སྒྲེན་པོའི་སྙན་ངག་ཚན་པ་བརྒྱད།

   སྒྲེན་པོ། དངོས་མིང་ལ་བནྡེ་སྐྱབས། 1985ལོའི་ལོ་མཇུག་ཏུ་རེབ་གོང་བཙན་མོ་སྟག་ཡན་ཞེས་པའི་རོང་མ་འབྲོག་གི་རུ་སྡེ་ཆུང་ངུ་ཞིག་ནས་སྐྱེས། 2005ལོ་ནས2009ལོའི་བར་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་བཏོན། 2009ལོ་ནས2012ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་ནས་ཞིབ་འཇུག་སློབ་མ་བཏོན། བཀའ་དྲིན་གསུམ་ལྡན་གྱི་མཛུབ་སྟོན་དགེ་རྒན་བདུད་ལྷ་རྒྱལ་མཆོག་གི་དྲུང་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐོར་ལ་བག་ཆགས་སྣ་རེ་བཞག་མྱོང་། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་གསར་འགྱུར་ལོ་ཙཱ་དང་། གསར་འགྱུར་རྩོམ་སྒྲིག གསར་འགོད་པ་བཅས་ཀྱི་ལས་ཀ་གཉེར་མུས་ཡིན།

     ༡ ཁྱེད་ཀྱི་ཞེ་འདང་།

འཇིག་རྟེན་མུན་པས་གཡོགས་པའི་དགུན་གྱི་ས་སྲོས་ཅིག་ལ
ང་རང་ཧ་ཅང་གྲང་ནས་འཁྱགས་གྲིར་ཤི་ལ་ཉེ་དུས
ཁྱོད་ཀྱིས་རང་གི་སྙིང་རྩིད་ཀྱིས་ཐག་པ་ཞིག་བརྒྱུས་རྗེས
རི་བོའི་ཕག་ལ་ནུབ་ཟིན་པའི་ཉི་མར་ཞགས་པ་འཕངས་པས
ཉི་ཟླའི་འཆར་ནུབ་དང་དུས་ཀྱི་བགྲོད་པ་བཀག
མེ་རླབས་རྣ་ཆ་བྱས་པའི་དཔྱིད་ཀྱི་དཔལ་མོ་བསུས

དུས་ཀྱི་བགྲོད་པ་དཔྱིད་ལ་བསྒྱུར་བས
དགུན་སྐམ་ལ་འདུག་ཡུན་རིང་བའི་ང་ཡི་སེམས་ལྗོངས་ནས
ཆུ་མིག་ཤང་ཤང་བརྡོལ ལྗང་མྱུག་གང་སར་འཛུམ
ཕྱེ་ལེབ་འཕུར་ཞིང་ལྡིང བུང་བས་དར་དིར་སྒྲོག
དེ་ནས་བཟུང
ངས་ཁྱོད་ལ་རང་གི་ཉི་མ་ཞེས་ཡང་ཡང་བོས་པ་ཡིན
ཞེ་རྩ་འཁྱགས་པས་བསྡམས་དུས ང་ཡི་ཉི་མ
རྐང་ལམ་རྡོག་པས་གནོན་དུས ང་ཡི་ཉི་མ
            2014.4.14ཉིན་རང་གི་སྙིང་དང་འདྲ་བའི་ཆུང་མ་རྡོ་རྗེ་འཚོར་བྲིས།

      ༢ རྨ་ཆུའི་བཞུར་སྒྲར་ཉན་པ།
ཁྱེད་ཀྱིས་འདི་ནས་རླབས་ཕྲེང་བར་མེད་དུ་རྩེན་གྱིན་དཔག་ཚད་ཅི་ཙམ་དུ་བཞུར་རམ
འདི་ནས་ཁྱེད་རང་གངས་ཀྱི་རལ་ཀློང་དུ་ཞུགས་ནས་ལོ་དང་ཟླ་བ་ག་ཚོད་ལ་གནས་སམ
བསྐལ་བར་བསགས་པའི་ཐ་སྙད་དག་ཕྱེ་མར་འཐག་གིན
དུས་ལ་བརྒྱུས་པའི་ཤེས་རབ་ཀྱི་ཆུ་ཐིགས་བར་མེད་འགྲེམ་གྱིན
ཁྱེད་རང་གང་ནས་གང་དུ་ཆས་ཀྱིན་ཡོད
ཉི་ཟླའི་གུར་ཁྱིམ་ལ་ལྷུང་ལྷུང་གིས་ཆས་ཀྱིན་ཡོད་དམ
རྒྱ་མཚོའི་ཕར་ངོགས་སུ་ཤང་ཤང་གིས་བགྲོད་ཀྱིན་ཡོད

