གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གླུ་ཆུ་མིག་དགུ་སྒྲིལ།༥

2009-09-25 12:31:00 རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལ ཀློག་གྲངས། མཆན ཡོད།

178

ཆུ་ཆེན་ནོ་རྨ་ཆུ་ལི་མ་རེད།།

ཆུ་ཐད་གི་གཅོད་ནོ་ཆུ་བ་རེད།།

ཆུ་བརྗེད་རུང་ཆུ་བ་མི་བརྗེད་གི

 

མཚན་རིང་མོ་དགུན་མཚན་སྐྱ་མོ་རེད།།

མཚན་གསལ་ལེ་གཏོང་ནོ་རོགས་ལོ་རེད།།

མཚན་བརྗེད་རུང་རོགས་ལོ་མི་བརྗེད་གི

179

མུན་ནི་རུབ་ཁ་ལྷོ་ཡ་མ་ལྟ་མི།།

ལྷོ་ནི་ཆར་སྤྲིན་འཁྲིགས་ན་སྨྲེང་གི།

ནམ་ནི་ལངས་ཁ་རྫ་ཡ་མ་ལྟ་མི།།

 

རི་ནི་སྨུག་པས་བཏུམས་ན་སྨྲེང་གི།

རོགས་ནི་འགྲོ་ཁ་བདེ་མོ་མ་ཟེར་མི།།

སེམས་ནི་གངས་དཀར་ལྷག་ཏུ་སྨྲེང་གི།

180

ཁྱོད་ཆུ་ལེན་ཆུ་ཁར་ཡོང་ཁུལ་བྱོས།།

ངས་ཆུ་ནང་ཉ་མོ་བདའ་ཁུལ་བྱེད།།

རོགས་ངེད་གཉིས་དེ་ནས་ཐུག་ཐབས་བྱ།།

རོགས་དེ་ནས་ཐུག་ན་ཆི་མོ་རེད།།

 

ཁྱོད་ཐག་ཉེའི་བདག་མོ་ཡིན་ཁུལ་བྱོས།།

ང་ཐག་རིང་མགྲོན་པོ་ཡིན་ཁུལ་བྱེད།།

རོགས་ངེད་གཉིས་དེ་ནས་ཐུག་ཐབས་བྱ།།

རོགས་དེ་ནས་ཐུག་ན་ཆི་མོ་རེད།།

 

ཁྱོས་སྟོན་ཁའི་ཤྭ་བོ་བདའ་ཁུལ་བྱོས།།

ངས་སྒང་གི་གྱོ་མ་བསྐོ་ཁུལ་བྱེད།།

རོགས་ངེད་གཉིས་དེ་ནས་ཐུག་ཐབས་བྱ།།

རོགས་དེ་ནས་ཐུག་ན་ཆི་མོ་རེད།།

181

སྟོད་ཡོས་ནས་བྱ་བརྒྱ་འཕུར་ཐལ།།

དེའི་ནང་ན་རྨ་བྱ་མེད་གི།

བྱ་རྨ་བྱ་ཡོད་ན་ནོར་ཡ་མེད།།

སྒྲོ་ཐིག་ལེ་འབབ་ཚུལ་ཁ་ཁ་རེད།།

 

བར་གན་ནས་མི་བརྒྱ་གཤར་ཐལ།།

དེ་ནང་ན་ཆུང་འདྲིས་མེད་གི།

རོགས་ཆུང་འདྲིས་ཡོད་ན་ནོར་ཡ་མེད།།

ཁྲ་གོར་རེ་ལྟ་ཚུལ་ཁ་ཁ་རེད།།

 

སྨད་མོས་ནས་རྟ་བརྒྱ་གཤར་ཐལ།།

དེའི་ནང་ན་གྱི་ལང་མེད་གི།

རྟ་གྱི་ལང་ཡོད་ན་ནོར་ཡ་མེད།།

འགྲོས་གོམ་ལག་སྤོ་ཚུལ་ཁ་ཁ་རེད།།

182

ཕྱུག་པོའི་ལྷས་ར་ནང་ན།།

རོགས་ངེད་གཉིས་བར་དཀར་ཁ་ཆུ།།

ཕྱི་སྡེ་བའི་བལ་དཀར་འཐག་དགོས་ཟེར།།

འཐག་མི་ཉན་རོགས་ལོ་ཡིན་ན་གོ།

 

དྲིན་མ་ལོའི་མར་སྒམ་ནང་ན།།

རོགས་ངེད་གཉིས་མར་དཀར་གདར་རུ།།

ཕྱི་སྡེ་བས་མར་དཀར་བཞུ་དགོས་ཟེར།།

བཞུ་མི་ཉན་རོགས་ལོ་ཡིན་ན།།

 

