བོད་ཀྱི་བུད་མེད་སྙན་ངག་པའི་ཉེ་དུས་ཀྱི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས།(ཁག་དང་པོ)

དཔལ་མོ། མདོ་སྨད་རྐང་ཚ་ནས་སྐྱེས། པིར་མིང་ལ་བདེ་སྦྱིན་མ་དང་སྲིན་མོ་སོགས་སུ་འབོད། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་གྱི་འགན་བཞེས་ཡོད།

འཛད་ཀྱིན་པ་འདི་དག་གང་ལ་འཛད་སྲིད།

འཛད་ཀྱིན་པ་ནི་རི་རབ་ཀྱི་དཔུང་ཤ་མཐུག་པོ་རེད
ས་གཞི་ཡི་བྲང་གཞུང་ཆེན་པོའི་ཤོང་ཚད་རེད
ཉི་འོད་ཀྱིས་བལྡག་ནས་ཚར་ལ་ཉེ་བའི་ཁ་བ་རེད
མཐོ་སྒང་དུ་འཚོ་བའི་ལྷ་ཚོགས་ཀྱི་འཇིག་རྟེན་རེད

འཛད་ཀྱིན་པ་ནི་མཚོ་ནང་ལ་འཐིམ་པའི་ཁ་བའི་ལུག་ཁྱུ་རེད
དགུན་གྱི་གྲང་ངར་གྱིས་འཁེང་བའི་འབྲོང་གི་སྙིང་རུས་རེད
ཉི་ཟླའི་བཞུད་ལམ་ལ་འཐིབས་པའི་རླུང་ནག་འཚུབ་མ་རེད
གཞི་བདག་གིས་ཡུལ་ཕྱོགས་སྐྱོང་བའི་དཔའ་གདེང་རེད

འཛད་ཀྱིན་པ་ནི་ཨ་ཕའི་སྐད་ཆའི་ནང་གི་ཨང་ཀི་རེད
དབྱངས་གསལ་གྱི་སྲོག་ལ་ཀེར་བའི་ཚེག་དང་ཤད་རེད
ཀོ་རྒྱུན་རློན་པས་བཙེམ་པའི་ཞྭ་མོའི་ནང་གི་མུན་པ་རེད
སྐད་འཕྲིན་གྱི་ཕྱི་རོལ་ན་ཨ་ཐང་ཆད་པའི་སེམས་རེད

འཛད་ཀྱིན་པ་ནི་བདེན་ལམ་འཚོལ་བའི་དཔའ་སྙིང་རེད
སྟག་ཤར་ཚོའི་དཔའ་ཉམས་ཀྱིས་བརྡུངས་པའི་དགྲ་ལྷ་རེད
རྟ་མཆོག་གི་རྨིག་ཁ་ནས་ཐོར་བའི་ཟིལ་ཆུའི་མེ་ཏོག་རེད
གསེར་སྒའི་ཡོབ་ཆེན་ནོན་པའི་ཞབས་ཟུང་གི་རི་མོ་རེད

འཛད་ཀྱིན་པ་ནི་རང་གདེང་དང་དཀྱེལ་ཡངས་རེད
སྐྱེས་མ་ཚོའི་འདུ་ཤེས་ལ་ཐོགས་ཙམ་ཡང་མི་བྱེད་པར
སོ་སུམ་ཅུའི་བར་གྱི་ཕ་སྐད་ཀྱི་རྣམ་ཤེས་དྭངས་མོ་རེད
ངག་སྙན་མོའི་ནང་གི་ལ་གཞས་དང་གཏམ་དཔེ་རེད

འཛད་ཀྱིན་པ་ནི་བྱིས་པ་ཚོའི་མིག་ཟུང་གི་དྭངས་ཤ་རེད
མེ་ཏོག་གི་སྙིང་ཆུང་འདར་བའི་སྟེང་གི་ཟིལ་ཆུ་རེད
རིག་པ་ཐོས་པ་ལ་བརྡར་ཏེ་རྣོ་དབལ་ལྡུད་པའི་བློ་རེད
དུས་ཚོད་ཀྱིས་འཚིག་པའི་ལང་ཚོའི་བཞུར་ཤུགས་རེད

འཛད་ཀྱིན་པ་ནི་རླུང་ཁའི་དར་ལྕོག་དང་བདག་གི་སྐྲ་ལོ་རེད
འབྲོག་མོ་ཚོའི་མཁུར་ཚོས་ལ་བཞད་པའི་མེ་ཏོག་དམར་པོ་རེད
གནམ་མཐའི་སྔོ་བསངས་ལ་འདྲེས་པའི་སྤང་དང་འབྲོག་སྡེ་རེད
བདག་གི་སྙིམ་པའི་ནང་ན་འཛར་བའི་བྱེ་མ་སྤར་གང་བོ་འདི་རེད
                       ༢༠༢༡/༡/༢༣མཚན་མོར།

འཆི་མེད། མིང་དངོས་ལ་པདྨ་འཚོ་ཞེས་འབོད། མདོ་སྨད་རེབ་གོང་དུ་སྐྱེས།

མནར་གཅོད། 

གད་སྙིགས་མགོ་ལ་ཁུར་ཏེ་བཞད་པའི་ལམ་འགྲམ་གྱི་ཁུར་མོང་།
ལམ་དཀྱིལ་ན་གན་རྐྱལ་དུ་འཕག་འཚག་རྒྱག་གིན་པའི་འབུ་སྲིན་ཆུང་ཆུང་།

གྲམ་མཐིལ་ན་སྡུག་ཡུས་འདོན་པའི་ཆུ་ཕྲན།
གྲམ་པ་ན་གསོན་ལྤགས་བཤུས་པའི་རྡོ་བའི་ཚོགས།
 
གྱང་གོག་ནང་གི་དར་ལྕོག་རལ་བོ།
ལྕགས་གཟེབ་དང་མཉམ་དུ་གཟེངས་པའི་འཇག་མ།
བཀྲག་མདངས་ཀྱིས་བཞད་ཀྱང་རྡོག་བར་ན་རྫི་བའི། སྙིང་ཉེ་བའི་མེ་ཏོག་གློ་དམར།
 
ཚོད་ཚོད་ལ་རྒྱང་རིང་ནས་འཕུར་ཡོང་སྟེ།
ཚོད་ཚོད་ལ་རྒྱང་རིང་དུ་ཡལ་འགྲོ་བའི་འཕྲུལ་འཁོར་དང་མི་ཚོགས།
རླུང་གིས་ཟེད་ཟེད་གཡོ་ཞིང་ལོ་ཟླའི་གཏམ་རྒྱུད་བྲིས་པའི།
ངའི་སྐྲ་ལོ།
 