གླེགས་བམ་རྒྱབ་ཁལ་ལོངས་བ་བོང་བུར་བཀལ་ནས་འགྲོ་དོན་མཛད
ས་སྐྱ་བའི་གདུང་འབོད་གཙང་བོའི་ཀློང་ན་ཡོམ
རལ་བ་རྒྱ་ལྕང་ལོ་མ་དད་པའི་གདན་དུ་བཏིངས་ནས་སེམས་རྒྱ་བསྐྱེད
བཙན་པོ་བཀྲོངས་ཁར་བཞེས་པའི་གསེར་སྐྱེམས་རྨ་ཆུའི་འཇིངས་ལ་བཏབ

འབྱུང་གཞིའི་ཆགས་སྡང་མ་འགྱུར་ཁྱེད་ཀྱི་དྭངས་ཆ་རྒས
འཁོར་བའི་འགྲོ་དོན་མ་འགྲུབ་ཁྱེད་ཀྱི་བཞུར་སྒྲ་འཇགས
                   2014.7. 16ཉིན་ཁྲི་ཀ་ནས།

     ༣ གཡུ་ཡི་མེ་ལོང་།

ནམ་མཁའ་དང་ས་གཞིའི་བསྣོལ་མཚམས་སུ
སྲིད་པའི་གངས་རྒན་གྱི་མིག་ཆུ་འཕོ་སའི་གཡུ་ཡི་གཞོང་བ་ཆེན་པོ་ཞིག
མེས་པོའི་ཞབས་རྗེས་རྗེན་འཆར་བྱེད་སའི་གཡུ་ཡི་མེ་ལོང་ཞབས་མེད་ཅིག
བུ་ངའི་ཡ་ཁོག་ལ་བསྐྱིལ་བའི་མིག་ཆུ་བཞིན་སྔོ་མེར་རེར་འཁྱིལ་འདུག
བདག་གི་དད་པའི་ལྷ་མཚོ
དོ་ནུབ་ཁེར་རྐྱང་གི་འགྲུལ་བཞུད་པ་ཁྱེད་ཀྱི་རུམ་ལ་ལོག་ཡོད

དོ་ནུབ་ཁྱེད་ཀྱིས་ང་ལ་རྡོ་བའི་ལྷ་སྒྲུང་དང
ལོ་རྒྱུས་ཀྱི་ངག་སྒྲོས་ཐན་ཐུན་ཞིག་འཆད་ཀྱིན་གང་ལ་ཆས
རླབས་ཀྱི་ཕྲེང་བ་རེ་རེ་གཅིག་འཇགས་གཅིག་ལངས
སེམས་ཀྱི་སྣང་བ་བན་བུན་འཕྱོ་ཞིང་ལྡིང

སྣང་བ་ཞིག་ལ
ཁྱེད་ཀྱི་སྒམ་ཞིང་བརླིང་ལ་ཞི་ཞིང་འཇགས་པའི་རླབས་ཀྱི་ཕྲེང་བ་རེ་རེས
ཕལ་རྐྱང་གི་ང་རང་རླུང་བུ་བཞིན
ཡུལ་དུས་ཀྱི་བཀག་རྒྱ་མེད་པའི་གནས་དང་བ་སྤྲོ་མོ་ཞིག་ཏུ་འཁྱེར་གྱིན་པ་འདྲ
ཀླུ་མོ་དུང་སྐྱོང་དཀར་མོས་ང་ལ་བརྩེ་བ་འཛད་མེད་ཅིག
ཉ་སྲམ་དང་ངང་ངུར་གྱི་རྣམ་པར་སྤྲུལ་ནས་བསྩོལ་གྱིན་པ་འདྲ
སྣང་བ་ཞིག་ལ
ཉི་ཟླའི་འོད་ཐིགས་གནས་འདི་ནས་ཆས་ཏེ་ཕྱིར་གནས་འདི་ལ་འཕྲོ་བཞིན་པ་འདྲ