ཕྱུག་པོའི་རྟ་རྡང་ནང་ན།།

རོགས་ངེད་གཉིས་རྟ་ལྕག་ལི་མ།།

ཕྱི་སྡེ་བའི་རྟ་ལྕགས་གཏོར་དགོས་ཟེར།།

གཏོར་མི་ཉན་རོགས་ལོ་ཡིན་ན།།

183

རྒོད་ཐང་དཀར་དུང་གི་གཤོག་པ་ཅན།།

ཁྱོད་འཕུར་ས་ཨ་སྔོན་དགུང་ཞིག་རེད།།

ཁྱོད་འབབ་ས་བྲག་དམར་དཀྱིལ་ཞིག་རེད།།

ཞེ་ཆགས་ས་རྒོད་ཕྲུག་ང་ཞིག་རེད།།

 

བྱ་ངང་བ་གསེར་གྱི་གཤོག་པ་ཅན།།

ཁྱོད་འཕུར་ས་མཚོ་སྟོད་ཡོས་ཤིག་རེད།།

ཁྱོད་འབབ་ས་མཚོ་མོའི་ལྡེམ་ཁུག་རེད།།

ཞེ་ཆགས་ས་ངང་ཕྲུག་ང་ཞིག་རེད།།

 

སྐྱེས་ཤར་ལུ་དུང་གི་སོ་སྒོ་ཅན།།

ཁྱོད་འགྲོ་ས་སྡེ་ལུང་སྟོད་ཅིག་རེད།།

ཁྱོད་འདུག་ས་སྡེ་ཆེན་དཀྱིལ་ཞིག་རེད།།

ཞེ་ཆགས་ས་རོགས་ལོ་ང་ཞིག་རེད།།

184

ང་རྟ་བརྒྱ་མེད་ད་རྟ་གཅིག་ཡོད།།

རྟ་གཅིག་པུ་ནམ་མཁའི་བྱ་ཞིག་རེད།།

བྱ་འདྲ་འདྲའི་གཤོག་པ་མེད་ད་གོ།

འགྲོས་གོམ་ལག་བྱ་ད་བྱ་ཞིག་རེད།།

 

ང་བོའུ་བརྒྱ་མེད་ད་བོའུ་གཅིག་ཡོད།།

བོའུ་གཅིག་པུ་གནམ་ལྕགས་ཐོག་ཅིག་རེད།།

ཐོག་ཡིན་ན་ཐོག་རྫས་མེད་གི་ད།།

བོའུ་ཆགས་འབབ་ཐོག་ད་ཐོག་ཞིག་རེད།།

 

ང་རོགས་བརྒྱ་མེད་ད་རོགས་གཅིག་ཡོད།།

རོགས་གཅིག་པུ་སྟོན་པའི་སྐུ་ཞིག་རེད།།

སྐུ་ཟེར་ནས་དངོས་གྲུབ་མེད་གི་ད།།

རོགས་ཞེ་འདང་སྐུ་ད་སྐུ་ཞིག་ཡིན།།

185

ཝ་ཡག་པ་ཝ་ལུང་ཉིན་ན་ཡོད།།

བོའུ་ཁྲ་རིང་ཁུར་ད་བདའ་ནེ་འགྲོ།།

རྟ་ཡག་པ་རྟ་བརྒྱའི་གྲས་ན་ཡོད།།

སྲབ་སིལ་མ་ཟུངས་ད་འཛིན་གི་འགྲོ།།

རོགས་ཡག་པ་སྡེ་ཆེན་དཀྱིལ་ན་ཡོད།།

ཚིག་སྙན་མོ་ཟུངས་ད་རྩེ་གི་འགྲོ།།

186

རྒོད་ཐང་དཀར་དུང་གི་གཤོག་པ་ཅན།།

ཁྱོས་རྫ་རི་གཡས་སྐོར་གཡོན་སྐོར་རེད།།

རྫ་བསམ་ནས་བསྐོར་ནི་མ་རེད་ད།།

བྲག་དཀར་ཆུང་བསམ་ནས་བསྐོར་ནི་རེད།།

 

རྟ་གྱི་ལང་རྔ་མ་ལོང་མདུད་ཅན།།

ཁྱོས་སྤང་རི་གཡས་སྐོར་གཡོན་སྐོར་རེད།།

སྤང་བསམ་ནས་བསྐོར་ནི་མ་རེད་ད།།

རྩྭ་འཇག་མ་བསམ་ནས་བསྐོར་ནི་རེད།།

 

