ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་བ། 2016ལོའི་བརྗེད་ཐོ།

image001.jpg

ཉི་ནུབ་ཀྱི་ཕྱི་མིག་ངའི་ཁ་གཏད་ཀྱི་ཐོག་ཁང་གི་རྩེ་མོར་ཐོགས་འདུག སེར་ལམ་མེའི་འོད་ཉི་ཚེ་བ་དེ་ནི་2016ལོའི་དུས་ཚོད་ཀྱི་ལྷག་མ་རེད།  དུས་ཚོད་ནི་ངའི་ཕ་ཡུལ་གྱི་གྲོ་ཞིང་གི་རྣང་མའི་བར་ན་རྒྱུ་བའི་སྲོག་ཆགས་གྲུམ་པ་ཟེར་པ་དེ་དང་མཚུངས་ཏེ།  མདུན་དུ་འགྲོ་རྐྱང་བྱེད་པ་ལས་དུས་ནམ་ཡང་ཁ་ཕྱིར་འཁོར་མི་ཤེས།  དེ་བས།  ལྷིང་འཇགས་ཀྱི་ཕྱི་དྲོ་འདིར།  ངས་2016ལོའི་རྒྱབ་གཟུགས་མཐོང་ཞིང་།  2017ལོའི་རྡོག་སྒྲ་ཉེ་བར་བཅར་པ་ཐོས་བྱུང་།

མཁའ་རླུང་གྲང་མོས་ཁོར་ཡུག་གི་ཡོད་ཚད་འཁྱག་རེངས་སུ་བསྒྱུར་བཞིན་པའི་དགུན་གྱི་དུས་ཚོད་འདིར།  ད་ནི་རྐྱང་ཡོད་པ་ཐམས་ཅད་སྐུམ་པར་བྱེད་ཅིང་མངོན་ཡོད་པ་ཐམས་ཅད་གཡོགས་པར་བྱེད་ལ། འཛིང་ཡོད་པ་ཐམས་ཅད་རུབ་པར་བྱེད།  མདོར་ན་དགུན་གྱི་འཁྱག་རླུང་གི་ནང་ནས་ང་ཚོའི་ཡན་ལག་དང་ཉིང་ལག་ཐམས་ཅད་དབང་མེད་དུ་འཁུམ་ཞིང་སོ་སོའི་ཁང་མིག་དྲོན་མོ་རེར་འཛུལ་ནས་སྡོད་ལ།  སྒོ་མོ་དམ་པོར་བརྒྱབ་ནས་དྲོད་ཁོལ་བསྒོམས།  འདི་ལྟ་བུའི་དུས་ཚོད་ནི་ཁ་ནང་ལ་འཁོར་ནས་སེམས་ལྷོད་ལ་འབབ་པའི་གནས་སྐབས་ཡིན་ཞིང་།  དེ་རིང་གི་འདི་ལྟར་ལྷོད་ལྷོད་ངང་2016ལོའི་ཆེས་མཇུག་མཐའི་ཉི་འོད་ཀྱི་ཕྱི་མིག་དེ་ཁ་གཏད་ཀྱི་ཐོག་ཁང་གི་རྩེ་མོར་ཐོགས་ཡོད་པར་བལྟས་ བསྡད་ཆོག  དེ་བས་ཀྱང་།  ལྷོད་ལ་བབས་པའི་གནས་སྐབས་ནི་མནོ་བསམ་གཏོང་པར་འཚམ་པ་སྟེ། བདག་ཅག་གི་ཆོས་ལུགས་སུ་ཡང་ཞི་བར་གནས་པ་ནི་ལྷག་མཐོང་གི་སྔོན་འགྲོ་ཡིན་པར་གསུངས་ཡོད་པ་ལྟར། ངས་ཀྱང2016ལོའི་ལོ་མཇུག་འདིར། རང་སེམས་ལ་ཞི་བར་གནས་ཐུབ་པར་ཟང་ཟིང་འགོག་བྱེད་ཀྱི་ཤེལ་གྱི་སྒྲོམ་བུ་ཞིག་བཟོས་ཏེ།  དེའི་ནང་དུ་ལྷག་མཐོང་གི་མར་མེ་ཞིག་སྦར་ནས་འདས་ཟིན་པའི་2016ལོའི་བྱུང་བ་ཐམས་ཅད་ཤེས་རབ་ཀྱི་འོད་ཀྱིས་སྣང་ཙམ་བྱེད་འདོད་སྐྱེས་བྱུང་།

ལོ་འདི་ནི་ཆེས་སྤྱིར་བཏང་གི་ལོ་ཞིག་སྟེ།  ཆེས་སྤྱིར་བཏང་ཡིན་དོན་ནི་ལོ་འདིར་ཡང་ན་ནིང་ངམ་ཡང་ན་གཞེས་ནིང་དང་མི་འདྲ་བའི་དམིགས་བསལ་གྱི་གྲགས་འགུལ་ཆེན་པོ་མང་པོ་བྱུང་མ་སོང་།  ཡང་ལོ་འདི་ནི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་སྟེ།  ལོ་འདིར་སྒང་བ་བོད་པའི་སྤྱི་ཚོགས་སུ་སྣང་པའི་འཁྱོག་གཟུགས་ཀྱི་སྣང་ཚུལ་ཡོད་དོ་ཅོག་གི་རོལ་རྩེད་དེ་སྔར་བས་ཀྱང་ཚ་ཚ་འུར་འུར་གྱིས་འཁྲབ་ཅིང་།  དེ་ལ་བསྐོར་རུབ་དང་དེ་ལ་འུར་འབོད་བྱེད་པའི་དམངས་རྣམས་སྔར་བཞིན་ཇེ་མང་དང་ཇེ་མང་ཡིན་པས་རེད།  དེ་བས་ཀྱང་།  ལོ་འདི་ལ་ང་ཚོར་སྔར་བཞིན་རེ་ལྟོས་ཁྲོད་ཀྱི་སྨིན་ཉམས་ཡིད་དགའ་བ་ཞིག་ཐོན་མ་སོང་ལ།  རང་རྟོན་ཅི་ཡང་མེད་པའི་མི་ཞིག་ལ་འཛོམས་ངེས་པའི་རྣམ་འགྱུར་དེ་ཡང་ཆད་ལྷག་མེད་པར་ལོ་འདིར་སྒང་བ་བོད་པ་ཀུན་གྱི་རང་གཟུགས་སུ་ཤར་ཅིང་དེ་བས་ཀྱང་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར།   2016ལོ་ནི་ང་ཚོར་མཚོན་ན་ལོ་རྒྱུས་ཀྱིས་བསྐྲུན་པའི་གར་སྟེགས་ཤིག་སྟེ།  དེ་རུ་སྔར་བཞིན་ཤེས་རྨོངས་ཀྱིས་བསྐྱེད་པའི་ཟློས་གར་ཡ་མ་བརླ་ཞིག་འཁྲབ་ཅིང་།  ཁེ་ཕན་གྱིས་ལྷད་པའི་ཞབས་བྲོ་སྐྱུག་བྲོ་བ་རེ་འཁྲབ་བཞིན་འདུག  ཞིབ་ཏུ་རྩིས་ཤིག་བརྒྱབ་ནས་ཟོན་རེ་དེད་ན། 2016ལོ་ནི་ང་ཚོ་སྒང་བ་བོད་ལ་མཚོན་ན་2015 ལོའི་བསྐྱེད་འབྲས་ཡིན་ལ།  ཡང་2017ལོའི་འབྱུང་འགྱུར་གྱི་རྒྱུ་རུ་གྱུར་ཡོད་ངེས་ཏེ།  ང་ཚོར་ཐོབ་ཤོར་ཅི་ཡོད་དང་ང་ཚོར་ཕམ་ཁ་ཅི་ཡོད། ང་ཚོར་སེམས་གསོ་ཅི་ཡོད། ང་ཚོར་སྐྱོ་སྣང་ཅི་ཡོད་ནི་དུས་ཚོད་ཀྱི་ཤོག་ངོར་ཕབ་པའི་བརྗེད་ཐོ་རུ་འགྱུར་ངེས།

2016ལོར། ང་ཚོའི་རྒྱ་ཆེ་ས་དེའི་ངོས་སུ་བབས་པའི་ཆག་གྲུམ་གྱི་གས་ཁ་དེ་ཇེ་ཆེ་དང་ཇེ་མང་དུ་འགྱུར་བཞིན་མཆིས།  ཕ་མེས་ཡང་མེས་ཀྱིས་མི་རབས་དུ་མའི་ཁྲག་རྣག་རྔུལ་གསུམ་ལ་བརྟེན་ནས་བོད་ལྭའི་འདབ་ཁ་བཞིན་མཚམས་རེར་ལྷུག་ལྷུག་གིས་འཐེན་ནས་བསྐྱེད་ཅིང་།  མཚམས་རེར་རྡོག་འཐེན་གྱིས་བདག་པོ་བརྒྱབ་མྱོང་བའི་འཚོ་གནས་ཀྱི་བར་སྟོང་སྟེ།  བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཁོངས་འདི་ལ་ད་ལྟ་ང་ཚོས་“ཕ་ཡུལ་ཡ་ཕ་ཡུལ”ཞེས་བསྟོད་གླུ་རེ་འཐེན་ཏེ།  ཅི་ནུས་གང་ཐུབ་ཀྱིས་གོས་ཀྱི་ཐུ་བ་འདམ་གྱིས་མ་གོས་བ་ཞིག་དང་།  གོས་ཆེན་རི་མོ་སྣུམ་གྱིས་མ་ལྷད་པ་ཞིག་བྱེད་པར་ཨུ་ཚུགས་བརྒྱབ་ཆོག་ཀྱང་།   དེ་བས་ཀྱང་ཉེན་ཁའི་ཆགས་འཇིག་ཡ་ང་བ་ཞིག་ང་ཚོ་དང་ཉེ་བ་བཅར་བཞིན་པ་ནི་ང་ཚོ་བོད་པ་ཐུན་མོང་གིས་མི་ལོ་སྟོང་ཕྲག་ལ་སྲུང་ཞིང་བསྐྱངས་ཡོང་པའི་འདུ་ཤེས་འཛིན་སྟངས་ལ་གས་ཆག་ཤོར་བཞིན་པ་དེ་རེད།   འདི་ནི་ང་ཚོའི་རྒྱ་ཆེ་བ་དེའི་ངོས་སུ་ཤོར་པའི་ཆག་གྲུམ་གྱི་གས་ཁ་སྟེ།  གས་ཁ་ཤོར་བའི་ཚག་སྒྲ་དེ་2016ལོར་སྔར་བས་ཀྱང་ཡ་ང་ལ་རྣ་བར་གཟན་པ་ཞིག་རེད།   ཡབ་མེས་རྣམ་པས་ང་ཚོར་རྒྱ་ཆེ་བའི་ཤུལ་བཞག་གཉིས་བསྐྱུར་ཡོད་པ་ལས་གཅིག་ནི་བོད་ཡུལ་སྟོད་སྨད་བར་གསུམ་ཞེས་པའི་འཚོ་གནས་ཀྱི་ས་ཁོངས་རྒྱ་ཆེ་བ་དེ་ཡིན་ལ།  ཅིག་ཤོས་ནི་བོད་པའི་རིག་གནས་ཞེས་པའི་རིག་གནས་བསམ་བློ་རྒྱ་ཆེ་བ་ཞིག་ཡོད་པ་དེ་ཡིན་ངེས།   སྤྱིར་ལོ་རྒྱུས་ཀྱིས་ར་སྤྲད་ཡོད་པ་ནི།  གོང་གསལ་རྒྱ་ཆེ་བ་དེ་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་རྟེན་ཅིང་འབྲེལ་བ་ཞིག་ཡིན་ཏེ།   ས་ཁོངས་ཀྱི་རྒྱ་ཆེ་བ་དེ་རིག་གནས་བསམ་བློ་རྒྱ་ཆེ་བ་ཞིག་གི་བསྐྱེད་འབྲས་ཡིན་ལ།   རིག་གནས་བསམ་བློ་རྒྱ་ཆེ་བ་དེ་ཡང་ས་ཁོངས་རྒྱ་ཆེ་བ་ཞིག་གི་ནང་ནས་འདབ་མ་རྒྱས་ཤིང་འབྲས་བུ་སྨིན་པ་ཞིག་ཡིན་སྲིད།  ངས་མཚམས་རེར་གཞུང་སྒྲུབ་ཁང་ནས་མེས་པོ་རྣམས་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཀློག་དུས།  གོང་གསལ་རྒྱ་ཆེ་བ་དེ་གཉིས་ནི་བོད་པའི་སྦྲ་ནག་དང་མཚུངས་པའི་ངེས་ཤེས་ཤིག་ངང་གིས་སྐྱེས་བྱུང་སྟེ།  སྦྲ་ནག་ཀ་བརྒྱ་མ་ཡི་ནང་གི་ཁོབས་ཡོངས་པའི་ཤོང་ཚད་དེ་ལ་འདེགས་བྱེད་ཀྱི་ཀ་བ་དང་འཐེན་བྱེད་ཀྱི་ཆོན་ཐག་གང་མང་གིས་ཁག་ཐེག་བྱས་ཡོད་པ་ནང་བཞིན།  ང་ཚོའི་བོད་པ་དག་གི་ས་རྒྱུས་ངོས་ཐད་ཀྱི་ཤོང་ཚད་དང་དེར་འཚོ་ཞིང་གནས་བའི་གནའ་བོའི་མི་རིགས་འདིའི་གྲངས་འབོར་བཅས་མ་འཐོར་མ་ཞིག་པར་ཡོད་པ་ཡང་རྒྱ་ཆེ་བའི་རིག་གནས་ལ་བརྟེན་ཡོད་པ་མ་ཡིན་ནམ་སྙམ།  རིག་གནས་སེམས་ཁམས་ནི་ཀ་བ་ཡིན་ལ།  ཆོན་ཐག་ཡིན།  དུས་ཀྱི་རླུང་གི་ངར་ཁ་ཇི་ལྟར་རྒོད་ཀྱང་།   སྦྲ་ནག་གི་འགྱིང་ཉམས་ལ་གནོད་སྐྱོན་ཅི་ཡང་བཟོ་མི་སྲིད་པ་འདྲ།  

