ་རི་ལ་འབྱོར་ནས། ས་དེའི་གནས་འགར་སྒོམ་སྒྲུབ་ལྟེ་གནས་གསར་འཛུགས་མཛད། ཁོང་ནི་ཆོས་པ་རྣམ་དག་ཅིག་ཡིན་ལ། བློ་དཀྱེལ་ཆེ་ཞིང་མཁྱེན་རྒྱ་ཡངས་ཤིང། བསམ་གཏན་པའི་སློབ་དཔོན་གྱི་ཐུན་མིན་གྱི་ཤེས་རབ་ཀྱིས་ཡོངས་སུ་ཕྱུག་པའི་མི་སྣ་ཞིག་ཡིན། བདག་གིས་ཨ་རིར་ངེས་པ་དོན་གྱི་ནང་ཆོས་ཀྱི་གཞི་ཚུགས་པ་ལ་ཁོང་གིས་སེམས་གཏིང་ནས་རྒྱབ་སྐྱོར་ཆེན་པོ་མཛད། ཁོང་གི་སློབ་མ་རྣམས་ནི་གཏིང་ཟབ་པའི་སྦྱོང་བརྡར་ཐོབ་ཡོད་པས། གཅིག་ཏུ་ཉམས་ལེན་ལ་འབུང་མཁན་ཤ་སྟག་རེད། སྤྱིར་བཏང་ནས་ཁོང་ཅག་གིས་ནང་ཆོས་ལ་གོ་བ་ཡང་དག་པ་ཞིག་རྙེད་འདུག སྐུ་ལྕམ་ཡང་གུས་བརྩིར་འོས་པའི་བུད་མེད་ཅིག་ཡིན་ལ། མོ་རང་གིས་དྷེ་ཨན་ནཱ་ངེད་གཉིས་ལ་དགའ་ཚོར་ཆེན་པོར་གནང་གི་ཡོད། ༡༩༧༡ལོའི་ཟླ་བཅུ་གཉིས་པར། སློབ་དཔོན་ཁོང་སྐུ་ཞི་བར་གཤེགས་པས། ང་ལ་ཁེར་རྐྱང་གི་སེམས་ཚོར་ཞིག་ཀྱང་བསླངས་སོང། དེ་ལྟ་ན་ཡང་། ཁོང་སྐུ་གཤེགས་པའི་གནས་ཚུལ་དེས་ང་ལ་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་བསྩལ་ཞིང་། ཁོང་གིས་ཨ་རིར་ནང་ཆོས་ཀྱི་ས་བོན་གདབ་པར་འདོད་པའི་ཕུགས་འདུན་དེ་ཡང་། འདི་ལྟར་རྒྱུན་ཆད་ག་ལ་སྲིད། ཡིན་ཡང། བདག་གིས་བོད་དང་ཉི་ཧོང་གི་རིག་གནས་གཉིས་ཕན་ཚུན་བརྗེ་རེས་འདོད་པའི་ཕུགས་བསམ་དེ་རྒྱུ་རྐྱེན་དེའི་དབང་གིས་གནས་སྐབས་འགྲུབ་ཐབས་མ་བྱུང་།

  ང་རང་ནུབ་ཕྱོགས་སུ་འབྱོར་བ་ནས་བཟུང་། སྒྱུ་རྩལ་དང་མཛེས་རིག སེམས་ཁམས་རིག་པ་བཅས་ལ་འདུན་པ་ཆེས་ཆེར་རྒྱས་ཤིང་། སི་ཙི་ཁས་ལགས་ཀྱི་བསམ་བློའི་སྟོབས་ཤུགས་དང་བསམ་གཏན་སྒྱུ་རྩལ་ལ་ནང་བྱན་ཆུད་པ་དེས། ང་རང་གིས་ཀྱང་དེའི་ཕྱོགས་ལ་སློབ་སྦྱོང་དང་ཉམས་ཞིབ་དགོས་པའི་ངེས་ཤེས་འདྲོངས། དུས་སྐབས་དེར། ངས་སློབ་མ་རྣམས་ལ་སྒོམ་རྒྱག་པའི་ཐབས་ལམ་སློབ་ནས་ཁོང་ཅག་ཉི་མ་རེ་རེ་བཞིན་སྒོམ་རྒྱག་འཇུག་གི་ཡོད་ཅིང་། སྐབས་འགར་ཡང་ཅུང་ཟད་དམ་པོའི་ཚུལ་གྱིས་སྒེར་མཚམས་དང་མཉམ་རུབ་ཀྱིས་མཚམས་འདུག་གིན་ཡོད། ངས་སློབ་མ་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་སྐབས། རྟག་པར་ཉམས་ལེན་པ་རྣམས་དངོས་གཙོ་རིང་ལུགས་དང་རང་རློམ་བྱིང་རྨུགས་སུ་ཚུད་ན་ཉེན་ཁ་ཆེ་བའི་སྐོར་རྩལ་འདོན་བྱས་པ་ཡིན། ཨ་རི་ནས་སློབ་མ་རྣམས་ཇེ་མང་དུ་སོང་ཞིང་། ནང་ཆོས་ལ་དད་པ་ཇེ་ཆེར་སོང་བ་དང་བསྟུན། ཉིན་རྒྱུན་བརྩོན་སེམས་ཀྱང་གོང་འཕེལ་དུ་འགྲོ་བཞིན་འདུག རྗེས་ནས་སློབ་མའི་གྲངས་འབོར་མང་སོང་བས། ཨ་རི་དང་ཁཱ་ན་ཏར་སྒོམ་སྒྲུབ་ལྟེ་གནས་མང་བོ་བཙུགས་པ་ཡིན། རྒྱལ་ཁམས་དེ་གཉིས་སུ་སོ་སོར་ཡོད་པའི་སྒོམ་སྒྲུབ་ལྟེ་གནས་དེ་དག་ལ་༼དྷརྨ་དྷཱ་ཏུ༽ཞེས་བཏགས་ཤིང་། ཆོས་ཀྱི་དབྱིངས་ཞེས་པའི་དོན་ཡིན། སི་ཙི་ཁས་དང་བདག་གི་སློབ་མ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ངས་པཱོ་སྒྲིར་གྲོང་ཁྱེར་དུ་༼བཛྲ་དྷཱ་ཏུ༽རྡོ་རྗེའི་དབྱིངས་ཞེས་པ་ཞིག་གཟུགས་རྒྱུར་ཐག་བཅད། དེ་ནི་ཨ་རི་ན་ཡོད་པའི་སྒོམ་སྒྲུབ་ལྟེ་གནས་ཡོངས་རྫོགས་དོ་དམ་བྱེད་པའི་རྩ་འཛུགས་ཤིག་ཡིན། ནཱ་ར་ཡང་ནཱ (Narayana)རྩ་འཛུགས་དེའི་མགོ་བར་བསྐོས།

