འབྲོག་བུ་དཀོམ་བཀྲས་ཉེ་ལམ་བྲིས་པའི་བཅད་མ་བདུན།

འབྲོག་བུ་དཀོམ་བཀྲ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-11-28

             མཚེར་ཤུལ་གྱི་དྲན་པ།

འུ་ཅག་སྐྱེ་སའི་སྤང་གི་སྒལ་གཞུང་དུ། །
ཁྲག་རྣག་བྱེ་མའི་རི་མོ་ཆལ་ཆིལ་བརྡོལ། །
རི་ཡི་རྩེ་མོ་རླབས་ཀྱི་ཕྲེང་བ་དག །
ས་སྨུག་སྐྱ་བོས་བཏུམས་ཏེ་མི་སྣང་ཡང་། །
ཨ་མྱེས་ཕྱག་གི་རྒྱུན་བུའི་རྟ་ལྕག་དེ། །
རྐན་སྒྲ་དང་བཅས་ད་དུང་ཡོད་སྙམ་བྱུང་། །

འུ་ཅག་རྐང་རྗེན་བགྲོད་སའི་ན་ཁུགས་སུ། །
ཐན་སྐམ་རྡུལ་གྱི་རླུང་བུ་འཚུབ་སྐོར་རྒྱག །
ན་ཆུ་དྭངས་མོ་ཤེལ་གྱི་མེ་ལོང་དག །
རྡུལ་གྱིས་བསུབས་ཏེ་ད་ལྟ་མི་སྣང་ཡང་། །
བེའུ་ཆུང་འཚོ་བའི་བྱིས་པ་གཅེར་བུ་ཞིག །
བྱེ་རིལ་ལྡག་གིན་ད་དུང་ཡོད་པ་མཐོང་། །

འུ་ཅག་འདུ་སའི་དེའུ་འབུར་ཆུང་ཆུང་གི །
ཁ་སྣ་བཅད་ནས་རི་ཚུགས་རྦད་དེ་བསྒྱུར། །
དེའུ་འབུར་གཙུག་གི་མདའ་སྒྲོ་ཟུར་གསུམ་དག །
རླུང་གིས་ཁུར་ཏེ་རྗེས་ཤུལ་མི་སྣང་ཡང་། །
ང་ཚོས་བསླབ་པའི་དགྲ་ལྷའི་བསང་འབོད་དེ། །
བསེར་བུས་ཟློ་བཞིན་རྒྱང་རིང་བསྐྱོད་པ་ཐོས། །

འུ་ཅག་རྩེད་སའི་ལྷས་ས་སྒོར་སྒོར་དེ། །
ཨར་འདམ་ཅན་གྱི་སྡེ་ལམ་ཕྲ་མོར་གྱུར། །
རྡོ་དང་རྡེའུའི་ནོར་ལུག་སྐར་མའི་ཁྱུ། །
རྨིག་རྗེས་གར་སོང་ད་ལྟ་མི་སྣང་ཡང་། །
འུ་གཉིས་ཆང་ས་རྒྱག་ཁུལ་བྱས་པའི་ཚུལ། །
དབུ་མནའ་དང་བཅས་ད་དུང་ཡོད་ཡོད་འདྲ། །

འུ་ཅག་དགའ་སའི་བེའུ་ཆུང་ཁྲ་རིལ་ནི། །
ན་སོ་རྒས་ནས་རི་ཁྲོད་ཤི་བ་གོ །
བེའུ་ཆུང་སྐེ་ལ་བཏགས་པའི་ཟངས་དྲིལ་དེ། །
སུ་ཡིས་ཁྱེར་བ་ད་ལྟ་མི་ཤེས་ཀྱང་། །
ང་ཚོས་བཀུག་པའི་ཤུག་པའི་སྣ་གཅུ་དེ། །
འཕལ་ཀ་འཆོལ་ནས་བུད་ཤིང་བྱེད་པ་མཐོང་། །