       ཡིན་ན་ཡང་།  2016ལོར་རང་ཅག་གི་རྒྱ་ཆེ་བའི་ངོས་དེར་གས་ཁ་ཟབ་མོ་ཞིག་ཤོར་བྱུང་ལ།  དེ་ཡང་ཐོལ་བྱུང་ཞིག་རྩ་ནས་མ་ཡིན་པར་ལོ་སྔ་མ་དག་གི་ཕྱོགས་སུ་ལྷུང་བ་དག་དང་།  ཁ་གཏད་དུ་ལངས་པ་དག་ཕན་ཚུན་ཡང་དང་ཡང་དུ་བརྡབ་གསིགས་བྱས་པའི་འབྲས་བུར་སྨིན་པ་རེད།  དེ་ཡང་རྐྱེན་ཆུང་ངུ་ཞིག་ལ་བརྟེན་པ་སྟེ།   ལོ་འགོ་འདིར་བོད་མོ་ཞིག་གིས་ལུག་སྟོང་ཕྲག་ཁ་ཤས་སྲོག་བླུ་བྱས་བའི་དོན་རྐྱེན་དེ་དེང་རབས་བརྡ་འཕྲིན་གྱི་མྱུར་ལམ་བརྒྱུད་ནས་གང་སར་བསྒྲགས་པ་ན།  བསྟོད་སྨད་དང་དགག་འཇོག་གི་ལྟ་ཚུལ་ཁ་གཏད་དུ་ལངས་པའི་སྨྲ་བརྗོད་ཀྱི་སྟོབས་ཤུགས་ཆེན་པོ་གཉིས་གངས་ལྗོངས་ལུང་པའི་བསམ་བློའི་ཁྱབ་ཁོངས་སུ་ཤུགས་ཆེར་ལྡང་།   ཞིབ་ཏུ་བསམས་ན།  དེ་ནི་སྲོག་བླུ་རང་སྟེང་ལས་ཆེས་ཆེར་བརྒལ་བའི་རྩོད་གཞི་ཞིག་ཏུ་གྲུབ་ཡོད་དེ།  རྩོད་གཞི་དེའི་ངོ་བོ་ནི་ཆོས་དང་འཇིག་རྟེན།  དུང་ཞེན་དང་དཔྱོད་ཤེས། བྱམས་སྙིང་རྗེ་དང་རྒྱུ་ཁེ་ཕན་སོགས་མ་གཞིར་འགལ་ཟླར་ལངས་མི་དགོས་པ་དག་འགལ་ཟླར་བསླངས་པ་དེ་དང་འབྲེལ་བ་དམ་ཟབ་ཡོད་པ་འདྲ་ལ།  ལོ་སྔོན་མ་དག་ལ་བོད་ཁུལ་ལ་ལར་དར་བའི་སྡིག་སྤོང་དགེ་སྒྲུབ་རྒྱུ་མཚན་དུ་བྱས་ནས་དམར་ཟས་སྤངས་པའི་འབོད་སྐུལ་སོགས་ལས་འགུལ་རབས་དང་རིམ་པ་བྱུང་པའི་འབྲས་རྟགས་སུ་སྨིན་པ་ཡང་ཡིན་སྲིད།  གང་ལྟར་ཀྱང་།   ད་ལྟའི་བར་དུ་གངས་ཅན་བོད་པ་དག་གིས་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཞེས་གུ་ཡངས་པའི་བསམ་བློ་ཞིག་བསྐྱངས་ནས་ཡོང་བ་བདེན་ཡང་། མིག་སྔའི་འདི་ལྟ་བུའི་དཀར་ནག་བདེན་རྫུན་གྱི་སོ་མཚམས་མཇལ་བའི་ཐད་དུ།  ཕན་ཚུན་ཛ་དྲག་པའི་ངོ་ཡ་དང་སྲ་མཁྲེགས་པའི་ལྟ་ཚུལ་གྱི་རལ་གྲི་འཕྱར་ནས་ཁ་གཏད་དུ་ལངས་པའི་ལོ་རྒྱུས་ཤིག་ཕལ་ཆེར་བྱུང་མ་མྱོང་པ་འདྲ།  བསམ་བློའི་ཁྱབ་ཁོངས་ཀྱི་རྩོད་ཉོག་འདི་ནི་རང་རེའི་རྒྱ་ཆེ་བའི་ངོས་དེར་གས་ཁ་ཤོར་བའི་རྟགས་མཚན་མངོན་གསལ་ཞིག་ཡིན་ཏེ།   ལོ་འདིར་དོན་རྐྱེན་ཆུང་ངུ་དེར་རྐྱེན་བྱས་ནས་བོད་པ་དག་ཕལ་ཆེར་གྲུབ་མཐའ་གཉིས་སུ་གྱེས་ནས་ཆགས་སྡང་གི་ཁ་དོག་གིས་ཕྱུག་པའི་ལས་དང་སྦྱོར་བ་བསྟར་ལ། དེ་ལྟའི་སྐད་ཆ་རྩོད་པ་སོགས་དེང་རབས་དྲ་ལམ་དང་གླེང་སྟེགས་འདྲ་མིན།  ཇ་ཁ་ཆང་ཁ་སོགས་སུ་འུར་ལོང་ལོང་བྱེད། ཁོ་ཚོས་ཁྱོད་རྫུན་ང་བདེན་གྱི་རྩོད་པ་ཡང་ཡང་བྱེད།  ཁོ་ཚོས་ཁྱོད་ངན་ང་བཟང་གི་ཚིག་མཚོན་ཡང་ཡང་འདེབས།  ཁོ་ཚོས་ཁུ་ཚུར་བསྒྲེངས།  དཔུང་བ་ངོམས། དེ་ནས་ང་ཚོ་གཞི་ནས་གྲོས་གཞི་ཞིག་གི་མདུན་ནས་གྲོས་ཁ་ཅི་ཡང་མི་འཆམ་པའི་དཀའ་ཁག་ལ་འཕྲད་ཅིང་།  དེ་བས་ཀྱང་ཡ་ང་བ་ཞིག་ནི་གྲོས་ཐོག་གཅིག་ལ་ཡོང་རྒྱུའི་རེ་བའམ་བཟོ་ལྟ་རྩ་བ་ཉིད་ནས་མེད་པ་དེ་ཡིན་སྲིད། 

2016ལོར་རང་ཅག་གི་རྒྱ་ཆེ་བའི་ངོས་དེར་གས་ཁ་ཟབ་མོ་ཞིག་ཤོར་བཞིན་པ་འདི་ནི་ཅི་འདྲའི་སེམས་ཁྲལ་ཆེ་བ་ཞིག་རེད་ཨང་།  སྤྱིར་ན་སྨིན་ཡོད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་གླུ་བརྒྱ་ངག་གཅིག་ལྟ་བུའི་གཅིག་གྱུར་ཡིན་དགོས་དོན་མེད་པར་རང་ཚུགས་དང་ཁྱད་གཤིས་མི་འདྲ་བ་གནས་ཆོག་པའི་གུ་ཡངས་ཡོད་པ་བདེན་མོད།   ཡིན་ན་ཡང་རང་ཅག་གི་མིག་སྔའི་གནས་བབས་ལ་གཞིགས་ན་ཁ་གཏད་དུ་ལངས་པའི་བཟོ་ལྟ་འདི་དག་ནི་མེས་པོའི་སྦྲ་ནག་ཆོམ་སེ་ཉིལ་བའི་སྔ་ལྟས་ཤིག་ཏུ་འགྱུར་ངེས་པ་འདྲ།   དེ་ཡང་རྩོད་གཞི་རང་སྟེང་ལས་བརྒལ་ནས་ཆོས་པ་དང་འཇིག་རྟེན་པ་ཞེས་ཕན་ཚུན་བར་ལ་དབྱེན་དཀྲུགས་བྱེད།   ཡང་རྙིང་མ་དང་གསར་མ་ཞེས་ཆོས་ལུགས་ཀྱི་གྲུབ་མཐའི་ཁྱད་པར་ཇེ་ཆེར་བཏང་ནས་ཁྱོད་དང་ང་ཞེས་དབྱེ།   དེ་ལས་མཆེད་དེ་ས་ཁོངས་དབར་གྱི་རང་ལྟ་མཆོག་འཛིན་གྱི་ཆགས་སྡང་བསླངས།   དེ་ནས་གཏོར་བཤིག་པ་དང་བསྟན་དགྲ།  ཀླད་རྙིང་པ་དང་རྨོངས་དད་ཅེས་བོད་པ་ཕན་ཚུན་བར་ལ་རྒྱང་གིས་བཅད་ནས་དགྲ་གཉེན་གྱི་དབྱེ་བ་བྱུང་། ཞིབ་ཏུ་བསམས་ན་རང་ཅག་གི་མི་རིགས་འདིའི་བྱེ་བྲག་གི་གྲུབ་ཆ་མི་འདྲ་བ་རེ་རེའི་བར་ལ་འགལ་བ་བཟོས་ནས་མཐའ་མར་མི་རིགས་སྤྱིའི་ཆགས་འཇིག་ལ་ཉེན་ཁ་སྤྲད་ཡོང་། འདི་ཡོད་ཚད།   རྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་ཉིད་དར་རྒྱས་སུ་གཏོང་དགོས་པའི་གནད་འགག་གི་དུས་རབས་འདིར་གོད་ཆག་གི་སྔ་ལྟས་ཤིག་ཏུ་གྱུར་ཡོད་ཨང་། 

2016ལོའི་ཆེས་མཇུག་མཐའི་ཉིན་མོ་འདིར།  ངས་སྒེའུ་ཁུང་ལས་ལོ་འདིའི་ཆེས་མཇུག་མཐའི་ཉི་འོད་ཀྱི་ཕྱི་མིག་ངའི་ཁ་གཏད་ཀྱི་ཐོག་ཁང་གི་རྩེ་མོར་ཐོགས་འདུག་པ་མཐོང་།  སྒེའུ་ཁུང་ཁར་མཐའ་སྒྲོམ་སྤུས་ལེགས་མའི་ནང་དུ་བཞུགས་སུ་གསོལ་བའི་བདག་ཅག་གི་སྐྱབས་མགོན་སྟོན་པ་ཉམས་མེད་ཁོང་གིས་སྤྱན་གྱི་རི་མོར་གཡོ་བ་མེད་པར་ཚུར་གཟིགས་འདུག་ཅིང་།   ཁོང་གི་ཞལ་གྱི་རྣམ་འགྱུར་ལས་གསུངས་ཤིག་ཀྱང་འབྱོན་མི་ཡོང་ངམ་སྙམ་པའི་སྣང་བ་ངམ་ངམ་ཤུགས་ཀྱིས་སྤྲད་ཡོང་།   ཁོང་གི་ཁ་གཏད་ནས།  ངས་གནའ་བོའི་མི་རིགས་འདིས་ཁོང་ལ་སྐྱབས་སུ་མཆིས་ནས་ལོ་ངོ་སྟོང་ཕྲག་འགྲོ་བའི་ཚུན་ནས་མིག་སྔའི་འགལ་འདུ་འདི་འདྲ་ཞིག་ལ་ཇི་ལྟར་གདོང་གཏོད་པ་དང་ཇི་ལྟར་ཟླུམ་དགོས་པའི་སྐོར་ལ་སྐྱབས་འཇུག་ཐེངས་ཤིག་ཞུ་འདོད་ཅིང་།  ཁོང་གིས་གསུངས་ཤིག་འབྱོན་ན་ཅི་མ་རུང་སྙམ།  ཡིན་ན་ཡང་ཡོད་ཚད་སོར་ལ་འཇགས་ཟིན་པ་ལྟ་བུའི་ལྷིང་འཇགས་ཤིག་གི་ཀློང་དུ་ལུས་སོང་། ལན་ཅི་ཡང་མ་བྱུང་།  སྐྱབས་སུ་མཆི།  བདག་ཅག་གི་སྟོན་པ།  དགོངས་སུ་གསོལ།   ཁྱེད་དང་འབྲེལ་བའི་རྩོད་གཞི་འདི་ད་ནི་ཇི་ལྟར་ཟླུམ་ཨང་།  