ང་ཡི་དད་པའི་ལྷ་མཚོ
རྣམ་ཤེས་ཀྱི་རྒྱུན་ཐག་མ་གྲུབ་པའི་གདོད་མའི་གདོད་མ་རུ
ང་རང་ཁྱེད་ཀྱི་ལྷིང་འཇགས་དཀྲོགས་པའི་རྫི་བོ་དེ་ཡིན་ཆོག་པ་ཞུ
ང་རང་ཁྱེད་ཀྱི་མིག་ཆུ་འབྱིད་མཁན་འབྲོག་མོ་ཆུང་ཆུང་དེ་ཡིན་ཆོག་པ་ཞུ
             2014.7.11ཉིན་མཚོ་སྔོན་པོའི་ཁ་རུ་བྲིས།

     ༤ དབྱངས་ཀྱི་མགྲིན་པ།

གླུ་སྐད་ཀྱིས་ཡར་ཀླུང་གི་རབ་ཁ་བཅད་ནས་གྲགས་བྱུང
ལོ་རྒྱུས་ཀྱི་སྨུག་སྤྲིན་བརྟོལ་ནས་མཆེད་བྱུང
སྔོ་རྩྭའི་བསུང་ངད་དང་མེ་ཏོག་གི་དྲི་མ་མནབས་ནས་སླེབས་བྱུང
རྫ་ཆུའི་དྭངས་ཤ་དང་རྫ་རྡོའི་སྲ་མཁྲེགས་རུམ་ནས་བརྡོལ་བྱུང
བློ་ཁོག་གི་གངས་རི་སྒུལ་གྱིན་སྒུལ་གྱིན
རྣམ་ཤེས་ཀྱི་གངས་རྡུལ་གཙུབ་ཀྱིན་གཙུབ་ཀྱིན
ཆགས་སྡང་གི་མཚོ་ཁར་ངང་ངུར་བཞིན་བབས་ནས
ང་ཡི་ནང་ཁྲོལ་བར་མེད་དུ་དཀྲོལ་བྱུང

དོན་ལྔ་སྣོད་དྲུག་གི་སྐུད་རྒྱུན་དཀྲོལ་བའི་ལྡེམ་རྐྱོང་གི་བར་ན
གཤོག་པ་ཐོགས་པའི་རྣམ་ཤེས་ཀྱི་གསོན་གཟུགས་དུ་མ
ཁྲག་རྩའི་ཡུར་ལམ་ལ་མ་ཤོང་བར་འཁྱམས་ཞིང་འཁྱར

གླུ་སྐད་ཆེས་ཐོག་མའི་གངས་རྡུལ་དང་ལྷན་དུ་བབས་བྱུང
གླུ་སྐད་ཆེས་མཐའ་མའི་ཉི་ཟེར་དང་ལྷན་དུ་འཇགས་བྱུང
             2014.6.28ཉིན་གླུ་བ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་དགོང་ཚོགས་ལ་ཉན་རྗེས་བྲིས།

     ༥ ཐག་སྒུལ་འདྲ་གཟུགས།

ངས་སྒྱུ་འཕྲུལ་གྱི་ཞགས་པས་རྨང་ནས་བྲིད་ཟིན་པའི
ཆུ་བུར་གྱི་མིག་ཟུང་སྟོང་ཕྲག ཉེས་མེད་ཀྱི་ལག་ཟུང་གྲངས་མེད
རྨི་ལམ་གྱི་སྐར་མ་རབ་རིབ ཟླ་འོད་ཀྱི་ཕུགས་བསམ་མག་མོག
ལྡེབས་རིས་ཆེན་པོ་ཞིག་གི་ངོས་ན་སོག་སོག་འགུལ་གྱིན་པ་མཐོང
སབ་སིབ་གྲག་གིན་པ་ཐོས
དེ་ནས་གང་ཞིག་ལ་འགྲོ་འདོད་ཀྱི
རྐང་བ་ཁྲོག་ཁྲོག་གི་རྡོག་སྒྲ་གྲངས་མེད
སུ་དང་ཅི་ཡི་སྙིང་ཁྲག་གཞིབ་བསམ་པའི
སོ་ཐམ་ཐམ་གྱི་རྐན་སྒྲ་རྫོགས་མེད
དུས་སྟོང་གི་ཀློང་ཡངས་ས་ན
ཡིད་ཡུལ་གྱི་འབྱམས་ཀླས་ས་ན
རྨུ་ཐག་བཅད་ཤུལ་གྱི་སྐྱོ་གར་འཁྲབ་ཀྱིན་འདུག
རལ་ཀློང་སྔོག་ཤུལ་གྱི་སྡུག་ཡུས་བརྗོད་ཀྱིན་འདུག