  སྲོལ་རྒྱུན་ནང་ཆོས་ཀྱི་ཐོས་བསམ་སྒོམ་གསུམ་གྱིས་བསྟན་པ་སྤེལ་བ་ལས་གཞན། བདག་ལ་ད་དུང་དམིགས་ཡུལ་ཞིག་ཡོད་པ་དེ་ནི། ནང་ཆོས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན་ལ། དེ་ཡང་རྒྱལ་མཚམས་དང་མི་རིགས། རིག་གནས་ཀྱི་ས་མཚམས་ལས་བརྒལ་བའི་ནང་ཆོས་ཀྱི་སྤྱི་ཚོགས་ཤིག་གོ།། དམིགས་ཡུལ་དེ་འགྲུབ་པར་བྱེད་པའི་དང་པོའི་སྔོན་འགྲོ་ནི་མུ་དྲ་ཟློས་གར་ཚོགས་པ(Mudra ལེགས་སྦྱར་སྐད་དེ། ཕྱག་རྒྱའི་དོན་ནོ།།)འཛུགས་རྒྱུ་དེ་ཡིན། ཚོགས་པ་འདི་དང་པོར་ང་ཚོས་པཱོ་སྒྲིར་གྲོང་ཁྱེར་དུ་སྤེལ་བའི་ཟློས་གར་ཚོགས་ཆེན་ལས་ཐོན་ཞིང་། ཚོགས་ཆེན་དེ་༡༩༧༣ལོར་སྤེལ་བ་ཡིན། དེེར་ཨ་རི་ནས་མིང་དུ་གྲགས་པའི་ཟློས་གར་ཚོགས་པ་མང་བོ་མཉམ་ཞུགས་གནང་ཡོད་དེ། དཔེར་ན། Open Theater དང་། Byrd Hoffmann ད་དུང་ Provisionalཟློས་གར་ཚོགས་པ་སོགས་སོ།། སྐབས་དེར། ཚོགས་ཆེན་དུ་ཚང་མས་ཕན་ཚུན་ལ་ཟིལ་ཤུགས་ངོམ་ཞིང་འགྲན་བསྡུར་སྣ་ཚོགས་བྱས་ལ། ངའི་ལས་སླ་མོར་གཞན་དག་ཁས་མི་ལེན་པའི་ཁྱད་གཤིས་དེས་ཚོགས་ཆེན་དུ་དྲང་ལྡོག་ཉིས་ཆར་གྱི་ཤུགས་རྐྱེན་བྱུང། གང་ལྟར། ཚོགས་ཞུགས་མི་སྣ་སུ་ཡིན་ཡང་རང་ལ་སྐུལ་སློང་དང་གསོན་ཤུགས་མི་དམན་པ་ཞིག་ཐོབ་ཡོད། ཚོགས་ཆེན་དེ་གྲོལ་མ་ཐག ངས་མུ་དྲ་ཟློས་གར་ཚོགས་པ་གསར་འཛུགས་བྱས། ཚོགས་མི་རྣམས་ལ་དངོས་སུ་ཟློས་གར་མ་འཁྲབ་པའི་སྔོན་དུ་ལུས་ངག་ཡིད་གསུམ་གྱི་སྦྱོང་བརྡར་གྱི་སྐོར་ལ་སློབ་ཁྲིད་བགྱིས་ནས་ཡན་ལག་གི་འགུལ་བསྐྱོད་བྱེད་སྟངས་ཀྱང་ཞིབ་མོར་བསླབས་པ་ཡིན་ལ། སྟངས་སྟབས་དེ་དག་ནི་བོད་ཀྱི་ཆོས་ལུགས་གར་འཆམ་དང་ཡཱ་གླིང་གི་དྲག་རྩལ་ལས་བྱུང་ཞིང་། སྦྱོང་བརྡར་དེ་དག་གི་གནད་ནི་གཙོ་བོ་སྐྱེས་བུ་སྒེར་སོ་སོ་དང་སྤྱིའི་བར་སྟོང་གཉིས་ཀྱི་འབྲེལ་བའི་ཐོག་ནས་ཡོང་ཀི་ཡོད་ལ། ལྷག་པར་དེ་གཉིས་མཉམ་གནས་དང་དབྱེ་དབྲལ་གྱི་མཚན་ཉིད་རིག་པའི་བརྗོད་དོན་ཐོག་ནས་བསླབ་སྟོན་བྱེད་ཀྱིན་ཡོད། ཚོགས་མི་རྣམས་ཀྱིས་ལོ་མང་རིང་གོ་རིམ་ལྡན་པའི་ཉམས་ལེན་བྱས་མཐར། ད་གདོད་མངོན་གསལ་གྱིས་འཁྲབ་སྟོན་གནང་བ་སྟེ། ཐོག་དང་བོའི་འཁྲབ་ཚན་ནི་ང་རང་ཉིད་ཀྱིས་བརྩམས་པའི་འཁྲབ་གཞུང་ཐུང་བ་གཉིས་ཡིན། མུ་དྲ་ཟློས་གར་ཚོགས་པ་ཚུགས་ནས་འཆར་གཞི་གཞན་ཞིག་གི་མགོ་ཡང་རྩོམ་པ་ཡིན་ཏེ། འཆར་གཞི་འདི་ནི་དང་ཐོག་སློབ་དཔོན་སི་ཙི་ཁས་དང་གླེང་མོལ་བྱེད་སྐབས་ནས་སྟ་གོན་ཡོད་པ་ཞིག་སྟེ། སྐབས་དེར་ངེད་གཉིས་ཀྱིས་ངེས་པར་དུ་སྨན་བཅོས་ཀྱི་བྱེད་ནུས་རང་བཞིན་ཅན་གྱི་སྒོམ་སྒྲུབ་ལྟེ་གནས་ཤིག་འཛུགས་དགོས་སྙམ་པ་ཡིན། དེའི་དམིགས་ཡུལ་ནི་སྒོམ་ལ་སྤྲོ་བ་ཡོད་པའི་སེམས་ཁམས་ནད་པ་རྣམས་ལ་ཞབས་འདེགས་ཞུ་བའི་ཆེད་དོ།། ཟློས་གར་ཚོགས་པ་ཚུགས་རྗེས། དམིགས་ཡུལ་དེ་འགྲུབ་ཆེད་མཻ་ཏྲཱི་ལས་ཁུངས་(Maitri ལེགས་སྦྱར་སྐད་དེ། བྱམས་པའི་དོན་ནོ།། )བཙུགས། མཻ་ཏྲཱི་ལས་ཁུངས་ཀྱིས་གཙོ་བོ་རྒྱལ་བ་རིགས་ལྔ་དང་འབྲེལ་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ལ་སློབ་པ་ཡིན། སེམས་ཁམས་ཀྱི་ནད་རིགས་སྣ་ཚོགས་ཀྱིས་གདུང་བའི་མི་རྣམས་ལ་རོགས་འདེགས་ཞུ་བཞིན་ཡོད་ལ། སེམས་ཁམས་ནད་པ་རྣམས་ལ་ནད་ངོའི་དབྱེ་ཞིབ་དང་ཁ་ཏ་སློབ་གསོ་སོགས་ཀྱིས་ཐབས་ལམ་བེད་སྤྱོད་མི་གཏོང་བར། ཁོང་ཚོས་ཁ་དོག་དང་དབྱིབས་མི་འདྲ་བའི་ཁང་བའི་ནང་དུ་འདུག་སྟངས་མི་འདྲ་བ་མང་བོའི་སྒོ་ནས་གསང་སྔགས་ཀྱི་ཉམས་ལེན་སོགས་དངོས་སུ་ལག་ལེན་བྱས་པར་བརྟེན། སོ་སོའི་ནང་སེམས་ཀྱི་སྟོབས་ཤུགས་ལ་ཉེ་བར་རེག་པ་ཡིན། དེ་ནས་ཡུན་རིང་མ་ལོངས་པར། མཻ་ཏྲཱི་ལས་ཁུངས་ཀྱིས་དངོས་སུ་ཉོས་ཡོའོ་ཁུ་གྲོང་ཁྱེར་(New York 纽约)ཕྱི་རོལ་གྱི་མུ་དགུ་བཅུ་ཅན་གྱི་ཞིང་ས་ཞིག་ཏུ་ལྟེ་གནས་འཛུགས་སྐྲུན་བྱས།