གང་ལྟར་ཀྱང་།  2016ལོར་བོད་རིགས་བུ་མོ་ཞིག་གིས་ལུག་སྟོང་ཕྲག་ཁ་ཤས་སྲོག་བླུ་བྱས་པའི་བྱ་སྤྱོད་དེས་ཁ་བ་བོད་པའི་གོང་གསལ་གྱི་ནང་འགལ་དེ་དག་མི་མངོན་པ་ནས་མངོན་པར་བྱས་ཤིང་།  མངོན་པ་ནས་ཇེ་གསལ་ཏུ་བཏང་སོང་།  ཞིབ་ཏུ་བསམས་ན།  རང་ཅག་གི་རྒྱ་ཆེ་བའི་ངོས་དེར་གས་ཁ་ཤོར་བའི་སྣང་ཚུལ་2016ལོར་སྔར་བཞིན་མང་ནས་མང་དུ་འབྱུང་བཞིན་ཡོད་དེ།   དེ་ནི་བརྡ་འཕྲིན་གྱི་དུས་རབས་འདིའི་གྲོགས་དན་གྱི་འོག་ནས་གཅིག་ཁ་གཅིག་གིས་བརྒྱུད་དེ་སྔར་བས་ཀྱང་མང་ནས་མང་དུ་འགྲོ་ཞིང་།  ང་ཚོའི་དད་མོས་ཀྱི་ཚོར་བ་སྐྱེན་ས་ཞིག་ལ་ཟུག་རྔུ་ཡང་ཡང་བསླངས་ཡོང་།   དམ་པའི་ལྷ་ཆོས་དང་དེའི་བསྟན་པ་འཛིན་པའི་ཆོས་པ་ནི་གནའ་བོའི་མི་རིགས་འདིའི་ཟུར་གསུམ་སྙིང་གི་རྩེ་ན་ལམ་ལམ་འབར་བའི་མར་མེ་དེ་ཡིན་ལ།  མར་མེ་དེའི་འོད་སྣང་ལ་བརྟེན་ནས་རང་ཅག་གིས་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་མུན་པའི་ཁྲོད་ནས་མདུན་ལ་བསྐྱོད་པའི་ལམ་ཀ་བོར་མ་མྱོང་། འོན་ཀྱང་།  ཆོས་དང་ཆོས་པ་ལ་མཚུངས་རྟགས་བཞག་མི་ཆོག་པའི་ངེས་རྟོགས་ཤིག་ད་ལྟ་ང་ཚོར་རིམ་གྱིས་སྐྱེས་ཡོང་ཞིང་།   ཆོས་དང་ཆོས་པ་གཉིས་ནང་འགལ་དུ་འགྲོ་བཞིན་པའི་སྣང་ཚུལ་ཡང་ད་ལྟ་མིག་མཐོང་ལག་ཟིན་དུ་འགྱུར་བཞིན་འདུག  འདི་ནི་དོན་གྱི་གནད་འགག་སྟེ།  འདི་ནི་རང་རེའི་རྒྱ་ཆེ་བ་དེའི་ངོས་སུ་བབས་པའི་གས་ཁ་དེ་ཇེ་ཆེར་གཏོང་བའི་རྩ་བའི་ནང་ཤུགས་དེ་ཡིན་སྲིད།  དེ་བས་ཀྱང་།  མི་རིགས་འདིའི་ཟུར་གསུམ་སྙིང་གི་རྩེ་མོར་སྒྲོན་པའི་མར་མེ་དེའི་འོད་སྣང་ལ་འཇིག་ཉེན་སྤྲད་ཅིང་།  ཡམ་ཡོམ་གཡོ་བའི་འོད་ཀྱི་གོང་བུ་དེས་ང་ཚོའི་མདུན་ཕྱོགས་ཀྱི་ལམ་ཀ་གསལ་ཙམ་དང་མོག་ཙམ་བྱེད། 

དཔེ་བཞག་ན། ནང་ལོགས་པས་“པེ་ཅིན་ཁྲའོ་དབྱང་ཁུལ་ན་བོད་ཀྱི་བླ་སྤྲུལ་འབུམ་གསུམ་བཞུགས་སུ་གསོལ་ལོ”ཞེས་པའི་ཀུ་རེ་དང་འུད་བརྗོད་འདྲེས་མའི་སྐད་ཆ་དེ་2016ལོར་སྔར་བཞིན་ལབ་མཁན་འདུག ཆོས་དང་ཆོས་པ་ནང་འགལ་དུ་འགྲོ་བའི་ཟློས་གར་དེ་དག་ལོ་འདིར་སྔར་བཞིན་མུ་མཐུད་དུ་འཁྲབ་བཞིན་ཡོད་ཅིང་།  དེ་ནི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་དང་མཚུངས། 2015ལོར་མི་ཚེ་གཅིག་ལ་བརྙན་འཕྲིན་ནང་ནས་གོང་མ་འཁྲབ་མཁན་རྒྱ་མི་རུས་ཀྲང་ཅན་དེས་རྒྱ་མི་གཞན་ཞིག་སྟེ།  སྔོན་ཆད་ལྷ་ཆས་མཆོད་ཆས་སྐོར་གྱི་ཚོང་བ་ཆུང་ཆུང་རུས་ངོ་མ་ཝུའུ་ཡིན་པ་ཞིག་ཕྱིས་སུ་བདེན་རྫུན་མི་ཤེས་པའི་བླ་སྤྲུལ་ངོས་འཛིན་གྱི་ཡི་གེ་རེ་གཉིས་ལ་བརྟེན་ནས་མཚན་ལ་པད་མ་འོད་ཟེར་གསོལ་ཅིང་།  ཆོས་ཀྱི་རྒྱལ་པོའི་ཁྲི་ལ་མངའ་གསོལ་མཁན་དེ་ལ་ཕྱག་བྱས་ཤིང་སྐྱབས་སུ་མཆིས་པའི་བརྙན་རིས་ཀྱིས་ང་ཚོར་ཨེན་ཙམ་མིན་ན་མིག་ཆུ་ཡང་འཆོར་ལ་ཁད་བྱས་སོང་།   “ཆོས་ཀྱི་རྒྱལ་བོ”ཁོང་གསེར་ཁྲིར་གསོལ་བའི་“མཛད་སྒོ་”དེ་ནི་ཅི་འདྲའི་“གཟབ་རྒྱས་” ཤིག་རེད་ཨང་།  སྤྱིར་ཡིན་ན་རང་ཅག་གིས་དེ་ནི་མི་རིགས་གཞན་པས་རང་རེར་ལད་མོ་བྱས་པའི་བཞད་གར་ཅིག་རེད་ཅེས་བཏང་སྙོམས་ཀྱི་དབྱིངས་སུ་བཞག་ཆོག་ཀྱང་།  དོན་རྐྱེན་དེ་ཞོ་བཞིན་ཆགས་པ་ད་ར་བཞིན་དཀྲུགས་ཡོང་དུས།  དོན་དངོས་ཀྱི་ངོ་གདོང་དེ་ནི་ཅི་འདྲའི་ལྟར་མི་བཟོད་པ་ཞིག་རེད་ཨང་།  བཞད་གར་དེའི་རྒྱབ་ཡོལ་གྱི་ནང་དུ་རང་རེའི་བླ་སྤྲུལ་གང་མང་གི་གཟུགས་བརྙན་མག་མོག་གིས་མངོན་ཡོང་ལ།  དེ་བས་ཀྱང་བསྟན་པའི་རྒྱུ་རུ་བསྔོ་བར་སྐད་པའི་རྒྱུ་འབྱོར་བའི་ཁེ་ཕན་གྱི་འབྲེལ་ཐག་མང་པོ་ཞིག་རྐྱ་འཐབ་ནས་བཤད་མི་ཤེས་གེ་སར་གྱི་སྒྲུང་དང་བཤིག་མི་ཤེས་གོས་སྐུད་ཀྱི་མདུད་ལྟ་བུ་ཞིག་ཏུ་ཆགས་འདུག  ཡིན་ན་ཡང་ང་ཚོས་རྙོག་འཛིང་དེ་རིགས་ཀྱི་ཕ་མཐའ་ཞིག་ནས།  དཔལ་འབྱོར་གྱི་དུས་རབས་འདིར་ཁེ་ཕན་ནི་ལྷ་བླ་མ་དཀོན་མཆོག་ཡིན་པའི་བདེན་ལུགས་དེས་ཕལ་ཆེར་འཁོར་བ་སྡུག་གི་རྒྱ་མཚོར་མཐོང་ཞིང་རྒྱུ་མི་རྟག་རྩྭ་མགོའི་ཟིལ་བར་དཔེ་ལེན་ལ།  ངེས་འབྱུང་དེར་བརྟེན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་རང་རེའི་སེར་མོ་བའི་སྡེ་ན་ཡང་སྟོན་པའི་བཀའ་ཆོས་ལ་རྒྱབ་འགལ་གྱིས་མིག་སྔའི་རྒྱུ་ནོར་གྱི་ཁེ་ཕན་ལྷ་བླ་མ་དཀོན་མཆོག་ཏུ་སྐྱབས་སུ་འགྲོ་བཞིན་པའི་བདེན་པ་ཞིག་ངང་གིས་མཐོང་ཡོང་།  ཁེ་ཕན་གྱི་ཆེད་དུ།  དགོན་པའི་ལྕགས་རིས་མི་ཁོག་པའི་སེར་མོ་བ་མང་ནས་མང་དུ་འགྲོ་ཞིང་།  སྐུ་ཕྲེང་སྔོན་མའི་ཁྲི་ཁར་མི་བཞུགས་པའི་བླ་སྤྲུལ་མང་ནས་མང་དུ་འགྲོ།  ཁེ་ཕན་གྱི་ཆེད་དུ།  རང་གི་གདུལ་བྱ་ཤུལ་ནས་བསྐྱུར་ཏེ་གཞན་ཡུལ་ལུང་པ་འགྲིམ་མཁན་མང་ནས་མང་དུ་འགྲོ་ཞིང་།  དགོན་གྲོང་བསྐྱུར་ཏེ་རྒྱ་གྲོང་མྱུལ་མཁན་མང་ནས་མང་དུ་འགྲོ།  འདི་ལྟར་ཚད་མེད་པར་མང་དུ་ཕྱིན་པས།   ང་ཚོ་སྔོན་ཆད་སྔོན་ཆད་ཅིག་ལ་ནང་ལོགས་ཀྱི་ཁྱི་འཚོང་བ་དག་གི་གཡོ་འོག་ཏུ་ཚུད་ནས་བྱུང་པའི“འབྲོག་ཁྱི་ཕྱིར་འབོད”ཀྱི་དོན་རྐྱེན་དེ་དང་མཚུངས་པར། (ལོ་དེར། ནང་ལོགས་ཀྱི་འབྲོག་ཁྱིའི་ཚོང་ར་སྐྱོ་རུ་གྱུར་བའི་གནས་ཚུལ་ལེགས་བསྒྱུར་བྱེད་ཆེད།  ཁྱི་འཚོང་པ་ལ་ཤས་ཀྱིས་དྲ་ངོས་སུ་རྐང་བཙུགས་ཀྱིས་རང་རེའི་མེས་པོ་དག་གི་རིང་ནས་སྦྲ་ཁྱིམ་དུད་པ་ཅན་གྱི་སྒོ་སྲུང་སྟེ་ཡོང་པའི་འབྲོག་ཁྱི་ལ་བོ་སྟེ།  ཕྱིས་སུ་ཁེ་ཕན་གྱི་ཆེད་དུ་ནང་ལོགས་ཁྱི་ཉོ་དག་ལ་བཙོང་ཚར་བའི་ཁྱི་རྒན་དེ་དག་ལ་ཚད་ལས་འདས་པའི་མནར་གཅོད་བྱེད་བའི་བརྙན་རིས་དག་སྤེལ་བ་ལ་སེམས་ཀྱིས་མ་བཟོད་པར། བདག་ཅག་གི་“གྲགས་ཅན་མི་སྣ”དག་གིས་“འབྲོག་ཁྱི་ལ་བོ།  ཕྱིར་གངས་རིའི་ཁྱིམ་དུ་ཁྲིད་ཡོང”ཟེར་བའི་བྱ་འགུལ་དེ་འདྲ་ཞིག་སྤེལ་མྱོང་།)ད་ནི་ང་ཚོས“སྐྱབས་གཅིག་བླ་མ་རིན་པོ་ཆེ། ཕྱིར་དགོན་པའི་ནང་དུ་ཕེབས་རོགས”ཞེས་པའི་འབོད་སྐུལ་བསྒྲགས་དགོས་པའི་ཚད་དུ་གདའ། གང་ལྟར་ཀྱང་།  2016ལོར་ཡར་སྔོན་གྱི་སྣང་ཚུལ་དེ་རིགས་སྔར་བས་ཀྱང་རྣག་བཞིན་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད་ཅིང་། ལོ་སྔོན་མ་དག་དང་མི་འདྲ་བའི་སྣང་ཚུལ་ཞིག་མངོན་བཞིན་ཡོད་པ་ནི། ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ས་དང་མི་ཚོགས་མང་ས་འདིར་རང་རེའི་བླ་སྤྲུལ་དག་གི་འཐུས་ཚབ་པ་སྐོར་ཅིག་ཐོན་ཡོང་པ་སྟེ།  དེ་ནི་ནང་ལོགས་རང་ས་རང་ཡུལ་ནས་ཐོན་པའི་རྒྱ་མི་བླ་སྤྲུལ་སྐོར་ཅིག་ཡིན་ལ།  ཁོ་ཚོས་རང་ཉིད་རིན་པོ་ཆེའམ་ཆོས་ཀྱི་རྒྱལ་པོའི་ཁྲིར་གསོལ་ཅིང་།  ཆོས་ཀྱི་འཁོར་ལོ་བསྐོར།  གདུལ་བྱ་རྒྱ་ཆེར་བསྐྱངས།   དེ་བས་ཀྱང་གཟུངས་སྔགས་གསར་རྩོམ་མཛད་པ་སྟེ“རྙིང་མ་པ་མཁྱེན་ནོ།།”ཞེས་མིག་ཟིམ་ཟིམ་གྱིས་བཟློ།   ཁོ་ཚོས་བོད་པ་ཀུན་གྱིས་སྐྱབས་ཡུལ་དུ་སྒོམ་པའི་བླ་སྤྲུལ་བཅུ་ཕྲག་ཁ་ཤས་ཀྱི་མཚན་ནས་བཟུང་སྟེ།  འདི་དག་གིས་ང་རང་“སྤྲུལ་བའི་སྐུ་རུ་ངོས་བཟུང་པ་ཡིན”ཞེས་རང་ཉིད་སྤྲུལ་བ་འཁྲུལ་མེད་ཡིན་པའི་བདེན་པའི་རྒྱབ་རྩར་བསྒྲེངས།  2016ལོར།  ང་ཚོ་འདི་དག་ལ་བདེན་རྫུན་གྱི་བརྡར་ཤ་གཅོད་པར་གཞི་ནས་ཐང་ཆད་སོང་།   འདི་ཐམས་ཅད།  གལ་ཆེན་འགངས་ཆེན་དུ་བརྩིས་ན་ང་ཚོས་མི་རབས་མང་པོར་ཁོག་གི་སྙིང་བཞིན་གཅེས་ཡོང་པའི་དམ་པའི་ལྷ་ཆོས་ཀྱི་རྩིས་ཐང་ལ་འབྲེལ་ཡོད་ཅིང་།   སྣང་མེད་རང་ཤར་དུ་བཞག་ན་དམ་པའི་ཆོས་རང་ཉིད་ལ་འབྲེལ་བ་ཅི་ཡང་མེད་པའི་བཞད་གད་སློང་བའི་རྒྱུ་ཁོ་ན་སྟེ།  མཐར་ཐུག་ཏུ་སུ་ལ་ཤུགས་རྐྱེན་བཟོས་ཡོད་ཟེར་ཚེ།   ལྕགས་རིས་མི་ཁོག་པ་དེ་དག་དང་།  ཁྲི་ཁར་མི་ཆགས་པ་དེ་དག   དགོན་པར་མི་འཁོར་པ་དེ་དག་གི་ལྟོ་ཕོར་དེ།  ཁོང་ཅག་གིས་བསྐྱེད་འབྲས་སུ་གྱུར་ཅིང་རིགས་གཞན་གྱིས་བསྐྱར་དཔར་བརྒྱབ་པའི་བླ་རྫུན་གྲ་རྫུན་དག་གིས།  ཁ་ཕྱིར་འཁོར་ནས་ཁོ་ཚོའི་ལྟོ་ཕོར་འཕྲོག་པའི་ཟློས་གར་དགོད་བྲོ་བ་ཞིག་འཁྲབ་པ་ལས་མ་འདས།  

