གངས•གཡུ་མཚོའི་སྙན་ངག་བདམས་བཀོད།

གངས•གཡུ་མཚོ། ཡང་ན་རྒྱལ་སྲས་ནག་པོ་ཟེར། མདོ་སྨད་ཀླུ་ཆུའི་ཡུལ་ནས་ལང་ཚོའི་ལྟེ་ཁྲག་འཕོས། ༢༠༠༣ལོ་ནས་སྙན་ངག་འབྲི་བའི་ལས་ལ་ཞུགས། བོད་ཁུལ་གྱི་དུས་དེབ༼གངས་རྒྱན་མེ་ཏོག་༽གཙོས་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་ལྔ་བཅུ་ལྷག་སྤེལ་ཟིན། ཁོང་ན་རེ། “དེ་ལྟར། མི་ཡུལ་གྱི་གྲུ་ཟུར་རེ་ནས་རང་ལ་རྨི་ལམ་ཡོད་ཚུལ་གླེང་མྱོང་། སྙན་ངག་གི་ལྷ་མོས་བསླུས་ཏེ་སེམས་ལ་སྡུག་བསྔལ་སྒོམ། ཐ་སྙད་ཀྱི་སྲུང་ཐག་འདི་གོན་ནས་དཔའ་སྤོབས་ཆེ་ཚུལ་བསྟན། གང་ལྟར། ང་ནི་ན་ཟུག་ལ་དགའ་བའི་མི་ཞིག་སྟེ། སེམས་པ་གཤག་ནས་ཁྱོད་ལ་སྟོན་འདོད་ཨང་།”
རོ་སྒམ་ནང་གི་མེ་ཏོག
སྒྱུ་མའི་སྨུག་ལོང་ཁྲོད་དུ།
བརྩེ་དུང་གི་ཆར་བ་ཚེ་རབས་གཅིག་ལ་བབས།
ལས་འཕྲོ་མཐའ་དག་བསོད་ནམས་ཀྱི་ཚུལ་དུ་མངོན་དུས།
སྐྱེ་འཆིའི་བར་གླེགས་སུ་ཁ་དོག་མི་གཅིག་པའི་མེ་ཏོག་གཉིས་བཞད།
འཁོར་བའི་ཀློང་གི་མི་སེར་ཚོས་དེ་ལ་རྨི་ལམ་ཞེས་འབོད།
རྨི་ལམ་གྱིས་མཚོན་པའི་གནས་མཆོག་དེ།
མེ་ཏོག་གི་ལང་ཚོས་སྤུད་པའི་འཇིག་རྟེན་ཆེན་པོ་ཞིག་ཡིན།
སྤྲིན་པ་བཅིབས་པའི་བུ་མོ་ཞིག་གིས་འཛུམ་མདངས་ཡང་ཡང་སྟོན།
འབྱོར་བ་རྒྱས་པའི་མི་ཕོ་ཞིག་གིས་རང་ཚུགས་ཡང་ཡང་ངོམ།
འོན་ཀྱང་། ངས་ཁྱེད་རང་མྱུར་དུ་སད་པར་སྒུག་ཡོད།
རེ་སྒུག་ནི་སྟོང་སེམས་ཀྱིས་བསྒྲེངས་པའི་དར་ཆ་ཞིག་རེད།
དར་ཆ་དེའི་ངོས་སུ་ཐེ་ཚོམ་གྱི་རི་མོ་མང་པོ་ལྷབ་ལྷུབ་གཡོ།
འཇིགས་སུ་རུང་བའི་རྨི་ལམ་གྱི་ལག་པས་ནམ་མཁའ་ཡོངས་སུ་བསྒྲིབས།
སྐབས་འདིར། ཁྱོད་རང་འཇའ་ཚོན་དང་མེ་ཏོག་གསེབ་ཀྱི་གྲིབ་མ་ཞིག
ཐག་རིང་དུ་ཆས་པའི་ལམ་སྣེ། ངལ་བ་ཡོངས་སུ་མཇུག་རྫོགས་སའི་དུར་ཁྲོད་ཅིག་རེད།
འཇིགས་པ་སྐྱེས་དགོས་དོན་མི་འདུག
མཆོད་མར་དང་ཡིག་དྲུག་གི་རྒྱགས་ཕྱེ་ཁུར་བའི་རྣམ་ཤེས་ལགས།
བརྩེ་སེམས་ཀྱི་ཁྲབ་ཆས་བསྣམས་ནས་ཤམྦྷ་ལའི་དམག་ཚོགས་སུ་བསྐྱོད་དང་།
འཇིག་རྟེན་གྱི་སྐྱོ་གཞས་དག་གནས་དེ་ནས་གླུ་རུ་ལེན་ཆོག་ལ།
འཁོར་བ་ཡི་སྡུག་བསྔལ་དག་གནས་དེ་ནས་བྱེ་མར་འཐག་ཆོག
འཇིགས་པ་སྐྱེས་དགོས་དོན་མི་འདུག་སྟེ།
མྱ་ངན་དང་གདུང་སེམས་ཀྱིས་བསྐྱལ་བའི་རྣམ་ཤེས་ལགས།
མ་རིག་པའི་མིག་ཟུང་བཙུམ་ནས་བར་དོའི་འཕྲེང་རིམ་རྒོལ་དང་།
འཇིག་རྟེན་གྱི་འདོད་ཡོན་མཐའ་དག་གནས་དེ་ནས་བཏང་སྙོམས་གཏོང་ཆོག་ལ།
འཁོར་བ་ཡི་ཉེས་དམིགས་ཡོད་ཚད་གནས་དེ་ནས་བུ་ལོན་འཇལ་ཆོག
དེ་ནི་སྣེ་མོ་གཅིག་ལ་གཟེངས་པའི་ལས་འཕྲོ་གཉིས་ཀྱི་ཁ་དོག་ཡིན་ལ།
དེ་ནི་ཚེ་རབས་གཅིག་ལ་བསགས་པའི་དགེ་སྡུག་གཉིས་ཀྱི་འབྲས་བུ་ཡིན།
དེ་ནི་སྒྱུ་མའི་སྨུག་ལོང་ཁྲོད་དུ་བཞད་པའི་སྐྱེ་འཆིའི་མེ་ཏོག་གཉིས་ཡིན་ལ།
དེ་ནི་རོ་སྒམ་ནང་གི་མེ་ཏོག་དེའི་རྨི་ལམ་གྱི་ཡལ་ག་ཆག་ཚུལ་ཡིན།
༢༠༡༥་༡༡་༢༤ཉིན་མཛོད་དགེ་རུ་སྟོད་མ་ནས།

མཉམ་བཀྲོལ།
༡
