རྔ་བ་ཚེ་རིང་སྐྱིད་ཀྱི་སྙན་ངག་བདམས་བཀོད།

རྔ་བ་ཚེ་རིང་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-08-29
 
    རྔ་བ་ཚེ་རིང་སྐྱིད་ནི། རྔ་བ་རྫོང་རྨེའུ་རུ་མའི་དགེ་རིག་ཚང་ལ་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ནས་སློབ་གཉེར་བྱས་ཏེ་སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་མཐར་ཕྱིན།
     ཆེད་ལས་དང་དགའ་ཕྱོགས་གཙོ་བོ་ནི་རྩོམ་ཡིག་འབྲི་རྒྱུ་ཡིན། ད་ལྟའི་བར་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་བྲིས་པའི་ཁྲོད་ནས་བརྩམས་ཆོས་ཁག་ཅིག་བོད་ཀྱི་དུས་དེབ《མང་ཆུ》དང《གངས་དཀར་རི་བོ》 སི་ཁྲོན་བོད་རིག་པའི་སློབ་གླིང་གི《འབྲོང་རྭ》དུས་དེབ། 《རྔ་བའི་གསར་འགྱུར》དང《ཡིད་ལྷུང་ཚགས་པར》 མཆོད་མེ་རྩོམ་རིག་དྲ་བ་དང་ཁྱུང་སྔོན་འཕྲིན་སྟེགས་སོགས་སུ་སྤེལ་མྱོང་།
  གཞན་ཡང་ལྷ་སའི་སྲང་ལམ་རྩོམ་སྒྲིག་ཁང་གི་ངོས་ནས་བོད་ཁམས་ཡོངས་ལ་སྤེལ་བའི“སྲང་ལམ་སྙན་རྩོམ་འགྲན་བསྡུར”དུ《ང་རང་བརྒལ་ཆོག》ཅེས་པའི་སྙན་ངག་ལ་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༡༧ལོར་བརྩམས་སྒྲུང《ལྷམ་ཡ་གཅིག》ཅེས་པ་ཀན་སུའུ་མི་རིགས་དཔེ་ཁང་ནས་དཔར་བསྐྲུན་བྱས། ༢༠༡༨ལོར་ལྷོ་ཁའི་རིག་གནས་ཚད་ཡོད་སྡེ་ཁག་ནས་རྒྱལ་ཡོངས་ལ་སྤེལ་བའི་སྐབས་དང་པོའི“བོད་ཀྱི་ཨེ་པ་ཚང་རྩོམ་རིག་བུམ་པའི”འགྲན་བསྡུར་ཁྲོད་ནས་བརྩམས་སྒྲུང《ལྷམ་ཡ་གཅིག》ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ། ༢༠༡༩ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྙན་དེབ་ཅིག་དང་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་དཔར་བསྐྲུན་བྱ་རྩིས་ཡོད།

2019ལོ་བསུ་ཚུལ།

2019ལོར།
ལུས་ཀྱི་གཤོག་པ།
རླུང་གིས་ཁུར་སོང་ན།
ང་ཚོའི་སེམས་པ་རྡོ་བས་མནན་འོས།
རྡོ་བ་ནི། གཏན་འཇགས་ཀྱི་ཟམ་པ་ཡིན།
རྡོ་བ་ནི། འགྱུར་མེད་ཀྱི་མདུད་པ་ཡིན།
2019ལོར།
ལག་གི་ཆར་གདུགས།
ཆར་བས་ཐེད་སོང་ན།
ང་ཚོའི་སེམས་པ་ཆུ་བོར་ཕྱོགས་འོས།
ཆུ་བོ་ནི། རྒྱ་མཚོའི་བུ་མོ་ཡིན།
ཆུ་བོ་ནི། རྒྱང་བཞུད་ཀྱི་གཏན་གྲོགས་ཡིན།
2019ལོར།
རང་གི་མིང་བྱང་།
རྐུན་ལ་ཤོར་སོང་ན།
ང་ཚོའི་སེམས་ཀྱིས་རང་ཉིད་ཀྱི་གྲིབ་མ་འཚོལ་འོས།
གྲིབ་མ་ནི། རང་ཉིད་ཀྱི་མིང་བྱང་ཡིན།
གྲིབ་མ་ནི། རང་ཉིད་དང་པོ་ཡིན།
                                                       2019.1.1