གང་ལྟར་ཀྱང་།  2016ལོར། རང་རེའི་དམ་པའི་ཆོས་ཀྱི་རང་གཟུགས་སུ་སྨིན་འོས་པའི་ཆོས་པའི་སྡེ་རུ།  སྙེག་འོས་པའི་ཐར་པའི་ལམ་ཁ་མི་སྙེག་པར་ཁ་ཕྱིར་འཁོར་ནས་འཁོར་བའི་འདམ་རར་ལྷུང་ནས་ངུར་སྨིག་གོས་ཀྱི་གཟན་སྣེ་འདམ་གྱིས་ལྷད་མཁན་མང་དུ་འགྲོ་བའི་སྣང་ཚུལ་མཆིས་ཏེ།  ཆབ་སྲིད་ཀྱི་འདུན་མ་འཚོགས་པའི་ཚོགས་འདུ་སྣ་མང་གི་གྲལ་ཤར་རེ་ན་དམར་ལིང་ལིང་བྱེད།   ཉོ་འཚོང་གི་རྒྱལ་ཕམ་རྩོད་ཅིང་ཁེ་སྤོགས་ཀྱི་མངར་ཁ་གཞིབ་པའི་དོ་ར་ན་མགོ་ཀྲོང་ཀྲོང་བྱེད།  འཚོ་གནས་ཀྱི་ཐབས་ལམ་སྟོན་ཞིང་ཁྱིམ་སྲིད་ཀྱི་ཤེས་རབ་སྦྱངས་ས་ན་བདེན་ཅོག་ཅོག་བྱེད།   སྤྱིར་འདི་ནི་འཁྱོག་གཟུགས་སུ་གྱུར་བའི་སྣང་ཚུལ་ཞིག་ལས་མ་འདས་ཤིང་།   རང་རེའི་སྙིང་དབུས་སུ་སྦར་བའི་མར་མེ་རྐོང་བུ་གང་བོ་སྣུམ་ཟད་དུ་གྱུར་བའི་རྒྱུ་ལས་མ་འདས།   སྤྱིར་ཁོང་ཅག་གིས་ཐར་བའི་ས་ལམ་སྙེག་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་ཏེ་མཐར་ཐུག་གི་རྒྱལ་ཁ་ལེན་པར་རེ་བ་ཆེན་པོ་མེད་ཀྱང་།  མ་མཐའ་ཡང་དེ་ལ་འབད་བརྩོན་གནང་ནས་དེ་ལ་བསྙེགས་པའི་ཚུལ་ཙམ་མཛད་པར་ཡང་དོན་སྙིང་ཤིན་ཏུ་ཆེ་སྟེ།  གངས་རིའི་དད་འབངས་ཀུན་གྱི་སེམས་ཀྱི་མོས་གུས་ཀྱི་ལྗང་མྱུག་མི་སྐམ་པའི་རྒྱུ་རུ་མི་འགྱུར་གྲང་།  སྤྱིར་རྒྱ་ཆེན་བསྟན་པའི་ངོས་ནས་བཤད་ན།  གོང་གསལ་གྱི་རིགས་དེ་འདྲ་ནི་མང་པོའི་ནང་གི་ཉུང་ཤོས་དང་།  བརྒྱ་ལམ་ནང་གི་རེ་གཉིས་ཙམ་ཡིན་སྲིད།  ཡིན་ན་ཡང་དེ་དག་ནི་སྤྱིར་བཏང་གི་ཉུང་ཤོས་དེ་ཚོ་མ་ཡིན་ལ་རང་ག་བའི་རེ་གཉིས་དེ་ཚོ་ཡང་མ་ཡིན།  དེ་ཚོ་མཐོ་ས་ནས་བཞུགས་རྒྱུར་དགའ་ལ།  མངོན་ས་ནས་འབུད་རྒྱུར་དགའ།  གྲགས་ས་ནས་བཤད་རྒྱུར་དགའ།  མདོར་ན་དེ་ཚོ་འཐུས་ཚབ་བྱེད་རྒྱུར་དགའ།  དེ་བས།  ཁོང་རྣམ་པའི་ཤུགས་རྐྱེན་གྱིས་རང་ཅག་གི་རྒྱ་ཆེ་སའི་དད་མོས་ཀྱི་ངོས་ལ་ཕབ་པའི་གས་ཁ་དེ་ཀུན་ལས་ཆེ་བར་གྱུར།  གངས་རི་ར་བའི་དད་འབངས་ཀུན་གྱིས་སོ་སོའི་དད་མོས་བྱ་ཡུལ་ལ་དོགས་སློང་བྱེད་པའི་རྒྱུ་རྐྱེན་མང་དུ་བཏང་།  གང་ལྟར་ཀྱང་།  ལོ་འདིར།  ང་ཚོས་ཆོས་དང་ཆོས་པ་གཉིས་ཀྱི་ཧེ་བག་དང་བར་ཐག་ལ་དཔྱོད་ཤེས་ཀྱིས་མནོ་བསམ་ཞིབ་མོ་ཞིག་གཏོང་དགོས་བྱུང་།

ངས་སྒེའུ་ཁུང་ལས་ལོ་མཇུག་གི་སེར་ལམ་མེའི་ཉི་ནུབ་ཀྱི་འོད་ཉི་ཚེ་བ་དེ་ཇ་ནག་ཁུའི་ཁ་རུ་གཡེང་ནས་ཞུ་ལ་ཉེ་བའི་མར་ཐིག་ཅིག་དང་མཚུངས་པ་མཐོང་།  ཕ་ཡུལ་དང་ལེ་དབར་སྟོང་གིས་ཆོད་པའི་ས་མཐའ་འདི་ནས་ངས་རང་ཉིད་ལ་སྔར་མེད་ཀྱི་ལྷོད་ཉམས་ཤིག་དང་ཟུར་དུ་བཀྱེད་པའི་ཤེས་རབ་ཅིག་འཛོམས་པ་ཚོར།  དེ་བས་ཀྱང་ངས་རང་ཉིད་ཀྱི་འཁྲེང་ཞེན་གྱི་སྐུད་སྣེ་རིང་དུ་འཐེན་ཏེ་དཀར་ལམ་མེའི་གངས་རིའི་དབུ་རྩེར་འཁྲིལ་བསྡད་ཡོད་པ་མཐོང་།   དེ་བས་ཀྱང་ངས་རང་གི་དྲན་གདུང་དང་སེམས་ཁུར་གྱི་མིག་ཆུ་སྒྲ་མེད་ཀྱིས་ཡ་ཆུང་ཁོག་ལ་བཞུར་བཞིན་པ་ཚོར་ཞིང་།  ང་རང་ཆུང་ཕྲུ་གུའི་དུས་སུ་བརྩེ་བའི་པང་ལ་བཏབ་ནས་བསྐྱངས་པའི་ཕ་ཡུལ་ན་ལུས་ཡོད་པའི་དྲིན་ཅན་གྱི་ཨ་མའི་སེར་ཁ་བབས་པའི་ཕྱག་ཟུང་དང་།  དེས་སྦྱར་བའི་ཐལ་མོའི་ཕྱག་རྒྱ།  ཉིན་མཚན་ཆགས་མེད་དུ་སྐྱབས་གསུམ་བསླུ་མེད་དུ་སྒོམ་པའི་དད་པ་སོགས་དྲན་ཡོང་།  དེ་དག་དྲན་ཡོང་དུས།  ངས་སྙུག་ཁར་ཚོད་འཛིན་མི་བྱེད་ཐུ་མེད་དུ་གྱུར་སོང་སྟེ།   རང་རེས་ད་ལྟའི་བར་དུ་སྙིང་གི་ནོར་བུ་བཞིན་གཅེས་ཡོང་པའི་དམ་པའི་ལྷ་ཆོས་དང་།   ཟས་ཀྱི་ཕུད་ཀྱིས་བསྐྱངས་ཤིང་མཆོད་པའི་ཁྲི་རུ་བཀུར་ཡོང་པའི་བསྟན་འཛིན་ཆོས་པ་དག  ད་ནི་སྐྱིད་སྡུག་གི་ཀློང་ན་ལུས་པའི་འཇིག་རྟེན་ཁྱིམ་པ་དག་ལ།   སེམས་ཀྱི་བདེ་སྐྱིད་སྟོབས་པའི་དམ་ཆོས་རྣལ་མ་རེ་གསུངས་རོགས།   ཡ་རབས་ཀུན་སྤྱོད་ལེགས་པའི་ཚུལ་ཁྲིམས་ཡང་དག་གི་མིག་དཔེ་རེ་སྟོན་རོགས།   མདོར་ན་རང་རེའི་མི་རིགས་འདིའི་ཆེས་གཙང་དག་གི་ཆ་དེ་ལ་བྱི་དོར་གནང་རོགས།  ཆེས་ཡིད་འོང་གི་ཆ་དེ་ལ་མཛེས་ཆ་སྣོན་རོགས།  དེ་བས་ཀྱང་།  ལྕགས་རིའི་ནང་རོལ་དུ་བཞུགས་རོགས།  ཁྲི་ཁའི་གོང་བ་ནས་མནོན་རོགས།  དགོན་པར་རྒྱུན་བཞུགས་རེ་གནང་རོགས།  སྐྱབས་སུ་མཆི། 