སྐྱེས་ཤར་ལུ་དུང་གི་སོ་སྒོ་ཅན།།

ཁྱོས་སྡེ་རུ་གཡས་སྐོར་གཡོན་སྐོར་རེད།།

སྡེ་བསམ་ནས་བསྐོར་ནི་མ་རེད་ད།།

རོགས་ཆུང་ལོ་བསམ་ནས་བསྐོར་ནི་རེད།།

187

ཤིང་ཤུག་པའི་ཁ་ལུང་ཚེར་རེད།།

ང་ཚེར་གཉིས་བར་གི་བྱེའུ་རེད།།

སྒྲོ་བརྐྱངས་ནས་འཕུར་ཚུལ་མེད་པ།།

བྱེའུ་འཇོལ་མོའི་ཞེ་ན་ལོས་ཡོད།།

188

འདིའི་ན་ཞར་ཁ་གང་འདམ་རེད།།

ང་འདམ་གཉིས་བར་གི་རྟ་རེད།།

ཁ་ལྷོད་ནས་རྒྱུགས་ཚུལ་མེད་པ།།

རྒོད་གཞི་མོའི་ཞེ་ན་ལོས་ཡོད།།

 

འདིའི་ཕྱི་སྡེ་ཁྲ་མོ་དགྲ་རེད།།

ང་ནང་སྡེ་བཟའ་བ་སྲིན་རེད།།

ང་དགྲ་སྲིན་བར་གི་མྱི་རེད།།

རོགས་ཆུང་ལོའི་ཞེ་ནས་ལོས་ཡོད།།

189

འབྲུག་ལྷོ་སྟོད་གྲགས་ནི་བོ་བདེན་གི་ར།།

ཆར་ལྷོ་སྨད་འབབ་གི་ཨེ་ཡོད་ད།།

ཆར་ལྷོ་སྨད་འབབ་གི་མེད་ན་འོ།།

འབྲུག་ལྷོ་སྟོད་གྲགས་ནི་བོ་དོན་མེད་རེད།།

 

ས་མཐའ་ཆུ་ཡིས་དྲོས་ནོ་བོ་བདེན་གི་ར།།

རྩྭ་རྩི་ཏོག་རྒྱས་གི་ཨེ་ཡོད་ད།།

རྩྭ་རྩི་ཏོག་རྒྱས་གི་མེད་ན་འོ།།

འདིའི་ཆུ་མཐའ་དྲོས་ནི་བོ་དོན་མེད་རེད།།

190

རོགས་ང་ཡིས་དྲན་རྒྱུའི་ཡ་བ་ཞིག།

རོགས་ཁྱོད་ཀྱིས་དྲན་གི་ཨེ་ཡོད་ད།།

རོགས་ཁྱོད་ཀྱིས་དྲན་གི་མེད་ན་འོ།།

རོགས་ང་ཡིས་དྲན་ནི་བོ་དོན་མེད་རེད།།

191

ངའི་མགོ་ན་ཡོད་ནི་བོ་ཅ་ལ་རེད།།

དེའི་མན་ན་ཡོད་ནི་བོ་ཝ་དམར་རེད།།

ངའི་ཝ་དམར་མ་ལོའི་ཁལ་མ་རེད།།

དྲིན་མ་ལོའི་བསམ་པ་ཁྱོད་ལ་བཅོལ།།

 

ངའི་སྐེ་ན་ཡོད་ནི་བོ་གའུ་རེད།།

དེའི་མན་ན་ཡོད་ནི་བོ་སྲུང་འཁོར་རེད།།

ངའི་སྲུང་འཁོར་སྲོག་གི་སྐྱ་ཡ་རེད།།

སྲོག་དམར་བོའི་བསམ་པ་ཁྱོད་ལ་བཅོལ།།

 

ངའི་སྐེད་ན་ཡོད་ནི་བོ་ཆབ་མ་རེད།།

དེའི་མན་ན་ཡོད་ནི་བོ་བཞོ་ལུང་རེད།།

ངའི་བཞོ་ལུང་མ་ལོའི་ཁལ་མ་རེད།།

དྲིན་མ་ལོའི་བསམ་པ་ཁྱོད་ལ་བཅོལ།།

192

ཤིང་ཤུག་དཀར་བྲག་དམར་སྐེད་ན་ཡོད།།

འདིའི་སྣ་ལོ་གཡུ་སྨུག་ཐང་ན་ཡོད།།

ལོ་གསུམ་མ་འཐུ་སར་མ་སོང་རུང་།།

ཤིང་སྤེན་མ་མི་འབུད་ཁས་ལེན་ཡིན།།

 

ཆུ་དྭངས་མོ་རྫ་ལུང་སྟོད་ན་ཡོད།།

འདིའི་ཆུ་རྔ་ཤེལ་དཀར་འོབ་ན་ཡོད།།

ལོ་གསུམ་མ་བཅུ་སར་མ་ཐོན་རུང་།།

ཆུ་འདམ་ཆུ་མི་འཐུང་ཁས་ལེན་ཡིན།།

 

