གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གཞས་སྤྱི་ཚོགས་མེ་ལོང་།

2014-08-29 16:35:00 ས་སྐྱ་བ་བསོད་ཚེ། ཀློག་གྲངས། མཆན ཡོད།

ཕོ་ཉ་གོ་ཆོད་གཅིག་ལ། །ལག་རྟགས་རྔན་པ་སྤྲད་ཡོད། །
ཁས་སུ་བླངས་པའི་དོན་དག །མགྱོགས་ནས་མྱུར་དུ་བསྒྲུབ་ཤོག །
 
བར་མི་ཟམ་པ་འདྲ་བའམ། །ལྐོག་རྔན་གྱ་ནོམ་མེད་གྱུར་ན། །
དེང་གི་དཔོན་ངན་ཁྱི་འདྲའི་འོག ལས་དོན་མཐའ་དག་བསྒྲུབ་པར་དཀའ། །
 
དབྱར་ཀ་འོང་ཁའི་དཀྱིལ་ལ། །ཞིམ་ཟས་སྣེ་ཁ་མང་ཡང་། །
མཐོང་ཚད་ཁ་ལ་བཟས་ན། །ལུས་ལ་ན་ཚ་ཕོག་ཡོང་། །
གྲོང་ཁྱེར་ཨར་ཁང་ནང་ལ། །མཛེས་མ་འདྲ་མིན་མང་ཡང་། །
འཆལ་སྤྱོད་ལུས་འབྲེལ་མང་ན། །ཨའེ་ཙིའི་ནད་དུག་འགོས་ཡོང་། །
 
ཡ་གིའི་དཔོན་པོ་ཡར་ལ། །ཡིད་སྨོན་བྱེད་ས་མ་རེད། །
གོ་གནས་མཐོ་ས་ཡ་ནས། །རྒྱུ་འབྲས་རྡོག་བརྫིས་གཏོང་གིས། །
མ་གིའི་སྤྲང་ཕྲུག་མར་ལ། །དམྱལ་བ་སྙིང་རྗེ་མ་ཟེར། །
ལྟོགས་སྐོམ་གྲང་འཁྱག་མ་བྱུང་། །སྣང་བ་དཔོན་ལས་སྐྱིད་པ། །
 
དམ་ཆོས་རྣམ་དག་བསྒྲུབ་པར། །གེགས་དང་བར་ཆད་མང་ཡང་། །
གྲྭ་བཙུན་སྐྱ་ལོག་བྱེད་པར། །མཐུན་རྐྱེན་ཀུན་ནས་འཛོམས་འདུག །
དུས་ངན་སྙིགས་མ་ཟེར་བ། །ད་ལྟའི་དུས་འདི་མིན་ནམ། །
 
སྙན་ངག་རྒྱན་གྱིས་མ་བཅིངས། །མངོན་བརྗོད་མདུད་པས་མ་བསྡམ། །
ཁ་གསལ་གོ་བདེའི་རྩོམ་ཡིག །དམངས་རྩོམ་འདི་རང་སྙན་པ། །
བཟས་པའི་རྗེས་དང་སྟེར་བའི་དགེ་བ་དང་། །བཙོངས་པའི་རིན་པ་བརླག་པའི་འཚོལ་རྒྱུ་སོཊ། །
གང་ཡང་མེད་པའི་རྒྱལ་འཇོག་རྩེད་མོ་དག །དུས་ཚོད་འཕྲོ་བརླག་ཙམ་ལས་སྙིང་པོ་མེད། །
 
ཕ་མ་རྨོངས་པ་ཕ་ཡུལ་ཕྱོགས་སུ་བཞུགས། །བུ་ཆུང་ཡོན་ཏན་ཐག་རིང་རྒྱ་ནག་འགྲིམས། །
ལོ་ཤས་མ་མཇལ་ལས་ཀྱི་འབྲས་བུ་ལ། །ཕ་མ་བུ་ཕྲུག་སྐད་བརྡ་འཕྲོད་པར་དཀའ། །
 