  ༡༩༧༣ལོའི་ཟླ་ལྔ་བར། ངའི་བུ་གསུམ་པ་གེ་སར་ཨཱ་ཧྥིར་(Gesar Arthur)འཇིག་རྟེན་དུ་ཐོན་ཞིང་། དྷེ་ཨན་ནཱ་ངེད་གཉིས་ཀྱིས་བོད་དང་དབྱིན་ཇིའི་རྒྱལ་བོ་ཆེན་པོ་གཉིས་ཀྱི་མཚན་གཅིག་ཏུ་བསྡུས་ནས་དེ་ལྟར་བཏགས། རྗེས་ནས་དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ་དང་ཀརྨ་པ་རྣམ་གཉིས་ཀྱིས་བུ་འདི་བདག་གི་བླ་མ། ཞེ་ཆེན་དགོན་པའི་འཇམ་མགོན་ཀོང་སྤྲུལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་།

  ད་ནི་རིམ་པས་སློབ་མ་རྣམས་གཞི་ནས་ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་ཐུབ་ཀྱིན་འདུག་པས། བདག་གིས་ཁོང་རྣམས་ལ་འཇམ་མགོན་ཀོང་སྤྲུལ་དང་བཀའ་བརྒྱུད་གོང་མའི་ཕྱག་བཞེས་ལྟར་གཏིང་ཟབ་པའི་ཉམས་ལེན་དག་བསླབ་ཁྲིད་བྱེད་ཆོག་པའི་ཚད་དུ་སླེབས་འདུག་སྙམ། ཉམས་ལེན་འདི་ལེགས་ཕྱོགས་སུ་འགྲོ་ཆེད། ཁོར་ཡུག་འོས་འཚམས་ཤིག་བདམས་ནས། ཞིབ་ཅིང་ཕྲ་བའི་སྒོ་ནས་ཁོང་ཚོར་སློབ་སྟོན་བྱས་ཤིང་། ང་རང་གིས་སློབ་མ་རྩེ་གྲས་རྣམས་བདམས་ཏེ། ལོ་གཅིག་ལ་ཐེངས་གཅིག་འཚོག་པའི་རྡོ་རྗེའི་དབྱིངས་ཀྱི་བསླབ་ཚན་ཁག་བཀོད་སྒྲིག་བྱས། བསླབ་ཚན་བསྟུད་མར་ཟླ་གསུམ་ལ་ཡོད་ཅིང། དེའི་རིང་དུ་ཧ་ཅང་དམ་པོའི་སྒོ་ནས་སྒོམ་སྒྲུབ་ཉམས་ལེན་དང་ནང་ཆོས་ཞིབ་འཇུག་བྱེད་དགོས། ཐེངས་དང་པོའི་རྡོ་རྗེའི་དབྱིངས་ཀྱི་གསབ་སྦྱོང་དེ་ཕྱི་ལོ་༡༩༧༣ལོར་བེ་འོ་མེན་(Wyoming怀俄明州)གྱི་བྲག་ཕུག་ཅིག་ཏུ་བསྡུས་ཤིང་། ཁྱོན་མི་༨༠ཞུགས་ཡོད། བསླབ་ཚན་ཁྲོད་སྒོམ་སྒྲུབ་དང་ནང་བསྟན་ཞིབ་འཇུག་གཉིས་རེས་མོས་བྱེད་ཀི་ཡོད། སློབ་མ་རྣམས་ཀྱིས་གོ་རིམ་བཞིན་ཉན་ཐོས་ཐེག་པ་ནས་བྱང་སེམས་ཐེག་པ། དེ་ནས་གསང་བ་སྔགས་ཀྱི་ཐེག་པ་ལ་སློབ་སྦྱོང་གནང་བཞིན་མཆིས། བདག་གིས་ཕྱོགས་གཅིག་ནས་ཁོང་ཚོར་ཧ་ཅང་དམ་པོའི་སྒོ་ནས་ཐུན་སྦྱོང་བྱེད་སྟངས་སློབ་ནས། ཡང་ཕྱོགས་གཅིག་ནས་ཕན་ཚུན་ལ་བྱམས་བརྩེ་དང་སྙིང་རྗེ་བསྐྱེད་པར་རེ་སྐུལ་ཞུས་པ་ཡིན། དེ་བཞིན་དུ་འཇིག་རྟེན་སྤྱི་ལའང་བྱམས་སྙིང་རྗེ་བཅང་དགོས་པས་མི་གཞན་ལ་ནུས་ཚོད་ཀྱིས་ཕན་བཏགས་དགོས། གཞན་ཕན་ནི་ཆོས་པ་ཞིག་གི་རྩ་དོན་ཡིན་ལ། ལྷག་པར་ཐེག་པ་ཆེན་པོ་ནི་དེ་ལྟ་ཁོ་ནའོ།། ངས་སློབ་མ་ཚོའི་ཁྲོད་ནས་ཡུན་རིང་སྦྱོང་བརྡར་གནང་ཟིན་པ་ཁ་ཤས་བདམས་ཏེ་སློབ་དཔོན་དུ་བསྐོས། བྱང་ཆ་ཐོབ་ཅིང་སློབ་དཔོན་གྱི་འགན་དང་ལེན་བྱས་པའི་སློབ་མ་འདི་དག་གིས་དགག་བཞག་དང་དཔྱད་བསྡུར་གྱི་སྒོ་ནས་གཞན་ལ་བསླབ་སྟོན་བྱེད་པ་མ་ཡིན་པར། རང་ལ་མྱོང་རྟོགས་གང་ཡོད་སློབ་གྲོགས་དག་ལ་བརྒྱུད་བསྒྲག་བྱེད་པ་དེ་ག་རང་ཡིན་ནོ།།