རོགས་མཐུན་མི་བཟའ་གཉིས་བར་ན་ཡོད།།

ཚིག་ཅི་བཤད་རང་རང་ཞེ་ན་ཡོད།།

ལོ་གསུམ་མ་རྩེ་སར་མ་ཐུག་རུང་།།

རོགས་གཞན་པ་མི་བརྩེ་ཁས་ལེན་ཡིན།།

192

ནགས་རྒྱ་རྫོང་ཁྱ་མ་སྣེ་ཆག་རེད།།

ལྷམ་དྲ་བུག་མ་བོ་གྱོན་ཤེས་བྱོས།།

ཐང་ཨ་ཆེན་རྡོ་ད་སྤོ་ཐོ་རེད།།

རྟ་གོམ་པ་མ་བོ་འཁྱེར་ཤེས་བྱོས།།

སྡེ་ཨ་ཆེན་མཁའ་ད་དབྱེན་མཆུ་རེད།།

རོགས་མཛའ་མཐུན་མ་བོ་རྩེ་ཤེས་བྱོས།།

194

ངའི་ཆུང་འདྲིས་རོགས་ལ་ཤོད་ད།།

ངས་ནགས་རི་བརྒྱུད་ནས་བུད་ཐལ་རྫོས།།

ནགས་རྒྱ་རྫོང་དཀྱིལ་ནས་སྐྱིད་གི་ད།།

བྱ་ཁུ་བྱུག་གྲགས་དུས་སྨྲེང་གི་རྫོས།།

 

ངའི་ཆུང་འདྲིས་རོགས་ལ་ཤོད་ད།།

ངས་སྤང་རི་བརྒྱུད་ནས་བུད་ཐལ་རྫོས།།

སྤང་མེ་ཏོག་སྐྱེ་དུས་སྐྱིད་གི་ད།།

ཆར་སིལ་མ་བབས་དུས་སྨྲེང་གི་རྫོས།།

 

ངའི་ཆུང་འདྲིས་རོགས་ལ་ཤོད་ད།།

ངས་སྡེ་རུ་བརྒྱུད་ནས་བུད་ཐལ་རྫོས།།

སྡེ་ཁ་ཞེང་ཆེ་དུས་སྐྱིད་གི་ད།།

རོགས་ཆུང་ལོ་དྲན་དུས་སྨྲེང་གི་རྫོས།།

195

ངས་འདོ་རིགས་རྟ་ཕོའི་གོང་གི།

ཞར་ཞོར་ར་དྲན་རྒྱུ་བོ་ཁྱོད་རེད།།

ཁྱོད་གོང་ཤེས་དཔོན་ལོ་ཞིག་གི།

ངས་དྲན་གི་ཡོད་ནི་བོ་ཆེ་ཤེས།།

 

ངའི་དྲིན་ཆེན་མ་ལོས་ཟེར་གི།

ཞར་ཞོར་ལ་བཤད་རྒྱུ་བོ་ཁྱོད་རེད།།

ཁྱོད་སྡེ་ཆེན་སྡེ་བའི་དཀྱིལ་ན།།

ངས་བཤད་གི་ཡོད་ནི་བོ་ཆེ་ཤེས།།

 

ངའི་ཉལ་ས་གསེར་གཞོང་ནང་ན།།

ངས་སྔས་མགོའི་རྨི་ལམ་ཁྱོད་རེད།།

ཁྱོས་རྒྱུ་ཆེན་ཆུང་མའི་རྩིབ་ན།།

ངས་རྨིས་གི་ཡོད་ནི་བོ་ཆེ་ཤེས།།

196

རྟ་འདོ་བ་རྟ་འགྲིན་དམར་བོས་སྲུང་།།

རྒྱུག་གོམ་པ་རྨ་ཆུ་ལི་མས་སྲུང་།།

དབུས་སེར་བོ་ཟེར་ར་སྨོན་ལམ་རྒྱག།

རྟ་ཐོབ་བྱ་མེད་རུང་བསམ་པ་རེད།།

 

རོགས་ཆུང་ལོ་ཡིད་བཞིན་ནོར་བུས་སྲུང་།།

ཁ་ཚིག་གསུམ་རྗེ་བཙུན་སྒྲོལ་མས་སྲུང་།།

ཁྱིམ་བཟའ་ཚང་ཟེར་ར་སྨོན་ལམ་རྒྱག།

རོགས་ཐོབ་བྱ་མེད་རུང་བསམ་པ་རེད།།

197

དགོན་གྲུ་བཞི་གསེར་གྱི་ཅོད་པན་ཅན།།

དེའི་ནང་ན་བླ་སྤྲུལ་ཆོས་གསུམ་འཛོམས།།

བན་སེར་མོ་སྣང་བ་སྐྱིད་དུས་རེད།།

ཆོས་ཀུན་རིག་རྒྱུན་ཆད་མེད་པར་ཤོག།

 