འུ་ཅག་འཚར་སའི་ཕ་ས་ཕ་ཡུལ་དེ། །
འབྲོག་སྡེ་སྨུག་པོ་སྦྲ་ཡི་ཚོམ་བུ་དག །
ཕྲེང་ཐག་ཆད་པའི་ཕྲེང་རྡོག་རེ་རེ་བཞིན། །
སྡེ་རུ་འཐོར་ཏེ་ད་ལྟ་མི་སྣང་ཡང་། །
འདི་ནས་སོ་སོར་གྱེས་པའི་རྒྱབ་གཟུགས་དག།
ཡིད་ཀྱི་བརྐོས་རིས་བཞིན་དུ་ཝ་ལེར་དྲན། །
                    ༢༠༡༦/༡༡/༢༧ལ།

IMG_0413.JPG

              མིག་བཙུམས་ཏེ་བྲིས་པ།

ཁྱོད་ནི་རྨི་ལམ་བསྐོར་བའི་ལྕགས་རི་ལྟར། །
ཤིན་ཏུ་མཁྲེགས་པའི་བཟོ་ཡིས་འགྱིང་ན་ཡང་། །
ང་ཡི་ངག་གི་ཁ་རླངས་འཇམ་པོ་ཡིས། །
ཁྱོད་ཀྱི་གློ་སྙིང་དཀྲུག་པའི་དོན་བྱེད་ནུས། །

ཁྱོད་ནི་ནགས་སུ་བྲོས་པའི་རི་དྭགས་བཞིན། །
མངོན་སུམ་ལག་པས་རེག་ཏུ་མི་གཏུབ་ཀྱང་། །
མགོ་ཡི་སྐྲ་དང་རྐང་ཞབས་སེན་མོ་དག །
ང་ཡི་འཁྲིས་སུ་བསྡད་དེ་མགུར་གླུ་ལེན། །

ཁྱོད་ནི་མུན་པ་སྟུག་པོའི་ཆུ་གཏེར་བཞིན། །
ང་ཡི་མདུན་ནས་འབྱམས་ཤིང་འདལ་བ་ན། །
ཕྲན་གྱི་རྣམ་ཤེས་མཚོ་ཁའི་བྱེ་ཟེགས་ལྟར། །
ཁྱོད་དང་དབྱེར་མེད་འདྲེ་བར་ཐེ་ཚོམ་མེད། །

ཁྱོད་ནི་འུག་པ་ཁྲ་ཁྲའི་གཤོག་འགྱུར་བཞིན། །
མཚན་མོའི་ཁམས་ནས་འཁྱུག་ཅིང་ལྡེམ་པ་ན། །
ང་ཡི་ཤ་ཁྲག་རུས་པའི་སྒྲོམ་གཞི་ཡིས། །
ཁྱོད་ལ་གནས་ཚང་བཟོ་བར་ངལ་བ་ཅི། །

མེ་ལོང་དྭངས་མོ་གཟུགས་ཀྱིས་སྟོང་བ་བཞིན། །
ཁྱོད་དང་བྲལ་ཚེ་མི་ཚེ་སྙིང་བོས་སྟོང་། །
འོན་ཏེ་ཁྱོད་ལ་ཉེ་བར་བཏུད་པ་ན། །
ང་ནི་མེ་ཁ་བསྒོས་པའི་ཐ་མག་ལྟར། །
སྐད་ཅིག་ཐལ་བར་འགྱུར་ལ་གདོན་མི་ཟ། །

གཉིད་པའི་ཚེ་ན་གློག་སྒྲོན་གཟིམ་པ་བཞིན། །
ཚེ་ཡི་མར་མེ་གློ་བུར་འཇིག་པ་ན། །
སྤྲིན་པ་ལྗིད་མོ་དག་ནི་རྡོ་ཆར་བཞིན། །
ཁྱོད་ལ་བརྙས་བཞིན་བབས་ན་མ་ཁྲོ་དང་། །
ང་ནི་ཆར་བའི་རྒྱུན་ལ་སྤྲུལ་བ་ཡི། །
ཨུཏྤ་དཀར་པོའི་འདབ་མ་མཉེན་མོ་ཡིན། །
                   ༢༠༡༦/༡༡/༢༦