བདེན་པ་གྲུབ་བྱེད་ནི།
ལག་པའི་ནང་གི་དངོས་པོ་དེ་དག་མ་ཡིན་པར།
སེམས་པའི་གཏིང་གི་དཀར་པོ་དང་ནག་པོ་ལས་ཕྱུང་བའི་ཚོར་བ་དེ་རེད།
ཐ་སྙད་ཀྱི་མཛེས་པ་ཁོ་ནས་ཁྱོད་རང་མཚོན་པར་མི་ནུས་པས།
ངས་མིག་ཆུ་ཕྱིར་བཏོན་པ་ཡིན།
དེ་ནི་ཁྱོད་རང་བཀྲུ་བྱེད་ཀྱི་གཙང་བོ་ཞིག་ཏུ་འགྱུར་བར་སྨོན།
བདག་གི་སྐྱེ་བོ་དེས།
མཚན་མོ་ནི་དུས་ཚོད་ཀྱི་ཆ་ཤས་ཙམ་ཡིན་པ་མཁྱེན་ཡོད་པས།
ཁྱོད་ལ་ཉིན་མཚན་གཉིས་ཀྱི་ངོ་བོ་དག་ཕུལ་ཡོད།
དེ་ནི་བླ་ན་མེད་པའི་བདེན་པའོ།
ཁྱོད་ཀྱི་ཕྱོགས་སུ་རྣ་བ་བླགས་ན།
རླུང་གི་ངུ་ཤུབ་ཁྲོད་ན་ཁྱོད་ལ་རྨི་ལམ་མི་འདུག ཁ་དོག་མི་འདུག
ངས་རང་གི་རི་མོ་འབྲི་བྱེད་ཀྱི་ཁྲག་སྙུག་དེ་ཡར་བཀྱགས་ནས།
༢
བདེན་པའི་གཟུགས་བྱད་ཅིག་བྱུང་ན།
ང་སྔར་ལས། རེ་བ་ཆེན་པོས། ཁྱོད་ཀྱི་དཔུང་རོགས་ཤིག་སྟེ།
མཚར་སྡུག་གི་ཕ་ཡུལ་ལ་ལོགས་ནས་ཕུགས་བསམ་ལ་རོལ་བར་བྱེད།
མེ་ཏོག་གི་སྦུབས་སུ་སྣང་བ་གཡེང་བའི།
ལས་འཕྲོ་མཐའ་དག་ལ་དམིགས་པ་མེད་པའི་བདག་གི་མགྲོན་པོ་ལགས།
ང་ལ་གསེར་མདོག་གི་ལང་ཚོ་མི་འདུག སྟོན་ཟླ་དེ་བས་མི་འདུག
ཞེ་སེམས་ཐོགས་ས་མེད་པའི་ཞོགས་པར།
ངས་ཁྱོད་ཀྱི་ནམ་མཁའ་ཁོ་ནའི་ཆར་ཆུ་ལ་བསྒུག་དགོས་ཚེ།
ང་ཡི་དབྱར་ཟླ་མེད་པར་བཟོས་ཆོག མེ་ཏོག་མེད་པར་བཟོས་ཆོག
འོན་ཀྱང་། མཚན་མོའི་དུས་ཀྱི་རྨི་ལམ་ལ་ག་རེ་བྱུང་སོང་།
༣
བདེན་པའི་མཐའ་ཞིག་ཕྱུང་ན།
ན་ཟུག་གི་གླུ་སྒྲ་ཡོད་ཚད་དེ་རུ་འཕྱུར་ནས།
གསེབ་ཏུ་བཅུག་པའི་ཐ་སྙད་ཀྱི་གཤོག་པ་ནམ་མཁར་ལྡོག་ངེས།
དྲན་གདུང་གི་ཤིས་ཚིག་རེ་རེ།
ཤེས་རབ་དང་བློ་གྲོས་ཀྱི་རླབས་རྒྱུན་ལ་བསྡོང་ནས།
ཉི་ཟླའི་འཁོར་སྐྱོད་ཀྱི་ལམ་བུ་རེ་རེར། ཁ་བ་བཞིན་འབབ་སྲིད་དམ།
ཁ་བའི་ཁྲོད་ནས་ཡར་ཀླུང་གཙང་བོའི་བཞུར་སྒྲ་ཐོས་སམ།
ང་རང་ཆེས་དགའ་ས་ནི། ཁྱོད་ཀྱི་ཁ་དོག་ཡིན།
དཀར་ཞིང་གཙང་བའི་གངས་རིའི་ངོ་བོ་མཚོན་བྱེད་ཀྱི་ཁ་དོག་ཡིན།
འོན་ཀྱང་། ནམ་ཞིག་ང་རང་ཁྱོད་ཀྱི་པང་དུ་བསྙེ་ནས།
ཐག་རིང་གི་ཡུལ་གྲུ་ཞིག་ཕྱི་དྲན་བྱེད་བཞིན།
བརྩེ་དུང་གི་རྒྱལ་སྲས་རེ་རེ་ཡིད་ལ་ཡང་ཡང་དྲན་བཞིན།
སྡུག་ཡུས་ཀྱི་གཙང་བོ་འདིའི་ཕ་རོལ་ན།
ཕུགས་བསམ་ལ་རྨ་ཁ་མོད་པའི་འཚོ་བ་འདིའི་ཕྱི་རོལ་ན།
ཁྱོད་ལ་ལེན་དུ་ཕུལ་ཆོག་པ་ནི།
ངས་རང་གི་མིང་ཡིག་གཅིག་པུ་བོད་ཡིག་གིས་བྲི་རྒྱུ་ལས་མི་འདུག
༤
དགོངས་པ་མ་ཚོམས།
སྐུ་མཁྱེན་ཞུ་ས་དེ་དག་ལ་ཤ་ཁྲག་མི་འདུག རིགས་རིས་མི་འདུག
བྲང་གཞོང་ན་དུང་བའི་གླུ་སྐད་མི་འདུག
ད་ནས་བཟུང་། ང་ཚོས་རང་གི་ནམ་མཁའ་བདག་ཏུ་འཛིན་པར་བྱ།
༢༠༡༦་༠༡་༠༩ཉིན་པེ་ཅིན་ནས།

ཁྱོད་རང་དྲན་པ།
༡
ཉི་ནུབ་ཀྱི་མཚམས་འདིར།
ངས་ཁྱོད་ཀྱི་མཚམས་སྤྲིན་ལས་དམར་བའི་མཆུ་སྒྲོས་དྲན་བྱུང་།
འཇམ་མཉེན་གྱི་བཟི་ཁ་འཁྱིལ་བའི་རེག་བྱ་དེ་དྲན་བྱུང་།
མེ་ཏོག་གི་ཟིལ་བ་འཐོར་འདྲའི་རློན་ཤ་དེས།
བདག་གི་བརྩེ་དུང་ལ་བདེ་སྐྱིད་ཀྱི་སྟོབས་འབྱོར་སྩལ་མྱོང་བས།