2016ལོར།  རང་རེའི་རྒྱ་ཆེ་བའི་ངོས་དེ་ལ་གས་ཁ་ཤོར་ཚུལ་ལས་རིག་གནས་པའི་སྡེ་ཡི་ཉམས་ང་བའི་གནས་བབས་དེར་འགྱུར་ལྡོག་ཕྲ་མོ་ཨེན་ཙམ་ཡང་བྱུང་མེད་པ་འདྲ།   ང་ཚོ་སྔར་བཞིན་“ཁུ་སིམ་མེར་གནས་པའི་ཕལ་ཆེ་བ”དེའི་བརྟུལ་ཞུགས་བཟུང་ནས་སྡོད།   ང་ཚོ་ནི་“ཚེ་ཕུག་ཆོས་ལ་གཏད།  ཆོས་ཕུག་སྤྲང་ལ་གཏད་པའི་”ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་པའི་སེར་མོ་བའི་སྡེ་དང་གཏན་ནས་མི་མཚུངས་ཏེ།   ང་ཚོ་ནི་འཇིག་རྟེན་འཁོར་བའི་འཚོ་གནས་ཀྱི་འགྲན་རྩོད་ལ་གདོངགཏོད་པའི་གདོང་མཆོང་དཔའ་བོ་དེ་དག་ཡིན།   འཚོ་གནས་ཀྱི་དོན་དུ།  ང་ཚོས་འཚོ་གནས་ལ་ཉེ་བར་མཁོ་བའི་སློབ་གསོ་དང་ལེན་བྱས།  སློབ་གསོ་ལ་བརྟེན་ནས་ང་ཚོ་རིམ་གྱིས་རང་རེའི་ལུག་འཚོ་བའི་འབྲོག་པ་དང་ཞིང་རྨོ་བའི་རོང་པ་སྟེ།  མེས་པོ་དག་གི་རྗེས་འཛིན་མཁན་དམངས་ཕལ་བ་དག་ལས་ལོགས་སུ་གྱེས་ཤིང་།   ང་ཚོར་རིམ་གྱིས་རིག་གནས་པ་ཞེས་པའི་མཚན་སྙན་འབྱོར།   དེ་ནས་བཟུང་།  ང་ཚོ་སྒང་བ་བོད་པའི་རྒྱ་ཆེ་བའི་ངོས་ཐད་ལ་གྲུབ་ཆ་གསར་བ་ཞིག་བྱུང་བ་དང་།  བསམ་བློའི་ཁྱབ་ཁོངས་སུ་སྟོབས་ཤུགས་གསར་བ་ཞིག་རྒྱས་ཤིང་།  ང་ཚོ་དམངས་ཕལ་བའི་སྐྱིད་སྡུག་ལ་ཐད་ཀར་དུ་དོ་ཁུར་བྱེད་མཁན་དང་འགྱུར་བག་རྒོད་པའི་དུས་ཀྱི་རླུང་ཁ་ནས་མི་རིགས་འདིའི་གཡོར་གྲུ་རླབས་ཀྱིས་བདས་ཏེ་ཁ་ཕྱོགས་མ་ནོར་བར་བདེ་སྐྱིད་ཀྱི་གླིང་དུ་ཁྲིད་མཁན་དུ་གྱུར།  མི་རིགས་འདིས་ཀྱང་ང་ཚོར་རེ་ལྟོས་ཀྱི་མིག་ཟུང་ཆེས་ཆེར་གདངས་ནས་ལྟ།   ཡིན་ན་ཡང་།  2016ལོར།  བོད་པའི་རིག་གནས་པའི་སྡེ་ཡི་སྣང་ཚུལ་མང་པོ་ཞིག་སྐབས་རེར་དགོད་འཆོར་ལ་ལན་རེར་ངུ་བྲོ་བ་བྱུང་།   2016ལོར།  གྲགས་འདོད་ལས་བྱུང་པའི་ཧོལ་རྒྱུགས་དང་།  ཧོལ་རྒྱུགས་ལས་བྱུང་པའི་ཟང་ཟིང་གིས་ང་ཚོའི་རིག་གནས་བའི་སྡེ་འདི་ཕྱི་དཀྲུགས་ནང་དཀྲུགས་བྱེད།  རིག་གནས་པར་ཡོད་འོས་པའི་ཁག་འཁུར་དང་།  ལྷོད་ཉམས།  སྒམ་ཚུགས།  དཔྱོད་ཤེས།  གུས་ལུགས་སོགས་ལོ་འདིར་ང་ཚོ་དང་རྒྱང་དུ་བཀྱེད་ཅིང་།   རིག་གནས་པས་བཤད་དགོས་པའི་སྐད་ཆ་མང་པོ་ཞིག་ལོ་འདིར་ང་ཚོའི་མགྲིན་པར་བརྣངས་ནས་ལུས།   ལོ་འདིར།  སྔར་བཞིན་རིག་གནས་པ་རྣལ་མ་དག་གིས་ཁྲམ་པའི་བརྟུལ་ཞུགས་འཁྲབ་ཅིང་།   ཁྲམ་པ་གང་མང་གིས་རིག་གནས་པ་རྣལ་མ་འཁྲབ།  ཁ་གྲགས་ནས་སྐད་ཆ་བཤད་པའི་ཐོབ་ཐང་དང་འཇོན་ཐང་ཡོད་པ་དག་གིས་ཁུ་སིམ་གྱི་རྣམ་ཐར་སྐྱོང་ཞིང་།   ད་དུང་ཆེ་བཤད་དང་མཁས་བཤད་བྱེད་མ་རན་པ་དག་གིས་ཅ་ཅོ་དང་ཀུ་ཅོ་མང་དུ་སྒྲོག   ཁེངས་སྐྱུང་བྱེད་མི་དགོས་པ་དག་གིས་ཚུལ་འཆོས་སྐྱུག་མེར་བ་རེ་བསྟན་ནས་ཉམས་ཆུང་གིས་སྡོད་ཅིང་།  ང་རྒྱལ་སྐྱེས་མི་འོས་པ་དག་གིས་རྒྱུ་མཚན་ཅི་ཡིན་འདི་ཡིན་པའི་གཟེངས་སྤོབས་ཀྱི་ཟེ་བ་འཛིང་འཛིང་བྱེད།   འདི་ལྟར་ལོ་འདིར་སྔར་ལོ་བཞིན་ཡོད་ཚད་འཁྱོགས་གཟུགས་སུ་གྱུར་བའི་རིག་གནས་པའི་སྡེ་རུ་བདེན་པ་བརྡར་བའི་འོད་རྟ་རྔ་ཙམ་ཞིག་དང་།  འཁྱོག་པ་དྲང་པོར་བསྲངས་པའི་ལས་ཉི་ཐིག་ཙམ་རེ་སྒྲུབ་མཁན་བྱུང་ཡོད་ཚེ་དེ་ནི་ང་ཚོའི་བསོད་ནམས་ཀྱི་ལས་འཕྲོ་མ་ཟད་པའི་རྟགས་ཤིག་ལས་མ་འདས།  

2016ལོར།  ང་ཚོས་སྔར་བཞིན་ཆོས་ལུགས་དང་སྲིད་ལུགས་བར་གྱི་གང་གཙོ་མིན་སྐོར་ལ་ཁ་འཐབ་ཡང་ཡང་བྱེད།  དང་པོ་གྲྭ་པ་དང་ཁྱིམ་པའི་བར་ནས་རྩོད།  བར་དུ་སྲིད་གཞུང་དང་དམངས་ཀྱི་བར་ནས་རྩོད།  མཐའ་མར་སློབ་མ་རྣམས་ཀྱིས་ཕན་ཚུན་བར་ནས་རྩོད།   དགེ་རྒན་རྣམས་ཀྱིས་ཀྱང་དེ་བཞིན་རྩོད།  རྩོད་པའི་སྙིང་བོ་ནི་ཆོས་ལུགས་དང་སྲིད་ལུགས་ནི་ཕན་ཚུན་སྤོང་འགལ་ལྟ་བུར་རྩོད།  དེ་ནས་ཞེ་སྡང་ལངས་།  ཕྱོགས་རིས་སུ་འཁྱེར། ཕན་ཚུན་བར་གཟུགས་མེད་ཀྱི་དགྲ་རུ་ལངས།   རྩོད་གཞི་འདི་ལས་མཆེད་པའི་མེ་ལྕེ་ཡིས་ཡབ་མེས་རྣམ་པའི་ལྷ་ཁང་བཤིག་ལ་ཁད་བྱེད།   དེང་རབས་ཚན་རྩལ་རྡུལ་དུ་བརླག་ལ་ཁད་བྱེད།  དེ་འབྲེལ་གྱི་ཕྱོགས་ལྷུང་གི་སྐད་ཆ་དྲ་ལམ་དང་གསར་ལམ་སྣ་མང་ན་འུར་ཆིལ་ཆིལ་བྱེད།  དེ་དག་གི་ཤུགས་རྐྱེན་འོག་ནས་ང་ཚོས་2016ལོར་སྣང་ཚུལ་དགོད་བྲོ་བ་རེ་མཐོང་ཡོང་སྟེ།   སྐྱ་བོའི་སློབ་ར་ན་ཁ་ཏོན་དགེ་སྦྱོར་བྱེད་པ་དང་།   དགོན་པའི་འདུ་ཁང་ན་དབྱིན་སྐད་རྒྱ་སྐད་སྦྱོང་པ།  སློབ་ཆེན་གྱི་རྩོམ་རིག་འཛིན་གྲྭར་དབུ་མའི་ཟབ་ཆོས་ཁྲིད་པ།   དགེ་སློང་ཕྲེང་འཛིན་ཅན་གྱིས་ཆབ་སྲིད་རིག་གནས་རྩོམ་པ།  དགེ་རྒན་ཆེན་མོས་སྒོམ་སྒྲུབ་ཉམས་ལེན་བྱེད་པ་སོགས་གོ་རྒྱུ་དང་མཐོང་རྒྱུ་མང་པོ་བྱུང་།   ད་དུང་ང་ཚོས་སྲོལ་རྒྱུན་དང་དེང་རབས་འགལ་བར་སྒྲུབ་ནས་རྩོད།  སྲུང་འཛིན་དང་གསར་གཏོད་ཁ་གཏད་དུ་བཞག་ནས་བཤད།  རྩོད་གླེང་འདི་དག་གི་གོ་རིམ་དུ་རྒྱལ་ཁོངས་ཕྱི་ན་ཡོད་མཁན་དག་གིས་རྒྱལ་སྤྱིའི་མཐོང་རྒྱ་ང་ལ་ཡོད་ཅེས་དྲག་དྲག་བྱེད།  ནང་ན་ཡོད་པ་དག་གིས་སྐྱིད་སྡུག་ཞིབ་མོ་ང་ཡིས་རྟོགས་ཞེས་རྒྱུས་ལོན་ཡོད་མདོག་བྱེད།   རྒན་པ་དག་གིས་བསམ་མེད་བྱིས་པ་རེད་ཅེས་མགོ་གནོན་ཅི་ཐུབ་བྱེད།  གཞོན་པ་དག་གིས་ཀླད་རྙིང་མཁྲེགས་འཛིན་རེད་ཅེས་ངོ་རྒོལ་ཤུགས་ཆེན་བྱེད།   ཟང་ཟིང་ལང་ལོང་གིས་སྐྱེལ་བའི་2016ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆར།  རིག་གནས་པ་དག་གིས་འཁྲབ་པའི་ཟློས་གར་འདི་ལ་ལྟད་མོ་ཆེན་པོ་བྱུང་སོང་།   སྤྱིར་རྩོད་གླེང་ཅི་བྱུང་ཡང་རྒྱུན་ལྡན་ཡིན་ལ།  ལྷག་པར་དུ་དུས་རབས་ཀྱི་འགྱུར་བག་རྒོད་པའི་གནས་སྐབས་འདི་འདྲ་ཞིག་གི་རྒྱབ་ལྗོངས་འོག་ངོས་གཅིག་ནས་ཟུར་དུ་མར་བཀྱེས་པའི་ལྟ་ཚུལ་མང་པོ་འབྱུང་བ་ཡང་རྒྱུན་ལྡན་ཡིན།  འོན་ཀྱང་།  གནད་འགག་ནི་རྩོད་གླེང་རང་སྟེང་ན་མེད་པར།  རྩོད་གླེང་བྱེད་སྟངས་ཀྱི་ཐོག་ན་ཡོད་དེ།   ང་ཚོའི་རིག་གནས་པའི་སྡེ་ཡིས་ལོ་འདིར་རྩོད་གླེང་བྱེད་སྟངས་ནི་ངུ་བྲོ་བ་ཞིག་རེད་ཨང་།   ཞིབ་ཏུ་བལྟས་ན།  ཁོ་ཚོར་མཚམས་རེར་སྲང་མདོའི་རྒད་མོ་གཉིས་ཀྱིས་ཕན་ཚུན་ལ་དམོད་མོ་དང་ཚིག་མཚོན་འདེབས་པའི་བཟོ་ལྟ་མངོན་ཡོང་ཞིང་།  མཚམས་རེར་ཕ་བསད་གྱོད་པ་གཉིས་འགག་འཕྲང་དོག་མོ་ཞིག་ནས་འཕྲད་པ་ལྟ་བུའི་ཉམས་ཤིག་མངོན་ཡོང་།  ཡང་མཚམས་རེར་བསམ་མེད་བྱིས་པ་གཉིས་ཀྱིས་རྩེད་ཆས་འཕྲོག་རྩོད་བྱེད་པའི་ཚུལ་ཞིག་ཡོད།  རིག་གནས་པའམ་རིག་གནས་པ་རྫུན་མ་དེ་དག་གིས་སྐབས་འདིར་མི་གཞིར་རྡོག་རྫིས་གཏོང་བའི་ཚིག་གི་མཚོན་ཆ་འཕྱར་ནས།  རྩོད་གཞི་རང་སྟེང་ལས་བརྒལ་བའི་འཐབ་མོ་སྦྲན་ཞིང་།  དེའི་གོ་རིམ་དུ་ཕ་རོལ་པོའི་ལུང་དང་རིགས་པར་བློ་ཞིབ་ཏུ་གཏོང་བའི་རྣམ་འགྱུར་མེད་པར་རང་མཆོག་ཏུ་འཛིན་པའི་ཁ་ཕོ་ཞིག་གིས་ཁེངས་ལ།   གཞན་ཕམ་པར་བཏང་ན་རང་གྲགས་པ་རྒྱས་པའི་ཀུན་སློང་ངན་པ་ཞིག་གིས་རྒྱུད་གདོན་གྱིས་བརླམས་ཡོད།   དེ་ལྟར་ང་ཚོ་རིག་གནས་པའི་སྡེ་འདི་ནི་2016ལོར་ཡར་སྔོན་དང་མཚུངས་པར་བདེན་པའི་བུ་ཆུང་དང་རྒྱང་དུ་བཀྱེད་སོང་ལ།  ཤུལ་དུ་ལུས་པ་ནི་མི་རིགས་འདི་མདུན་ལ་བསྐྱོད་པའི་ལམ་ཁ་ནས་སྣེ་ཁྲིད་དར་ཆ་སྨག་གིས་བཟུང་པ་དང་།  ཁ་ཕྱོགས་ནོར་བའི་འབངས་ཕལ་བ་དག་གི་དངངས་འཚབ་ཀྱི་ཤུགས་རིང་ནར་ནར་འབྱིན་པ་དེ་རེད། 