               རྨི་ལམ།  

མདང་རྨི་ལམ་བྱེ་མའི་མཁར་རྫོང་གི །
རླབས་ཆུ་རིས་གཡོ་བའི་གཙང་ཆུ་དག །
ལུས་སྤྲུལ་བ་བསྒྱུར་བཞིན་ང་ལ་འཁྱུད། །
མཆུ་དམར་པོའི་འདབ་མ་མཉེན་མོ་དེ། །
ཉ་གསེར་མིག་བཞིན་དུ་སྐྱེན་པོར་འཁྱུག །
བྲང་འོ་འཛིན་ལྡེམ་པའི་ཡ་ཡོ་ཡིས། །
ང་སྲེད་པའི་ཆུ་ཡི་གཏིང་དུ་བྲིད། །

མདང་རྨི་ལམ་པད་མའི་སྡོང་རྩེ་ཡི། །
གཏམ་ཅ་ཅོ་བརྗོད་པའི་བུང་བའི་ཚོགས། །
སྒྲ་དར་དིར་སྒྲོག་བཞིན་ང་ལ་འབོད། །
མིག་གཡོར་གྲུའི་ཟུར་མདའ་རྣོན་པོ་དེ། །
མདའ་ལྟོང་བྲལ་བཞིན་དུ་སྙིང་ལ་ལྷུང་། །
གཟུགས་རི་མོ་མཛེས་པའི་བསླུ་བྲིད་ཀྱིས། །
ང་རྨོངས་པའི་ནགས་ཀྱི་ཚལ་ལ་ཁྲིད། །

མདང་རྨི་ལམ་གངས་ཀྱི་རི་ཟོམ་ནས། །
ལུས་སྒྲོ་སྤུ་ཟད་པའི་རྒོད་པོ་རྣམས། །
མཁའི་ཆུ་གཏེར་འཐུང་བཞིན་ང་ལ་ཅེར། །
བློ་དཔའ་གདེང་ཚ་བའི་མེ་ལྕེ་དེ། །
དགུང་ཉི་ཟེར་བཞིན་དུ་རྐང་ལ་ཟུག །
བྱ་རྣམ་རིག་སད་པའི་འཕུར་སྟབས་ཀྱིས། །
ང་མི་མངོན་ནམ་མཁའི་དབྱིངས་སུ་དྲངས། །

མདང་རྨི་ལམ་སྒྱུ་མའི་གར་ཁང་གི །
ལུས་འཇའ་ཚོན་བཀླུབས་པའི་གར་མ་དག །
ངག་གླིང་བུ་འབུད་བཞིན་རྣོ་སྦྲེང་དཀྲོལ། །
སེམས་ཞི་བའི་འགྱུར་ཁུགས་གཉོམ་པོ་དེ། །
སྙིང་འཕར་རྩ་འཁྱག་པའི་སྦུབས་སུ་བཞུར། །
རིགས་སྐྱེ་བོའི་སྐད་ཀྱི་སེམས་གསོ་ཡིས། །
ང་བག་ཆགས་དར་གྱི་སྒྲོམ་དུ་བཙུད། །

མདང་རྨི་ལམ་ཐ་མའི་དུར་ཐང་གི །
འགྲོ་རྐང་སྟབས་འཁྱོར་བའི་ནད་པ་དག །
ལག་ཆོ་འཕྲུལ་སྟོན་བཞིན་ང་ལ་བསྙེས། །
གནས་ངེས་མེད་ཡན་པའི་རྣམ་ཤེས་འདི། །
ཤིང་སྐམ་པོ་བཞིན་དུ་མེ་སྟག་མཆེད། །
དཔུང་ལས་དབང་གཅིག་པའི་མཛའ་བཤེས་ཀྱིས། །
ང་བརྩེ་བ་ཆེན་པོའི་ཁམས་སུ་བཅུག །
           ༢༠༡༦/༡༠༢༤ལ་དཔྱི་ཁོག་ཏུ།