དགུང་ཨ་སྔོན་འཇའ་སྤྲིན་ནོར་བུའི་ཁང་།།

དེའི་ནང་ན་ཉི་ཟླ་སྐར་གསུམ་འཛོམས།།

འབྲུག་ཕོ་ཆུང་སྣང་བ་སྐྱིད་དུས་རེད།།

ཆར་སིལ་མ་རྒྱུན་ཆད་པར་ཤོག།

 

སྦྲ་གྲུ་བཞི་གསེར་གྱི་ཀ་ར་ཅན།།

དེའི་ནང་ན་ཕ་ཁུ་སྤུན་གསུམ་འཛོམས།།

མ་སྲུ་མོའི་སྣང་བ་སྐྱིད་དུས་རེད།།

དཀར་འོ་མ་རྒྱུན་ཆད་མེད་པར་ཤོག།

198

རྫ་ཁྲ་ཡག་གསང་ལམ་ཕྲ་མོ་ནས།།

འབྲོང་བྲེ་ལོ་གཤར་གི་གཤར་ལམ་དེ།།

གྲོང་རྔོན་པའི་ཁྲིམས་ཁ་བཙན་ས་རེད།།

ཁྲིམས་ཁྱོས་ར་རྩིས་དང་ངས་ར་བརྩི།།

ཁྲིམས་བརྩི་བརྩི་མེད་ལ་གཏོར་དང་ན།།

འབྲོང་བྲེ་ལོའི་སྔོན་གི་ལས་དབང་རེད།།

 

སྡེ་ཆེན་པོ་གསང་ལམ་གོང་མ་ནས།།

རོགས་ཆུང་ལོ་རྩེད་གི་རྩེད་ལམ་དེ།།

རྒྱ་ནག་པོའི་ཁྲིམས་ཁ་བཙན་ས་རེད།།

ཁྲིམས་ཁྱོས་ར་རྩིས་དང་ངས་ར་བརྩི།།

ཁྲིམས་བརྩི་བརྩི་མེད་ལ་གཏོར་དང་ན།།

རོགས་ཆུང་ལོའི་སྔོན་གི་ལས་དབང་རེད།།

199

རྟ་འདོ་བའི་བཟང་ངན་མི་ཤེས།།

རྐང་སུག་བཞིར་དཔྱད་པ་བཏང་ན།།

རྒྱུག་ལོས་ཡོད་འདོད་གི་རྟ་རེད།།

ས་སོག་པོ་ཐུར་ལ་འཁྱེར་ན།།

ཁྱོད་ས་ན་བློ་གཏད་ཨེ་ཡོད།།

 

རོགས་དེང་ཐོག་བཟང་ངན་མི་ཤེས།།

ཚིག་བཤད་ནོ་དཔྱད་པ་བཏང་ན།།

ཁྲེལ་ལོས་ཡོད་འདོད་གི་རོགས་རེད།།

ཕྱི་གླིང་ཡུལ་མྱི་ཁས་བསྐོར་དུས།།

ཁྱོད་ས་ན་བློ་གཏད་ཨེ་ཡོད།།

 

200

རྫ་ཟུར་གསུམ་ཟུར་ཁ་རིག་དུས།།

འབྲོང་རྭ་ཁ་ཅན་པོ་དྲན་གི།

རྐང་རྨིག་བཞིས་རྫ་རི་འགྲིམས་དུས།།

རང་སྒོ་ཟོག་མིན་ནོ་སྨྲེང་གི།

 

སྡེ་ཟུར་གསུམ་ཟུར་ཁ་རིག་དུས།།

རོགས་ཞེ་འདང་དམར་མ་བོ་དྲན་གི།

ཚིག་སྙན་པོའི་མགོ་ལུང་སྒྲོག་དུས།།

རོགས་ལྷན་འདུག་མིན་ནོ་སྨྲེང་གི།

201

སྟོད་ལྷ་ཡུལ་ཁམས་གི་ཉི་ཟླ།།

ནམ་མུན་ནག་གསལ་གི་སངས་རྒྱས།།

སྤྲིན་ནག་པོའི་བསམ་པ་ནག་གི།

འོད་བར་སྣང་ཁམས་ནས་འདོད་གི།

རླུང་བསེར་བུ་བར་ལ་འཕྲད་ན།།

འོད་མི་རྒྱག་བསམ་པ་མེད་གི།

 