མགོ་བོ་སྔས་ལ་བཞག་ན། །སྟོང་བསམ་བརྒྱ་ཕྲག་འཁོར་ཡང་། །
མགོ་ལ་ཉི་མ་ཤར་དུས། །སྔར་བཞིན་དགེ་རྒན་དཀྱུས་མ། །
 
རྒྱུ་དང་དབང་གིས་ཡོམ་ཡོམ་འདར་བའི། །དེང་གི་སྤྱི་ཚོགས་ཁྲ་ཁྲ་འདི་རུ། །
རང་སེམས་ཁྲ་མོ་ལྷོད་ལྷོད་གནང་མཁན། །ང་དང་དགེ་གྲོགས་རེ་རེ་ཙམ་མོ། །
 
སྟོད་རྒྱ་གར་བླ་མའི་ཆོས་ལུཊ་བོད་ལ་དྲངས། །བོད་རྨོངས་ཤས་ཆེ་བའི་རྒྱུ་མཚན་དེ་ལ་ཐུག །
སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་སྲོལ་བོད་ལ་དར། །བོད་ངོ་ཚ་མེད་པའི་རྐྱེན་རྩ་དེ་ལ་ཐུག །
 
དཔྱད་རྩོམ་ཆོ་མེད་ཅིག་འགོད་པར། །རྩོམ་སྒྲིག་ངོ་ཤེས་ཤིག་དགོས་ཀྱིས། །
དམངས་སྒོར་ཆིག་སྟོང་དེ་བཏང་ན། །འབྲི་དགོས་མེད་པར་ནི་སྟེར་གྱིས། །
 
ཆུ་མོ་ཉོག་ཤས་ཆེ་ལ། །ཆུ་དཀྲུག་གཏོང་མཁན་མང་བ། །
ཉ་མོ་གཙང་གཞུང་འདི་རུ། །སྡོད་པའི་སེམས་པ་མི་འདུག །
 
དམངས་རྣམས་ཆུ་བོའི་ངང་ཚུལ་འདྲ། །དཔོན་རྣམས་ཆུ་ཐོག་གྲུ་གཟིངས་འདྲ། །
ཆུ་བོས་གྲུ་གཟིངས་འདེགས་བྱེད་ཅིང་། །མགོ་རྟིང་སློག་པའི་དུས་ཀྱང་ཡོད། །
 
གཞུང་སྒོར་སྒོ་ལྕགས་བརྒྱབ་ནས། །ལྟག་སྒོ་མཛུབ་མོས་བསྟན་བྱུང་། །
དཔོན་པོས་དེ་འདྲ་གནང་དུས། །ལྐོག་རྔན་དགོས་པའི་རྟགས་རེད། །
 
མཐོ་པོ་ཞིག་ལ་མིན་རབས་བཤད་དེ། །དམན་པ་འགའ་རེས་གྲགས་འདོད་བྱེད། །
གྲགས་པའི་རེ་བ་འགྲུབ་རྒྱུ་མེད་པར། །རང་མཚང་ངན་པ་དམར་རྗེན་བཏོན་སོང་། །
 
ཨ་ཕ་ཇ་ཁང་ནང་དུ་སྐྱིད། །ཨ་མ་མྰ་ཅང་ཁང་དུ་སྤྲོ། །
བུ་ཆུང་དྲ་ཁང་ནང་ན་གཡེང་། །བུ་མོ་ནང་མ་ཁང་དུ་འཁྲུག །
 
ཐུང་ཐུང་མི་ཚེ་འདི་ཀོ །ཡིག་ཚད་ཁོ་ནས་ཟད་སོང་། །
ལག་འཁྱེར་མི་ཚད་ལོངས་ནས། །རང་ལུས་བསྲེག་ཤིང་འདང་ངེས། །
 
དཀའ་བས་བསགས་པའི་སྒོར་མོ་རྣམས། །ཟས་དང་སྨན་ལ་བརྗེས་ནས་ནི། །
རང་ལུས་ཨེ་གསོ་སྙམ་པ་འདི། །བྱིས་བློ་ཡིན་པ་ཤེས་པར་གྱིས། །
 