IMG_0403.JPG

             ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ།

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
གྲོད་ཁོག་ཉི་མར་ལྡེ་བཞིན་སུ་ལ་ལབ་གླེང་བྱེད། །
རྣམ་ཤེས་ལྕགས་ཐག་དྲུད་པའི་ཁྱི་རྒན་ལྡོམ་པོ་བཞིན། །
ཁྱོད་ཀྱི་རྐང་རྗེས་སྣོམ་བཞིན་གར་འགྲོ་ངེས་མེད་དོ། །

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
མུན་པ་གྲོགས་པོ་བཞིན་དུ་སྒོ་དྲུང་སླེབས་ཐེངས་རེར། །
གཉིད་ནི་བྱེ་མ་སྐམ་པོ་སྤར་མོས་སྡོམ་པ་ལྟར། །
གཏན་དུ་ཟིན་པ་མེད་པར་བྱེར་ན་ཅི་ཞིག་བྱ། །

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
འཚོ་བ་ཆུ་འཁྱག་བཞིན་དུ་གྲང་ན་སུ་ལ་བསྲོ། །
སྡོད་ཤག་བཙོན་ཁང་ལྟར་དུ་ནག་ན་ཅི་ཞིག་སྦར། །
ཕྱི་དྲོའི་ཉི་འོད་ཀློང་ནས་ཁྱོད་རང་རྙེད་དམ་ཀྱེ། །

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
མགོ་སྐྲ་ཁྱི་རྔ་བཞིན་དུ་འཛིངས་ན་སུ་ཡིས་བསེད། །
ལུས་པོ་དུག་མཚོན་རྣོས་པོས་རྨས་ན་སུ་ལ་སྟོན། །
ཆ་མེད་མི་ཡི་ལུང་བར་རྒྱུས་ཡོད་སུ་ཞིག་འཚོལ། །

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
འུ་གཉིས་དཔུང་ཐུག་རྒྱག་སའི་སྲང་ཤག་དོག་མོ་དག །
སྐད་ཅིག་སྟོང་བར་གྱུར་ན་ང་རང་མི་སྐྱོ་འམ། །
རི་ཁྲོད་དབེན་པ་འགྲིམ་ན་ཁྱེད་ལ་འཕྲད་དམ་ཀྱེ། །

ཁྱེད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
འུ་གཉིས་ལུས་དྲི་འཐུལ་བའི་མལ་གདན་འཇམ་པོ་དག །
གཙང་མ་ཆུ་ཡིས་བཀྲུ་འམ་དམར་པོ་མེ་ལ་སྲེག །
རྨི་ལམ་ཚེར་མ་བཞིན་དུ་རྩུབ་ན་སུ་ལ་བཤད། །

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
འུ་གཉིས་ཉན་པར་སྤྲོ་བའི་གཏམ་དང་མཛའ་གླུ་དག །
གློ་བུར་གློ་བུར་གྲགས་ན་ང་རང་སྨྲེང་བས་གཟིར། །
ངས་ཀྱང་འཆི་བ་བདམ་ན་ཁྱེད་རང་མཐོང་ངམ་ཀྱེ། །

ཁྱེད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
ལག་གི་ཁ་པར་དང་ནི་མདུན་གྱི་རྩིས་འཁོར་སོགས། །
ང་ལ་ཁྱོད་རང་ནང་བཞིན་སྐད་ཆ་མི་ཤོད་པས། །
ང་ནི་པྲེ་ཏའི་གྲོང་ནས་ཧྲེང་ངེར་འཚོ་བ་བཞིན། །