གྲོང་སྡེ་ཆེན་དཀྱིལ་གི་རོགས་ལོ།།

ནམ་རིང་མོ་གཅོད་གི་དགའ་ལོ།།

ཡུལ་རྒྱལ་བློན་བསམ་པ་ནག་གི།

རོགས་ད་ཐེངས་ཐུག་དབང་མ་བྱིན།།

ཚིག་སྔར་བཤད་སྟེང་ནས་བསྡད་ན།།

རོགས་མི་ཐུག་བསམ་པ་མེད་གི།

202

དགུང་ཨ་སྔོན་འདྲ་བའི་སྐྱིད་པོ་ཞིག།

དཀར་བོ་སྤྲིན་གྱི་གུར་ཞིག་ཕུབ།།

གུར་སྒོ་ཕོ་ཆུང་འབྲུག་གིས་ཕྱེས།།

 

འཇའ་ཚོན་སྣ་ལྔའི་མདུན་འཇོག་བཞག།

སྐར་ཕྲན་མང་བོས་སྡེར་ཁ་བསྒྲིགས།།

འབྲུག་སྟོང་གསུམ་གྲག་ནས་མགྲོན་པོ་བོས།།

 

དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་ཡོང་།།

འབྲུག་ཕོ་ཆུང་ལངས་ནས་སྒོ་ཆང་བཟུང་།།

སྦྲང་ཆར་ཟིལ་མ་ས་ལ་བབས།།

འབྲུ་རིགས་སྣ་ལྔའི་ལོ་འདབ་རྒྱས།།

203

སྟོད་སྤང་དཀར་ཁ་ཞེང་ཆེ་རེ་བལྟས།།

ང་ན་ནིང་སྤང་ལ་ཡོང་དུས་སུ།།

ངའི་མགོ་ལ་འགྲིག་པའི་སྲབ་ཅིག་བསྐོན།།

རྒྱབ་ལ་བདེ་བའི་སྒ་ཞིག་ཁུར།།

དྲུག་ལ་བྱམས་ནས་རྨེད་ཅིག་བཞག།

རྟ་རྒྱུགས་རོགས་མེད་ལ་སྒུག་ནས་བསྡད།།

 

ཕྱི་ཁྲོམ་པ་ན་ཟླ་མང་རེ་བལྟས།།

ང་ན་ནིང་ཡུལ་ནས་ཡོང་དུས་སུ།།

ངའི་མགོ་ལ་འགྲིག་པའི་ཞྭ་ཞིག་གོན།།

ལུས་ལ་བྱམས་པའི་གོས་ཤིག་གོན།།

རྐང་ལ་བདེ་བའི་ལྷམ་ཞིག་གོན།།

གླུ་ལེན་རོགས་མེད་ལ་སྒུག་ནས་བསྡད།

204

གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན།།

འདོ་རིག་རྟ་ཡི་བརླ་ཤ་སྦོམ།།

བརླ་ཤ་སྦོམ་རུང་རྨིག་སྣེ་ཕྲ།།

སྟོད་སྤང་ལམ་བཅད་ན་དཀའ་མོ་རེད།།

 

གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན།།

མ་སྲུ་མོ་ཚང་གི་ལྕེ་རྟིང་སྦོམ།།

ལྕེ་རྟིང་སྦོམ་རུང་ལྕེ་སྣེ་ཕྲ།།

གླུ་ཤགས་ལ་སོང་ན་དཀའ་མོ་རེད།།

205

དགུང་ཨ་སྔོན་གནའ་སྐྱིད་ད་སྐྱིད་རེད།།

སྨིན་དྲུག་ཕྲ་མོ་བག་མ་རེད།།

ཐོ་རེངས་སྐར་ཆེན་བག་རོགས་རེད།།

གཡུ་འབྲུག་སྔོན་མོ་མག་པ་རེད།།

ཆར་བསུ་མ་འཛོམས་ན་ཇེ་སྐྱིད་རེད།།

 

སྡེ་ཆེན་པོ་གནའ་སྐྱིད་ད་སྐྱིད་རེད།།

གོས་ཚ་རུ་གོན་ནོ་བག་མ་རེད།།

གཡུ་བྱུ་རུ་འདོགས་ནོ་བག་རོགས་རེད།།

མགོ་ཝ་ཞྭ་གོན་ནོ་མག་པ་རེད།།

ཁ་ཇ་ཆང་འཛོམས་ན་ཇེ་སྐྱིད་རེད།།

206

རྟ་བརྒྱ་སྤང་ལ་ཚོགས་དུས་གི།

རྟ་ཡོད་སེམས་འདི་སྐྱ་མོ་ལམ།།

ལ་རིང་བོ་བཅད་ན་ཇེ་སྐྱིད་རེད།།

རྟ་མེད་སེམས་དེ་གོར་མོ་རྡོ།།

རྡོ་ཁ་ལོ་བསྒོར་ན་ཇེ་ལྗིད་རེད།།

 