ཤ་དང་སྒོ་ང་སྣུམ་དང་འོ་མ་དང་། །ཀ་ར་བག་ལེབ་སྨན་དང་ཆང་རག་སོགས། །
རྫུན་བཟོར་མཁས་པའི་ཀྲུང་གོའི་སྤྱི་ཚོཊ་འདིས། གནམ་འོག་མི་ཤོང་སྡིག་ལས་བྱེད་མུས་རེད། །
 
འབྲོག་པས་གཏེར་ནི་མོ་འདོན། །ཞིང་པས་བཟོ་གྲྭ་མི་གཉེར། ། 
ཁོར་ཡུག་གཏོར་སྐྱོན་བཟོ་མཁན། །རྒྱུ་ཆེན་དཔོན་ཆེན་རེད་དོ། །
 
མཆོད་ཡོན་སྦྱིན་བདག་དེ་ཟེར་ཞིང་། །ཡང་སྤྲུལ་མཁན་པོ་རུ་འབོད་པས། །
གདུལ་བྱ་རང་ཡུལ་དུ་བསྐྱུར་དུས། །སྔོན་བྱོན་ལོ་པཎ་ཚོ་དྲན་བྱུང་། །
 
སྔོན་ཐོན་དེང་རབས་དེ་ཟེར་ཞིང་། །ཀླད་མེད་མགོ་སྟོང་གི་གཞོན་ནུས། །
རང་སྲོལ་རང་ལུགས་དེ་དོར་དུས། །ཕ་མེས་ཡང་མེས་ཚོ་དྲན་བྱུང་། །
 
མཁོ་མེད་ཕན་མེད་དུ་ཟེར་ཞིང་། །གཏམ་འདོད་སྟོང་པ་ཡི་བོད་མིས། །
རང་སྐད་རང་ཡིག་འདི་གཡུག་དུས། །བཙན་པོ་སྲོང་བཙན་དེ་དྲན་བྱུང་། །
 
མི་ཚེ་སེ་གོལ་གཏོགས་ལ། །སྡུག་བསྔལ་ཆུ་ཡི་གཉེར་མ། །
ཆུ་མོ་སྐམ་ན་མ་གཏོགས། །ཆུ་རིས་འཇགས་རྒྱུ་མེད་དམ། །
 
ཨ་མདོའི་ཡུལ་ན་རྩོམ་རིག་རིག་གནས་དར། །ཁམས་ཀྱི་ཕྱོཊ་སུ་ཆོས་དང་ཚོང་ལས་དར། །
དབུས་གཙང་ཞིང་དུ་ཡུལ་སྲོལ་སྤྱོད་གཙང་དར། །ཁ་བ་རི་པའི་ལས་དང་རླུང་རྟ་དར། །
 
མཐའ་ཡས་དྲ་བའི་བར་སྟོང་འདི་ནས། །ས་མིག་སྦར་མཐིལ་ཁྱོན་ཙམ་ཟིན་ཏེ། །
དབྱངས་གསལ་སོ་བཞིའི་གླུ་སྐད་སྒྲོག་པ། །བོད་ཕྲུག་ང་ཚོའི་ལས་སྐལ་རེད་འདུག །
 
མཁན་པོས་ཆོས་བཤད་གནང་ན་རྒྱ་སྐད་རེད། །སློབ་དཔོན་དཔྱད་རྩོམ་འབྲི་ན་རྒྱ་ཡིག་རེད། །
དཔོན་པོའི་གསུང་བཤད་ར་མ་ལུག་སྐད་རེད། །རང་སྐད་རང་ཡིག་འཆི་བའི་སྔ་ལྟས་སོ། །
 
དཔལ་འབྱོར་དབྱར་མཚོ་རྒྱས་དུས་འདི། །མི་སྤྱོད་དཔྱིད་ཆུ་བྲི་དུས་རེད། །
གངས་ཅན་མེས་པོའི་སྤྱོད་བཟང་དག །འཛམ་གླིང་མཛེས་པའི་རྒྱན་ཆ་རེད། །
 