ནམ་གསལ་དུས་འོད་སྣང་ལ་བཀྱེད་ཅིང་།
ས་རུབ་དུས་མུན་པར་ཞེད་དགོས་པའི་སེམས་ཁྲལ།
 
རོལ་དབྱངས་ལ་སྐྱོབ་ཐབས་བྲལ་ཅིང་།
སྙན་ངག་གིས་སེལ་ཐབས་མེད་པ།
མུན་པའི་ནང་ནས་ཀྱང་།
མིག་ཟུང་དམ་དུ་བཙུམ་དགོས་པའི་ནེམ་ཐིག་ཉི་ཚེ་བ།
གློ་བུར་སྨྲ་སྒོ་འགག་པའི་སྐད་ཅིག་མ།
རྒྱང་རིང་ན།   རྒྱང་རིང་ལས་ཅི་ཡང་མེད་པའི་རྒྱང་རིང་།

མནར་གཅོད་བྱེད།
འདི་ལྟར་མནར་གཅོད་བྱེད།
 
ངལ་དུབ།
                            
རེབ་གོང་ལ་ཆར་བ་ཟམ་ཟིམ་འབབ་ཀྱིན་འདུག
ཆུ་འཁྱིལ་དུ་འཕོས་པའི་ལྡོག་གཟུགས་དང་གོམ་པ་མཉམ་སྤོས་རེས་འཁོར་དུ་བསྡད།
 
ཕྱི་ན་ཆར་ཐིགས་ཀྱིས་ཤེལ་གྱི་དྲ་མ་བརྡུངས་པའི་ཐག་སྒྲ་མཚམས་མི་ཆད།
ནང་ན་སྐད་འཕྲིན་འབོད་བརྡ་དང་བྱིས་པའི་ངུ་སྒྲ་མཚམས་མི་ཆད།
གམ་གྱི་མི་དེ་གཉིས་ཀྱིས་སྐད་མགོ་འང་ཇེ་མཐོ་ཇེ་མཐོ།

ནག་ཡུག་ཡུག་གི་འཇེབ་འཁོར་ཞིག་གིས་ཆར་ཆུ་བཤགས་ཏེ་མདུན་ནས་རྒྱུགས།
ཟོང་སྐྱེལ་རླངས་འཁོར་ཞིག་གི་འཁོར་ལོ་ལ་རླངས་པ་ཐུལ་ཐུལ་གཡོན་ནས་རྒྱུགས།
 
གཞི་ནས་ཚ་གདུག་ལམ་ལམ་འབར་བའི་ཟི་ལིང་ལ་འབྱོར།
ལམ་འགྲམ་ནས་སར་བསྡད་དེ་ངལ་གསོས།
ཚ་དྲོད་འབར་བའི་རྡོ་བའི་གསེང་ན་གྲོག་མ་ཆུང་ཆུང་ཞིག
ཁ་ཕྱོགས་མེད་པར་ཡར་མར་རྒྱུགས།
 
ཕར་འགྲོ་ཚུར་ཡོང་གི་མི་ཚོགས་བརྒལ་ནས།
འབོག་སྒྲིལ་སྣ་ཚོགས་ཁུར་བའི་མི་ཚོགས་ཀྱི་རྗེས་འབྲངས་ཏེ།
ང་ཡང་མེ་འཁོར་དུ་བུད།
 
གཡས་གཡོན་རྒྱུས་མེད་གཉིས་ཀྱི་བར་ནས་ང་རང་བསྡད།
བྲེལ་བྲེལ་འཚུབ་འཚུབ་དང་ཕྱི་མིག་ལིང་ལིང་དེ་དག་གིས།
ངལ་དུབ་དང་སྐྱོ་སྣང་མཉམ་དུ་སྟེར།
 
མ་གཞི། ལྷན་འཛོམས་དང་གྱེས་གདུང་ལྕགས་ལམ་རིང་མོའི་སྣེ་གཉིས་ན་གཡོ།
གཉིས་སུ་གྱེས་པའི་མཐའ་གཅིག་ནས།
ངས་ཁྱེད་ཀྱི་རྒྱབ་གཟུགས་མཐོང་།
ང་རང་མིག་ཟུང་དམ་དུ་བཙུམས།
   ་་་     ་་་               ༢༠༡༩.༥.༥ཉིན་མེ་འཁོར་དུ།

བདེ་སྐྱིད་སྒྲོལ་མ། མདོ་སྨད་རྨ་ལྷོ་སོག་རྫོང་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་འཁུར་མུས་སུ་ཡོད།

དེ་རིང་།

དེ་རིང་ནས།
སྡོང་བོ་རྒས་ཀྱང་ངའི་རུས་པ་མི་རྒས།
ཡལ་ག་སྒུར་ཀྱང་ངའི་སྒལ་བ་མི་སྒུར།
མེ་ཏོག་རྙིད་ཀྱང་ངའི་སེམས་པ་མི་རྙིད།
ལོ་མ་ཟགས་ཀྱང་ངའི་མིག་ཆུ་མི་ཟགས།
དེ་རིང་ནས།
གཙང་བོ་བཞུར་ཀྱང་ངའི་དུས་ཚོད་མི་བཞུར།
རྡོ་བ་འཁྱགས་ཀྱང་ངའི་ཤ་དྲོད་མི་འཁྱག
གྲམ་པ་སྐམ་ཀྱང་ངའི་ཟུངས་ཁྲག་མི་སྐམ།
ཉ་མོ་ངུས་ཀྱང་ངའི་བླ་སྲོག་མི་ངུ།
དེ་རིང་ནས།
ཉི་མ་ནུབ་ཀྱང་ངའི་གངས་རི་མི་ནུབ།
ཟླ་བ་འགྲིབ་ཀྱང་ངའི་ཕ་སྐད་མི་ཕྱེད།
སྐར་ཚོགས་ཐོར་ཀྱང་ངའི་ཐ་སྙད་མི་ཟགས།
གནམ་ངོ་རུབ་ཀྱང་ངའི་བློ་མིག་མི་ལྡོངས།