གནའ་སྔ་མོ་སྔ་མོ་ཞིག་ལ
རི་མཐོ་ས་གཙང་གི་ཕ་རིའི་སྤང་ཐང་དེ་རུ
དབུ་རྨོག་དང་དར་འཕྲུ་ཤ་ལེར འཁོར་གསུམ་དང་རྔམ་ཟིལ་གྱིལ་ལེར
དབྱངས་གསལ་གྱི་མཚོ་མོ་ཐབས་ཤེས་ཀྱིས་བསྐྱིལ་ཞིང
རྒྱ་སྟག་གི་ཁ་སྤོར་མཛུབ་མོས་མཉེད
གཟིག་རྒོད་ཀྱི་ཐིག་ལེ་རྐང་མཐེབ་ཀྱིས་བསྐོར
དོམ་སྨྱོན་སོར་རྡེལ་འཕངས་ནས་སྒྲིལ
རི་བོར་དཔུང་བས་གཟུ་བ་བརྒྱབ
གནམ་སའི་ཁ་ཚུབས་རལ་གྲིས་བརྒྱབ་ནས་བཅད

ཕར་ནས་ཚུར་དང་ཚུར་ནས་ཕར་ལ་སྒྱུར་བྱེད་དེ་ཀོ
ཚེར་མའི་ཡུ་བ་ཅན་གྱི་འཕྲུལ་ཞགས་ཅིག་ལས
གཅིག་རྗེས་གཉིས་གནོན་གྱི་འབྲེང་ཧྲུལ་ནར་ནར་ཞིག་མིན་དོན་ཅི
                2014.3.20ཉིན་བྲིས།

     ༦ སུན་སྣང་།

དབྱར་ཉི་རིང་མོ་ཞིག་ངག་འཆལ་ལྡབ་ལྡིབ་དང
ཨ་ཐང་ཆད་རྗེས་ཀྱི་རྣམ་རིག་ཉབ་ཉོབ་ལ་བསྲེས་ནས་བསྐྱལ
མི་བཅུ་གྲངས་ཙམ་ཤོང་སའི་ཁང་མིག་འདི
ད་ནི་འཁྲུ་སྐྱུགས་ལྗན་ལྗིན་དང་འུར་ཆོམ་ཡ་ཡོ
དུ་སྨུག་ལང་ལོང་གི་གསེབ་ན་ཡོམ་གྱིན་འདུག

གཟུགས་ཀྱི་ནང་ཁྲོལ་ལ་མ་ཆུད་པའི་མིག་ཟུང་གི་ཚོགས
མེ་མུར་གྱི་འོབས་དོང་དང་རལ་གྲི་ལོ་མའི་ནགས་ཚལ་ན
མིག་གཟུགས་ལ་འཁྲུལ གཟུགས་སེམས་ལ་འཁྲུལ
སེམས་རི་ར་བ་ཁང་ཁྱིམ་ལ་འཁྲུལ
འཁྲུལ་བས་འཁྲུལ་བ་སེལ སྣང་བས་རྣམ་རྟོག་གཅུན
གཅུན་སྟངས་འདི་ཀོ
ཤེལ་སྒོ་བརྟོལ་ནས་ནང་དུ་གསེག་འཕྲོ་བྱེད་ཀྱིན་པའི
མག་མོག་གི་ནུབ་ཁའི་ཉི་ཟེར་དང་ཀུན་ནས་མཚུངས་ཨང

        ༧ དབྱངས་ལ་སིམ་པ།

ང་རང་རོལ་དབྱངས་ཀྱི་སྙིང་ལ་ཞུགས་ཀྱིན་ཡོད
སྒྲ་ཡོད དྲི་ཡོད རོ་ཡོད རེག་བྱ་ཡོད
མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་ཡོད
ཡིད་ཁམས་ཀྱི་ཀློང་ཡངས་ན་སྲ་མཁྲེགས་ཀྱི་རྡོ་བར་སྙིང་སྐྱེས་འདུག