སྒང་པ་བོད་ཀྱི་སྐད་ཆའི་ནང་། ཞེ་ཚིག་མངོན་བརྗོད་ཕལ་སྐད་སོགས། །
ཐ་སྙད་ཕུན་སུམ་ཚོགས་པས་ན། །གཞན་སྐད་བསྲེས་པ་ཡ་མ་བརླ། །
 
ཀོས་ནན་ཐུན་ཏེ་ཞུན་ཧྭ་དང་། །ཤིན་ཧེ་གུང་ཧོ་ཏུའུ་ལན་སོགས། །
མཚོ་སྔོན་ཕྱོགས་ཀྱི་བོད་པ་ཚོས། །ཡུལ་མིང་བོར་བས་ངོ་རེ་ཚ། །
 
རང་སྐད་རང་ཡིག་མ་ཤེས་ན། །རང་སྲོལ་རང་ལུགས་ག་ལ་ཤེས། །
རང་སྟོབས་རང་འཕེལ་བྱ་དགོས་ན། །རང་སྐད་རང་ཡིག་དགོས་སོ་ལོ། །
 
བདེ་ཆེན་རྒྱལ་ཐང་རྒྱལ་རོང་དང་། །འབྲུག་ཆུ་ཐེ་བོ་ཅོ་ནེ་དང་། །
དཔའ་རིས་ཙོང་ཁ་སྡེ་བརྒྱད་ཀྱི། །བོད་སྐད་བོད་ཡིག་ཚར་ལ་ཉེ། །
 
ཀ་བའི་གཞུང་དྲང་ཀ་རྡོའི་རང་ཚུགས་ཀྱིས། །ཁ་ཞེ་གཉིས་མེད་ཁ་བ་ཅན་ལ་གྱིས། །
ག་དུས་ཡིན་ཡང་ག་པར་ཕྱིན་ན་ཡང་། །ང་ཚོའི་སྐད་ཡིག་ང་ཚོ་ཚང་མས་སྤྱོད། །
 
བོད་ཡིག་ལས་ཤེས་ཆོས་གཞུང་རིག་གནས་དག །གཞན་ཡིག་ལམ་ནས་གཞན་ལ་སྤེལ་བ་འདི། །
ནོར་བུ་ཚུར་ལེན་མེད་པའི་ཕར་སྤྲོད་རེད། །དེ་བས་ཁྱེད་རང་གཞན་གྱི་ལོ་པཎ་རེད། །
 
གངས་ལྗོངས་ས་མཐོའི་ཡུལ་གྲུ་འདི་ཀོའི །ས་འོག་གསེར་དངུལ་ཟངས་ལྕགས་མིན་ན། །
བོད་ཀྱི་མེས་པོ་གོང་མ་དག་གིས། །ས་གཞིར་ནོར་འཛིན་ག་ནས་ཟེར་བ། །
 
སློབ་ཆེན་དགེ་རྒན་མཁན་པོ་སྤྲུལ་སྐུ་དང་། །དཔོན་པོ་ཚོང་པ་གཞས་པ་གཞས་མ་སོགས། །
དེ་དག་སུས་ཀྱང་བོད་ཡིག་མ་བཀོལ་ན། །གཞན་དུ་བོད་ཡིག་སྤྱོད་མཁན་ཡོད་དམ་མེད། །
 
བོད་པས་རྒྱ་དང་རྒྱ་ཡིས་ནུབ་གླིང་པའི། །ཆས་གོས་ལུགས་སྲོལ་སོགས་ལ་ལད་མོ་བྱེད། །
ནུབ་ཕྱོགས་ཡུལ་དུ་བོད་ཡིག་བོད་ཆོས་དར། །ཡང་སྙིང་སུ་ཡི་ཁ་ཕྱོགས་ཡང་དག་ཡིན། །
 