ངས། ཁྱོད་ཀྱི་བིམ་པ་ལས་མངར་བའི་མཆུ་སྒྲོས་དེ་ཡང་ཡང་དྲན་བྱུང་།
དེ་ནི། སྣང་བ་རླུང་ལ་འདྲེས་པའི་ཚོར་བ་ཞིག་ཡིན།
སྡུག་བསྔལ་གྱི་བྱུང་བ་མ་ལུས་བརྗེད་པར་བྱེད་སྤྱད་ཀྱི་རོ་དེ་ནི།
རྨི་ལམ་གྱི་རུམ་ཁ་ཡོངས་སུ་ཕྱེས་ཟིན་པའི་ནམ་མཁའ་ཆེན་པོ་ཞིག་ཡིན།
དེ་ནི། ཁྱོད་ཀྱི་མེ་ཏོག་གི་འདབ་མར་ཆགས་པའི།
བརྩེ་དུང་གི་ས་བོན། འཁོར་བའི་སྙིང་བོ་གྲུབ་བྱེད་ཀྱི་ཟེའུ་འབྲུ།
མངར་སྐྱུར་ཁ་གསུམ་འཛོམས་པའི་རོ་དང་རེག་བྱ་ཡིན།
ངས་ཀྱང་། དེ་ནི་རང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཏུ་རྩིས་ཡོད།
༢
ས་སྲོས་ཀྱི་ཡོལ་བའི་ངོས་སུ།
ཟླ་བས་དཀར་འོད་ཀྱི་རང་མདངས་ཁམས་གསུམ་ལ་གཡོ་དུས།
ངས་ཁྱོད་ཀྱི་མཛེས་སྡུག་གི་ཞལ་རས་དྲན་བྱུང་།
དུངས་སེམས་ཀྱི་རླབས་རིས་མངོན་པའི་འཛུམ་མདངས་དྲན་བྱུང་།
རླུང་བུ་བསིལ་མོ་ཞིག་དང་འགྲོགས་པའི་ཚོར་བ་འདི།
ཟླ་བ་ལྟར་དཀར་བའི་ཁྱོད་ཀྱི་མཛུམ་མདངས་ལ་ཆགས་པས།
དོ་ནུབ། ཁེར་རྐྱང་གི་དྲན་གདུང་གླུ་རུ་བླངས་ཡོད།
དུས་ཚོད་ཁོ་ནས་ཁྱེར་ཟིན་པའི་རེ་སྒུག་གི་ཉི་མ།
ཁྱོད་ཀྱིས་ཐག་རིང་ནས་དྲན་ཟིན་པའི་ངོ་གདོང་ཞིག་ཡིན་ནའང་།
ངས། ད་དུང་རང་གི་གྲིབ་མ་གཅིག་པུར་བརྩེ་བ་བཅོལ་ནས་སྡད་ཡོད།
དེ་ནི། སྐྱོ་བ་བསང་བྱེད་ཀྱི་འགུལ་སྤྱོད་ཙམ་ཡིན།
ཁྱོད་ཀྱི་འཛུམ་པའི་དཔྱིད་དཔལ་དེ་མེ་ཏོག་བཞིན་བཞད་དུས།
ངས། མགོ་བོ་ཁྱེད་ལ་བསྙེ་ནས་ངལ་བ་ཐེངས་ཤིག་གསོ་དགོས།
དེ་ནི། འཁོར་བ་ལས་གྲོལ་བའི་བདེ་བ་ཞིག་གམ།
འཁོར་བའི་སྐྱེད་ཚལ་ནས་ཁྱེད་ཀྱི་མེ་ཏོག་འཐུ་བའི་སྣང་བ་ཞིག་ཡིན།
དེ་ནི་བདག་གི་འཁོར་བའི་སྙིང་བོའོ།།
༣
གློག་འོད་དང་སྐར་ཚོགས་འདྲེས་མཚམས་སུ།
མཚན་མོ་ནི་སྒྲེན་པོར་འགྲེང་བའི་གཞོན་ནུ་མ་ཞིག་དང་འདྲ་བས།
ངས་ཁྱོད་ཀྱི་ལང་ཚོའི་འདབ་མ་དྲན་བྱུང་།
བརྩེ་དུང་གི་དྲོ་ཤ་རྒྱས་པའི་རེག་བྱ་དེས།
བདག་གི་སེམས་ཁོངས་ལ་སྨྲ་མི་ཤེས་པའི་རྨི་ལམ་མང་པོ་བསྐྲུན་མྱོང་བས།
ངས་རྨི་ལམ་དེ་དྲན་བྱུང་། ཁྱོད་ཀྱི་ལང་ཚོ་ཡང་ཡང་དྲན་བྱུང་།
དྲན་པའི་ལོ་ཟླ་ནི་ཐག་པ་ནག་པོ་ཞིག་དང་འདྲ་ལ།
རེ་སྒུག་གི་མུན་པའི་ཁྲོད་ནས་དེའི་རིང་ཚད་འཇལ་དགོས།
གློག་འོད་དང་སྐར་ཚོགས་འདྲེས་མཚམས་སུ།
མཚན་མོ་ཡུག་གཅིག་གི་ཁ་དོག་གོས་སུ་གྱོན་ནས་ལམ་ལ་ཆས་དུས།
ཐག་རིང་གི་ཁྱོད་ནི་སྙིང་གི་རུས་པར་ཟུག་པའི་སྲོག་གི་རྩ་བ་རུ་གྱུར་འདུག
མཚན་མོ་འདི་སྔར་བཞིན་སྒྲེན་པོར་འགྲེང་བས།
ངས། ཁུ་སིམ་པོར་ཁྱོད་ཀྱི་ལང་ཚོ་ཁོ་ན་དྲན་བཞིན་ཡོད།
མུན་པ་ཟ་མཁན་གྱི་མི་རྣམས་ནི་ད་དུང་བྲེལ་ཟིང་གིས་འགྲོ་བཞིན་འདུག
དེ་ནི། སྐྱོ་བ་འགྲིབ་བྱེད་ཀྱི་སྐྱབས་འཇུག་ཙམ་ཡིན།
སང་ཉིན་གྱི་སྐྱ་རེངས་ཚེས་དུས།
ངས་དུས་ཚོད་ཀྱི་མདའ་རྩེ་གཅིག་ཕར་ལ་འཐེན་ནས།
ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་དང་ཉེ་བར་བཅར་བར་བྱ།