ཁ་བ་ལྷ་མོ།  ཨ་མདོའི་མཚོ་སྔོན་པོའི་མཐའ་འཁོར་བོང་སྟག་ཅེས་པའི་འབྲོག་སྡེ་ཞིག་ནས་སྐྱེས། མཚོ་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་ནས་སློབ་གཉེར་བྱས་མྱོང་། སྙན་དེབ་ལ《ཁ་བའི་རྣ་ཆ》དང《རླུང་གི་མེ་ཏོག》གཉིས་ཡོད།  ད་ལྟ་ཕ་ཡུལ་ན་དགེ་རྒན་གྱི་ལས་ཀ་གཉེར་གྱིན་མཆིས།

སྤྱི་འགྲོས་ཀྱི་ཕྱིར་དུ།
 
སྤྱི་འགྲོས་ལྟར་ལམ་ལ་ཆས
སྤྱི་འགྲོས་ལྟར་ལས་ཀ་ལས
འགན་ཁུར་གྱི་ས་ཁོངས་སུ
རེའུ་མིག་གི་དྲག་ཆར་འབབ
སྡོམ་རྩིས་ཀྱི་བུ་ཡུག་འཚུབ
 
དུས་ཚོད་ཀྱི་མིད་པ་བཙུར་བཙུར་ན
ཐོ་རངས་ཀྱི་སྐར་ཆེན་འཇུར་ཡོང
ས་སྲོད་ཀྱི་མཛོ་འདོགས་འཇུར་ཡོང
རེད   ནམ་མཁའི་སྐར་མའི་ཚོགས་ཀྱང་འཇུར་ཡོང་བ་ཁོ་ན་ལས
འཛུམ་ཡོང་བ་གཏན་ནས་མི་སྲིད
 
དེ་ནི   ཕྱེ་ལེབ་རྣམས་དོན་མེད་དུ་འཕུར་བཞིན་པ་ཙམ་ལས
གར་བྱེད་པ་གཏན་ནས་མི་སྲིད་པ་ཇི་བཞིན
ཆུ་ཕྲན་ཡང་མཚམས་མེད་དུ་བཞུར་འགྲོ་བ་ཙམ་ལས
གཞས་གཏོང་བ་གཏན་ནས་མི་སྲིད་པ་ཇི་བཞིན
 
རང་ཉིད་ཀྱང་སྤྱི་འགྲོས་ཀྱི་ཕྱིར་དུ
གདོང་གི་སྐྱི་ལྤགས་གཉེར་ཙམ་གཉེར་ཙམ་བྱེད་རྒྱུ་ལས
ངེས་པ་དོན་གྱིས་འཛུམ་མི་ཤེས་པ་ཇི་བཞིན
                             2020.12.6

རྟོགས་སད་ལྷ་མོའམ་ཚེ་སྐྱིད་ལྷ་མོ་ནི། ༡༩༨༧ལོར་ལྷ་ས་འཕན་ཡུལ་ཁོངས་རྭ་སྒྲེང་གདན་སའི་ཉེ་འདབས་སུ་སྐྱེས་ཤིང་།  ༢༠༡༡ལོར་བོད་ལྗོངས་གསོ་རིག་སློབ་ཆེན་ནས་མཐར་ཕྱིན། ད་བར་དབུས་ལྷ་ལྡན་གྲོང་ལ་སྨན་པའི་བྱ་བ་གཉེར་བྱེད་བཞིན་ཡོད།
 
ཞེ་ལ་ཐོགས་པའི་ལྷ་ས།
                                                                                                     
སྐྱིད་ཆུའི་རླབས་རིས་དང་ངང་བ་སེར་པོ
མིག་གི་མཐོང་ཡུལ་ནས་རྒྱང་རིང་དུ་བཞུད་ཀྱིན་འདུག
ཚངས་དབྱངས་ཀྱི་ཞལ་ཆེམས་བསྣམས་པའི་ཁྲུང་ཁྲུང་སྐེ་ནག
ངའི་མཁའ་དབྱིངས་བསྐྱུར་ནས་གང་དུ་འཕུར་འགྲོ
ལྷ་ས་ཡ     ཀོ་གྲུ་མེད་པའི་སྐྱིད་ཆུའི་གཞུང་ནས
ངས་གནའ་བོའི་གསང་བ་ཅི་ཡང་རྟོགས་ཐབས་བྲལ

སྐྱིད་ཆུ་དང་ཉེ་བར་བཅར་བའི་ཁྱེད་རང་
མགུར་ཆུང་དབྱངས་སུ་གྱེར་བ་གྲངས་ཀྱིས་མི་ཟིན་ཡང་
ཡ་ཆུང་གི་ཁོག་ན་ལུས་པའི་སྙན་ངག་དང་སྙན་ངག་ལྟ་བུའི་གཏམ་རྒྱུད་དག་གིས
ཁྱེད་རང་བཟི་ནས་ཡང་བསྐྱར་བཟི་རུ་བཅུག་པ་སུས་ཀྱང་ཤེས་མེད

གཟབ་གཟབ་མ་བྱས་པར་ཆག་གྲུམ་ཤོར་བའི་གཡུ་ཆུང་དྲུག་དཀར
སྙན་ངག་ཟེར་བའི་ཡིག་འབྲུ་འགའ་ཡི་སྲུབས་ན་ཁྱབ་བཞིན་འདུག་པས
ལུས་དྲི་ཞིམ་པའི་སྙིང་སྡུག་ཁེར་རྐྱང་ལྷ་སའི་སྟོད་སྨད་གང་དུ་ལུས་ཡོད་ཨང་

སྡོམ་པ་ཤོར་བའི་བར་སྐོར་གྱི་རྡོ་གཅལ་སྟེང་དུ
བསྲེག་མ་ཚར་བའི་ལོ་རྒྱུས་ཀྱི་ཤོག་ལྷེའི་ཟུར་ཞིག་ལུས་ཡོད་ན
རྨི་ལམ་དུ་འཁོར་མྱོང་བའི་མེས་པོའི་ལུང་བསྟན
ག་དུས་ཤིག་ལ་ང་ཡི་སྙན་ངག་གི་མགྲོན་དུ་བྱོན་ནམ
འཆི་བདག་མ་སླེབས་པའི་སྔ་རོལ་ཞིག་ལ
ངས་ཁྱེད་ལ་མགྲོན་བསུ་གྲ་རྒྱས་ཤིག་ངེས་པར་བྱ་དགོས