2016ལོར། ང་ཚོའི་རིག་གནས་པའི་སྡེ་ཡི་འགལ་བ་མཐའ་དག་གིས་ང་ཚོར་གསལ་འདེབས་འདི་ལྟ་བུ་ཞིག་བྱས་ཡོད་པ་འདྲ་སྟེ།  དེ་ནི་ང་ཚོས་མི་ལོ་གང་མང་ལ་ཤེས་རིག་བསླབས།  སློབ་གསོ་མྱངས།   ཀུན་སྤྱོད་བསླབས་ནས་ཡོང་ཡང་།  ཆེས་མཇུག་མཐར་ང་ཚོར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཡོན་ཏན་འཛོམས་པ་ཕར་ཕྱོགས།  དེ་ལས་ལྡོག་སྟེ་ཆེས་སྤྱིར་བཏང་གི་རྒྱུན་ཤེས་ལ་རྨོངས་པའི་མི་ཁྱུ་གཅིག་ཏུ་གྱུར་ཡོད་ཅིང་། ང་ཚོས་མི་ཚེ་ཕྱེད་ཙམ་ལ་འཚོ་གནས་ལ་ཉེ་བར་མཁོ་བའི་རིག་གནས་སྦྱངས་ཀྱང་མཐར་ཐུག་ན་རང་ཁ་རང་གིས་གསོ་བའི་སོ་ཚིས་ལ་ཡང་མི་འཇོན་པ་ཞིག་ཏུ་གྱུར་ཡོད་པ་དེ་རེད།   དེ་བས་ཀྱང་ང་ཚོས་ད་ལྟའི་བར་དུ་དཔེ་དེབ་དག་ལས་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་འགྲོ་ལུགས་འདུག་ལུགས་སོགས་བསླབས་ཀྱང་ད་ནི་རྒྱུན་ལྡན་གྱི་ཀུན་སྤྱོད་ལ་ཡང་རྨོངས་པ་ཞིག་ཏུ་གྱུར་ཡོད་པ་འདྲ། 

2016ལོར། ང་ཚོའི་རིག་གནས་པའི་སྡེ་ཡིས་རྨོངས་འཐོམ་འདི་དག་སྔར་བཞིན་འཁྲབ་བྱུང་སྟེ།  ང་ཚོའི་བྱ་དངོས་གང་ཡིན་རུང་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་མཐར་ཐུག་གི་གནས་ལུགས་དེ་ལ་སྣང་མེད་བྱེད་ཅིང་། ང་ཚོས་སྔར་བཞིན་ཟུར་གཅིག་ལ་ངོས་གཉིས་ཡོད་ཆོག་པའི་བདེན་པའི་ངོ་གདོང་རང་རློམ་གྱིས་བསྒྲིབས།  ང་ཚོས་སྔར་བཞིན་རིག་གནས་གང་ཞིག་ཡིན་རུང་རྒྱུ་དང་འབྲས་བུའི་འབྲེལ་བ་བཞིན་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་ལ།  དགག་འཇོག་དང་གསར་གཏོད་མེད་ན་མ་འོངས་ལམ་ཀ་གུ་དོག་མོར་འགྲོ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་སྤྱིར་བཏང་བ་དེའི་རིག་ལམ་ཡང་ཁས་ལེན་མི་བྱེད།  ང་ཚོས་འདས་ཟིན་པའི་མི་དང་བྱ་དངོས་གང་ཞིག་ལ་གདེང་འཇོག་བྱེད་དུས་དེ་རང་བྱེ་བྲག་གི་ལོ་རྒྱུས་རྒྱབ་ལྗོངས་དང་དམིགས་བསལ་གྱི་དུས་རབས་ཀྱི་གར་སྟེགས་ཤིག་ལ་བཞག་ནས་དེ་ཉིད་ལ་དྲང་བདེན་དང་འདྲ་མཉམ་གྱི་སྤྱི་བསྡོམས་ཡང་དག་ཅིག་མི་བྱེད།  སྤྱིར་འདི་ཡོད་ཚད་ནི་ཆེས་སྤྱིར་བཏང་གི་རྒྱུན་ཤེས་ཡིན་ཏེ།   འགྲོ་བ་མིའི་རིགས་ཀྱིས་ཐུན་མོང་གིས་ཁས་ལེན་སྤྲད་ཚར་བའི་རྒྱུན་ཤེས་འབའ་ཞིག་ཡིན།  ཡིན་ན་ཡང་རང་ཅག་གི་རིག་གནས་པ་དག་གིས་ད་དུང་རྒྱུན་ཤེས་འདི་དག་ལ་རྡོག་རྫིས་གཏོང་རྐྱང་བྱེད་ཅིང་།   རང་གི་ལྟ་བ་ཟེར་བའི་རང་ལུགས་ཡ་མ་བརླ་ཞིག་འཁྱེར་ཡོང་ནས་སྒང་བ་བོད་པའི་སྡེ་འདི་ཕུ་དཀྲུགས་མདའ་དཀྲུགས་བྱེད།  ང་ཚོས་མ་གཞི་ནས་རྒྱ་ཆེ་ཞིང་ཁོབས་ཡངས་ཆོག་ཆོག་ཡིན་པའི་བསམ་བློའི་ཁྱབ་ཁོངས་འདི་རྐང་བཙུགས་ནས་གུ་ཇེ་དོག་ཏུ་བཏང་ཞིང་།  དོག་མོར་བསྒྱུར་ནས་ད་ནི་རང་གཅིག་པུ་མ་གཏོགས་ཤོང་མི་ཐུབ་པ་ལྟ་བུ་ཞིག་བཟོས།    སོ་སོའི་འདོད་མོས་དང་མ་མཐུན་ཚེ།  ང་ཚོས་དཀར་ནག་ལ་དབྱེ་བ་མི་འབྱེད་པར་ཕ་རོལ་པོར་བོད་འཚོང་པ།  མི་རིགས་ཀྱི་བླ་འཚོང་པ། ལྟ་ལོག་པ། གཏོར་བཤིག་པ། མེས་པོར་མི་དགའ་པའི་མི་ཞེས་ཞྭ་མོ་ནག་པོ་རེ་གཡོགས་རྐྱང་བྱེད་ཅིང་།   ཡང་ཀླད་རྙིང་པ།  རྨོངས་དད་ཅན།   ཚི་དྲེགས་ཅན་སོགས་རྣ་ལ་གཟན་པའི་མཚང་མིང་རེ་བཏགས་ཡོང་།   འདི་ལྟ་བུའི་གུ་དོག་པའི་བསམ་བློའི་ཁོར་ཡུག་ཅིག་ཏུ་ང་ཚོར་དབུགས་ཀྱང་ལེན་དཀའ་བའི་གནོན་ཤུགས་སྤྲད་ཡོང་ལ།  གཟབ་གཟབ་མ་བྱས་ན་སུ་ཞིག་ཁྱེད་ལ་མ་དགའ་ཚེ་དེ་ཡིས་ཡངས་ཤིང་མྱུར་བའི་དྲ་ལམ་གྱི་གར་སྟེགས་བརྒྱུད་ནས་ཁྱེད་རང་མི་རིགས་གྱི་ཞབས་འདྲེན་ཡིན་པར་བསྒྲགས་པ་ན་ཉིན་མཚན་གཅིག་གི་བར་ནས་ཁྱེད་རང་མི་རིགས་འདིའི་དགྲ་བོར་འགྱུར་སྲིད་ཅིང་།  དེ་དུས་ནམ་ཡང་གཟུར་གནས་ཀྱི་ཚུགས་ཐུབ་ཅི་ཡང་མེད་པར་ཆུ་སྣ་གར་ཁྲིད་བྱེད་པའི་མི་ཚོགས་ཀྱིས་སྲང་ལམ་ཆེ་ཆུང་ཀུན་ནས་ཁྱེད་ལ་དམོད་མོ་དང་ཁ་ཆུ་འདེབས་ངེས་ལ།  དེ་བས་ཀྱང་ཁྱེད་རང་གསར་བུ་ཤེད་ཅན་འགའ་ཡིས་གྲི་བར་ནས་གཏུབས་པའི་ཉེན་ཁ་ཡང་ཡོད་སྲིད། 