འགྲོ་དྲུག་སེམས་ཅན་བགྲང་བར་དཀའ། །མེས་རྒྱལ་མི་དམངས་ཐེག་ནུས་མིན། །
དབྱངས་གསལ་སོ་བཞིའི་ལྗོན་པ་འདིའི། །ཡལ་འདབ་རྒྱས་ཆེད་ཆུ་ལུད་སྦྱོར། །
 
ཕྱི་ནང་དབུས་གཙང་ཨ་མདོ་དང་། །ཁམས་པ་རོང་པ་འབྲོག་པ་དང་། །
བྱེ་བྲག་རུ་བཞི་སྒང་དྲུག་སོགས། །བོད་པ་ཚང་ལ་རིགས་དབྱེ་མང་། །
 
མང་པོ་དུང་ཕྱུར་བཅུ་གསུམ་ལ་ལྷོ་དང་བྱང་ལས་དབྱེ་ཚུལ་མེད། །
ཉུང་ཉུང་ས་ཡ་དྲུག་པོ་ལ་རིགས་དང་དབྱེ་བ་དགར་ཚུལ་མང་། །
 
རང་མོས་སྙན་ངག་ངས་མི་ཤེས། །དམངས་རྩོམ་འབྲི་རྒྱུར་ང་རང་དགའ། །
སྙན་ངག་མངོན་བརྗོད་གོ་དཀའ་ལས། །གཏམ་དཔེ་འདི་ཚོ་གོ་དོན་ཟབ། །
 
ལུང་པ་ཆུ་ཡིས་ཁེངས་ན། །རྡོ་ལེབ་སྐམ་པོར་མི་སྡོད། །
འཇིག་རྟེན་ཁྲ་ཁྲ་འདི་ཡིས། །ལྷད་མེད་རང་གཤིས་སྦགས་སོང་། །
 
སྨན་བཅོས་ཆ་རྐྱེན་ཡར་ཚེས་ཟླ་བ། །རྫས་འགྱུར་ཟས་རིགས་དུ་སྤྲིན་ནག་པོ། །
རྒྱུ་ནོར་ལོངས་སྤྱོད་དབྱར་གྱི་མཚོ་མོ། སེམས་ཀྱི་བདེ་སྡུག་དགུན་གྱི་ཆབ་རོམ། །
 
ཡུལ་གངས་ཅན་འཛམ་གླིང་ཆུ་འགོ་རེད། །ཆུ་གཙང་མ་ཡན་ལག་བརྒྱད་ལྡན་རེད། །
འཁྲུས་གཙང་སྦྲ་མི་ནུས་བོད་མི་ཡི། །མགོ་ལུས་པོར་ཚི་དྲེགས་དགུ་བརྩེགས་ཆགས། །
 
མཆོག་གསུམ་གཙུག་ཏུ་བཀུར་བའི། །ཆོལ་གསུམ་ནང་བསྟན་རིག་གནས། །
ས་གསུམ་མཛེས་པའི་རྒྱན་རེད། །དུས་གསུམ་བདེ་བའི་གཞི་རེད། །
 
རང་སྐད་རང་ཡིག་མ་ཤེས་ན། །རང་སྲོལ་རང་ལུགས་ག་ལ་ཤེས།།
རང་སྟོབས་རང་འཕེལ་བྱ་དགོས་ན། །རང་སྐད་རང་ཡིག་དགོས་སོ་ལོ།།
 
དིང་རི་སྐྱིད་པོའི་གཞོང་གཞོང་། །རྩ་ནས་གསུང་བ་མ་གནང་།།
འབེལ་བ་སྣེ་གཅིག་མེད་པས། །སྐྱིད་པོ་ཁྱོན་ནས་མི་འདུག།
 
