༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>གྲོལ་རྩོམ། >> ད་ནངས། རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་ང་གཉིས་ལས་བསླངས་བྱུང༌།
ད་ནངས། རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་ང་གཉིས་ལས་བསླངས་བྱུང༌།
གེ་སར།

ཟི་ལིང་ཟེར་བའི་གྲོངཁྱེར་འདིའི
ཁང་བརྩེགས་ཀྱི་ནགས་ཀླུང་སྟུག་པོའི་གསེབ་ཏུ་ལྷུང་བ་ནས
ངས་ས་འདམས་གྱི་དྲི་མ་ཁ་བོ་མ་ཚོར་ཞིང
རྐ་ཆུའི་བཞུར་སྒྲ་དང་ལོ་ཏོག་གི་སྙེ་མའི་མགོ་ལྕོག་ལྡེམ་ཚུལ་ཡང་མ་མཐོང

ད་ནངས    རྒྱུས་ཡོད་ཀྱི་བྱེས་སྐད་ཅིག་གིས་ང་གཉིས་ལས་བསླངས་བྱུང
གཉིས་ལས་སད་དུས  ང་སྔར་བཞིན་རྣོ་ལྕགས་དང་ཨར་འདམ་གྱི་ཀློང་ལ་འཐིམ་ནས་འདུག

རྒྱུས་ཡོད་ཀྱི་བྱེའུ་སྐད་དེ་སྒྲོག་མཁན་ནི་སྐྱ་ཀ་ཁྲ་མོ་ཞིག་རེད
ཆུང་དུས   སྐྱ་ཀ་ཁྲ་མོ་མཁར་སྟེང་དུ་ཕར་ལྡིང་ཚུར་ལྡིང་སྒོས་གྲགས་ཚེ
དེ་ནི་ཉིན་དེར་མགྲོན་པོ་འདང་ཆེན་ཞིག་ཡོང་རྒྱུའི་སྔ་ལྟས་སུ་བཤད་མོད
ཡིན་ཡང   ངས་ལོ་མང་རིང་དུ་སྒུག་བཞིན་པའི་མགྲོན་པོ་ཉིད་དེ་རིང་ད་དུང་བསླེབ་མ་བྱུང

སྔོན་ཆད  ང་ཕུལ་ན་འཚོ་དུས་སུ
ཞོགས་པར་གཉིས་ལས་སློང་མཁན་ནི་བྱེའུ་སྐད་སྣ་ཚོགས་ཡིན
ནམ་རྒྱུན  ཕ་ཡུལ་གྱི་གཞིས་ཁྱིམ་ཆུང་ངུའི་ནང་དུ་གཉིས་ལས་སད་ཐེངས་རེར
མཐའ་བཞི་སྡོང་བོས་བསྐོར་བའི་རང་ཁྱིམ་ནི་ལྷ་ཡུལ་ཡིན་པར་འཁྲུལ་མྱོང་ཨང

ད་ནངས    རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་ང་གཉིད་ལས་བསླངས་བྱུང
གཉིད་ལས་སློང་བྱེད་ཁ་པར་གྱི་སིང་སྒྲ་མ་གྲགས་སྔོན་དུ
སྐྱ་ཀ་ཁྲ་མོ་ཞིག་གི་སྐད་སྙན་གྱིས་ང་རང་གཉིས་ལས་བསླངས་པས
ང་ཕ་ཡུལ་གྱི་རང་ཁྱིམ་དུ་ཡོད་ཡོད་འདྲ་བའི་སྙིད་སྣང་གིས་བཟི་ཞིང
ཡུན་རིང་ལ    སྒྱུད་ལུག་གིས་ཁེངས་པའི་ཉལ་ཁྲི་འདི་ལས་ཡར་ལངས་མ་འདོད
༢༠༠༩    ༦   ༨ཟི་ལིང་དུ།

 

[ཡོང་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག་དེབ༤བ།] [ཟླ་ཚེས། 10-01-28] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212