ང་ཚོ་རྒྱུན་ཤེས་ལ་རྨོངས་ལུགས་འདི་ནི་ཅི་འདྲའི་ཞེ་ཕངས་པ་ཞིག་ཡིན་ན་ཡང་།  ང་ཚོ་མི་དར་མར་གྱུར་རུང་འཚོ་གནས་ལ་རྨོངས་པའི་ངང་ཚུལ་དེ་ནི་དེ་བས་ཀྱང་ཡ་ང་བ་ཞིག་རེད་ཨང་།   2016ལོར། སློབ་ཆེན་གྱི་སྒོ་ཆེན་ནས་འགྱིང་ཉམས་ཀྱིས་ཕྱིར་ཐོན་པ་མང་པོ་ཞིག་གིས་སྔར་བཞིན་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་ངལ་རྩོལ་བྱེད་པའི་ཕ་མ་ལ་ལག་པ་བསྲིངས་ཡོང་སྟེ།  ཁོ་ཚོའི་ལག་མཐིལ་སྟོང་ལྷང་ལྷང་བྱེད།  དུས་དེ་ནས་བཟུང་ཁོ་ཚོས་འཚོ་གནས་ཀྱི་ཁ་ཕྱོགས་བོར་བའི་འཚོ་བ་རོལ་མགོ་བརྩམས།  འདི་ནི་རང་ཅག་གི་སློབ་གསོའི་ཕམ་ཁ་ཞིག་སྟེ།   ཕམ་ཁ་འདི་ནི་མཐར་ཐུག་ན་འཚོ་གནས་ཀྱི་ཕམ་ཁ་ཞིག་ཏུ་གྱུར་ཡོད་ཅིང་།   ཕམ་ཁ་འདི་ནི་མེ་ལོང་ཞིག་དང་མཚུངས་པར་རང་ཅག་གིས་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ནས་ཡོང་པའི་གོམས་སྲོལ་མང་པོ་ཞིག་ལ་དོགས་སློང་སྤྲད་ཡོང་།  ཐོག་མར་ང་ཚོས་རིག་གནས་སློབ་དགོས་ཞེས་པར་ད་ལྟའི་བར་དུ་ལྟ་བ་ཞིག་མཁྲེགས་འཛིན་བྱས་ཡོང་པ་སྟེ།  ང་ཚོའི་རིག་གནས་ཀྱི་རེའུ་མིག་ཏུ་འཁོད་ཡོད་པ་ནི་འདས་དུས་ཀྱི་ཤུལ་བཞག་འབའ་ཞིག་སྟེ།   ལོ་རྒྱུས་དང་།  ཆོས་ལུགས།  ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཁེངས་ཤིང་།   ང་ཚོས་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་བསླབས།   ཆོས་ལུགས་ཀྱི་ཆེད་དུ་ཆོས་ལུགས་བསླབས་པས་གཞི་ནས་རང་ཅག་ནི་དུས་ནམ་ཡང་ཁ་ཕྱིར་འཁོར་ནས་སྡོད་མཁན་འབའ་ཞིག་ཏུ་གྱུར། དེ་བས་ཀྱང་ཡ་ང་བ་ཞིག་ནི་ང་ཚོའི་རིག་གནས་པའི་སྡེ་རུ་འགའ་ཤས་ཤིག་ཁ་ཕྱིར་འཁོར་ཡོད་པ་མ་ཡིན་པར། ཕར་བལྟས་ཚོད་ཀྱིས་ང་ཚོའི་རིག་གནས་པ་ཡོད་དོ་ཅོག་གིས་མ་འོངས་པར་རྒྱབ་གཟུགས་སྟོན་པའི་བརྟུལ་ཞུགས་བཟུང་ཡོད་པ་འདྲ། དེར་བརྟེན།  ང་ཚོའི་སློབ་གསོའི་ནང་དུ་དུས་ནམ་ཡང་ཁ་ཕྱིར་འཁོར་ཏེ།  རང་ཅག་གི་འོད་སྟོང་ལྡན་པ་དང་གཟི་འོད་འབར་བ་ཁོ་ནར་ཚིམས་ནས་སྡོད་པ་ལས།  ཉེ་འཁོར་ལ་མིག་བཤེར་བྱེད་པའམ་མདུན་ལ་བལྟ་བའི་མིག་རྒྱང་གིས་ལྡོངས།  ཡིན་ན་ཡང་འཚོ་གནས་ཀྱི་གནད་དོན་ནི་ཏག་ཏག་ཁ་ཕྱིར་འཁོར་དགོས་པ་ཞིག་མ་ཡིན་པར་མདུན་ལ་འཁོར་དགོས་པ་ཞིག་ཡིན་པས།  གཞི་ནས་ང་ཚོས་རང་གིས་བསླབས་པའི་རིག་གནས་ཀྱིས་གནའ་བོའི་མི་རིགས་འདིའི་མིག་སྔའི་འཚོ་གནས་ལ་སྲི་ཞུ་བསྒྲུབས་པའི་ནུས་པ་འཛོམས་རྒྱུ་ཕར་ཞོག   དུས་ཚོད་མང་པོ་ཞིག་ཏུ་ཐ་ན་རང་ཁ་རང་གིས་ཀྱང་གསོ་ཁག་པོར་གྱུར་ཡོད་པའི་ཉེན་ཁ་བྱུང་།   འདི་ལྟ་བུའི་ཉེན་ཁ་ཡོད་བཞིན་དུ་རང་ཅག་གིས་མེད་པའི་ཚུལ་ཡང་ཡང་སྟོན།  དེ་ལ་གཡོལ་ནས་དེ་རང་མི་གླེང་།  སློབ་གསོ་གཏོང་མཁན་གྱིས་མི་གླེང་ལ།  སློབ་གསོ་མྱངས་མཁན་གྱིས་ཀྱང་མི་གླེང་། ཀུན་གྱིས་འདིའི་ཐད་དུ་མཐའ་གཅིག་ཏུ་མི་སྨྲ་བའི་བརྟུལ་ཞུགས་བཟུང་བས་ང་ཚོ་གཞི་ནས་འཚོ་གནས་ལ་མི་འཇོན་པའི་རིག་གནས་པའི་སྡེ་ཞིག་ཏུ་གྱུར།   སྤྱིར་ཆེས་རྩ་བའི་འཚོ་གནས་ཀྱང་ཐག་གཅོད་བྱེད་མི་ཐུབ་པ་ཞིག་གིས་རིག་གནས་དང་ལྟ་བ།  བསམ་བློ་སོགས་གླེང་པ་ནི་ཅུང་དགོད་ཤོར་བ་ཞིག་ཡིན་ན་ཡང་།  རང་རེའི་སྡེ་རུ་ཏག་ཏག་གླེང་གཞི་འདི་འདྲ་ལ་སྤྲོ་སྣང་གིས་ཁེངས་ཡོད་པ་ནི་ལག་སྣེ་ན་འཚོ་གནས་དང་འབྲེལ་བའི་ལས་ཀ་མེད་པའམ་ཤིན་ཏུ་ཉུང་བ་སྐོར་ཅིག་ཡིན་པ་འདྲ།  གང་ལྟར་ཀྱང་།  2016ལོར། སྔར་བཞིན་འཚོ་གནས་ལ་རྨོངས་པའི་གནས་བབས་སྐྱོ་བོ་དེར་འགྱུར་བ་ཆེན་པོ་མི་འདུག་པ་འདྲ།  ང་ཚོ་འདི་ལྟར་འཚོ་གནས་ལ་མི་འཇོན་པས།  ཡབ་མེས་རྣམ་པས་བོད་ལྭའི་འདབ་ཁ་བཞིན་རྒྱ་ཆེར་བསྐྱེད་པའི་ས་གཞིའི་ཐོག་ཏུ་འཚོ་གནས་ཀྱི་བདག་པོ་གསར་བ་བསླེབས་ནས་གཞི་བཅའ་ཞིང་།   ཁོ་ཚོ་ནི་འཚོ་གནས་ཀྱི་འགྲན་རྩོད་ལ་རབ་ཏུ་བྱང་ཞིང་ཤིན་ཏུ་འཇོན་པའི་ཕྱི་ཡོང་པ་སྐོར་ཅིག་སྟེ་ཁོ་ཚོས་འཇིག་རྟེན་པའི་རྒྱུ་འབྱོར་བ་དང་ནོར་ལོངས་སྤྱོད་ཀྱི་ཕུན་ཚོགས་རྒྱ་ཆེར་བསྒྲུབས།  དེ་བས་ཀྱང་རིམ་གྱིས་རང་ཅག་གི་གོས་ཆེན་སྣུམ་གྱིས་ཟིན་ངེས་ལ།   ཕ་ཁྱིམ་གྱི་གཞིས་ཀ་གཞན་ལག་ཏུ་ཤོར་འགྲོ་བའི་བཟོ་ལྟ་འདུག 

གལ་ཏེ་འཚོ་གནས་ལ་རྨོངས་པའི་ཕམ་ཁ་དེ་ནི་སེམས་འཚབ་པ་ཞིག་ཡིན་ན།  རང་རེའི་རིག་གནས་པའི་སྡེ་ཡི་ཀུན་སྤྱོད་ལ་རྨོངས་པའི་ངང་ཚུལ་ནི་སྙིང་ན་བ་ཞིག་རེད།   2016ལོར།  ང་ཚོའི་རིག་གནས་པའི་སྡེ་རུ་རྒན་གཞོན་དང་།  ཆེ་ཆུང་མེད་པར་འདྲ་མཉམ་དང་མི་གཞི་གླེང་མཁན་གྱི་མི་སྔར་བཞིན་ཇེ་མང་རེད།   ང་ཚོས་དཔེ་ཆ་འདྲ་མིན་རེ་གཉིས་བཀླགས་རྗེས་རང་ལ་རིག་པའི་ཀློང་བརྡོལ་ཏེ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སོང་པ་ལྟ་བུའི་དྲེགས་ཉམས་ཤིག་བསྟན་ཡོང་།  དེ་ནས་ཡོད་ཚད་ལ་ལེགས་ཉེས་དང་།  བདེན་རྫུན།  དཀར་ནག་འབྱེད་པའི་ཆེས་མཐར་ཐུག་གི་ཤན་འབྱེད་པ་ལྟ་བུའི་རྣམ་འགྱུར་བསྟན་ཡོང་ལ། གོང་མཛུབ་ཀེར་ཀེར་གྱིས་ཡིན་མདོག་མདོག་གི་མཁས་ཉམས་དང་ཆེ་ཉམས་སྟོན་ཚུལ་དེས་མི་རིགས་འདིའི་སྤྱི་བའི་བསམ་བློའི་མཐོ་ཚད་དང་ཤེས་རབ་ཀྱི་ཆུ་ཚད་ལ་ཅོ་འདྲི་བར་བྱེད་ཅིང་། ཕར་བལྟ་དུས་ངུ་རྒྱུ་ཡོང་ལ་དགོད་རྒྱུ་ཡང་ཡོང་།   མཚམས་རེར།  ཁོང་ཅག་གི་སྨྲ་བརྗོད་ལ་ཞིབ་ཏུ་ཉན་ཡོང་དུས་སེམས་སུ་མཚར་སྣང་འགོག་ཏུ་མེད་པ་ཞིག་སྐྱེས་ཡོང་སྟེ། ཁོང་ཅག་ནི་དོན་དམ་དུ་རིག་གནས་སློབ་གསོ་གང་ཞིག་གི་བསྐྱེད་འབྲས་ཡིན་ནམ་སྙམ། ཁོང་ཅག་གི་ང་རྒྱལ་དེ་ནི་ག་ཤེད་ཅིག་ནས་བྱུང་བ་ཡིན་ནམ་སྙམ། སྤྱིར་བགྲོ་གླེང་དང་རང་གི་བསམ་ཚུལ་རྗེན་པར་སྟོན་པ་ནི་འོས་པའི་ནང་གི་འོས་པ་ཞིག་ཡིན་ཡང་གལ་ཆེ་ཤོས་ནི་ཁྱེད་ཀྱིས་རང་ཉིད་གོ་བབས་གང་འདྲ་ཞིག་ཏུ་བཞག་སྟེ་སྐད་ཆ་ཅི་འདྲ་ཞིག་་བཤད་རྒྱུ་དེ་ཡིན་པ་འདྲ།   རིག་གནས་པ་ཞིག་ཡིན་ན་ཆེས་མ་མཐའི་ཆ་རྐྱེན་ནི་གུས་ལུགས་དང་ཀུན་སྤྱོད་ལྡན་པ་ཞིག་ཡིན་དགོས་པ་དེ་ཡིན་ཏེ།  ཕ་རོལ་པོའི་ལྟ་ཚུལ་ལ་ཇི་ལྟར་མོས་མཐུན་མེད་ཀྱང་དེ་ལ་ཆེས་མ་མཐའི་བརྩི་བཀུར་ཡོད་དགོས་པ་དེ་རེད།   2016ལོར།   རང་རེའི་སྡེ་རུ་མི་རབས་རྒན་པ་རྣམས་ཀྱི་མིང་ནས་ཐད་ཀར་བོས་ཏེ་ཁ་མིང་སྣ་མིང་འདོགས་མཁན་དང་།  གཤེགས་ཟིན་པ་ལ་བཟོད་དུ་མི་བཏུབ་པའི་ངན་སྨྲས་བྱེད་མཁན།  དེ་མིན་ཉམས་ཆུང་བྱིས་བློ་ཅན་ཞེས་མཐོང་ཆུང་དང་ཟུར་ཟ་བྱེད་མཁན་སྔར་བཞིན་མང་དུ་འགྲོ་ཞིང་།   རང་རེའི་རིག་གནས་པའི་སྡེ་ཡིས་རང་ཅག་གི་མེས་པོ་རྣམས་ཀྱིས་མ་ཉམས་པར་བསྐྱངས་ཡོང་པའི་རྒན་བཀུར་གཞོན་བྱམས་ཀྱི་ཀུན་སྤྱོད་བཟང་པོའི་ལྗོན་བཟང་འདི་ཡང་རྨང་ནས་བསྒྱེལ་བར་རྩོམ།   ང་ཚོས་འདྲ་མཉམ་ཟེར་བ་ནི་ཕན་ཚུན་བརྩི་འཇོག་གི་གཤིན་སའི་སྟེང་ནས་སྐྱེས་ཡོང་པའི་ཀུན་སྤྱོད་ཀྱི་ལོ་ཏོག་ཅིག་ཡིན་ལ།  དེ་ལ་གཞི་ནས་མི་གཞི་ཡག་པོའི་འབྲས་བུ་གསོས་སུ་སྨིན་ངེས་པའི་རྒྱུན་ཤེས་འདི་ལ་ངེས་ཤེས་འདྲོངས་བཞིན་མེད་པ་འདྲ།  ང་ཚོ་རིག་གནས་ཡོད་ཀྱང་ཀུན་སྤྱོད་མེད་པའི་མི་རབས་ཤིག་ཏུ་འགྱུར་རྒྱུའི་སྔ་ལྟས་ནི་ལོ་འདིར་ཇེ་མང་ནས་ཇེ་མང་རེད།  