ཁ་གཤིས་འཇམ་ལ་ཁོག་རྩིས་དམ་པའི་དབུས་པ་ཆབ་སྲིད་སྐྱོང་བར་མཁས།།
དཔའ་དང་བློ་ཁོག་གཅིག་ཏུ་འདུས་པའི་ཁམས་པ་ཚོང་གི་བྱ་བར་མཛངས།།
བློ་དང་བརྩོན་འགྲུས་གཉིས་ཀ་ལྡན་པའི་ཨ་མདོ་རིག་པའི་གནས་ལ་བཟང་།།
བྱམས་དང་སྙིང་རྗེ་རྒྱུད་ལ་འཇགས་པའི་བོད་པ་ཕལ་ཆེར་ཡ་རབས་ལྡན།།
 
ང་ཡར་ཡར་འགྲོ་ཡ་ཡར་ཡར་འགྲོ། །ང་ཡར་ཡར་ལ་སྟོད་ལྷོ་ལ་འགྲོ།།
ང་མོས་སའི་ས་ཆ་མ་རེད་དེ། །ང་ལན་གཅིག་མི་སྡོད་ཀ་མེད་རེད།།
 
གྲོང་གི་མི་སྐྱ་ཆོས་སྡེའི་གྲྭ་པར་སྨོན། །གྲྭ་སའི་ཆོས་པ་སྡེ་གྲོང་མི་སྐྱར་སྨོན།།
འཇིག་རྟེན་ཞེན་ལོག་སྐྱེས་པའི་མི་སྐྱ་མང་། །ཆོས་གོས་ཕུད་མཁན་གྲྭ་ལོག་དེ་བས་མང་།།
 
གྲྭ་སྐྱ་སར་བབས་པ་རང་དབང་སྟེ། །དེ་མང་བས་ནང་པའི་བསྟན་ལ་གནོད།།
དུས་དེང་སང་སྐད་ཆ་ལྟར་བྱས་ན། །དེས་ཤུགས་རྐྱེན་ངན་པ་བཟོ་བཞིན་གདའ།།
 
མཐའ་མེད་ཀྱི་དྲ་བའི་སྟོང་ཁམས་འདི་ནས། །ཆད་མེད་ཀྱི་ཕ་སྐད་སྙིང་གཏམ་གླེང་བཞིན།།
འགྱུར་མེད་ཀྱི་སྤུན་ཟླའི་བརྩེ་བ་ཟབ་མོར། །མངོན་མེད་ཀྱི་མདུད་པ་བརྒྱ་མདུད་བརྒྱབ་ཡོད།།
 
ཡུལ་དེ་མ་ཧ་ཙི་ནར། །མཁའ་འགྲོ་སྦྱིན་བདག་མང་བས།།
བོད་ཀྱི་བླ་མ་སྤྲུལ་སྐུའི། །གདུལ་བྱ་གནས་དེར་འཕོས་སོང་།།
 
ཟས་གཉིད་དུས་ལྟར་སྤྱོད་དང་གཅིག །ལུས་སྦྱོང་ཆད་མེད་བྱེད་དང་གཉིས།།
སེམས་བག་ཡངས་པོར་གནས་པ་གསུམ། །ནད་མེད་ཚེ་རིང་སྨན་མཆོག་གསུམ།།
 
ལྷ་ལ་བསངས་བསུར་ཕུལ་ཡོད། །དཔོན་ལ་ཞལ་ཟས་དྲངས་ཡོད།།
སྐྱབས་འཇུག་ཞུས་པའི་དོན་དག །མགྱོགས་ནས་མྱུར་དུ་འགྲུབ་ཤོག།
 
གཞིས་རྩེ་བཀྲ་ཤིས་ལྷུན་པོ། །དཀའ་ཆེན་བརྒྱ་ཡི་གདན་ས།།
དམངས་ལ་ཆོས་འཁྲིད་གནང་མཁན། །དཀའ་ཆེན་ག་ཚོད་ཡོད་དམ།།
རང་ལོ་བདུན་ལས་མ་སོན་ཞིང་། །རང་སྐད་འགྲོ་ལུགས་མ་འཕེར་བར།།
སྐད་རིགས་སྣ་གསུམ་བསླབ་གྱུར་ན། །རིག་པ་མི་འཆོལ་ག་ལ་སྲིད།།
 