ན་ཟླ་ཁྱིམ་ལ་ཚོགས་དུས་གི།

གླུ་ཡོད་སེམས་འདི་མངར་མོ་ཆང་།།

ཆང་འཐུང་གིན་འཐུང་གིན་ཇེ་སྐྱིད་རེད།།

གླུ་མེད་སེམས་དེ་དཀར་པོ་ཁངས།།

ཁངས་ལྷབ་ལྷུབ་བབས་ན་ཇེ་མཐུག་རེད།།

207

རི་གཅིག་ལ་རྩེ་མོ་གཉིས་ཡོད།།

རྩེ་གོང་མའི་མགོ་ནས་བལྟས་ན།།

སེར་ལམ་མེར་དབུས་གཙང་རིག་གི།

དབུས་ཇོ་བོའི་བྱིན་རླབས་བསམ་ན།།

ཕྱག་འཚལ་རྒྱུར་བྲེལ་བ་ལངས་གི།

 

རི་གཅིག་ལ་རྩེ་མོ་གཉིས་ཡོད།།

རྩེ་ཞོལ་མའི་མགོ་ནས་བལྟས་ན།།

ཁྲ་གསལ་ལེར་སྡེ་བ་རིག་གི།

རོགས་ཆུང་ལོའི་ཞེ་འདང་བསམ་ན།།

ཚིག་བཤད་རྒྱུར་བྲེལ་བ་ལངས་གི།

208

སྟོད་སྤང་དཀར་ཀླད་གི་སྦྲ་ཕུབ་ཚོ།།

སྦྲ་ཕུབ་ན་ཆོན་ཐག་སུམ་སྐྱ་བྱོས།།

རླུང་བསེར་བུའི་བསམ་པ་བཙོག་ནི་གི།

རྫོགས་ལོས་དང་མིན་ན་མི་འདོད་གི།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

རོགས་འགྲོག་ན་ཚིག་རྐང་སྡེབ་ཡག་བྱོས།།

སྡེ་ན་ཟླའི་བསམ་པ་བཙོག་ནི་གི།

གཏོར་ལོས་དང་མིན་ན་མི་བསམ་གི།

209

རི་བུམ་པ་ཕྱི་མཆོར་ནང་མཆོར་རེད།།

ཕྱི་འཁོར་ར་བྲག་དང་ཤུག་པ་རེད།།

ནང་འཁོར་ར་རྫ་ཆུ་བསིལ་མ་རེད།།

རི་གང་མཆོར་གང་ན་ཡོད་རུང་།།

བྱ་གང་ཡག་མགོ་ནས་འཁོར་རུང་།།

རི་བུམ་པ་ཡིད་ནས་མི་བརྗེད།།

 

རོགས་ཆུང་ལོ་ཕྱི་མཆོར་ནང་མཆོར་རེད།།

ཕྱི་མཆོར་བ་ཡག་དང་མོ་སྒོ་རེད།།

ནང་མཆོར་བ་འདང་དང་ཞེ་རྩིས་རེད།།

རོགས་གང་མཆོར་གང་ན་ཡོད་རུང་།།

ཞེ་གང་མཐུན་རྩིབ་ནས་རྩེ་རུང་།།

རོགས་ཆུང་ལོ་ཡིད་ནས་མི་བརྗིད།།

210

ནངས་སྔ་མོ་ཉི་རྩེ་རྒྱག་དུས།།

ངས་ཅི་དྲན་ཡང་མོ་གོས་དྲན།།

གོས་འབྲུག་མ་ཟི་ལིང་མཁར་རེད།།

དེའི་མི་ཚད་ཁེ་པའི་ལག་རེད།།

གོས་གོན་གི་དབང་སྐལ་མེད་ནོ།།

ངས་མ་བཤད་ཁྱོས་ར་ལོས་ཤེས།།

 

དགུང་ས་རྩ་རུབ་ནས་ཡོང་དུས།།

ངས་ཅི་དྲན་ཆུང་ལོ་ཁྱོད་དྲན།།

རོགས་ཆུང་ལོ་ཐག་རིང་ཡུལ་རེད།།

དེའི་མི་ཚད་རྒྱ་ནག་རྩིབ་རེད།།

རོགས་འགྲོག་གི་དབང་སྐལ་མེད་ནོ།།

ངས་མ་བཤད་ཁྱོས་ར་ལོས་ཤེས།།

211

སྟོད་ཁ་ལམ་ཉུལ་གི་གསང་ལམ་ནས།།

འབྲོང་ཁྱུ་རེ་གཤར་ནས་འགྲོ་དུས།།

ན་མེ་ཏོག་འབྲས་བུའི་ཡང་ལོང་ནས།།

རྩྭ་ཁམ་གསུམ་ཟོས་པ་ཡིད་ལ་དྲན།།

 