  ཕྱི་ལ་འབྲེལ་ལམ་ཡག་པོ་ཞིག་གཟུགས་ཆེད། ང་ཚོས་ནཱ་རོ་པ་སློབ་གླིང་བཙུགས་པ་ཡིན། སློབ་གླིང་འདི་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི། དགེ་སློབ་རྣམས་ལ་བྱང་ཆུབ་ལམ་དངོས་སུ་ལག་བསྟར་དང་དར་སྤེལ་བྱེད་པའི་ཁོར་ཡུག་འོས་འཚམས་ཤིག་འདོན་སྤྲོད་བྱ་བའི་ཆེད་ཡིན། སློབ་གླིང་གིས་ཚང་མས་ཐོས་བསམ་ལ་འབད་བརྩོན་ལྷོད་མེད་གནང་བ་དང་། ཤར་ནུབ་ཀྱི་རིག་གནས་ཀུན་ལ་དང་བ་ཡོད་པ། ལྷག་པར་དུ་སྒོམ་ཉམས་ལེན་ལ་བརྩོན་འགྲུས་ཆེར་བསྐྱེད་ཀྱིས་རང་གི་ནུས་པ་སྔོག་འདོན་བྱེད་པར་འབོད་སྐུལ་ཡང་ཡང་གནང་གི་ཡོད། སློབ་གླིང་གི་ཐོག་དང་བོའི་ཁྲིད་ཚན་ནི་ཕྱི་ལོ་༡༩༧༤ལོའི་དབྱར་ཁར་མགོ་བརྩམས་ཤིང་། དེར་ཞུགས་ཀྱི་སློབ་མ་སྟོང་ཚོ་གཉིས་ལས་བརྒལ་བ་ཙམ་འདུག། དེར་ཕུལ་དུ་བྱུང་བའི་སློབ་དཔོན་མང་བོ་ཡོད་ལ། དེ་དག་ལས་ཆེས་ཁྱད་ཆོས་ཅན་གྱི་སློབ་དཔོན་ཞིག་ཡོད་པ་ནི་རོམ་དྷ་སི(Ram Dass)ལགས་རེད། ངེད་གཉིས་ཀྱིས་རེས་མོས་སྒོས་སློབ་ཁྲིད་བྱས་ནས་སྤྲོ་སྣང་དང་གསོན་ཤུགས་དོད་པོ་ཞིག་ཆགས་ཐུབ་པར་འབད་པ་བྱས། ༡༩༧༥ལོར། སློབ་གླིང་གི་ཁྲིད་ཚན་གཉིས་པའང་མཇུག་ལེགས་པར་གྲུབ། དེ་ནས་སླར་ཡང་སློབ་ཐོན་དཔང་ཡིག་སྤྲད་ཆོག་པའི་ལོ་གཅིག་གི་ཁྲིད་ཚན་གསར་བ་ཞིག་གཏན་འབེབས་བྱས།

  དུས་སྐབས་དེར། ང་དང་སློབ་མའི་བར་གྱི་འབྲེལ་བ་དམ་ཟབ་ཏུ་ཕྱིན་ཞིང་། ཕན་ཚུན་བར་བདེ་བླག་ཏུ་གླེང་མོལ་ཐུབ་ཀི་ཡོད་ལ། སློབ་མ་རྣམས་ལ་བོད་ཀྱི་བླ་མ་མང་བོར་མཇལ་དུ་འཇུག་དགོས་སྙམ་པས། ཕྱི་ལོ་༡༩༧༤ལོའི་སྟོན་ཁར་རྒྱལ་དབང་ཀརྨ་པ་མཆོག་ཐོག་དང་པོར་ཨ་རི་གདན་ཞུས་གནང་ནས། ཉོས་ཡོའོ་ཁུ་དང་པཱོ་སྒྲིར་ན་ཡོད་པའི་སྒོམ་སྒྲུབ་ལྟེ་གནས་ཕལ་ཆེ་བ་ལ་གཟིགས་སྐོར་རྒྱ་ཆེར་མཛད། སྟག་རྔ་ལ་བྱོན་སྐབས། ངས་ཁོང་ལ་ལྟེ་གནས་འདི་ལ་མིང་གཞན་ཞིག་གསོལ་རོགས་ཞེས་ཞུས་པ་ལ། ཁོང་ནས་༼ཀརྨ་ཆོས་གླིང་༽ཞེས་སུ་བསྩལ། སློབ་མ་རྣམས་ཀྱི་གོ་རྟོགས་ཡོངས་སུ་རྫོགས་མེད་ན་ཡང་། ངེད་དགེ་སློབ་རྣམས་ཀྱི་གྲུབ་འབྲས་འདི་ལ་ཁོང་གིས་ཐུགས་དགྱེས་ཚུལ་ཚད་མེད་པ་མཛད། དེ་ནས་ཤིན་ཏུ་དགའ་འོས་པ་ཞིག་ལ། ཁོང་ཉིད་ནས་རྡོ་རྗེ་དབུ་རྒྱན་གྱི་ཆོས་འཚོགས་ཀྱི་སྣེ་ཁྲིད་མཛད་དེ་སྨིན་བྱེད་ཀྱི་དབང་མང་དུ་བསྩལ་ཅིང་། མི་གང་མང་ཞིག་དེར་ཞུགས་ཐུབ་པའི་སྐལ་བ་བྱུང་བ་རེད། ཀརྨ་པ་མཆོག་ཨ་རིའི་ས་ཆ་མང་པོར་ཞབས་ཀྱིས་བཅགས་ནས། ནང་ཆོས་ཀྱི་ས་བོན་ཨ་རི་ན་ཚུགས་ཡོད་པའི་དན་དཔང་བྱས། ཁོང་གིས་ངས་རྡོ་རྗེ་སློབ་དཔོན་གྱི་ལས་འགན་གྲུབ་ཡོད་པས། དངོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་རྡོ་རྗེ་སློབ་དཔོན་ཉིད་དུ་མངའ་གསོལ་མཛད།