 
གཅིག་འགྱུར་བརྡ་སྤྲོད་ཡོད་ན་ཡང་། །གཅིག་མཐུན་སྒྲ་གདངས་མེད་པ་ཡིས།།
ཆབ་སྤེལ་ལགས་དང་དོར་ཞི་ལགས། །ཕན་ཚུན་གོ་བརྡ་མི་འཕྲོད་ན།།
བོད་ལ་ད་དུང་སྤྱི་སྐད་མེད།།
 
མགོ་བོ་སྔས་ལ་བཞག་ན། །སྟོང་བསམ་བཅོ་བརྒྱད་འཁོར་ཡང་།།
མགོ་ལ་ཉི་མ་ཤར་དུས། །སྔར་བཞིན་ཨ་ཕོ་ལུག་རྫི།།
 
ནང་བསམ་པ་ཆོས་ལ་དཀར་བ་དེས། །ཕྱི་ལུས་པོའི་ཚི་དྲེགས་དག་ཐབས་མེད།།
ཁྲུས་གཙང་སྦྲ་འཕྲོད་བསྟེན་མ་བྱས་ན། །ཁམས་བདེ་ཐང་ལ་གནོད་ཀུན་ཤེས་རེད།།
 
སྔར་སོང་ཕྱིར་འདང་མ་མང་། །མ་འོངས་སྟོང་བསམ་མ་འཁོར།།
དེ་ལས་ཁ་ཡོད་ལག་ཡོད། །ད་ལྟའི་ལས་ལ་འབད་ཅིག།
 
ཕྱོགས་བཞི་ལྕི་བས་བསྐོར་ཡོད། །བ་ལྕི་སེར་པོས་བསྐོར་ཡོད།།
མེ་ལ་ཉིན་མཚན་ལྟག་འཕྲོད། །ལྕི་བ་རྫོགས་ས་མ་རེད།།
 
རེ་ཞུ་ཕྲ་མོར་ཁ་གཡར་སྣ་ཚོགས་ཀྱིས། །ཉིན་ཞག་མང་པོར་ནར་འགྱངས་བྱས་བྱས་ཏེ།།
དམངས་ཀྱིས་ལྐོག་རྔན་སྤྲོད་རྒྱུར་སྒུག་པ་དེ། །དེང་གི་དཔོན་ངན་དག་གི་ཐབས་བཟང་རེད།།
 
སྐྱེས་རྣམས་འཆི་བ་ཆོས་ཉིད་ཡིན་མོད་ཀྱང་། །ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་འདི།།
ཆང་དང་སྦག་སྦག་ལྟ་བུའི་རྐྱེན་ངན་གྱིས། །འཕྲོག་པ་མཐོང་དུས་བདག་སེམས་གདུང་བས་མནར།།
 
བོང་བུའི་བོང་རྒྱུད་སྟོང་སོང་། །སྦག་སྦག་བསྟན་པ་དར་སོང་།།
རྟ་ཕོ་ལས་བསྒྱུར་གནང་སོང་། །རྨོས་གཡག་རྟ་ཕོས་བྱས་སོང་།།
 
འུ་ཚོ་འུ་ཚོ་ཟེར་བཞིན་རང་དོན་བསྒྲུབ། །གཞོན་པ་དེ་ཚོའི་ཕ་ཡུལ་རྒྱལ་རྩེ་རེད།།
ཨ་ཇོ་ཨ་ཇོ་ཟེར་བཞིན་མགོ་བསྐོར་གཏོང་། །བུ་མོ་དེ་ཚོའི་ལུང་པ་གཞིས་རྩེ་རེད།།
 
ཀ་བ་ལྟ་བུའི་སྐད་ཡིག་དེས། །ཁ་བ་བཞུར་བའི་ངང་ཚུལ་འཛིན།།
ག་ལེར་ཁ་བ་བཞུར་ཚར་དུས། །ང་ཡང་བསོད་ནམས་ཟད་ལེ་རེད།།

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།