དྲན་པ་སྐྱ་མོ།

ངས་རང་ཉིད་ཀྱི་གྲིབ་མ་སེམས་སུ་བཅངས་ཡོད།
ཁ་དོག་ནི་ཡབ་ཆེན་གྱི་ཆིབས་རྟ་ཡིན་པ་འདྲ།
ཀི་སྒྲ་ཆེན་པོ་དང་མཉམ་དུ།
རྩྭ་ཐང་དུ་འདུར་བཞིན་འདུག
ངས་རྐང་འོག་གི་ལམ་ཕྲ་མོ་ཡིད་ལ་བཅངས་ཡོད།
རྐང་རྗེས་ནི་ཡུམ་ཆེན་འདུར་སའི་ལྷས་ར་ཡིན་པ་འདྲ།
འབྲི་མོ་སྟོང་གི་སྐེ་ལོང་འཁེལ་བཞིན།
ཧྲག་འདབས་ལ་ཕྱི་མིག་ཡང་ཡང་ལྟ།
ངས་མདུན་ཐད་ཀྱི་ཡོལ་བ་སེམས་སུ་བཅངས་ཡོད།
ཡོལ་བའི་ནང་ན་ངའི་མེས་པོ་ཡོད་པ་འདྲ།
ལུས་པོ་འདར་སིག་སིག
དཔུང་བ་ཡ་གཅིག་གིས་ང་ལ་ལྟད་མོ་བལྟས་འདུག

དེའི་རྐྱེན་གྱིས།  ངས་ཁ་སང་གི་རང་ཉིད་སེམས་སུ་བཅངས་ནས།
མིག་ཆུ་རྡོག་པོ་འགའ་ཡི་རྗེས་སུ།
དྲོད་འཇམ་གྱི་ཁང་པ་ཞིག་ལས་ཡོད།
དེ་ནི་དེ་རིང་སྡོད་ཆོག་པའི་གནས་མལ་ངོ་མོའོ།།
                                                   2019.5.28