  རྡོ་རྗེ་དབྱིངས་ཀྱི་ཁྲིད་ཚན་དང་པོ་མཇུག་རྫོགས་རྗེས། ངས་མཐོ་རིམ་འཛིན་གྲྭའི་སློབ་མ་ཁག་ཅིག་ལ་གསང་སྔགས་ཀྱི་ཐོག་མའི་ཉམས་ལེན་སྐོར་སློབ་ཁྲིད་བྱས། བདག་ཅག་གི་ནང་བསྟན་ཚོགས་པ་འདི་ལ་རྒྱལ་དབང་ཀརྨ་པའི་གཟིགས་སྐྱོང་གནང་བར་མ་ཟད། རྡོ་རྗེ་ཐེག་པའི་གཞི་རྩའི་སྦྱོང་བརྡར་ཡང་ཐོབ་པས། ཚང་མ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད། ངེད་ཅག་གི་བྱ་བ་ལ་བར་ཆད་མི་འབྱུང་ཆེད། ཀརྨ་པ་དང་མཉམ་དུ་ཡོང་བའི་སྐུ་སྲུང་པ་རྣམས་འདིར་བསྡད་རྒྱུར་ཐག་ཆོད་བྱུང་། ད་ལྟར་རྡོ་རྗེའི་དབྱིངས་ནི་ཨ་རི་ན་ཆེས་མིང་གྲགས་ཡོད་པའི་ནང་བསྟན་སློབ་གླིང་དུ་གྱུར་ཡོད་པ་ནི་གདོན་མི་ཟ་བའི་གནས་ཚུལ་ལོ།།

  ཚོགས་པ་འདི་གཞི་རྒྱ་ཆེ་དྲག་པས། ངེས་པར་དུ་སློབ་མ་སྐོར་གཅིག་གཏན་འཇགས་ཀྱིས་འདིར་ལས་ཀ་སྒྲུབ་དགོས་འདུག་མོད། ཐོག་དང་པོའི་སྐབས་སུ། སློབ་གླིང་གི་ལས་སྣེ་པ་ཚང་མ་ལས་ཞོར་པ་ཁོ་ན་ཡིན། ཁོང་ཅག་གིས་ཐོས་བསམ་སྒོམ་གསུམ་བྱས་པ་དང་བསྟུན། རིམ་པས་སློབ་གླིང་དོ་དམ་གྱི་འཇོན་ནུས་ཀྱང་ཉིན་བཞིན་གོང་འཕེལ་འགྲོ་བཞིན་ཡོད། བྱ་བ་སྒྲུབ་ཕྱོགས་ལ་ཚང་མ་ཐབས་ཤེས་རྒྱས་ཤིང་འཇོན་ནུས་ཆེ་བར་མ་ཟད། སྤྲོ་སྣང་ཡང་ཆེན་པོ་འཕེལ་གྱིན་མཆིས། ལྷག་པར་ནཱ་ར་ཡང་ནཱ་གོང་འཕེལ་ཆེན་པོ་འགྲོ་བཞིན་འདུག བདག་གི་དྲུང་ཡིག་པ་དྷེ་བུས་རོམ་(David Rome)ལགས་ཀྱིས་ལོ་བཞིའི་རིང་བདག་ལ་ཕན་ཆེན་པོ་བཏགས་ཤིང་སྐུལ་སློང་ཡང་མི་དམན་པ་གནང་སོང་། བདག་གི་བཟའ་ཟླ་དྷེ་ཨན་ནཱ་ནི་དུས་རྒྱུན་དུ་ཁོ་བོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཡིན་ལ། མོ་རང་གིས་ཀྱང་ནང་ཆོས་ལ་བྱ་བ་གང་མང་ཞིག་བསྒྲུབས་ཡོད། དེ་དང་དུས་མཉམ་དུ། བྱིས་པ་གཉོར་སྐྱོང་ཡང་དགོས་ཤིང་། བྱིས་དུས་ནས་སྤྲོ་བ་ཡོད་པའི་རྟ་རྩལ་ཡང་གསར་དུ་བསླབ་དགོས་པ་རེད། འབད་བརྩོན་ཡུན་རིང་བྱས་མཐར། མོའི་སྐྱ་རྩལ་ཕུལ་དུ་བྱུང་བ་ཞིག་ཆགས་འདུག ངེད་གཉིས་གར་རྟ་བཅིབ་པ་ལ་སྤྲོ་བ་ཆེན་པོ་ཡོད།