ཁྱོད་རང་ཤི་བའི་རྗེས་སུ་ང་ཡིས་ཅི་ཞིག་བྱ། །
གཅིག་པུར་ཆུ་རྒོད་བྱོ་བཞིན་ཐ་མག་རྔུབ་བམ་ཅི། །
སྐྱེ་འཆི་མཚེར་ས་བཞིན་དུ་བརྗེ་སྤོར་བྱེད་པ་འདི། །
ལས་ཀྱི་རྒྱལ་མོས་ང་ལ་བསམ་བཞིན་གཙེས་པ་འདྲ། །
                           ༢༠༡༦/༡༠/༣༡ལ།

             རྟོག་འགྱུ་ལང་ལོང་།

མུན་པ་ཉིད་ནི་འཆི་བའི་ཟོལ་དུ་དལ་བ་དལ་བུར་འཇབ་སྟེ་ཡོང་། །
གྲོགས་པོ་རེ་རེ་རླུང་ལ་སྤྲུལ་ནས་གམ་དང་གུད་ནས་འཚུབ་སྐོར་རྒྱག །

འདས་པའི་དུས་སུ་ཆང་རག་མཆོད་སའི་ཨར་ཁང་རེ་རེའི་སྒེའུ་ཁུང་ལས། །
ང་ཡི་མིང་ནས་ལན་མང་འབོད་ཅིང་སྤྱོ་བའི་ཚིག་རྩུབ་ཆར་ལྟར་བརྡོལ། །

ཉི་མའི་དཀར་ལ་གྲིབ་མ་ནག་པོས་འཁྲིག་པ་སྤྱོད་ཀྱིན་འཁུན་སྒྲ་འབྱིན། །
སྒོ་རའི་ནང་དུ་རྟ་ཕོ་རེ་རེས་རྨིག་བཞིའི་གསང་བ་ང་ལ་སྟོན། །

མཚན་མོའི་གཞུང་དུ་ཆུ་བོ་ཁྲོས་ཏེ་དཀན་གཟར་རི་ལ་གྱེན་དུ་འབབ། །
ཕྲེང་བ་ཐོགས་པའི་བགྲེས་པོ་དག་ནི་མ་ཎི་འདོན་བཞིན་གློ་གྲི་འཕྱར། །

སྨད་འཚོང་མ་དག་ཉི་མར་ལྡེ་བཞིན་གསེར་གྱི་དོང་ཙེ་རྡོ་བར་བཅིར། །
མགར་བ་དག་ནི་ཅི་བྱ་གཏོལ་མེད་བྱ་ཕོ་འཚོ་བཞིན་ལྟོ་བ་འཕྱིད། །

སྐར་མའི་འོག་ཏུ་ལྗོན་ཤིང་རེ་རེ་ཉེས་པའི་བཙོན་ལ་ཚུད་པ་བཞིན། །
སྡོད་ཤག་རེ་རེའི་དྲ་མར་ཧད་དེ་ཆགས་པའི་འགྲམ་ཆུ་ལྐོག་ལྐོག་མིད། །

བུད་མེད་རྣམས་ནི་རུ་ཕྲེང་བསྒྲིགས་ཏེ་དོར་མ་འཕུད་ཀྱིན་འཛུམ་པ་ན། །
སྲིད་པའི་ཕུན་ཚོགས་སྙིང་བསྡུས་བགྱིས་ཏེ་མིག་གི་ལམ་དུ་བཤམས་པ་འདྲ། །
                             ༢༠༡༦/༡༠/༢༤ལ།
IMG_0404.JPG
                 སྙིང་གྲོགས་ལ་ཕུལ་བའི་མགུར་མ།