གཙུག་གཡུ་ངོ་མ།
 
ཁྱོད་ཀྱིས་འཚོལ་བཞིན་པ་ནི་རང་ཉིད་ཀྱི་གཙུག་གཡུ་ངོ་མ་ཡིན།
ཡིན་ནའང་ལྷ་སའི་བར་སྐོར་གླིང་ནས་བྱུ་རུ་སྐེ་འཁོར་ཞིག་རྙེད་བྱུང་།
བྱུ་རུའི་ཁ་དོག་དང་རིན་ཐང་ལ་ཁྱོད་རང་ཧ་ལས་སོང་།
ཁྱོད་ཀྱིས་བྱུ་རུ་སྐེ་འཁོར་དེར་ལག་པས་རེག་བཞིན།
རང་ཉིད་ཀྱི་གཙུག་གཡུ་བཙལ་འདོད་མ་བྱུང་།
ཁྱོད་རང་ཐེ་ཚོམ་དང་དོགས་པ་ཕྲ་མོ་ཞིག་གིས།
བྱུ་རུ་སྐེ་འཁོར་དེ་རུམ་དུ་བཅུག་ནས།
ལྷ་སའི་བར་སྐོར་གླིང་ནས་མེ་འཁོར་ས་ཚུགས་སུ་བསྐྱོད།
ཕ་ཡུལ་དུ་སླེབས་ནས་ཟླ་བ་གཅིག་འགོར་རྗེས།
ཁྱོད་ཀྱིས་ད་གཟོད་བྱུ་རུ་སྐེ་འཁོར་དེ་རང་ཉིད་ཀྱི་མགུལ་ལ་བཏགས།
ཞབས་བྲོ་འཁྲབ་དུས་མ་གཏོགས་བྱུ་རུ་སྐེ་འཁོར་དེས།
ཁྱོད་ལ་གཟུགས་མེད་ཀྱི་ང་རྒྱལ་ཆེ་རུ་བསྐྱེད།
ལྷག་པར་དུ་ལྟད་མོ་བ་ཚང་མས་བྱུ་རུའི་རིན་གོང་གླེང་ཚེ།
ཁྱོད་ཀྱི་མགོ་འཕང་གནམ་དང་མཉམ།
བྱུ་རུ་སྐེ་འཁོར་དེ་མགུལ་ལ་བཏགས་ནས་ཟླ་བ་གཉིས་འགོར་ཟིན།
མཚམས་རེར་བྱུ་རུ་སྐེ་འཁོར་དེས་ཁྱོད་ལ་དཀའ་སྣང་ལྷག་མ་ཞིག་སྟེར་བ་ཚོར།
འོན་ཀྱང་ཞབས་བྲོ་འཁྲབ་པའི་གྲངས་ཀ་ཉུང་བ་ལས།
ཁྱོད་བྱུ་རུ་སྐེ་འཁོར་དེ་ལ་སྔར་བཞིན་དུངས་པ་ཟབ།
བྱུ་རུ་སྐེ་འཁོར་དེ་མགུལ་ལ་བཏགས་ནས་ཟླ་བ་གསུམ་འགོར་བ་ན།
བྱུ་རུ་སྐེ་འཁོར་དེས་ཁྱོད་ལ་སྡུག་བསྔལ་ཆེན་པོ་ཞིག་གནང་འགོ་བརྩམས།
དེ་ནི་བྱུ་རུ་སྐེ་འཁོར་དེའི་རིན་ཐང་དང་ཁ་དོག་ཡག་པ་ལས།
ཁྱོད་ཀྱིས་ཞབས་བྲོ་རྡུང་བའི་ནུས་པ་དང་ཆུ་ཚད་ཇེ་ཞན་དུ་གྱུར་བ་མ་ཟད།
ལྟད་མོ་བ་ཚང་མས་ཁྱོད་ལ་འཕྱ་སྨོད་བྱས།
ཉིན་ཞིག་ལ།
ཁྱོད་རང་ཞབས་བྲོ་འཁྲབ་སའི་གར་སྟེགས་སུ་འགྲེང་ནས་ཡོད།
མ་ཟད་མགུལ་དུ་སྔར་བཞིན་བྱུ་རུ་སྐེ་འཁོར་དེ་བཏགས་ཡོད་མོད།
ཁྱོད་ཡ་མཚན་དགོས་པ་ཞིག་ནི།
ཁྱོད་ཀྱིས་རྙེད་ཡོང་བའི་བྱུ་རུ་སྐེ་འཁོར་དེའི་བདག་པོ་སླེབས་བྱུང་།
ཁྱོད་ལ་རྐུན་མ་དང་བཅས་པའི་མིང་ངན་ཞིག་བོས་པས་མི་ཆོག་པར།
འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ནས།
བྱུ་རུ་སྐེ་འཁོར་དེ་མགུལ་ནས་འཕྲོག་སོང་།
གར་སྟེགས་སྟེང་གི་ཁྱོད་རང་བྲང་ཁ་སྟོང་པར་འགྱུར་བཞིན།
བློ་འགྱོད་དང་ཡིད་ཆད་ཁོ་ན་བྱུང་།
བྱུ་རུ་སྐེ་འཁོར་དེ་རྙེད་པ་མ་གཞི་ནས་ཉེས་པ་ཞིག་ཡིན་པ་ཚོར།
གར་སྟེགས་འགྲམ་གྱི་ལྟད་མོ་བ་ལ་ལས་ཁྱོད་ལ་མིག་ཟུར་གྱིས་ཡང་ཡང་ལྟ།
ལྟད་མོ་བ་ལ་ལས་ཁྱོད་ལ་ད་དུང་རང་ཉིད་ཀྱི་གཙུག་གཡུ་ཡོད་པ་དྲན་གསོ་བྱེད།