སྙན་ངག་པའི་ཁ་རླངས་དང་འདྲེས་པའི་ཉི་མ་ལྷ་ས
ལྷ་སྒྲུང་གི་དྲི་མ་ཡལ་ནས་ཡུན་རིང་སོང་ཡང་
ཞེ་ཡི་གཏིང་རིམ་ཞིག་ནས
འཁྲེང་སེམས་གྱི་ཕྱི་མིག་ཁྱེད་ལ་ཕྱོགས་ཡོད།
དུངས་ཞེན་གྱི་དར་ཐག་ཁྱེད་ལ་འཐེན་ཡོད
ནང་སྙིང་གི་དཀར་དམར་ཁྱེད་ལ་སྟོན་ཡོད
ཡ་ཆུང་གི་མཆོད་པ་ཁྱེད་ལ་ཕུལ་ཡོད
འདི་ནི་རྣམ་རྟོག་ཅི་ཞིག་གི་བསླུ་བྲིད་མིན་པ་ངས་ཁས་ལེན་བྱ་ཐུབ།
                 2021/1/2 མཚན་མོ་སྐྱིད་ཆུའི་ཉེ་ས་ནས།

ཚེ་རིང་ལྷ་མཚོ།  ཁམས་དཀར་མཛེས་རྫོང་ནས་ཡིན། ད་ལྟ་དཀར་མཛེས་རྫོང་དུ་མཐོ་འབྲིང་གི་བོད་ཡིག་དགེ་རྒན་བྱས་ཡོད་ཅིང་དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  སྔ་ཕྱི་རུ་བརྩམས་དེབ《བསམ་གཞིགས་སྙིང་རྗེ་མོ》དང་《དམངས་ཁྲོད་ཀྱི་ལ་གཞས་དང་མགུར་མོ། གཏམ་དཔེ་གཅེས་བཏུས》གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། 《བཞོ་ལུང》དང《གངས་དཀར་རི་བོ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཀན་ལྷོ་ཚགས་པར》 《ཤྭ་སྐྱ》  《མི་རིགས》 《ཁམས་པའི་ཚགས་པར》སོགས་སུ་བརྩམས་ཆོས་བརྒྱ་ལྷག་བཀོད་ཡོད།

ཞེན་ཆགས་དམར་པོའི་ཁུག་ཀྱོག་ན།
 
མདང་དགོང་།
ནམ་མཁའ་ནས་འབྲུག་སྒྲ་ལྡིར་ཞིང་།
བར་སྣང་དུ་གློག་དམར་འཚུབ།
ངས་འཇིགས་སྐྲག་དང་ཞེད་སྣང་དབྱིངས་ནས་མེས་མོ་དྲན།
ལོ་ངོ་མང་པོའི་ཡར་སྔོན་ན།
འདི་ལྟར་གློག་འོད་འཁྱུག་པའི་མཚན་མོ་རུ།
མེས་མོས།
གྲི་རྩེ་ས་རུ་ཚུགས་དང་ཐེའུ་རང་འགོག་ནུས་ལ།
ལྷ་དང་བླ་མ་བོས་ན་སྐྱབས་འཇུག་མཛད་ངེས་པས།
འབྲུག་ངར་སྒྲ་ཆེ་དེ་སྟོང་སྒྲ་རེད།
འཇའ་ཁ་དོག་བཀྲ་ཡང་སྣང་བ་ཞེས།
ངའི་སེམས་ཀྱི་བདེ་བ་སློང་ལ་ཡིད་ཀྱི་འཇིགས་པ་སེལ་བ་བགྲང་ལས་འདས།
དུས་དེ་ནས་བཟུང་།
ལོ་རེའི་འབྲུག་སྒྲ་ལྡིར་བའི་མཚན་མོ་ལ།
ངས་ཀྱང་གྲི་རྩེ་ས་རུ་བཙུགས་པ་བརྒྱ་དང་སྟོང་།
ལྷ་དང་བླ་མ་བོས་པ་ཁྲི་མ་འབུམ།
གང་ལྟར།
བརྩེ་བའི་ཞེན་ཆགས་དམར་པོའི་ཁུག་ཀྱོག་ན།
མཚན་མོ་རྨི་ལམ་མང་པོའི་བར་གསེང་ན།
མེས་མོའི་འཛུམ་གྱིས་བཞད་པའི་ཞལ་རས་དྲན་ལ།
དུང་བས་གཅེས་གཅེས་གནང་བའི་མཆུ་སྒྲོས་ཀྱང་དྲན།
 