སྡེ་ཁ་ལམ་བརྒྱུད་གི་གསང་ལམ་ནས།།

རོགས་བསྐོར་རེ་རྩེད་ནས་འགྲོ་དུས།།

དགུང་ས་རྩ་རུབ་གི་ཡང་ལོང་ནས།།

ཤ་མཆིན་པ་གླན་ནོ་ཡིད་ལ་དྲན།།

212

མཛོ་ཁྱུང་དཀར་སྙིང་ལ་རྗེ་བོ།།

རྡང་གཅིག་ལ་འདོག་དབང་མེད་ནོ།།

ས་ཡིན་རུང་སེམས་ནས་ལོས་གསལ།།

ཁིས་གཅིག་ནས་ཚོང་བ་གཤར་དུས།།

སུ་ཡིན་རུང་སྨོན་ལམ་དེར་འདེབས།།

213

མཐོ་ལ་རི་རྒྱལ་ལྷུན་པོ་མཐོ།།

ཡངས་ལ་དགུང་སྔོན་གནམ་གྱིས་ཡངས།།

མཐོ་ཡངས་འཛོམས་པའི་གླུ་ཞིག་ལེན།།

 

ཕྱུག་ལ་ཙན་དན་ནགས་ཀྱིས་ཕྱུག།

དཔའ་ལ་དམར་ཡག་སྟག་གིས་དཔའ།།

དཔའ་ཕྱུག་འཛོམས་པའི་གླུ་ཞིག་ལེན།།

214

གྲལ་གོང་མའི་གྲལ་འདི་ཁྱུང་གི་གྲལ།།

ཁྱུང་གི་རལ་ནོར་གཙུག་ན་ཡོད།།

གྲལ་བར་མའི་གྲལ་འདི་སྟག་གི་གྲལ།།

སྟག་གི་འཛུམ་དྲུག་ལུས་ན་ཡོད།།

གྲལ་ཞོལ་མའི་གྲལ་འདི་གཟིག་གི་གྲལ།།

གཟིག་གི་ཨ་ལོང་མཆན་ན་ཡོད།།

215

སྟོད་ཀྱི་རི་འདི་འཁྱིལ་ནོ་གན།།

གནག་མོ་ནོར་གྱི་ཕ་ས་རེད།།

ཞོ་འོ་མ་གཉིས་ཀྱི་གཞི་མ་རེད།།

མ་འཐུང་ཡིད་ན་འགྲངས་སེ་ཡོད།།

 

བར་གྱི་སྤང་རི་འཁྱིལ་ནོ་གན།།

གཡང་དཀར་ལུག་གི་ཕ་ས་རེད།།

གོས་ཕྲུག་གཉིས་ཀྱི་གཞི་མ་རེད།།

མ་གོན་ལུས་ན་དྲོད་ཅིག་ཡོད།།

 

སྨད་ཀྱི་ས་ཞིང་འཁྱིལ་ནོ་གན།།

གྲོ་ནས་གཉིས་ཀྱི་ཕ་ས་རེད།།

ཇ་ཆང་གཉིས་ཀྱི་གཞི་མ་རེད།།

མ་བཏུང་ཡིད་ན་བཟི་སེ་ཡོད།།

216

སྐུ་ཐོག་སྐྱིད་དེ་ཉི་མ་ཤར།།

སྐུ་འདབས་དབྱངས་མོ་ཆོས་ཀྱིས་བསྐོར།།

སྐུ་ནང་བླ་མའི་སྐུ་ཚེ་བརྟན།།

 

མཁར་ཁ་སྐྱིད་དེ་ཉི་མ་ཤར།།

མཁར་འདབས་ཡངས་མོ་དམག་གིས་བསྐོར།།

མཁར་ནང་རྒྱལ་བོའི་སྐུ་ཚེ་བརྟན།།

217

རི་སེར་བོའི་མགོ་ལ་དར་སེར་བརྒྱན།།

དར་སེར་བོ་རླུང་གིས་ཡར་སྐྱོད་བྱེད།།

བན་སེར་མོའི་བསྟན་པ་ཡར་དར་རེད།།

 

རི་དཀར་བོའི་མགོ་ལ་དར་དཀར་བརྒྱན།།

དར་དཀར་བོ་རླུང་གིས་ཡར་སྐྱོད་བྱེད།།

བོད་དཀར་བོའི་བསྟན་པ་ཡར་དར་རེད།།

 

རི་སྨུག་པོའི་མགོ་ལ་དར་སྨུག་བརྒྱན།།

དར་སྨུག་པོ་རླུང་གིས་ཡར་སྐྱོད་བྱེད།།

བོད་དཀར་བོའི་བསྟན་པ་ཡར་དར་རེད།།

 

རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།