ཁྱིམ་དུ་སླེབས་རྗེས།
ཁྱོད་ཀྱིས་བྱུ་རུ་སྐེ་འཁོར་དེ་རྙེད་ཚུལ་དང་།
ད་ལྟའི་ཁྱོད་ནི་མིག་སྟོན་ཆེན་པོ་ཞིག་ཏུ་གྱུར་བ་ལ་ཁ་ཡ་བྱེད་འདོད་མ་བྱུང་།
ཡིན་ནའང་ཁྱོད་ཀྱིས་རྒྱལ་ཁ་གཞན་ཞིག་ལ་བར་ཐག་ཇེ་ཉེ་ཡིན་པ་ཚོར་ན།
ཁྱོད་ཀྱི་སེམས་སུ་རྙེད་པའི་སྟོང་པ་དེའི་ནང་ནས།
རང་ཉིད་ལ་གཙུག་གཡུ་ངོ་མ་ཞིག་ཡོད་པ་གསལ་ལེར་དྲན་ཡོང་།
དེ་རིང་ཁྱོད་མེ་འཁོར་ས་ཚུགས་བརྒྱུད་ནས།
སླར་ཡང་ལྷ་སའི་བར་སྐོར་གླིང་དུ་ཆས།
                                                     ༢༠༡༩.༣.༦ཉིན།

མགྲོན་དགའ་ན་ཞྭ་སྐྱུར་ཚུལ།

ཞོགས་པ་འདིའི་མཁའ་དབུགས་གཙང་མར་འགྲོགས་ནས།
ཁྱོད་རང་ངའི་སེམས་ཀྱི་མགྲོན་པོར་སླེབས་བྱུང་།
སྐབས་འདིར།
ཁྱོད་ཀྱི་ངོ་གདོང་དང་དཔའ་ཉམས།
མིག་ཟུང་གི་རི་མོ་སོགས་མཐོང་འདོད་ཀྱི་རྔམ་པ་མེད།
འོན་ཀྱང་ཁྱོད་ཀྱི་ཞྭ་མོ་ཨེ་མཐོང་ལ་ངས་བརྩོན་པ་འབའ་ཞིག་བྱས།
ངས་ཁྱོད་ཀྱི་སྤྱིར་བཏང་གི་ཞྭ་མོ་མཐོང་དུས།
ཁྱོད་ཀྱི་སྤྱིར་བཏང་མིན་པའི་དད་པ་མཐོང་།
ཁྱོད་ཀྱི་ལྷད་མེད་བབ་ཆགས་ཀྱི་རང་ཚུགས་མཐོང་།
དེའི་ཕྱིར་ངས་ཞོགས་པ་འདིའི་ཡོད་ཚད་ཁྱེར་ནས།
ཁྱོད་ཁོ་ནར་མགྲོན་བསུ་བྱས།
ཁྱོད་འགྲོ་ཁར།
ང་ལ་བདེ་མོའི་གླུ་ངག་གི་དབྱངས་རྟ་མ་བསྐྱུར།
ང་ལ་དྲན་གདུང་གི་མིག་ཆུ་མ་བསྐྱུར།
འོན་ཀྱང་ཁྱོད་ཀྱི་ཞྭ་མོ་གཅིག་པུ་ཤུལ་དུ་བསྐྱུར་ཚུལ་དྲན་ན།
ཁྱོད་ཀྱི་སེམས་པ་སྤྲོ་དགས་བརྟས་ཡོད་པ་ང་ལ་ཡིད་ཆེས་ཡོད།
ཕྱི་དྲོ། ངས་སླར་ཡང་ཁྱོད་རང་མགྲོན་དུ་ཡོང་བར་རེ་སྒུག་བྱས།

ས་སྲོས་སུ། ཁྱོད་ཀྱིས་བསྐྱུར་བའི་ཞྭ་མོ་དྲན་ན།
ང་ལ་སྔོན་ཆད་བཞིན་ཁེར་རྐྱང་གི་སྣང་བ་མི་འདུག
སྙིང་ཉེ་བའི་མགྲོན་པོ་ལགས།
                                                   2019.7.23