༢༠༡༦་༠༡་༢༦ཉིན་གཙོད་གྲོང་ནས།

བཞུད་པའི་སྟོབས།
—བདུད་བྷེའི་འདས་རྐྱེན་དུ་སྦྱར་བ།
—བདུད་བྷེའི་འདས་རྐྱེན་དུ་སྦྱར་བ།
༡
སོར་མོའི་རྩེ་རུ་བཞད་པའི་ས་བོན་གྱིས།
མེ་ཏོག་གི་རྣམ་ཤེས་དབྱངས་རྟ་ཞིག་ཏུ་གྱུར།
༢
མགྲིན་པ་གཟེངས་སུ་བཀྱགས་པའི་ང་རྒྱལ་གྱིས།
རྨི་ལམ་གྱི་མགོ་བོ་གངས་རིའི་ཕང་བར་བསྙེས་སོང་།
༣
དུས་དེ་ནས། ཁྱོད་རང་མོན་ནས་འོངས་པ་འདྲ་ལ།
རྩྭ་ཐང་གི་ཞོགས་པ་རེ་རེ་ཁྱོད་ཀྱི་མགྲིན་པར་འཁྱིལ།
༤
ཉི་འོད་འཇམ་པའི་དུས་ཚིགས་དེ་དག་ནི།
ཤ་རུས་ཀྱི་བརྩེ་བས་བཏེགས་པའི་ལོ་ཟླ་དེ་དག་ནི།
༥
དཀར་ནག་གཉིས་ཀྱི་ལམ་བུ་དེ་དག་ནི།
མི་ཚེ་ཐུང་ཐུང་གི་ལས་འཕྲོར་བཏབ་པའི་རྨི་ལམ་ཐུན་གཅིག་སྟེ།
༦
འོན་ཀྱང་། དུས་ཚོད་ཀྱི་སོ་ཁ་ནས་ཡལ་པའི་འཛུམ་མདངས་དེས།
ང་ཚོ། སྨྲེང་ཚོར་གྱི་སྨུག་པ་མཐུག་པོ་ཞིག་ཏུ་བཅུག་སོང་།
༧
ཕོ་ལོ་ཞེ་དགུའི་སྣེ་མོ་ནས་ཡལ་བའི་ལང་ཚོ་ཁྱོད།
ཉིན་ཞག་ཞེ་དགུའི་ཕ་རོལ་ནས་སླར་ཡང་གནས་འདིར་བྱོན་པར་སྨོན།
༨
རེ་བ་འདྲ་ལ་རྨི་ལམ་འདྲ་བའི་སེམས་ཀྱི་སྨོན་པ་འདི།
དཔྱིད་ཀ་ཞིག་གི་ལྗང་མདོག་ཏུ་འགྱུར་བར་སྨོན།
༩
སྨོན་ལམ་དང་གསོལ་འདེབས་མང་བའི་ཉིན་ཞག་འདིར།
ཁྱེད་ཀྱི་བཞུད་ལམ་དཀར་པོ་ཡིན་པར་སྨོན།
དཀར་པོ་དེ་གངས་རི་ཞིག་ཏུ་འགྱུར་བར་སྨོན།
༡༠
གངས་རི་མཐོང་ས་དེ་ནི།
ཁྱོད་ཀྱི་ངག་གི་འགྱུར་ཁུགས་ཐོས་ས་དེ་ཡིན་པས།
༢༠༡༦་༠༢་༢༨ཉིན།

གཟི་མིག་བཅུ་གཉིས་པ་ཞིག
-༡-འབྲུ་མི་གསལ་བའི་ལོ་རྒྱུས་ཀྱི་གསེབ་ཏུ་སྦས་པའི་གཟི་མིག་ཁྲ་བོ།
ཚེ་རབས་དུ་མའི་རྨི་ལམ་དང་འགྲོགས་པའི།
ཁེར་རྐྱང་གི་ནོར་བུ། རིན་པོ་ཆེའི་གཙུག་རྒྱན།
གསལ་ལ་མི་གསལ་བའི་རེ་བ་དེའི་ཀློང་གི་ན་བུན་སྐྱ་བོ།
མི་སེམས་ཀྱི་དྭངས་མ་རུམ་པའི་སྐྱེམས་ཆང་ཕོར་གང་གི་ཚུལ་གྱིས།
བདག་གི་ལེགས་སྐྱེས་སུ་གྱུར།
ང་ནི་ཁྱོད་ཀྱི་ཁྲ་བོའི་མིག་ལ་དགའ་ཞིང་།
ཁྲ་བའི་མདོག་ལ་དགའ།
རྟག་བརྟན་གྱི་རི་མོ་འདི་དག་ནི་མི་ཚེའི་བཞུད་ལམ་ཞིག་དང་འདྲ་བས།
-༢-
སེམས་པ་མཚོན་བྱེད་ཀྱི་ཁ་དོག་ཅིག
མི་ཚེ་མཚོན་བྱེད་ཀྱི་རི་མོ་ཞིག
བདེ་སྐྱིད་དང་སྡུག་བསྔལ་མཚོན་བྱེད་ཀྱི་ལང་ཚོ་ཞིག
ཁྱོད་ནི་དེ་ལྟ་དེ་ལྟར་བདག་གི་ཡིད་ལ་སིམ་ཞིང་བློ་ལ་ཆས་སོང་།
-༣-
ཁྱོད་ནི་རླུང་གི་གཤོག་པས་བརྫིས་པའི་ནམ་མཁའ་ཞིག་ཡིན་ནམ།
མི་རབས་འདིའི་མགུལ་བ་ཁྱོད་ཀྱིས་སྤྲས་འདུག
ཁྱོད་ཀྱི་བདག་པོ་ནི།
ང་ཡི་ལས་འཕྲོར་ལུས་པའི་མེ་ཏོག་ཅིག་ཡིན་ནམ།
རྨི་ལམ་གྱི་ནམ་མཁའ་སྨུག་པས་བསྐོར་འོང་དུས།
ཁྱོད་ནི་ཉི་མའི་སེར་ཐིག་བཞིན་རེ་བའི་ཀློང་དུ་ཤར་འོང་།
“ཁྲ་མོ་གླིང་གི་ལོ་རྒྱུས”ཁྱོད་ཀྱིས་ཤེས་སམ།
ཁྱོད་ཀྱི་ལང་ཚོའི་གསང་བ་ང་ཡིས་ཤེས་འདོད་ཆེ་ཨང་།
-༤-
ད་ལོའི་དབྱར་མགོ་ཚེས་པ་ནས།
ངས་སྟོན་མཇུག་གི་འབྲས་བུ་ཡོད་ཚད་ལ་རྨི་ལམ་བསླེས་ཡོད།
སྟོན་ཁ་སླེབས་སོང་།
བསིལ་རླུང་གི་གམ་དུ་གསེར་མདོག་ལ་ཅེར་དུས།