  བདག་གིས་གྲུབ་འབྲས་མ་ཐོན་བར་དུ་བྱ་བཞག་ཀུན་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་འབད་ཀྱིན་ཡོད་ཅིང་། དེ་གདོད་མ་འོངས་པའི་འཆར་གཞི་གཞན་དག་གཏན་ཁེལ་བྱེད་པ་ཡིན། ད་ལྟ་ནི་འགག་སྒོ་གཙོ་བོ་ཁག་བརྒལ་ནས་ཕུགས་འདུན་མང་བོ་ཞིག་མངོན་གྱུར་བྱུང་ཡོད་སྙམ་ཞིང། མ་འོངས་པར་དེ་ལས་ལྷག་པའི་བྱ་བཞག་དང་ཉེན་ཁ་གང་མང་ཞིག་གདོང་ལེན་བྱ་དགོས་པར་གོར་མ་ཆག་མོད། ད་ནི་བདག་གིས་དེ་དག་བསྒྲུབ་ཐུབ་པའི་སྟ་གོན་ལེགས་པོར་གྲུབ་འདུག་ཡོད་སྙམ་མོ།། ཁོ་བོ་དེ་རིང་ལ་གྲུབ་འབྲས་འདི་དག་སྨིན་ཡོད་པ་ནི། གཙོ་བོ་འཇམ་མགོན་ཀོང་སྤྲུལ་གྱི་ཐུགས་རྗེའི་བྱིན་རླབས་དང་མཛུབ་སྟོན་ལས་བྱུང་བ་ཡིན་ལ། ཁོང་ཉིད་རྟག་པར་ཁོ་བོ་དང་འབྲལ་མེད་དུ་གནས་ཡོད་པར་ཚོར། ཤིན་ཏུ་སྐལ་བ་དང་ལྡན་པ་ཞིག་ལ། ང་རང་ཆུང་ངུའི་དུས་ནས་བླ་མ་མང་བོའི་སློབ་གསོ་ཐོབ་ཅིང་། བོད་ཀྱི་ཤེས་རིག་གིས་སྐྱེད་སྲིང་གནང་ཡོང་བ་དེ་ཡིན། བོད་ཡུལ་ནས་བདག་གིས་སྦྲ་གུར་དབུབ་ཚུལ་ནས་བཟུང་སེམས་ངོ་བལྟ་ལུགས་ཚུན་ཆད་མང་བོ་ཞིག་བསླབས་ཡོད། སྐབས་འགར་རང་ཉིད་ལོ་ན་ཤིན་ཏུ་གཞོན་པ་ཡིན་པར་སེམས་ཤིང་། ཡང་ཕྱོགས་གཅིག་ནས་ཤིན་ཏུ་རྒན་པོ་ཆགས་འདུག་བསམ་གྱིན་ཡོད། རྒྱུད་ལ་འབྱོར་ཡོད་པའི་རིན་ཐང་གཞལ་དུ་མེད་པའི་ནང་ཆོས་ཀྱི་ཤེས་ཡོན་འདི་མུ་ནས་བརྒྱུད་སྤེལ་ཡོང་བའི་ཆེད། ང་རང་འཇིག་རྟེན་འདི་དང་ཁ་བྲལ་སོང་ན་ཡང་། ནང་ཆོས་སློབ་སྟོན་གྱི་རྒྱུན་མི་ཆད་པའི་དོན་དུ། ངས་ལོ་མང་ལ་སྦྱོང་བརྡར་དང་བརྟག་དཔྱད་བྱ་ཆོག་པའི་མི་ཞིག་བདམས་ནས་བསྟན་པ་འདིའི་བརྒྱུད་འཛིན་དུ་བསྐོ་དགོས། དེར་བརྟེན། ངས་ནཱ་ར་ཡང་ནཱ་ལགས་བརྒྱུད་འཛིན་པར་བསྐོ་འདོད་ཡོད་པས། ༡༩༧༦ལོའི་དབྱར་ཁར། ངས་དངོས་སུ་ཁོང་ཉིད་རྡོ་རྗེའི་རྒྱལ་ཚབ་ཏུ་བསྐོས་བཞག་བྱས། བདག་གིས་ལོ་དུ་མའི་སྔོན་ནས་ཁོང་ལ་འོོད་གསལ་བསྟན་འཛིན་ཞེས་པའི་མིང་བཏགས་པ་ཡིན། ཁོང་གིས་དེང་ཕྱིན་ངའི་ཁུར་བོ་འདི་ཕྲག་པར་འདེགས་དགོས་ལ། ཁོང་གིས་ཀྱང་ལས་འགན་ཤིན་ཏུ་ལྕི་བར་བསམ་ཡང་། བློ་སྟོབས་ཆེར་བསྐྱེད་གནང་གིན་མཆིས། ངས་ཁོང་ལ་དབང་བསྐུར་གྱི་ཆོ་ག་སྤེལ་ཞིང་། སྐབས་དེར་ཚོགས་ཞུགས་མི་གྲངས་དྲུག་བརྒྱ་ལྷག་འདུག མི་སོ་སོ་ལ་རྣམ་འགྱུར་མི་འདྲ་བ་རེ་ཡོད་མོད། ཕལ་བོ་ཆེས་ནི་བོད་བརྒྱུད་ཀྱི་བསྟན་པ་འདིའི་བརྒྱུད་འཛིན་པ་ཨ་རི་པ་ཞིག་ཡིན་པ་ལ་ཡིད་འགུལ་ཆེན་མོ་ཐེབས་ཀྱིན་འདུག

  འོད་གསལ་བསྟན་འཛིན་སྤྱིར་བཏང་གིས་མི་ཁེངས་སྐྱུང་ཅན་ཞིག་ཡིན་ནའང་། ང་རྒྱལ་ཅུང་ཟད་ཡོད་པ་ཞིག་ཡིན། རིག་པ་ཤིན་ཏུ་གྲུང་བོ་ཡོད་ཀྱང་། བཟོད་གཤིས་མེད་མཁན་ཞིག་རེད། ཡིན་ན་ཡང་། ཁོས་གོ་ས་འདི་ཐོབ་པ་ལ་སློབ་སྦྱོང་གསར་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག ངས་ཁོང་ལ་རྒྱུན་དུ་འདི་ལྟར་བསླབ་སྟོན་བྱེད་ཀི་ཡོད་དེ། དོན་དག་གང་ཡིན་ན་ཐོག་མར་ནན་ཞིབ་ཀྱིས་བརྟག་དཔྱད་གཏོང་དགོས་ཤིང་། ངས་ལས་སྣེ་པ་ལ་བཅང་བའི་རྣམ་འགྱུར་གང་ཡིན་ཤེས་པར་བྱས་ནས། རིམ་པས་ཁོང་ཚོས་ཀྱང་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་པར་བྱེད་དགོས་མོད། དབང་ཆ་ཆེ་ས་ནས་སྔར་བཞིན་ཁྱོད་རང་གིས་དམ་འཛིན་གནོངས། ཞེས་ཡང་ཡང་བཤད་པ་ཡིན། བསྟན་པ་འདིའི་ཁྲོད་དུ། མི་ལ་ལས་རང་གི་ནུས་ཤུགས་ཡོད་རྒུ་ནང་ཆོས་ལ་ཕུལ་གྱིན་མཆིས་ལ། ཡང་བསླབ་མཐར་ཕྱིན་པ་ལ་ལས་ནི་སྒོམ་སྒྲུབ་སློབ་དཔོན་གྱི་ལས་འགན་བཞེས་ནས་སློབ་མ་གསར་བ་ཁག་སྐྱོང་མུས་སུ་འདུག དེ་ལས་གཞན་ལས་སྣེ་པ་སྐོར་གཅིག་ནི་ཧམ་སེམས་ཆེ་དྲག་པ་དང་བསྟུན་ཤེས་དེ་ཙམ་མེད་པས་སློབ་གླིང་དང་ཁ་བྲལ་བ་རེད། དེ་ལྟ་ན་ཡང་། ཁོང་ཅག་སྔར་བཞིན་དད་པ་བརྟན་པོ་ཡོད་པའི་ནང་པ་པ་ཡིན། སྤྱིའི་ཆ་ནས་བཤད་ན། ཚང་མས་ཕྱོགས་གཅིག་ནས་རང་དོན་ནུས་པ་སྔོག་འདོན་དང་། ཡང་ཕྱོགས་གཅིག་ནས་གཞན་ཕན་གྱི་ལས་ཀ་སྒྲུབ་ཀྱིན་ཡོད་པས་བཟང་སྐྱེད་མི་དམན་པ་ཐོན་འདུག མི་སུ་ཡིན་ཡང་སློབ་གླིང་འདི་རང་གི་ཕ་ཁྱིམ་དུ་བརྩིས་ནས་འབད་བརྩོན་གནང་གིན་འདུག ཕན་ཚུན་བརྩི་བཀུར་དང་རོགས་རམ་གྱི་ལམ་ལུགས་ལ་བརྟེན་ནས། ད་ལྟར་རྒྱལ་བོའི་ལམ་ལུགས་ལྟ་བུའི་དོ་དམ་བྱེད་སྟངས་འདི་དགོས་མཁོ་དེ་ཙམ་མེད་པར་ཆགས་འདུག་མོད། སྔར་བཞིན་ཚོགས་པ་འདིའི་མགོ་གཙོ་རྣམས་ལ་མ་བཅོས་པའི་དགའ་དད་སྤྲོ་གསུམ་ཡོད་ཅིང་། ཁོང་ཚོར་རང་ཉིད་ལ་ཡིད་ཆེས་ཀྱི་སྤོབས་པ་སྐྱེས་ཤིང་སྒམ་བཙུན་གྱི་ཉམས་ཀྱང་ཐོན་གྱིན་འདུག ཡིན་ན་ཡང་གནད་དོན་འགའ་ཡོད་པ་ནི། གཞན་བསྟུན་དེ་ཙམ་མེད་པ་དང་རང་རློམ་སྐྱེ་བཞིན་ཡོད་པ་དེའོ།།