ཏག་ཏག་ལོ་ངོ་འདི་དག་རིང་།
ངས་རང་ཉིད་ནར་སོན་པའི་ལོ་ཟླའི་ནང་།
མཐོང་ཐོས་དང་བསམ་གཞིགས་བརྩེགས་ཤིང་།
འཇིག་རྟེན་གྱི་བདེ་སྡུག་བསགས་པས།
ཚེ་སྲོག་གི་བགྲོད་ལམ་རྟོགས་ཡོད་མོད།
འོན་ཀྱང་མི་ཞིག་བཞུད་ཤུལ་ན།
སྡེ་མི་ཚོས་ད་གཟོད་ཁོ་ཚོའི་ཡོན་ཏན་གླེང་ཞིང་།
ད་གཟོད་ཁོ་ཚོའི་མཛངས་ཚུལ་བརྗོད།
ཁྱིམ་མི་ཚོས་ད་གཟོད་ཁོ་ཚོའི་མཛད་རྗེས་རྟོགས་ཤིང་།
ད་གཟོད་ཁོ་ཚོའི་རིན་ཐང་ཤེས།
དངོས་གནས།
མེས་མོ་མི་ཡུལ་དུ་གནས་པའི་ལོ་ཟླའི་ནང་།
མི་ཚེའི་མཛེས་སྡུག་ཡོད་ཚད་ལ་རེ་སྙེགས་བྱས་ཤིང་།
ལང་ཚོའི་འགྱུར་རིས་ཡོད་ཚད་བདེན་དུ་འཛིན།
མེས་མོ་མི་ཡུལ་དུ་གནས་པའི་ཁྱིམ་གཞིས་ན།
ཁང་མིག་གི་ཕྱི་ནང་ཡོད་ཚད་དྭངས་གཙང་ཡིན་ལ།
ལབ་གླེང་གི་གཡས་གཡོན་ཡོད་ཚད་དགོད་སྒྲས་གང་།
ཡིན་ནའང་ལོ་རབས་དེའི་ནང་།
མེས་མོ་དང་མེས་མོ་ལྟ་བུའི་ཁ་བ་རི་བོའི་མོ་སྨན་མང་པོས།
མི་ཡུལ་དུ་རྒྱུ་བའི་བར་གསེང་ན།
ཁྱོ་བོས་རྡུང་རྡེག་གི་མནར་གཅོད་ཁུར་མྱོང་།
འཚོ་བའི་སྐྱོ་སྡུག་གིས་ལང་ཚོ་བཙིར་མྱོང་།
སྒྱུག་མོས་ཚིག་རྩུབ་ཀྱི་མདའ་མོ་བཟོད་མྱོང་།
ལྷག་པར་དུ།
དུས་རབས་དེའི་ནང་གི་མཐོ་སྒང་གི་གྲོགས་མོ་མང་པོས།
བྱིས་པའི་མདུན་ལམ་གྱི་ཁ་ཕྱོགས་བསྐྲུན་མི་ནུས་ཤིང་།
ཁྱིམ་གྱི་ཐོབ་ཐང་གི་རྐུབ་སྟེགས་འཛིན་དབང་མེད།
ནམ་ཡང་།
ཁ་ཕྱོགས་དང་དམིགས་ཡུལ་མེད་པར།
རང་དབང་དང་ལ་རྒྱ་མེད་པར།
ཁྱི་མོ་བཞིན་བདག་པོའི་གདོང་ལ་ཅེར་ཞིང་།
བྲན་གཡོག་བཞིན་ཕྱི་ནང་བྱ་བས་བྲེལ།
དེའི་ཕྱིར།
ཁོ་མོ་ཚོས་ཡིད་ཆད་དེ་མིག་ཆུས་བཀྲུས་ཤིང་།
འཁང་ར་དེ་རྒྱུ་འབྲས་ལ་བགྲངས་ཏེ།
སྡུག་བསྔལ་དེ་ལས་དབང་ལ་བཅོལ་ནས།
ཨམ་གཙིགས་དང་ཁ་ཕོ་བསྡམས་བཞིན་འཚོ་མྱོང་ཡོད།
ཡིན་ནའང་།
སེམས་པ་ཆུང་དྲགས་པ་དེ་ཚོས།
འཇིག་རྟེན་གྱི་མཚར་སྡུག་མ་རྙེད་གོང་།
བསླུ་བྲིད་ཀྱི་གཡས་གཡོན་བར།
ཁྲེལ་མེད་ཀྱི་དམ་བཅའ་དབྱིངས་ནས།
ཁ་ཕྱོགས་དེ་ནོར་སོང་།
ཕུགས་བསམ་དེ་འགྱེལ་སོང་།
དམིགས་འདུན་དེ་རལ་སོང་།
 
ལྷག་པར་དུ།
ལོ་ངོ་དེ་དག་གི་རིང་།
ཁོ་མོ་ཚོས།
བརྩེ་དུང་གི་ཁ་དོག་འགྱུར་བ་ཆོས་ཉིད་དུ་རྟོགས་མེད་ལ།
མི་ཚེ་ལ་ཀྱག་ཀྱོག་ལྡན་པ་རྒྱུན་ལྡན་དུ་ཤེས་མེད།
ཕུགས་བསམ་ལ་གོད་ཆག་ཡོད་པ་འགྱུར་འགྲོས་སུ་བསྒོམ་མེད་པས།
ལོ་ཟླ་ཡིས་བརྐོས་པའི་གཉེར་རིས་ཁྲོད།
དུས་ཚིགས་ཀྱིས་སྐྱེལ་བའི་འགྲུལ་བཞུད་དབུས།
རྒྱུག་རྒྱུག་པའི་མཐར་གང་ཡང་མ་ཟིན་པ་དང་།
འཚོལ་འཚོལ་བའི་མཇུག་ཅི་ཡང་མ་རྙེད་པས།
རེ་ཆད་ནག་པོའི་ལུང་འདབས་ནས།
གཏན་ནས་གཏན་དུ་བཞུད་མྱོང་ཡོད།
བཞུད་སོང་བའི་གྲོགས་མོ་ཚོའི་རྗེས་ཤུལ་ན།
ལས་དབང་གི་གོད་ཆག་དེ།
སྡུག་བསྔལ་གྱི་ཁུར་པོ་དེ།
སྙིང་རྗེ་ཡི་སྨྲེ་ངག་དེ།
སུ་ལ་དབང་ཞིང་སུ་ཡིས་བསྒྱུར།
 
དུས་རབས་འདིར།
བཟང་པོའི་བྱ་བཞག་འགྲུབ་ཐབས་ནི་ཀུན་སྤྱོད་བཟང་པོ་ཆགས་རྒྱུ་དེ་ཡིན་ལ།
འཆམ་མཐུན་འཚོ་བར་རོལ་ཐབས་ནི་མི་གཤིས་བཟང་པོ་ཆགས་རྒྱུ་དེ་ཡིན།
དེ་བཞིན།
ལང་ཚོ་དོན་སྙིང་ལྡན་ཐབས་ནི་ཤེས་བྱས་མཛེས་རྒྱན་སྤྲས་རྒྱུ་དེ་ཡིན་ལ།
འཚོ་བའི་མཛེས་སྡུག་རོལ་སྟངས་ནི་ལྷག་བསམ་དཀར་པོར་འབད་རྒྱུ་དེ་ཡིན།
དེ་ཕྱིར།
ཁ་བ་རི་བོའི་གྲོགས་མོ་ཚོར།
རང་ཁ་རང་གི་གསོ་བའི་ལག་རྩལ་དགོས།
འཚོ་བའི་ཁྲོམ་ཚོགས་བཤགས་པའི་ཕུགས་འདུན་དགོས།
བྱིས་པར་སློབ་གསོ་ནུས་པའི་ཤེས་བྱ་དགོས།
ཕ་མར་ཞབས་ཞུ་སྒྲུབ་པའི་ལྷག་བསམ་དགོས།
མདོར་ན།
མཛེས་དགོས་ལ་མཛངས་ཀྱང་དགོས།
ཕུགས་བསམ་དགོས་ལ་རྣམ་དཔྱོད་ཀྱང་དགོས།
སྤོབས་པ་དགོས་ལ་ཤེས་རབ་ཀྱང་དགོས།

བོད་གཞུག་སྐྱིད།  ད་ལྟ་གྲོང་ཁྱེར་ཟི་ལིང་དུ་ཡོད། ཆེད་ལས་གསོ་རིག་ཡིན་ལ། ལས་ཀའི་ཞོར་ནས་སྙན་ངག་ཐན་ཐུན་ལ་སེམས་པ་བཅོལ་ཡོད།