ཁྱོད་ནི་བརྩེ་དུང་གི་ས་བོན་འདྲ་ལ།
ལས་དབང་གི་གོ་སྒྲིག་འདྲ་སོང་།
“འདི་ནས་རྒྱང་ཙམ་གནས་པའི་བརྩེ་དུང་གི་ས་བོན།
ལས་ཀྱི་བཀོད་པས་བསྒྲིགས་པའི་རྨི་ལམ་ཞིག་ཡིན་ནམ།”
དེ་ལྟར། དབྱངས་གསལ་གྱི་མགྲིན་པའི་གསེབ་ནས།
ཁྱེད་ལ་ཞེན་ཆགས་ཀྱི་ལ་གཞས་ཤིག་ལེན་ཞོར།
ལག་པའི་ངོས་ཀྱི་རི་མོ་ལས་མི་ཚེའི་བཀློགས་ཙམ་བྱས།
སྣང་བ་དབྱིངས་ལ་འཕུར་བའི་ཤུལ་ལམ་མཐོང་རྒྱུ་མི་འདུག
མི་ཚེ་སྟོད་ལ་ཕྱོགས་ཀྱང་ལྗང་མདོག་འགྱུར་རྒྱུ་མི་འདུག
-༥-
ཁྱོད་ཀྱི་མིག
ཁྱོད་ཀྱི་རི་མོ།
ཁྱོད་ཀྱི་བདག་པོ།
ཆུ་མོ་རླུང་གིས་ལྡག་པའི་འཇའ་ཚོན་བཞིན།
མེ་ཏོག་ཆར་གྱིས་བྲན་པའི་མཛེས་སྡུག་བཞིན།
ད་ནས་བཟུང་བཅོ་ལྔའི་ཟླ་བ་ལྟར་ཤར་བ་ཡིན་ནམ།
༢༠༡༦་༡༠་༠༨ཉིན།

ཞོགས་པའི་ཕྱིར་དྲན།
མདང་དགོང་རྨི་ལམ་དུ།
འཇིག་རྟེན་ཧྲིལ་བོ་ཐེངས་གཅིག་རྨིས་སོང་།
བསྐལ་བའི་མཐའ་ཡང་གསལ་བའི་མེ་ལོང་ཞིག་ཏུ།
མིའི་རིགས་ཀྱིས་རང་གི་ལག་པ་ཟ་བཞིན་པ་རྨིས་སོང་།
མདང་དགོང་རྨི་ལམ་དུ།
བོད་ཡུལ་ཧྲིལ་བོ་ཐེངས་གཅིག་རྨིས་སོང་།
བདེན་པའི་མཐའ་ཡང་གསལ་བའི་གླེགས་བམ་ཞིག་ཏུ།
བོད་མིའི་མངོན་བརྗོད་ལ“སྤྲེའུ”ཞེས་བྲིས་འདུག་པ་རྨིས་སོང་།
མདང་དགོང་རྨི་ལམ་དུ།
མི་ཚེ་ཧྲིལ་བོ་ཐེངས་གཅིག་རྨིས་སོང་།
སྐྱེས་པའི་མཐའ་ཡང་གསལ་བའི་སྣང་བ་ཞིག་ཏུ།
རང་ལ་དབང་བའི་བགྲོད་ལམ་ཞིག་མེད་པ་རྨིས་སོང་།
འཇིག་པ་མཚོན་བྱེད་ཀྱི་རྨི་ལམ་མང་པོས།
མཚན་མོ་འདི་ཟ་ངེ་ཟིང་ངེ་ཞིག་ཏུ་བཏང་འདུག་པས།
འབྱུང་འགྱུར་གྱི་ལས་སྐལ་དང་རྨི་ལམ་ལ་བཟོ་བཅོས་བརྒྱག་རན།
༢༠༡༧་༠༨་༢༩ཉིན་བསང་ཁོག་ནས།
རི་རྩེའི་ཕོ་བྲང་གི་བྱུང་བ།
ཆོས་ཀྱི་སྣང་བ་ཕྲ་མོས།
དུས་ཚོད་ཀྱི་བར་གྱང་ངོས་སུ་སྒེའུ་ཁུང་ཞིག་བཏོད།
སྒེའུ་ཁུང་ལས་ནམ་མཁའ་མཐོང་བར་བྱས།
མེས་པོ་ཚོས། བདག་གི་མེས་པོས་ཚོས།
སྒེའུ་ཁུང་གི་དཀར་ངོགས་བརྒྱུད་ནས་ནམ་མཁར་བལྟས།
དེ་ནས། གངས་རིའི་རང་མདངས་ལ་བལྟས།
མཚན་མོར་ཡང་། བདག་གི་མེས་པོ་ཚོས་ནམ་མཁར་བལྟས།
མཚན་མོའི་མཁའ་རུ་འཕགས་པའི་ཟླ་བར་ཡང་ཡང་བལྟས།
ཟླ་བའི་འོད་ཟེར་གྱིས་དུས་ཚོད་ཀྱི་མུན་པ་སེལ་དུས།
རི་རབ་ཀྱི་ཟོམ་དུ་ཕོ་བྲང་རེ་རེ་བརྩིགས།
འཇིག་རྟེན་གྱི་ངོས་གཞན་ཞིག་མུན་པ་ཡིན་ནའང་།
རྨི་ལམ་གྱི་ཁམས་སུ་ཉི་ཟླའི་འོད་སྣང་དྲངས་ཏེ།
དུས་ཚོད་གསལ་བར་བྱས། ཕོ་བྲང་རེ་རེ་གསལ་བར་བྱས།
ལོ་ཟླ་བཞུད་པའི་གདངས་དབྱངས་ཁྲོད།
མེས་པོ་ཚོས། བདག་གི་མེས་པོ་ཚོས་སྒོར་གཞས་ཞབས་བྲོ་བརྒྱབ།
གཏམ་རྒྱུད་ཐུང་ཐུང་རེ་བཟོས་ཏེ་འཁོར་བའི་ཀློང་དུ་གཟེད།
སྔོན་མོ་ནས་ཀྱི་གཏམ་རྒྱུད་ཅིག་ཀྱང་བཟོས་ཏེ།
གངས་ཆུ་དྭངས་མོའི་ཉིང་བཅུད་དུ་བརྫིས།
བློ་གཤོགས་གྲིམ་པོའི་ཟུངས་སུ་བཞེས་ཏེ་འཛུམ་ཆུང་གྲོལ།
མཚམས་ལ་རེེར། ཁོ་ཚོས་མིག་ཟུང་རྒྱང་ལ་ཅེར།
རིགས་རྒྱུད་ཅིག་གི་འདང་བརྩེ་རྟ་ཕོའི་རྨིག་སྒྲར་བཅོལ།
ཁུ་སིམ་པའི་མཚན་མོ་རེ་རེར་ཕྱིར་ཕོ་བྲང་གི་ཕྱོགས་སུ་ལོག་ཐབས་མེ་ནའང་།