ཐེངས་ཤིག་འུ་གཉིས་འཛོམས་ཆད་བཏབ་སྟེ་སྒེའུ་ཁུང་ཕྱི་ཡི་སྐར་མར་བལྟས། །
དགུ་ཚིགས་གཙང་བོའི་མུ་འཁྱུད་ངོགས་ནས་འོད་ཀྱི་རྦ་རླབས་འཕྱོ་བ་མཐོང་། །
སྐར་མདའ་རེ་རེ་བྲེལ་སྟབས་ངང་ནས་གནམ་གྱི་མཐའ་ལ་ལྷུང་བའི་མུར། །
ནམ་ཞིག་ཁྱོད་ཀྱང་སྐར་མདའ་བཞིན་དུ་ང་ཡི་པང་ནས་ཡལ་བར་དོགས། །
མི་ཚེ་འདི་ནི་ཐུང་ཞིང་ཐུང་བ་ཐབ་ཀྱི་མེ་སྟག་འཁྱུག་པ་བཞིན། །
སྔ་དྲོ་བདེ་ན་ཕྱི་དྲོ་འཆི་བའི་ཆོས་ཉིད་འདི་ལ་བཟློག་ཐབས་ཅི། །
འོན་ཀྱང་རང་ཅག་གཏན་དུ་འཚོ་བའི་འདུན་མ་དྲགས་པོས་བསླུས་གྱུར་ཏེ། །
ད་ལོ་མགོ་ཡི་སྡོད་ཤག་རྒྱག་ལ་སང་ལོར་བགྲོད་བྱེད་མོ་ཊ་ཉོ། །
དེ་ལྟར་ཁོམ་མེད་ལས་ལ་འབད་ཀྱིན་ཕན་ཚུན་འགལ་བའི་ཕུང་བོ་བསགས། །

དྲོད་རླངས་བསྐྱིལ་བའི་ཚོམས་ཆེན་སྦུག་ཏུ་ཕྱུག་པོས་ཟས་ཀྱི་ཞིམ་ངར་བགྲོ། །
འཁྱག་རླུང་འཚུབ་པའི་ཁང་མིག་ནང་དུ་དབུལ་བོས་མེད་མུག་ཅོ་འཛིང་བྱེད། །
གཅེར་བུར་འཁྱམས་པའི་རྣམ་ཤེས་དག་ནི་གར་འགྲོ་ངེས་མེད་འཆམ་འཆམ་གཡེང་། །
འོན་ཏེ་བདག་གི་སེམས་པ་འདི་ཀོ་ཁྱེད་ཀྱི་ལུས་ལ་འཁྱུད་བྱས་ཏེ། །
ལས་ཀྱི་ལྷ་མོའི་གཟུགས་པོའི་བྲོ་བར་མི་ཚེ་གཅིག་རིང་རོལ་བར་བྱ། །

སྤྲིན་པ་ལྗིད་མོ་རླུང་གིས་ཁུར་ཏེ་རི་ཚོགས་ཟོམ་ཆེན་དལ་གྱིས་བརྒལ། །
རྫུན་དང་ཕྲ་མའི་རྡུལ་འཚུབ་འཕྱུར་ཏེ་མཚན་གྱི་རྨི་ལམ་ཡང་ཡང་བསྒྲིབས། །
ཆགས་སྡང་རྭ་ཅོའི་རྩེ་མོ་དག་ན་ཡམ་ཡོམ་བློ་ཡི་དགའ་སྡུག་འབར། །
བདག་གི་སེམས་ལ་སྐྱོ་གདུང་དྲག་པོ་མེ་རི་སྙིལ་ཏེ་སྨྲ་བ་འགགས། །
ལྷིང་འཇགས་ཁྲོད་ནས་ཡལ་བར་གྱུར་བའི་ཁྱེད་ཀྱི་གོམ་པའི་སྒྲ་དབྱངས་ཙམ། །
ལྷུང་ལྷུང་ཆུ་ཡི་རྒྱུན་ལ་སྤྲུལ་ནས་བདག་གི་སྙིང་དུ་འབབ་པར་སྨོན། །