ས་སྲོད་ཀྱི་དྲན་པ་བསིལ་བསིལ།
                    
མིག་ཆུ་ཇེ་ཉུང་དུ་འགྲོ་ཚུལ་འདི་ན་ཚོད་སྨིན་སྟངས་ཀྱི་གོ་རིམ་ཞིག་ཡིན་ན
ངོ་མདངས་ཤོར་སྲོལ་འདི་འཚོ་བའི་སྡང་སྡིག་གི་རྗེས་ཤུལ་དེ་ཡིན་སྲིད

ཆར་བ་འབབ་ཐེངས་རེ་ལ་སྔོན་ཆད་དགའ་བ་མི་ཤོང་བ་ཞིག་ཡོད་མོད
ད་སྐབས་སྐྱོ་སྣང་བསིལ་མོ་ཞིག་དང་བསྡོངས་ཡོད་དོན
འདུན་པ་དང་འདོད་པ་དངོས་ཡོད་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་ཡིན་སྲིད་ལ
དམ་བཅའ་དང་རྨི་ལམ་ནི་ཆུ་ཁའི་ཝུ་ལྟར་ཡལ་བཞིན་པས་ཀྱང་ཡིན་སྲིད

ངོ་འབག་ཤིན་ཏུ་མཐུག་པོ་གྱོན་པའི་དེང་རབས་ཀྱི་མི་ཚོས
ཚུལ་འཆོས་ཟེར་བ་ལ་རྡོག་བརྫིས་གྲངས་མེད་ཅིག་བྱས་རྗེས
སླར་ཡང་ཞལ་འབག་ངོ་གནག་ཅིག་གྱོན་ཏེ
མངོན་ལྐོག་གང་རུང་ནས་བཤུ་གཞོག་བྱེད་པ་ལ་ཐེ་ཚོམ་མེད་དོ

སྡུག་བསྔལ་དང་མྱ་ངན་ལ་གདུང་སེམས་སྐྱེས་དགོས་ཡོད་ཀྱང
ལ་ལས་ཏག་ཏག་མི་གཞན་གྱི་སྐྱོ་བ་དང་ངལ་བ་ལ་དགའ་བཞིན་ཡོད་དེ
དེ་དག་གིས་དེ་ལྟ་ན་ད་གཟོད་རང་ཉིད་ཀྱི་གཟི་བརྗིད་དྲན་ཐུབ་པ་ཡིན་ནོ

ས་སྲོད་འདིར་ངས་གྲོང་འདིའི་མི་རྣམས་ཀྱི་ཕར་འགྲོ་ཚུར་འོང་ལ་བལྟས་ནས་ཡོད་དེ
ཁེར་རྐྱང་དང་ཁེར་རྐྱང་མ་ཡིན་པ་ནི་ཁྱུ་དང་ཁྱུ་བྱས་ནས་ཕར་འགྲོ་བ་བཞིན་དུ
སྣང་ཅན་དང་སྣང་མེད་དག་ཀྱང་ཚོ་དང་ཚོ་བྱས་ནས་ཚུར་འོང་བཞིན་ཡོད་
སུས་ཀྱང་ཤི་གསོན་གྱི་ཡང་སྙིང་ལ་ཁ་ཡ་བྱེད་བཞིན་མེད་དོ

འགྱུར་བ་སྐྱེན་པའི་དབྱར་ཟླའི་གནམ་ངོ་ནི་མི་རྟག་པའི་སེམས་དང་འདྲ་མོད
འགྱུར་དུ་མེད་པ་ནི་སྒེར་སེམས་དང་ཧམ་པ་ཁོ་ན་བཅངས་པའི་མི་ཡི་གཉུག་གཤིས་དེ་རེད
བརྩོན་འགྲུས་ཀྱི་ས་བོན་ལ་འབྲས་བུ་ཐོབ་ཏུ་ཡོད་ཀྱང་
གཞན་གྱི་རྩོལ་བ་ལ་བདག་གིར་འཛིན་པ་ཐ་ཤལ་གྱི་ལས་ཡིན་པ་སུ་ཡིས་མི་ཤེས

ཕྱི་རོལ་ནི་དེ་འདྲ་ཡིན་དུ་ཆུག་ཀྱང་

ང་ཚོ་ལའང་གཞན་གྱིས་ཧབ་འཐོབ་བྱེད་དཀའ་བའི་ལས་སྣ་མང་དུ་མཆིས་ཏེ
རྒྱ་ཡན་གྱི་ཚོར་བ་ནི་གཞལ་དཀའ་བའི་ཞིང་ཁམས་དང་འདྲ་བ་བཞིན་དུ
ཚད་མེད་པའི་བློ་གྲོས་ནི་རིན་བྲལ་གྱི་ནོར་བུ་ལྟར་སྣང་བས
སེམས་ཀྱི་སྣང་བ་རི་མོ་བཞིན་བྲིས་ཆོག་པ་བཞིན་དུ
ཡིད་ཀྱི་འགྱུར་བ་དབྱངས་ལའང་བརྒྱུས་ན་ཆོག་གོ
                ༢༠༢༡ལོའི་༠༥བའི་ཚེས༢༨

མཚོ།  མིང་དངོས་ལ་སྒྲོལ་མ་ཚེ་རིང་དུ་འབོད། ལོ་རབས་བརྒྱད་ཅུ་བར་མཚོ་ལྷོའི་མང་རྫོང་དུ་སྐྱེས་ཤིང་།  ད་ལྟ་མང་རྫོང་མཁར་གྲོང་སློབ་ཆུང་གཉིས་པར་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་གཉེར་མུས་སུ་ཡོད། སྔ་རྗེས་སུ།  《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》《མི་རིགས་ཀྱི་རྩོམ་རིག》 《ཟླ་ཟེར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》  《མཚོ་སྔོན་བོད་ཡིག་ཚགས་པར》   《ཁྲིམས་ལུགས་ཚགས་པར་》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དག་ཏུ་སྙན་ངག་དང་ལྷུག་རྩོམ་སོགས་རྩོམ་སྣ་མང་དུ་མང་དུ་བཀོད་པར་མ་ཟད།  བརྩམས་ཆོས་རེ་འགའ་“གཟི་མིག་”དཔེ་ཚོགས་དང་ “འབྲོང་”དཔེ་ཚོགས།   “དམངས་ཕན་”དཔེ་ཚོགས་སོགས་སུ་བདམས་བཀོད་དང་པར་སྐྲུན་བྱས་ཡོད། 2014ལོར་སྙན་དེབ་ཐོག་མ་《སེམས་པ་བཞུད་པའི་དབྱངས་》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།  རྩོམ་བཏུས་དེབ་《ཁང་མིག་སྒོ་མེད་》ཅེས་པ་དེ་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན།  