མཚན་མོའི་ཁེར་གཞས།
ཁྱོད་ཀྱིས་སྙན་ངག་ཅིག་བྲིས་ནས།
སྨྱུ་གུ་ས་ལ་བཞག་ཚེ།
བརྩམས་སྒྲུང་ཞིག་ལེགས་འགྲུབ་བྱུང་མེད་པ་དྲན།
གལ་ཏེ་ཁྱོད་ལ་རྗེ་བཙུན་མི་ལ་རས་པའི་སྙིང་རུས་ཡོད་ཚེ།
ཉེ་འཁོར་དུ་འདུས་པའི།
གཉིད་ཀྱི་ཚོགས་པ་ཆེན་པོ་དེ་ཆུ་བོའི་གཞུང་ལ་འདེད་རོགས།
དེ་ལྟར་བྱས་ཀྱང་ད་དུང་བརྩམས་བྱའི་ནང་དོན་ལ།
ཕུན་ཚོགས་དོན་ལྡན་གྱི་འཇའ་འོད་མ་སྣང་ན།
ཁྱོད་ཀྱིས་སྔར་བཞིན་རྟོག་བཏགས་དང་སྤྲོ་སྣང་ཁོ་ནས།
གཏམ་རྒྱུད་གཞན་ཞིག་གི་ས་བོན་འདེབས་རོགས།
གཏམ་རྒྱུད་དེའི་ཕན་ནུས་དང་ཤུགས་རྐྱེན།
ཁ་ལས་དང་རླུང་རྟ་སོགས་ནི་གལ་ཆེན་མིན།
འོན་ཀྱང་།  གཏམ་རྒྱུད་དེ་ནི་ཁྱོད་ཀྱི་སྨྱུག་རྩེ་ནས།
ལྷུང་ལྷུང་གི་ཆུ་བོ་བཞིན་དུ་འབབ་ཐུབ་པར་ཡིད་ཆེས་དགོས།
ཨོ། ཁྱོད་ད་དུང་མུ་མཐུད་དུ་མདུན་ལ་འགྲོ་དགོས།
མདུན་ཕྱོགས་ཀྱི་ཁ་དོག་མི་མཐོང་བ་དང་།
ཡང་ན་མདུན་ཕྱོགས་སུ་ཁ་དོག་མང་ནའང་།
ཁྱོད་ཀྱིས་ངེས་པར་དུ་གཏམ་རྒྱུད་དང་འབྲེལ་བའི་སྨྱུ་གུ་དང་།
སྨྱུ་གུ་དང་འབྲེལ་བའི་མདུན་གྱི་ཁ་དོག་བསྒོམ་དགོས་པ་ལས།
མདུན་ཕྱོགས་ཀྱི་ཁ་དོག་གཞན་དག་ལ་དོགས་པ་ཟ་མི་དགོས།
དེ་ནི་ཁྱོད་ལ་མཚོན་ན་འཇིག་རྟེན་གྱི་གནས་ལུགས་འཚོལ་རོགས་དང་།
རྒྱང་རིང་དུ་འཆར་ཐུབ་པའི་ཉི་གཞོན་ངོ་མ་རུ་མཐོང་ཐུབ་པས་ཆོག
                                                              2018.9.27

ཁྱོད་སར་ལྷགས་པའི་རྣ་ལོང་ཆ་གཅིག

དུས་ཚོད་ནི་སུས་ཀྱང་འགྲེལ་བཤད་རྒྱག་ཐབས་བྲལ།
དཔེར་ན་རང་ཉིད་ངོ་མ་རྙེད་ཉིན་དེར།
སྙིང་ཉེ་བའི་མི་ཞིག་རྒྱང་རིང་རྒྱང་རིང་དུ་ཤོར།
དཔེར་ན་ཁྱོད་སར་ལྷགས་པའི་རྣ་ལོང་ཆ་གཅིག་དང་།
དགོངས་དག་མེད་པའི་ཀུ་རེ་ཐེངས་ཤིག
ད་དུང་དགུན་ལ་འཐབ་ཆེད།
ཐབ་ནང་དུ་མེ་འབུད།
ཁ་བའི་ཁྲོད་དུ།
ཞུ་མི་ཐུབ་པའི་རྐང་རྗེས་བཞག
རྩྭ་ཆུ་གཉིས་ཀ་མ་ཟད།
གོམ་ལག་བདེ་བའི་རྟ་ཕོ་དེ་རྨི་ལམ་དུ་སྒོམ་ཡང་།
ད་ནས་ཁ་བ་འབབ་པའི་འབྲོག་ཐང་གི་འཚོ་བ་ཞིག་མཐོང་ཐབས་བྲལ།
སྟེས་དབང་གིས་སྟེར་བའི་མེ་ཏོག་ཅིག་ལ་རེ་སྒུག་ཁྲོད།
ནང་སེམས་མི་གཙང་བའི་མི་བུ་འགའ་ལ་བཟོད་བསྲན་མི་ཐུབ་མོད།
གྲ་སྒྲིག་མེད་པའི་ཁྱོད་ཀྱི་སྙིང་གཏམ་གཅིག་པུས་སེམས་པ་ངུ་དོན།
སླེབས་ལ་ཉེ་བའི་འུ་གཉིས་ཀའི་ལས་དབང་མཐོང་བ་ཡིན་ནམ།
ལམ་གྱི་བཞི་མདོར་ལྷག་པའི་དོགས་པ་སྣ་ཚོགས་དྲན་པ་ཡིན།
ངོ་གདོང་འཛུམ་པའི་མི་རྣམས་ལ་ཡིད་ཆེས་བྱེད་པ་ནི།
ཕྱི་ངོས་མཛེས་པའི་སྒམ་ཆུང་ལས།
ཆག་གྲུམ་ཤོར་བའི་ཅ་ལག་ཅིག་རྙེད་པ་དང་འདྲ།