མེས་མོ་ཚོས་སྐར་མའི་ཁ་གྲངས་བརྩི་མི་ཤེས་དུས།
ཉི་མ་དང་ཟླ་བའི་འཁོར་ཕྱོགས་ཁོ་ནར་བློ་རྩེ་བཅོལ།
ད་དུང་། རྨི་ལམ་ཟེར་བ་དེ་ཅི་ཞིག་ཡིན་པའི་བསམ་བློ་འཁོར།
གཙང་ཆུ་འགོག་མེད་བཞུར་བ་ནི།
དུས་ཚོད་ཀྱི་ཉིང་བཅུད་བཞུར་བ་དང་འདྲ་བས།
བདག་གི་མེས་པོ་ཚོ་གཙང་བོའི་རབ་ཁ་བརྒལ་ནས་རྒྱང་ལ་ཆས།
ཡུལ་གྲུ་གང་ལ་སླེབས་ཀྱང་། མེས་པོ་ཚོས།
རང་བྱུང་གི་གནས་བབས་དང་སྟུན་པའི་འཚོ་ལུགས་རེ་བསྐྱངས།
བཙན་པོའི་ཐུགས་དགོངས་ལས་བཞད་པའི་ནམ་མཁའ་ལག་པས་བཀྱགས།
དེ་ལྟར། གཙང་བོའི་བཞུར་རྒྱུན་དེད་ནས།
དུས་ཚོད་ཀྱི་ཟབ་སར་འགྲིམས་པའི་ཡུལ་གྱར་བ་ཁོ་ཚོ།
བདེ་མོའི་ཐང་དང་། མཐོན་པོའི་རི་བརྒལ་ནས་མངའ་ཐང་བསྐྱེད།
སྐྱིད་ཆུའི་འགྲམ་ལ་སླེབས་དུས་དབྱར་གཞུང་ཞིག་ཡིན་ངེས།
དམར་པོ་རི་ལ་སླེབས་དུས་ཀྱང་དབྱར་གཞུང་ཞིག་ཡིན་ངེས།
ནམ་མཁའ་སྔར་བཞིན་སྔོ་ནའང་།
ཉི་ཟླའི་འཁོར་ལམ་དུ་སྨུག་རྒྱུད་སྲབ་པོ་ཞིག་ཡང་ཡང་མངོན།
མཚམས་ལ་རེར། ཕོ་བྲང་གི་ཕྱོགས་སུའང་རླུང་བུ་འཁྱམ་པོ་ཞིག་རྒྱུད།
༢༠༡༨་༠༡་༠༦ཉིན་གཙོས་གྲོང་ནས་སྦྱར།

བཟི་སོང་བའི་སྐར་མ།
—སྙན་ངག་པ་གཉའ་གོང་ལྷ་བྷེར་རྗེས་དྲན་དུ།
—སྙན་ངག་པ་གཉའ་གོང་ལྷ་བྷེར་རྗེས་དྲན་དུ།
གཤོག་པ་ལྗང་ཁུ་ཅན་གྱི་རྒོད་པོ།
མཚན་མོའི་མེ་ཏོག་འཐུ་བའི་རྣམ་ཤེས་གསོན་པོ།
ཉི་ཟླ་མ་གཏོགས། རང་གི་མེ་ལོང་ཡང་བཅག་པར་ནུས།
སྤྲིན་པའི་ཁུད་དུ་བཞད་པའི་ངག་གི་འདབ་མ་རེ་རེ།
ཚེ་ནོམ་ཡིན་ལ་ཚེ་གྲོགས་ཀྱང་ཡིན་པས།
ཆེས་མཐའ་མཇུག་གི་མགོ་བོ་ཡང་དེ་ལ་བསྙེས་ནས་བཞུགས།
ནམ་མཁའ་ཅི་འདྲས་མོག་ན་ཡང་།
སྒེའུ་ཁུང་ངོགས་ཀྱི་སྐད་སྒྲ་དྭངས་མོ་དེས།
ཉིན་མཚན་གཉིས་ཀྱི་བར་ལ་དུང་དཀར་གྱི་མཚན་མ་ཞིག་བཞག
འཇའ་ཚོན་སྐས་སུ་བྱས་པའི་འཁོར་བའི་དབྱིངས་སུ།
འདས་ཟིན་པའི་ཕ་ལོ་དང་འཚོ་བཞུགས་ཀྱི་མ་ལོར་དུངས་པའི་མེ་ཏོག་ཅིག་བཏབ
རང་གི་རྨི་ལམ་ཡིན་མདོག་གི་ཐ་སྙད་ཀྱིས་མེ་ཁ་གསོས་ཏེ་ཁྱིམ་ཐབ་བཟུང་།
འཁོར་བ་ལ་དཀར་ངོགས་མེད་པའི་རྐྱེན་གྱིས།
ལང་ཚོའི་ཤ་རྒོད་ཀྱིས་ཚེ་སྲོག་ལ་ལྕེབས་ཐག་བསླེས།
ཤེས་རབ་ཀྱི་མེ་ལོང་ངོས་སུ་རང་ཉིད་ནི་དྲི་རྟགས་ཤིག་ཏུ་བཅོས།
དེ་ལྟར། མཚན་མོ་མང་པོའི་སྒོ་གླེགས་ཤུགས་ཀྱིས་བརྡུངས།
ལས་འཕྲོར་བསྟབས་པའི་རོལ་དབྱངས་ཀྱི་གཤིས་སུ་ཀི་རིང་ཞིག་བཏབ།
འཚོ་གཞེས་ཀྱི་རྩ་བ་ནི་སྨུག་པའི་གསེབ་ཀྱི་རི་དྭགས་ཤིག་ལ་ཞུས།
ཕོ་ལོ་སོ་དགུ་རྫོགས་རྗེས་ཀྱི་ཉི་མ་དང་པོར།
ཡང་ན་ཉི་མ་གཉིས་པར། གཤོག་པ་ལྗང་ཁུ་དེའི་གསེབ་ཀྱི།
མཚན་མོའི་མེ་ཏོག་གི་ར་བའི་ཡང་སྟེང་གི་ནམ་མཁའི་ངོགས་སུ།
སྒེའུ་ཁུང་ངོགས་ཀྱི་སྐད་སྒྲ་དྭངས་མོ་དེ་དག་ལ་ལག་བརྡ་བཏང་སོང་།
ལང་ཚོའི་ཤ་རྒོད་ཀྱིས་བསླེས་པའི་ཐག་པ་ནག་པོ་དེར་འཇུས་ནས།
མེ་ལོང་ངོས་སུ་བརྐོས་པའི་དྲི་བ་རེ་རེར་གུས་ལན་ཞུས་སོང་།
༢༠༡༨་༠༢་༡༧ཉིན་ཀླུ་འགྲམ་ནས།