ན་ཟུག་གི་འགྱུར་ཁུགས།
              
ཉིན་དང་མཚན།
ཇ་དང་ཚྭ།
ཕ་མ་དང་བུ་ཕྲུག
ཡོད་ཚད། ངས་ན་ཟུག་གི་རྒྱུན་བུ་ལ་དྲངས་ནས།
སྐེ་ལ་དམ་པོར་བཏགས་ཡོད།
མཚམས་ལན་རེར་ནད་ཡམས་དང་རང་བྱུང་གི་གནོད་འཚེ་རེ་ཡང་།
ཕྲ་རྒྱན་གྱི་ཚུལ་དུ་རྒྱུན་བུ་འདིར་དྲངས་དགོས།
 
ལས་དབང་གི་ན་ཟུག་འདི་ཧ་ཅང་ལྕི།
 
ས་གཞིའི་ཕང་བ་རུ་ཚེ་སྲོག་རྒྱུ།
ནམ་མཁའི་དབྱིངས་རིམ་ན་ཡང་ཚེ་སྲོག་རྒྱུ།
རི་བོའི་རྐེད་པ་དང་བྲག་རྡོའི་ཐེམ་པ་རེ་ནའང་།
ཚེ་སྲོག་རྒྱུ།  རྒྱ་མཚོའི་ངོགས་དང་ཆུ་ཕྲན་གྱི་འགྲམ།
ནགས་ཚལ་གྱི་མཐའ་དང་གཡེར་མོ་ཐང་གི་ཁུད་སོགས།
ངའི་སེམས་ངལ་ཕོག་ས་རེ་ནའང་།
ངའི་སྤྲོ་སྣང་དང་སྐྱོ་ངལ་འདེགས་པའི་ཚེ་སྲོག་ག་ཚོད་ཀྱི་འོ་དོད་མཆེད།
 
ན་ཟུག་འདི་ལྕི་དོན་ལས་དབང་ཁོ་ན་མིན།
 
སྤྲོ་སྣང་གིས་འོད་འཚེར་ཞིང་སྐྱོ་བས་མཆི་མ་ཟེགས་པར་བྱེད་པའི་མིག་ཟུང་།
དགའ་དྲགས་དུས།  ངས་སྙིང་ཉེ་བ་སུ་ཞིག་ལ་གཉོམ་དུང་དུང་གིས་གཏད་ཆོག
ཞེ་སྡུག་དུས།  ངས་སྙིང་ཉེ་བ་སུ་ཞིག་ཤུགས་ཀྱིས་དྲན་གྱིན་ག་ལེར་བཙུམ་དགོས།
བདེ་སྐྱིད་ཀྱིས་འཛུམ་ཞིང་སྡུག་བསྔལ་གྱིས་མུན་པ་འཐིབ་པར་བྱེད་པའི་བཞིན་རས།
ངས་ལྷན་འཛོམས་ཀྱི་དགོད་སྒྲའི་ཁྲོད་ནས་མིག་གིས་འཚོས་ཆོག
ངས་གྱེས་བྲལ་གྱི་གདུང་དབྱངས་ཁྲོད་ནས་སེམས་ཀྱིས་བསྐྱང་དགོས།
 
ཡང་ན། ན་ཟུག་འདི་ལས་དབང་ལ་བཅོལ་བར་བྱོས།
 
སྡུག་ཡུས་ཀྱི་མཆི་མས་ས་ཆེན་བརླན་དུས།
བརྩེ་འདང་དང་ཆེད་དབང་རང་གིས་ཉར་རྗེས་བྱམས་བརྩེ་ལྷག་མི་འདུག
དཀྱེལ་ཡངས་དང་སྙིང་རྗེ་ཡང་ལྷག་མི་འདུག

ཡང་ན།  ལས་དབང་འདི་ན་ཟུག་གིས་ཐེག་པར་གྱིས།

ཚེ་རིང་འཚོ། པིར་མིང་ལ་གངས་རིའི་སྲས་མོ་ཟེར། ༡༩༨༠ལོར་སྐྱེས་ལ་མདོ་སྨད་ཀླུ་ཆུ་རྫོང་མ་ངེ་སྡེ་བ་ནས་ཡིན། ༢༠༠༡ལོ་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་ཏེ་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༦ལོ་ཐེངས་གཉིས་པའི་བུད་མེད་དཔེ་ཚོགས་སུ《ཨ་མའི་བཞོ་ཟེའུ》ཞེས་པའི་ཚིགས་བཅད་ཀྱི་སྙན་དེབ་ཐོག་མ་འགྲེམ་སྤེལ་བྱས། ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད།  ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

ཨ་འཇམ་ཚ་རུ།

གོས་ཆེན་གྱི་ནང་རིམ་ན།
བཟོ་སྒྲིག་གི་སྐུད་སྣེ་ན།
གཅེས་ཕྲུག་སྙིང་རྗེ་ཞིག་གི་མལ་གདན་བྱས།
ལོ་ལོན་ཚེ་རིང་ཞིག་གི་དགུན་ལྭ་བྱས།
ན་གཞོན་སྟོབས་ཆེན་ཞིག་གི་གཤོམ་ལྭ་བྱས།

ཨ་འཇམ་ཚ་རུ།
གཡང་དཀར་སྤང་ནས་འཚོས་པའི་མེ་ཏོག་གི་ལེགས་སྐྱེས་འཇམ་པོ།
ཨ་མས་བློ་རིག་ལས་འཁྲུངས་པའི་རྒྱུ་བཟང་གི་ལྭ་བ་དྲོན་མོ།
གོང་ཁ་མཐོ་དགོས།
དགུན་གསུམ་གྱི་རླུང་ཆེན་འགོག་ཐུབ།
སྤུ་མདོག་དཀར་དགོས།
ལུས་སེམས་ལ་དྲོད་ཁོལ་འཁྱིལ་ཐུབ།