ད་ལྟ་ང་རང་ཁྱོད་དང་ཁ་ཐག་རིང་བའི་དུས་ཚོད་ཀྱི་སྣེ་མོ་ན་ཡོད།
མུན་ནག་གི་ཁྲོད་རྐང་ཐང་ཡིན།
ཁེར་རྐྱང་གི་སྲང་ལམ་ནས་ཡུན་རིང་ངུས་ཡོད།
འོན་ཀྱང་ཁྱོད་སར་ལྷགས་པའི་རྣ་ལོང་ཆ་གཅིག་དེ་དྲན་ན།
དུས་ཚོད་ནི་སུས་ཀྱང་འགྲེལ་བཤད་རྒྱག་ཐབས་བྲལ་བ་དང་འདྲ་བར།
འུ་གཉིས་ཀའི་ལས་དབང་ལའང་འགྲེལ་བཤད་མ་བརྒྱབ་ན་ཆོག་གམ།
                                                     2019.8.6

 རྙེད་པ།
མི་རྣམས་ཀྱིས།
གྲུབ་འབྲས་བཟང་པོ་མཐའ་དག་རྙེད་པ་ལ་བརྩི་ཞིང་།
ངས་ཀྱང་དེ་ནི་རྙེད་པའི་རྩ་བ་ལོས་ཡིན་འདོད་མྱོང་།
ཁ་སང་དགོང་མོ།
ངས་དུག་སྦྲུལ་ཞིག
ང་རྒྱལ་གྱིས་གང་སར་འཁྱིལ་ཞིང་།
ཞེ་སྡང་གི་དུག་ལྕེ་བསྲིངས་ཏེ།
བགྲོད་ལམ་ཞིག་བཀག་འདུག་མོད།
ལམ་འགྲོ་བ་ལ་ལ་རྒྱང་བཀྱེད་ནས་འགྲོ་ཞིང་།
ལ་ལས་དུག་སྦྲུལ་གྱི་རྔ་མ་ནས་དྲུད་དེ་བགྲོད་ལམ་ཕྱེ་བ་མཐོང་།
རེད་དེ། ང་ཚོས་རྙེད་པ་ནི་གྲུབ་འབྲས་བཟང་མིན་གྱི་རྩ་བ་ཡིན་མོད།
འོན་ཀྱང་སུ་ཞིག་གིས་ང་ལ།
ཁ་སང་ལམ་འཕྲད་བྱུང་བའི་དུག་སྦྲུལ་དེ་དང་།
ལམ་འགྲོ་བ་དག་གི་སྤྱོད་ཚུལ་ལས།
ང་ཚོས་རྙེད་འོས་པ་ནི་ཅི་ཞིག་ཡིན་པ་བཤད་ཆོག་གམ།
                                                    ༢༠༡༨.༨.༢༧
 
རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྔ་བ་ཚེ་རིང་སྐྱིད་ཀྱི་སྙན་ངག་བདམས་བཀོད།

2019-08-29 རྔ་བ་ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།