རྡོ་བའི་ངོས་ཀྱི་མེ་ལོང་སིལ་བུར་གས་པའི་ཆག་སྒྲ
སྐར་མདའ་ནུབ་ལ་ལྟུང་བའི་ཆོམ་སྒྲ
འདོད་ཁམས་ནས་གཟུགས་མེད་ཀྱི་ཁམས་གང་རུང་ན་མཆེད

སྨིག་རྒྱུའི་ཀློང་གི་གྱ་གྱུའི་རི་མོ
བཀྲེས་སྐོམ་གྱིས་མནར་བའི་རི་དྭགས་ཀྱི་མིག་ཟུང
གཙང་བོའི་འཕྱོ་འཇགས་ལ་རྣ་གཤོག་སྐྱེས་ཡོད
ལྷུང་ལྷུང་གི་བཞུར་སྒྲས་ང་ཡི་དུས་ཚོད་སྟུང་བར་བྱེད
དུས་བཞིའི་སོ་མཚམས་བརྒལ་ཤུལ་དུ
ང་ཡི་བླ་སྲོག་ལ་ལྗོན་པ་སྐྱེས་འདུག
སྔོ་ལྡེམ་ལྡེམ སྐྱ་ཤིག་ཤིག
ཁངས་སྐྱའི་འཚུབ་མ་དང་མེ་སྟག་གི་ཚག་སྒྲ

རྒྱ་མཚོའི་ངོས་ཀྱི་གཡོར་གྲུ་དེར་དམིགས་ས་མི་འདུག
རོལ་དབྱངས་གསེབ་ཀྱི་བྱེའུ་དེར་གཤོག་སྒྲ་མི་འདུག

     ༨ མྱི།

ཞོགས་པར་རུས་སྦལ་བཞིན་ནུར་འགྲོས་ཅི་ཙམ་བརྒྱབས་ཀྱང
དམིགས་སར་ཐོན་མ་ཐུབ
འགྲེང་ཚུགས་སུ་འདུག་ཐབས་བྲལ་བས
ཉི་མའི་ཤིང་རྟར་བསྡད་ནས
འཇའ་ཚོན་གྱི་ཕྱི་རྗེས་ཡང་ཡང་བསྙེགས
ཁ་བའི་འདབ་མར་ཞོན་ནས་རྨི་ལམ་གྱ་གྱུ་ཞིག་རང་གི་ཕྱི་རྗེས་སུ་འཐེན

ཉིན་གུང་རྐང་བ་གཉིས་ལ་བརྟེན་ནས
གཅོང་རོང་ཞབས་མེད་ཅིག་གི་རབ་ཁ་བརྒལ
འཁྱིལ་ཆུ་ཞིག་ལ་ཡང་བསྐོར་བསྐྱར་བསྐོར་ལན་མང་བྱས་རྗེས
མི་ཚེ་ནི་དུས་ཚོད་ཀྱིས་བཙས་ནས་ཕྱིར་དུས་ཚོད་ཀྱིས་བསུབ་ཀྱིན་པའི
ཚོས་སྣ་དུ་མས་བརྒྱན་པའི་རི་མོ་ཞིག་ཡིན་པར་ངོས་ཟིན་ཐོབ
ལོ་ཟླའི་ཁུར་གྱིས་ནོན་ཡང་མེ་ཏོག་གི་ཟེའུ་འབྲུ་ལོངས་སུ་སྤྱད

དགོང་ཁར་ཚེ་འདིའི་འབུངས་བྱེད་ལག་ཆ་ཡོངས་སུ་བསྡུས་པའི་རྟགས་མཚན་ལ
ལག་རྟེན་ཞིག་ལ་ལུས་སེམས་ཁེན་ནས
ནུབ་ཁའི་ཉི་ཟེར་ལ་ལག་བརྡ་གཏོང་གིན
སྐྱ་མདའ་མ་བཀྱགས་པའི་སྔ་རོལ་དུ
རང་ཉིད་ཀྱི་གྲིབ་གཟུགས་མུན་ནག་གི་དབྱིངས་ལ་བཏབ་རྗེས
ཤུན་པ་དོར་ནས་ཡུན་རིང་མ་སོང་བའི་སྦྲུལ་བཞིན
འཇིག་རྟེན་གཞན་ཞིག་གི་སྒོ་ཐེམ་རྡོག་པས་མནན
              2014.5.13ལ་བྲིས།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲེན་པོའི་སྙན་ངག་ཚན་པ་བརྒྱད།

2014-10-08 སྒྲེན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།