  ངས་སྔར་བཞིན་སྤྱི་ཁྱབ་ལ་གཏམ་བཤད་དང་ནང་ཆོས་འཆད་ཁྲིད་ཞུ་བཞིན་ཡོད་ལ། ཨ་རིའི་ས་ཕྱོགས་གང་མང་དུ་སོང་བས། སློབ་མའི་ཁྱབ་ཁོངས་ཀྱང་ཆེ་རུ་ཕྱིན། སློབ་མ་མང་བོ་ཤོང་དགོས་པས། སྒོམ་སྒྲུབ་ལྟེ་གནས་ཚང་མ་རྒྱ་བསྐྱེད་བྱེད་དགོས་ཐུག ༡༩༧༦ལོའི་སྟོན་ཁར། ཀརྨ་ཆོས་གླིང་ནས་འདུ་ཁང་དང་སློབ་ཁང་། གསང་སྔགས་ཉམས་ལེན་བྱ་སའི་སྒྲུབ་ཁང་། ཇ་ཁང་དང་དཔེ་མཛོད་ཁང་སོགས་མང་བོ་གསར་བཞེངས་མཛད། དེ་ནས་ཡང་པཱོ་སྒྲིར་ནས་ཐོག་ཁང་རྙིང་བ་ཞིག་ཉོས་ནས། ཕྱོགས་སོ་སོའི་ཆོས་ཚོགས་ཁག་གཅིག་གྱུར་གྱིས་དོ་དམ་བྱེད་སའི་ལྟེ་གནས་ཤིག་གསར་འཛུགས་བྱས། ཚོགས་མི་རྣམས་ཀྱིས་ཁང་བ་མཛེས་བཟོ་བྱས་ཤིང། ང་ཚོས་དེ་ལ་རྡོ་རྗེ་རྫོང་ཞེས་པའི་མིང་བཏགས། རྡོ་རྗེ་རྫོང་གི་སྟེང་ཁང་དུ་མི་དྲུག་བརྒྱ་ཤོང་བའི་འདུ་ཁང་ཆེ་ཙམ་ཞིག་བཞེངས། ད་དུང་རོ་ཁུས་རི་བོའི(Rocky Mountain)སྒོམ་སྒྲུབ་ལྟེ་གནས་ཐེ་བའི་འཆར་གཞི་གསར་བ་མང་བོ་སྒྲུབ་ཀྱིན་པའི་སྒང་ཡིན་ནོ།།

  དེ་ནས་རིམ་པས་བོད་ཀྱི་བླ་མ་མང་པོ་འདིར་བྱོན་ཞིང་། ལྷག་པར་དུ་དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༧༦འདིར་བྱོན་ནས་དུས་ཡུན་ཅུང་རིང་བོ་ཞིག་གི་བར་དུ་བཞུགས་པ་རེད། དོན་དག་འདི་ང་མི་སྒེར་ངོས་ནས་མཚོན་ན་ཧ་ཅང་ཡིད་འགུལ་ཐེབས་པ་ཞིག་ཡིན། སློབ་མ་མང་བོས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཁོང་ལ་ཕེབས་བསུ་བརྟན་བཞུགས་ཞུས་ཤིང་། ཁོང་ཉིད་ནས་ཀྱང་སྐུ་ཚེ་རིང་དུ་འཚོ་བཞུགས་མཛད་པ་དང་སླད་མར་འདིར་འབྱོན་པའི་ཞལ་བཞེས་ཀྱང་གནང་སོང་། སྔ་འགྱུར་རྙིང་མའི་ཁྲི་འཛིན་བདུད་འཇོམས་རིན་པོ་ཆེ་ཡང་འདིར་བྱོན་ནས་སློབ་ཚོགས་རྣམས་ལ་ནང་ཆོས་འཆད་ཁྲིད་གནང་སྟེ། སློབ་མ་རྣམས་ལ་ཕན་པ་ཆེན་པོ་བྱུང་། དེང་ཡང་རྒྱལ་དབང་ཀརྨ་པ་མཆོག་ཐེངས་གཉིས་པར་འདི་རུ་བྱོན་ཞིང་། ཁོང་དང་མཉམ་དུ་དགུང་ལོ་ཉེར་གཉིས་སོན་པའི་དཔལ་སྤུངས་དགོན་པའི་འཇམ་མགོན་ཀོང་སྤྲུལ་གྱི་ཡང་སྤྲུལ་ཡང་ཡོད་ལ། ་ང་རང་ལོ་བརྒྱད་ཀྱི་ཐོག་ཁོང་གི་སྐུ་སྐྱེ་གོང་མས་ངོས་འཛིན་ཁྲི་གསོལ་མཛད་པ་རེད། སློབ་མ་རྣམས་རྒྱལ་དབང་ཀརྨ་པ་ལ་དད་པ་ཆེན་པོ་ཡོད། ཁོང་གིས་ཀྱང་ཨ་རིར་འབྱོར་བ་ནི་ཆ་མེད་ཀྱི་ས་ཆ་ཞིག་ཏུ་ཡོང་བ་དང་མི་འདྲ་བར་ཕ་ཡུལ་དུ་ལོག་པ་ལྟ་བུའི་དགོངས་ཚོར་ཡོད་འདུག ཁོང་གིས་འོད་གསལ་བསྟན་འཛིན་ལ་སྐྱབས་འཇུག་བྱིན་རླབས་གནང་བས། ཁོ་རང་རྡོ་རྗེ་རྒྱལ་ཚབ་བྱེད་པའི་ཡིད་ཆེས་དང་སྤོབས་པ་ཇེ་བརྟན་དུ་བཏང་། དེ་དང་མཉམ་དུ་ངའི་བུ་གེ་སར་ལའང་སྐྱབས་འཇུག་བྱིན་འབེབས་མཛད། དེ་ནས་བདག་ལའང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཀརྨ་བཀའ་བརྒྱུད་པའི་སློབ་གྲྭ་ཞིག་འཛུགས་དགོས་པའི་བཀའ་ཕེབས།