ཨ་འཇམ་ཚ་རུ།
གོས་ཆེན་ཕྱི་མའི་མཛེས་སྡུག་ལ་འཁྲེང་བའི་བུ་མོ་གནས་འགྲོ་མས།
བརྩེ་བ་ཨ་ལོང་ལ་འདྲེས་བཞིན།
རྟ་མཆོག་གྱོ་ལུའི་རྒྱབ་ནས་སྤྲོ་སྐྱིད་ཀྱི་ཁྱིམ་གཞིས་ཁུར་ཏེ།
རང་ཡུལ་དང་གྱེས་དུས།
ཆེས་འཇམ་པའི་རེག་བྱ་དེས་ལུས་ལ་དྲོད་འཁྱིལ།
སེམས་ལ་རེ་བ་བཞག

ཨ་འཇམ་ཚ་རུ།
སྨུག་ལང་ལོང་ནང་གི་གཞས་ཆུང་དེ་ཡིན།
རླུང་ཤུར་ཤུར་ནང་གི་དྲོད་ཁོལ་དེ་ཡིན།
དྲན་པ་སྐྱ་བོའི་ཁྲོད་ཀྱི་རྣམ་ཤེས་དེ་ཡིན།
མིག་ཟུང་ཁྲ་རིལ་ནང་གི་འདང་ཆེན་དེ་ཡིན།
ཨ་འཇམ་ཚ་རུ།
འཁྱོག་བརྗོད་དང་འུར་སྒྲོག་བྱ་མི་དགོས་བའི་འཛོམས་པོ་ཞིག
ཚོན་མདངས་ཀྱིས་མཛེས་སྤྲས་བྱ་མི་དགོས་པའི་རང་བྱུང་ཅིག
                     ༢༠༡༨ལོའི་ཟླ༡པོའི་ཚེས༡༧ཉིན།

ཀླུ་ཆུའི་ལྷ་མོ་སྐྱིད། སྨྱུག་མིང་ལ་ཟེའུ་འབྲུར་འབོད། ༡༩༨༢ལོར་མདོ་སྨད་ཀླུ་ཆུར་སྐྱེས།

དཀོན་མཆོག་གི་བྱིན་རླབས་ཡོད་ས་ན་རང་ཉིད་ལ་རྨི་ལམ་ཡོད་པ་འཁྲུལ་མེད་ཡིན།
 
ས་རུབ་སོང་།
སྐར་འོད་ཆུང་ཆུང་སྒེའུ་ཁུང་ན་འཛུམ་པའི་ཕྱེ་ལེབ་འདྲ།
ཕ་རོལ་ན་ཡང་སྙིང་ཅི་ཞིག་ཡོད།
རེ་སྒུག་གི་རྨུ་ཐག་ལ་འཇུས་པའི་འཇའ་ཚོན་གྱི་བཞིན་རས།
དགུན་ཟླ་རིང་མོའི་གྲང་ངར་གྱིས་གཙེས་ཏེ་སྐྱ་ཐིང་ངེར།
 
མེ་ཏོག་གི་འདབ་ལོ་རུལ་བའི་གཏམ་རྒྱུད་ཅིག
ཟླ་འོད་མོག་མོག་གི་གྲིབ་བསིལ་ལ་བརྟེན་ཏེ་མི་ཡུལ་དུ་མཆེད།
སྒོ་ཁྱི་ཟུག་སྟེ་མཚན་མོའི་ལྷིང་འཇགས་དཀྲོག་པ་རྒྱུན་ལྡན་ཡིན་མོད།
ཕ་གིན་ན་སྐད་དམའ་མོས་ངུ་ཤུམ་བྱེད་བཞིན་པ་བུ་མོ་ཞིག་རེད།
བརྩེ་དུང་ལ་ཆག་འཇིག་ཐེབས་པའི་འཁོར་བའི་བདག་མོ་ཞིག་ཡིན་ངེས།
ལམ་གྱི་བཞི་མདོ་གང་དུ་ཁྱི་ལྡོམ་མང་པོས་སྔར་ལས་ཀུ་ཅོ་འདོན་པས།
མཚན་ལྗོངས་ཀྱི་བར་སྣང་ཡངས་པོ་འཇིགས་སུ་རུང་བའི་ཤོབ་སྒྲ་ཡིས་ཁེངས།
 
སྣང་ཚུལ་དེ་སྐྱུག་བྲོ་བས་ལོངས་སྤྱོད་ཅིག་མིན་ཆོག་མོད།
ལྟོ་བ་ལྡིར་ལྡིར་ཅན་གྱི་མི་ཆེན་དེས་མཚན་མོ་ཁོ་ན་ལོངས་སུ་སྤྱད་ཡོད་ཟེར།
བསམ་གྱིན་བསམ་གྱིན།
འཚོ་གནས་འདི་ལ་ཞེ་མེར་མེར་བྱས་འོང་།
ཉེན་ཁ་ཆེ་བའི་མཚན་ལམ་འདི་ཟླ་འོད་ཀྱིས་བསླུས་པའི་གྲིབ་གཟུགས་ཤིག་གི་ཆོ་འཕྲུལ་ཨེ་ཡིན་སྙམ།
ཉན་གྱིན་ཉན་གྱིན།
ཁོར་ཡུག་འདི་རྒྱུ་འབྲས་འཐོར་བའི་འདྲེ་སྲིན་གྱི་དུར་ས་ཞིག་ཏུ་འཁྲུལ།
 
མ་གཞི། འདོད་པ་དང་ཡིད་ཆེས་ཀྱིས་བཞེངས་པའི་ནང་སེམས་ཀྱི་འཇིག་རྟེན།
དེ་ལྟར་རྙོག་འཛིང་ཆེ་ལ།
དེ་ལྟར་དྲི་མ་ཅན་ཞིག་རེད་ཨང་།
 
ཉི་འོད་ལ་འཁྲེང་བའི་སེམས་པ་དེ་རྒྱུ་མཚན་ཞིག་ཡིན་རུང་།
མུན་རུབ་དུས།
ད་གཟོད་རང་ཉིད་ལ་རང་གཤིས་ཤིག་ཡོད་པ་གཞི་ནས་ཚོར།
ཟླ་འོད་འཛིན་འདོད་དུས།
རང་གི་ལག་ཟུང་ཧ་ཅང་གཉོམ་དྲགས་པར་ཚོར་བ་དེའང་དོན་དངོས་ཡིན།
གང་ལྟར།
དཀོན་མཆོག་གི་བྱིན་རླབས་ཡོད་ས་ན་རང་ཉིད་ཀྱི་རྨི་ལམ་ཡོད་པ་འཁྲུལ་མེད་རེད།    
     
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་བུད་མེད་སྙན་ངག་པའི་ཉེ་དུས་ཀྱི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས།(ཁག་དང་པོ)

2021-06-21 དཔལ་མོ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།