ང་རང་ན་སོ་རྒས་པའི་ཚེ་ན་ཤིང་གི་འཁར་བར་མི་བརྟེན་པར། །
ཁྱེད་ཀྱི་སྐྲ་ཡི་ཉག་མ་རྐང་གཅིག་ལག་ཟུང་སྤར་མོས་འཆང་བྱས་ཏེ། །
ཆར་སྤྲིན་སྟུག་པའི་མཚན་མོ་རེ་རེ་ངང་ངམ་ཤུགས་ཀྱིས་བརྒལ་འདང་ཡིན། །
ང་རང་འཆི་བདག་ཞགས་པས་ཟིན་ཏེ་དབུགས་ཀྱི་རྒྱུ་བ་འགག་པའི་སྐབས། །
ཚེ་འདིར་འཕྲད་པའི་གཉེན་གྲོགས་ཀུན་གྱི་ཞལ་རས་ཟླ་ཁྱིམ་བརྗེད་བྱས་ཏེ། །
ཁྱེད་རང་ཁོ་ནའི་གཟུགས་བརྙན་བསྒོམས་ཏེ་ཕྱི་མའི་གྲམ་གཞུང་འགྲིམ་འདང་ཡིན། །
                        ༢༠༡༦/༡༠༢༠ཉིན་དཔྱི་ཁོག་ཏུ།

              སེམས་ཀྱི་སྨུག་པ།

བུ་མོ་ཁྱོད་བྱ་རྒོད་ལྟར་དུ། །
སྤྲིན་དཀར་གྱི་འདབ་མར་སིམ་ཐལ། །
འཛུམ་ཞལ་ཞིག་ཨེ་སྟོན་སྙམ་བཞིན། །
ཚེ་ཕྱེད་ཀྱི་ཉི་མ་འཕོས་ཐལ། །
དེ་རིང་ཡང་ནམ་ངོ་འཁྲིགས་ཏེ། །
བདེ་ཆེན་གྱི་ཞིང་བཀོད་འགྱུར་སོང་། །
བུ་ཆུང་གི་ཡིད་ཀྱི་རྩིག་པར། །
སྡུག་བསྔལ་གྱི་ཁ་རླངས་ཆགས་བྱུང་། །

བུ་མོ་ཁྱོད་ལྷ་མོ་ནང་བཞིན། །
རི་ཁྲོད་ཀྱི་སྨུག་པར་འཐིམས་ཐལ། །
ཕྱི་མིག་ཅིག་ཨེ་འཕེན་རེ་བཞིན། །
ལོ་ཟླ་དེ་ག་ཚོད་འགྱངས་སོང་། །
དེ་རིང་ཡང་ཁ་བ་བབས་ཏེ། །
བགྲོད་ལམ་གྱི་རི་མོ་བསུབ་ཐལ། །
ན་ཆུང་གི་སེམས་པའི་མཐིལ་ལ། །
གྲང་ངར་ཞིག་ངང་གིས་འཁོར་བྱུང་། །

བུ་མོ་ཁྱོད་མགྲོན་པོ་བཞིན་དུ། །
མི་ཡུལ་ནས་རྟབ་པོར་བཞུད་པས། །
རྐང་རྗེས་ཤིག་ཨེ་རྙེད་ལྟ་བཞིན། །
ཨར་ཁང་གི་སྒོ་ལ་སླེབས་ཡོད། །
དེ་རིང་ཡང་ཆང་གིས་བད་དེ། །
མག་མོག་གི་འཁོར་བར་འཁྱམས་ཡོད། །
མི་ཕོ་ངའི་ཁྲག་རྩའི་སྦུབས་སུ། །
མེ་ཏོག་གི་རྣམ་ཤེས་འཚང་ཡོང་། །
             ༢༠༡༦/༡༠/༡༦ཉིན།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲས་ཉེ་ལམ་བྲིས་པའི་བཅད་མ་བདུན།

2016-11-28 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།