  ༡༩༧༧ལོའི་ལོ་མགོར། རང་གི་འདས་ཟིན་པའི་བྱ་བཞག་ཁག་ཕྱིར་རྟོག་དང་མ་འོངས་པའི་འཆར་གཞི་བཀོད་སྒྲིག་བྱ་བའི་ཆེད། ངས་ལོ་གཅིག་མཚམས་ལ་འདུག་རྒྱུར་ཐག་བཅད། ལོ་འདིའི་ནང་། ངས་འོད་གསལ་བསྟན་འཛིན་གྱིས་སློབ་ཚོགས་རྣམས་སྣེ་ཁྲིད་ལེགས་པོ་བྱས་ཏེ་མུ་མཐུད་དུ་ཐོས་བསམ་སྒོམ་པ་ལ་གཞོལ་བར་ཡིད་ཆེས་ཡོད་ཅིང་། ཐེ་ཚོམ་མི་དགོས་པ་ཞིག་ལ། ཁོང་ཅག་གིས་སངས་རྒྱས་ཀྱི་བསྟན་པ་ཡངས་པའི་ས་སྟེང་ཀུན་ཏུ་ཉི་གཞོན་ཤར་བ་ལྟར་བྱེད་པའི་ཕུགས་འདུན་འགྲུབ་ངེས་ཤིང་། སེམས་ཅན་ཐམས་ཅད་ཀྱི་ཕན་དང་བདེ་བའི་ཆེད་དུ་འབད་བརྩོན་ལྷོད་མེད་ཀྱིས་རང་ཉིད་ཕུན་སུམ་ཚོགས་པར་གཏང་སྟེ། རྡོ་རྗེ་བྱང་ཆུབ་སེམས་དཔའི་སྐྱ་རེངས་ཀྱི་འོད་སྣང་གསར་བ་ལེགས་པར་འདྲེན་ངེས་སོ།།

གཙང་པོས་བསྒྱུར།

  ( སྒྱུར་བ་པོའི་གཏམ། དེང་སང་རང་རེ་གཞོན་སྐྱེས་ཕལ་མོ་ཆེ་རྫོང་སར་ལ་དགའ། དྲུང་པ་ལ་དུང་། དྲྭ་ལམ་དུ་ཡང་ཁོང་རྣམ་པ་བྲིན་རྒྱུག་ཆེ། དེ་ཡང་མི་འགྲིག་པ་ག་ལ་མཆིས་མོད། ཡང་ཕྱོགས་གཅིག་ནས་བསམ་ན། ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་དང་ལྟ་གྲུབ་ལ་རྒྱུས་ཆ་མེད་པའི་རང་དང་འདྲ་བ་དག་ནི། གཅིག་ནས་ཐོས་བསམ་གྱི་རྐང་མ་ཚུགས། གཉིས་ནས་སྒོམ་སྒྲུབ་ཀྱི་གདེང་མ་རྙེད། གསུམ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་མི་ཤེས། ཐ་ན་སེམས་ཐོག་འདུག་ནས་གདམས་ངག་ཐུན་གཅིག་ཀྱང་ཉན་ཁོམ་མ་ཡོད་པས། ཁོང་རྣམ་པའི་མཛད་སྤྱོད་ཀྱི་གཏིང་ན་ཉལ་བའི་ལྟ་བའི་སེང་གེ། སྒོམ་པའི་རྒྱ་སྟག ཤེས་རབ་དང་སྤོབས་པའི་གླང་བོ་ཆེ་སོགས་མཐོང་ཐབས་མེད་པར་བརྟེན། གཅིག་ཏུ་རྒྱ་ཡན་འཆལ་སྤྱོད་ཀྱིས་བསྟན་པ་འཛིན། སྐྱོང་། སྤེལ་བའི་རྣམ་པ་ཞིག་རང་ཅག་གི་ཁྲོད་དུ་རྣམ་པར་བདོ་བ་ལ། བདེ་འཇམ་གྱི་མལ་གདན་དུ་འདུག་ཀྱང་སེམས་ཁོང་ནས་བག་ཚ་བ་ཞིག་བསྟུད་མར་འོངས་བ་དེས་ཉེ་བར་བསྐུལ། ཁོང་དང་ཁོང་འདྲའི་སྐྱེས་ཆེན་དག་གི་སྙིང་སྟོབས་དང་སྤོབས་པ། གསར་གཏོད་དང་ཤེས་རབ། ཉམས་ལེན་དང་ལྟ་གྲུབ་ཀྱི་རྫོང་ཆེན་པོ་དག་ལ་ལྟོས་ཤིག་ཅེས་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་རང་རྣམ་ལས་གལ་ཆེ་བའི་ཚན་པ་འདི་འཆལ་བན་པདྨ་གར་དབང་དུ་འབོད་པ་དེས་གོ་བདེ་བར་བསྒྱུར་བའོ༎ ནོངས་པ་གང་མཆིས་དམ་པ་ཁོང་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་མདུན་དུ་མཐོལ་ལོ་བཤགས་སོ༎)

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟུར་མང་དྲུང་པ་ཆོས་ཀྱི་རྒྱ་མཚོའི་རང་རྣམ་ཚན་བཤུས།

2025-04-28 ཆོས་རྒྱམ་དྲུང་པ་རིན་པོ་ཆེ།(1939-1987) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།