ཐག་རིང་གི་རྒོད་པོ།
དུས་ཚོད་ཀྱི་ཉེས་མིག་ཁུར་ནས་འཕུར་བའི།
རྒོད་ཐང་དཀར། གངས་ཀྱི་ཉག་ལམ་གཅོད་དུས།
གཤོག་ཟུང་ལ་རྨས་སྐྱོན་ཕོག་ཨེ་བྱུང་།
ནམ་མཁའ་དྭངས་ཤིང་གཙང་ན་ཡང་།
ཡ་ཆུང་གི་སྤྲིན་པ་དཀར་ནག་འདུ་འགོད་ཅི་འདྲའི་དྲགས་ཨང་།
ཐག་རིང་གི་རྒོད་པོ།
སྲིད་པའི་མཁའ་ལམ་སྙེགས་པའི་གངས་ཀྱི་རྒོད་པོ།
ནུབ་གླིང་གི་ཆུ་འཛིན་ཞེ་ལ་འཇམ་མམ།
ཉི་འོད་ཀྱི་སྣེ་གཉིས་སུ་གྱེས་པའི།
ཁྱོད་ཀྱི་ནམ་མཁའ་དང་བྲག་ཐེམ་སྟོང་བ་འདི།
ད་དུང་ཡང་། ཟུར་གསུམ་དུ་གནས་ལ། འཇུག་ངོགས་མི་འདུག
མཚམས་ལ་རེར།
ང་ཚོའི་རྨི་ལམ་དུ་གངས་རི་ཞུ་བའི་ཆུ་ལོག་རྒྱུག
སྐྱོ་སྣང་གི་གཞས་ཤིག་ལེན་འདོད་དུས།
“ཨ་ཁུ་པདྨ”དང་། ཡང་ན“ཚངས་མགུར”དབྱིངས་སུ་འཐེན་རྒྱུ་ལས།
ཞེ་ལ་དཀར་བའི་བརྗོད་དོན་ཞིག་འཚོལ་རྒྱུ་མི་འདུག
ཐག་རིང་གི་རྒོད་པོ།
“རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།”
“ཁྱོད་མེད་ན་ཡིད་སེམས་སྟོང་བ་རེད།”
༢༠༢༠་༡༢་༢༨ཉིན་རང་ཤག་ནས།
ཡུལ་ལ་ལོག་པ།
བྱ་བ་ཙག་ཙིག་གི་སྐས་རིམ་བར་ནས།
ཡར་འཛེགས་མར་འབབ་ཀྱི་བསྐྱར་ཟློས་ཁྲོད་ནས།
ལོ་ཟླ་ཞིག་གི་འོད་སྣང་རྒྱང་ནས་རྒྱང་དུ་ཡལ།
བར་སྣང་དུ་དར་ཅིག་གཡེངས་པའི་འཕྲོར།
ཡིད་ལ་ཁྲུང་ཁྲུང་གི་གཤོག་འགྱུར་དྲན་འོངས།
བྱིས་དུས་ཀྱི་རྩེ་ར་དེའང་དྲན་འོངས།
དྲན་པ་བན་བུན་གྱི་གསེབ་ན་ལུས་པའི་བྱིས་དུས་སུ།
རྒྱང་རིང་ནི་དམིགས་ཡུལ་ཁོ་ན་ཡིན་ཡང་།
ད་ནི་ཉི་ཟླ་བཞིན་གསལ་བའི་ཕ་མའི་གམ་ལ་ལོག་རྒྱུ་དེ་དམིགས་ཡུལ་ཏུ་གྱུར།
སྣང་བ་ཟ་ཟིས་བསྐྱོད་པའི་གཞོན་དུས་སུ།
རྨི་ལམ་གྱི་རྐང་ཆུང་འདེགས་ས་ནི་ཆ་མེད་རྒྱུས་མེད་ཀྱི་མི་དེ་དག་ཡིན་ཡང་།
ད་ལྟ་རྨི་ལམ་གྱི་ལོ་འདབ་རེ་རེ་ཕུ་ནུ་ཚོའི་བརྩེ་དགའི་ཀློང་དུ་ཟགས།
ཡིད་ཁམས་སྙོམ་པོར་བཞག་ནས་སྔ་གཞུག་གཉིས་ལ་བལྟས་ན།
ཟང་ཟིང་གི་འཚོ་བ་ནི་བསྐྱར་ཟློས་ཀྱི་འཁོར་ལོ་ཞིག
ཉོན་མོངས་ཀྱི་ལག་པ་མང་པོས་ཕྱོགས་བཞི་མཚམས་བརྒྱད་ནས་བསྐོར།
རེ་བ་ཕྲ་མོས་དེད་པའི་འགྲོ་འདུག་སྤྱོད་གསུམ།
ལེགས་ཉེས་གང་རུང་གིས་སྤུད་པའི་འབྱུང་འགྱུར་གྱི་མེ་ལོང་།
དུས་ཚོད་ཀྱི་མཐའ་རུ་སྟོང་བ་ཉིད་དུ་གྱུར།
དེའི་ཕྱིར། ཡུལ་ལ་ལོག་པའི་གོ་རིམ་ཁྲོད་དུ།
སྙིང་བོ་ཡོད་ཚད་གཅིག་ཏུ་བཀར་ནས་དུས་ཚོད་ལ་གུས་འདུད་ཞུ་དགོས་འདུག
བདག་ཏུ་ཟིན་དང་མ་ཟིན་པའི་འདོད་ཡོན་གྱི་མེ་ཏོག་དཀར་དམར།
མཚམས་ལ་རེར་དུས་ཚོད་ཀྱི་གཤེད་མར་གྱུར་ཟིན་པས།
ཚེ་སྲོག་ལའང་དགོངས་དག་ཞུ་དགོས་འདུག
༢༠༢༡་༡༡་༡༩ཉིན་ཀླུ་ཆུ་ནས།

ད་ནི་འཆི་བའང་དྲན་དགོས།
ད་ནི་འཆི་བའང་དྲན་དགོས།
ཐ་སྙད་ཁོ་ན་མ་ཡིན་པའི་འཆི་བའང་དྲན་དགོས།
དངོས་པོའི་གཤིས་ལུགས་ལས་རང་ཉིད་རྟོགས་དགོས་པས།
བདེ་སྐྱིད་ཕྲན་བུ་ཞིག་རོལ་དུས་ཀྱང་དེ་ཉིད་རྟོགས་དགོས།
སེམས་པའི་ཁུད་དུ་གནས་པའི་ཐག་རིང་གི་ཡུལ་དེ་ནི།
ང་ཚོ་སྐྱེས་པ་ནས་འགྲོ་དགོས་པའི་ལམ་བུ་ཞིག་ཡིན།