2016ལོར།  ང་ཚོ་ཀུན་སྤྱོད་ལ་རྨོངས་པའི་ངང་ཚུལ་གཞན་ཞིག་ཡོད་པ་ནི་ང་ཚོར་ཐུན་མོང་གིས་གསར་གཏོད་མེད་པ་དེ་ཡིན་སྲིད་ལ། དེ་བས་ཀྱང་གསར་གཏོད་ལ་ཁ་གཡར་ནས་སྲོལ་རྒྱུན་ལ་གཏོར་བརླག་གཏོང་པ་དེ་ཡིན་སྲིད།  ང་ཚོའི་སྡེ་ན་རང་གི་བློ་ཡི་ཤེས་བྱའི་སྒྲིག་གཞི་ཅི་ཞིག་འཛོམས་པ་དང་དེར་བསྟུན་གྱི་ཕྱོགས་ཞེན་ཅི་ཞིག་སྐྱེས་པ་དེ་ལ་གཞི་བཅོལ་ནས་རང་རེའི་སྒང་བ་བོད་པའི་ལྗོངས་འདི་གནའ་རབས་བོད་པའི་རིག་གནས་ཀྱི་རྟེན་མཛོད་ཁང་ལྟ་བུ་ཞིག་ཏུ་སོར་བཞག་བྱས་ན་སྙམ་ནས་སྐད་ཅོར་སྒྲོག་ཅིང་། གསར་གཏོད་དང་བཅོས་བསྒྱུར་ཡོད་ཚད་ལ་མཛུབ་མོ་ཀེར་ཀེར་གྱིས་དམོད་མོ་བོར་རྐྱང་བྱེད།   དེ་ཡིས་རང་རེའི་རིག་གནས་པའི་སྡེ་འདི་ཐུན་མོང་གིས་གསར་གཏོད་ཅི་ཡང་མེད་པའི་མི་རབས་ཤིག་ཏུ་བསྒྱུར་རྩིས་བྱེད། སྤྱིར་རིག་གནས་ཡོད་མཁན་ཞིག་ཡིན་ན་སྔ་རབས་པའི་ཤུལ་བཞག་ཁོ་ནའི་སྟེང་ཕག་བཞིན་ཉལ་སྡོད་པ་ནི་ཀུན་སློང་མེད་པའི་རྟགས་ཤིག་ཅི་ལ་མིན་ཨང་།   ད་ལྟ་ང་ཚོར་ཟས་ཁམ་གང་གི་ལོངས་སྤྱོད་འཛོམས་པ་སྔ་རབས་མེས་པོ་དག་གི་ཤུལ་བཞག་ཟས་པ་ཡིན་ལ།  གོས་ཐོ་གང་གི་རྒྱུ་ནོར་འཇོམས་པ་ཡང་དེ་བཞིན་ཡིན་པ་འདྲ།  དེ་ལས་གཞན། ང་ཚོས་མི་རིགས་འདིའི་འཚོ་གནས་དང་རིག་གནས་ལ་ཕན་འདོགས་ཐུབ་པའི་གསར་བ་གསར་རྐྱང་གི་ཅི་ཞིག་གསར་གཏོད་ཐུབ་སོང་ངམ།   གསར་གཏོད་ཡིན་ཟེར་བ་རེ་གཉིས་ཡོད་པ་ཡང་ཚོགས་པ་དང་ཁེ་ཕན་གང་ཞིག་ལ་སྤྲེལ་ལད་འཁྲབ་པའི་ཀུན་སློང་གིས་མི་རིགས་འདིའི་ཆོས་ལུགས་དད་མོས་ཀྱི་རྩིས་ཐང་ལ་རྡོག་རྫིས་བཏང་ནས།  མི་རིགས་འདིའི་མཛེས་དཔྱོད་འདུ་ཤེས་ལ་གས་ཆག་བཏང་ནས། མི་རིགས་འདིའི་སྤྱི་བའི་བརྩེ་འདང་རྩེད་ཆས་བྱས་ཏེ། གསར་གཏོད་ཡ་མ་བརླ་བྱས་ཤིང་། ད་དུང་དེ་ལ་འགྲེལ་བཤད་ཡ་མ་བརླ་བརྒྱབ་ནས་ཡིན་མདོག་མདོག་བྱེད།  2016ལོར་འདི་ལྟ་བུའི་ཀུན་སྤྱོད་ལ་རྨོངས་པའི་རིག་གནས་པའམ་རིག་གནས་པ་རྫུན་མས་སྔར་བཞིན་སྒང་བ་བོད་པའི་སྤྱི་ཚོགས་སུ་སྐྱུག་བྲོ་བའི་ཟློས་གར་རབས་དང་རིམ་པ་འཁྲབ་བཞིན་མཆིས……

སེར་ལམ་ལམ་གྱིས་ཤར་ཡོང་པའི་ཉི་འོད།   ཞེ་འཁྲེང་འཁྲེང་གིས་ཤར་ཡོང་བའི་ཉི་འོད།  ཉི་འོད་དེ་ནི་2016ལོའི་ཆེས་མཇུག་མཐའི་དུས་ཚོད་འདིའི་དྲོད་ཐིག་གཅིག་པུ་རེད། ལོ་འདི་ལ།  དགའ་བའི་མིག་ཆུ་དང་།  དུང་བའི་རྨ་ཁ།  སྐྱོ་བའི་འཛུམ་མདངས་ཡོད་ཚད་ད་ནི་ནུབ་བཞིན་པའི་ཉི་མ་དེས་ཕར་ཕྱོགས་ཀྱི་རྒྱབ་རིར་འཁྱེར་འགྲོ།  ལོ་འདིའི་ཡོད་ཚད་ཡལ་ལ་ཉེ་བའི་སྐབས་འདིར།ང་སྒེའུ་ཁུང་གི་ནང་རོལ་ནས་ལྷོད་ཀྱིས་འཇགས་ཏེ།  དཔྱོད་ཤེས་ཀྱི་ཟབ་ན་ཞིག་ནས་ཡང་ཡང་གྲགས་ཡོང་པའི་གས་ཁ་ཤོར་བའི་ཚག་སྒྲ་དེ་ལ་ཉན་དུས།  རང་རེའི་གངས་ལྗོངས་ཕྱུག་མོ་སེམས་ཀྱི་མེ་ལོང་ངོས་ནས་ཆག་གྲུམ་དུ་འགྱུར་བཞིན་པའི་ཕངས་ཉམས་ཤིག་གིས་ང་རང་འདུག་བཟོད་མེད་པར་བཏང་སོང་།   ང་ནི་བོད་ཡིག་གི་ལམ་ནས་སྒྲུང་གཏམ་འབྲི་མཁན་ཞིག་སྟེ། ངས་སྙུག་ཁ་ནང་དུ་བསྐོར་ཏེ་རྟོག་བཟོ་ཡིན་ལ་རྟོག་བཟོ་ཡང་མ་ཡིན་པའི་སྒྲུང་གཏམ་བྲིས་ནས་སྡོད་དུས།   ཕྱི་རུ་བསྐོར་བའི་སེམས་ཀྱི་མཐོང་ལམ་དུ་ཕ་ཡུལ་གངས་ལྗོངས་ཕྱུག་མོའི་དོན་དངོས་གང་མང་ཡང་ཡང་འཁོར་ཡོང་ཞིང་།   དེ་དུས་ངས་རང་རེའི་རྒྱ་ཆེ་བ་དེའི་ངོས་ཀྱི་ཆག་གྲུམ་ཤོར་བའི་གས་ཁ་དེ་དག་མཐོང་བྱུང་། གས་ཁ་དེ་དག་གིས་ང་རང་དུས་རྒྱུན་དུ་འདུག་བཟོད་མེད་པར་བཏང་སོང་།   ང་ལ་སེམས་ཁྲལ་བཟོས་སོང་།  ཆུང་དུས་སུ།  ངའི་ཕ་རྒན་གྱིས་ཁ་མ་ཎི་འདོན་བཞིན་ལུག་བཤའ།  དེ་ནི་ཅི་འདྲའི་བརྗེད་དུ་མེད་པའི་ཕྱིར་དྲན་གྱི་རི་མོ་ཞིག་རེད་ཨང་།  དེ་དུས་རང་ཅག་གི་མི་ཆོས་དང་ལྷ་ཆོས་གཉིས་དེ་ལྟར་འགལ་མེད་ཅིག་རེད་ཨང་།  དེ་དུས་བོད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དེ་དག་རང་རང་གི་སོར་ན་གནས་ཤིང་།  ཕན་ཚུན་རྟེན་འབྲེལ་གྱིས་གནས།  ཕྱིས་སུ་བདག་ཅག་ལ་ཅི་བྱུང་པ་ཡིན་ནམ།   དུས་རབས་འཕོ་འགྱུར་གྱི་རྒྱབ་ལྗོངས་འོག་ནས་རང་ཅག་ལ་ཅི་བྱུང་པ་ཡིན་ནམ།   ངས་འདི་ལྟར་དྲི་བ་འདྲི་དུས་གཞི་ནས་2016ལོར་གོང་གསལ་གྱི་བརྗེད་ཐོ་དེ་འདྲ་ཞིག་འབྲི་འདོད་སྐྱེས་བྱུང་།   མ་གཞིར།  2016ལོར་ཉམས་དགའ་ཞིང་རྗེས་སུ་ཡི་རངས་བྱ་འོས་པའི་གནས་ཚུལ་ཡང་འགའ་ཤས་ཤིག་ཐོན་ཡོང་ཡོད་ཀྱང་དེ་དག་ནི་ངན་པས་རང་བསྟོད་ཀྱི་ཚུལ་ལས་གཡོལ་འདོད་ཀྱི་ཀུན་སློང་གིས་རེ་ཞིག་འདི་ནས་ངོམས་སོ་བྱེད་མི་འདོད་ཅིང་། དེ་ལས་ལྡོག་སྟེ་གོང་གསལ་གྱི་རང་རེའི་གནད་དོན་དེ་དག་ནི་རང་རེའི་རྒྱ་ཆེ་བའི་བསམ་བློའི་རིག་གནས་ཀྱི་ངོས་སུ་ཡོད་པ་ཚོར་ཅིང་།   གནད་དོན་དེ་དག་ནི་ང་ཚོའི་སྲོག་རྩར་ཐུག་པའི་གནད་དོན་ཆེན་པོ་ཞིག་ཡིན་པ་ཚོར།  དེ་བས།  ངས་སྒྲུང་གཏམ་རྩོམ་འཕྲོ་རེ་ཞིག་བསྐྱུར་ཏེ་འདི་ལྟ་བུའི་བརྗེད་ཐོ་ཞིག་བྲིས་པ་ཡིན་ཏེ།  ནམ་ཞིག་ལོ་རྒྱུས་ཀྱི་སྤྲིན་གསེབ་ནས་བདེན་པའི་ཟླ་གཞོན་གྱི་ངོ་རིས་ཟུར་ཙམ་མངོན་ཡོང་ཚེ།   ངས་ཡིག་ངོར་ཕབ་པའི་བརྗེད་ཐོ་འདི་ནི་དེ་ལས་འཕྲོས་པའི་འོད་དཀར་ཉག་མ་ཙམ་ཞིག་ཡིན་པར་སྨོན།

                                 བདེ་མོ་བྱོས།  2016ལོ།  

                                                          ༢༠༡༦ལོའི་ཟླ་༡༢པའི་ཚེས༣༡ཉིན་པེ་ཅིན་དུ་བྲིས།

(གསལ་བཤད།  རྩོམ་ནང་དུ་བྱེ་བྲག་གི་མི་སྒེར་སུ་ལའང་དམིགས་ནས་སྐད་ཆ་བཤད་མེད་པས།  དེ་ལུགས་ཐུགས་སུ་འཇགས་པར་འཚལ)

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་བ། 2016ལོའི་བརྗེད་ཐོ།

2016-12-31 ལྷ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།