ཧ་ཅང་མཐར་ཐུག་གི་ལམ་དེའི་ཕ་རོལ་བསམ་ན།
ད་ནི་ང་ཚོར་ཅི་ཡང་ལྷག་མི་འདུག
ཁ་སང་གི་གཏམ་རྒྱུད་དེ་དག་གིས་བསྐྱེད་པའི་དགའ་སྤྲོ་དང་དགོད་སྒྲའང་།
རྨི་ལམ་གྱི་བར་གསེང་ནས་ལུས་ཟིན་པའི་སྣང་བ་ཞིག་རེད།
གཉོམ་ལག་གི་གོ་རིམ་ལས་འབུས་པའི་དྲན་འཛིན་དེ་དག་ཀྱང་།
སྨུག་པ་རླུང་གིས་སྤུར་བའི་རྗེས་སུ་སྙེག
བརྩོན་པ་དང་རྔུལ་ཆུས་བསགས་པའི་དངོས་པོ་རེ་རེ།
མཛེས་སྡུག་ཅི་ཡང་མེད་པའི་རལ་གྲི་ཞིག་དང་མཚུངས།
བཤད་བདེ་བོ་དང་ཉན་སྤྲོ་བའི་སྐད་ཆ་ཅི་ཡང་མེད་པར་སྣང་བའི་དུས་འདིར།
ཆེས་ལྷིང་འཇགས་ཀྱི་གནས་དེ་ཡིད་ལ་ཡང་ཡང་འཁོར་འོངས།
ཆེས་མཐའ་མཇུག་གི་གནས་མལ་དེ་རུ།
ང་ཚོ་ནམ་ཡང་སླེབས་ཐབས་མེད་པའི་བསམ་བློ་དེ་ད་ནི་འཇིག་ཟིན།
ཧ་ཅང་ཐག་ཉེ་བའི་ཚོར་བ་རླུང་བཞིན་གཡུག་འོངས།
རླུང་བུ་འཁྱག་པ་འདིའི་ཁ་གཏད་དུ།
ང་རང་སྨྲ་བ་ཅི་ཡང་མེད་པར་སྟོང་པ་སྟོང་རྐྱང་གིས་བསྡད་ཡོད་པ་རེད།
ལགས་དང་མ་ལགས་གང་ཡང་ཞུ་མི་དགོས་ནའང་།
མཇུག་འབྲས་ཀྱི་གདམ་ཀ་ནི་ཡུལ་གཅིག་རང་ལས་མི་འདུག་ཨང་།
༢༠༢༢་༠༧་༢༥ཉིན་བསང་གཞུང་ནས།
གངས་རྒྱན་པདྨ།
—བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་རྒན་པདྨ་ཚེ་བརྟན་ལགས་སྐུ་གཤེགས་པར་མྱ་ངན་དུ།
ཆར་བ་ཟམ་ཟིམ་ཞིག་གིས།—བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་རྒན་པདྨ་ཚེ་བརྟན་ལགས་སྐུ་གཤེགས་པར་མྱ་ངན་དུ།
རྩྭ་ཕྲན་དང་མེ་ཏོག་གི་འདབ་མར་གསོ་སྨན་སྦྱིན་ཞིང་།
དཔྱིད་དཔལ་ལ་མགོ་བོ་སྙེ་ཙམ་བྱེད་དུས་འདིར།
པདྨ་ཞིག་གི་འདབ་ལོ་ས་ལ་ཐོར་སོང་།
སྐྱོ་བ་དེ་ཙམ་མི་འདུག་ནའང་།
ཁྱེད་རང་གངས་རྒྱན་པདྨ་ཡིན་པས།
ཕངས་པ་ལ་ཚད་ཅིག་མི་འདུག
འོན་ཀྱང་། དུས་ཚོད་ཀྱི་ན་བུན་འདིའི་གསེབ་ནས།
སུ་ཡང་ཚེ་རིང་ནད་མེད་དུ་འགྱུར་ཐབས་མེད་པས།
ང་ཚོས་ཕངས་སེམས་ཀྱི་སྨྲེ་ངག་འདོན་རྒྱུ་ལས་ཅི་ཡང་མི་འདུག
བཞད་འཕྱིས་པའི་ཁྱེད་རང་བཞུད་པ་ཧ་ཅང་སྔ་དྲགས་སོང་།
གངས་འདི་ལ་ད་དུང་ཁྱེད་ཀྱི་བཀྲག་མདངས་ཅི་འདྲའི་མཁོ་ཨང་།
ཁྱེད་རང་བཞུད་སོང་།
ཁྱེད་བཞུད་པའི་བདུན་གཅིག་གི་དུས་ཚོད་འདིའི་ནང་།
ངས་སྟོང་ཆ་ཞིག་གི་ཁ་སྐོང་ཁོ་ནར་བསམ་བློ་བཏང་པ་ཡིན།
དེ་ནི་དུས་ཚོད་མ་ཡིན། ཤེས་རབ་མ་ཡིན།
དངུལ་ལོ་དང་རིན་པོ་ཆེ་གང་ཡང་མ་ཡིན་ཏེ།
དེ་ནི་གངས་རྒྱན་པདྨ་ཁྱེད་བཞུགས་པའི་རིན་ཐང་ཁོ་ན་ཉིད།
འོན་ཀྱང་། ང་ཚོའི་ལས་བསོད་ཀྱི་ནགས་ཚལ་མེས་ཚིག་སྟེ།
རྣམ་ཤེས་གསར་བ་ཞིག་གི་ཚོགས་སུ་འཐིམ།
ང་ཚོའི་རེ་འདུན་གྱི་གཙང་བོ་འཁྱག་གིས་བསྡམས་ཏེ།
བརླན་གཤེར་གཞན་ཞིག་གི་ངོ་བོར་གྱུར།
ཡིད་དུ་འོངས་པའི་གངས་རྒྱན་པདྨ།
ད་ནི་ཁྱེད་རང་ཚོགས་དྲུག་གི་གདོས་བཅས་གཞན་ཞིག་ཏུ་སྤྲུལ་ནས།
སླར་ཡང་གངས་ལ་བཞད་པའི་སྨོན་ལམ་འདེབས།
༢༠༢༣་༠༥་༡༤སྟེ་ཁོང་ཉིད་སྐུ་གཤེགས་ནས་བདུན་གཅིག་འདས་པའི་དགོང་དྲོར་བསང་གཞུང་ནས།
“གསའ།”
—བོད་ཀྱི་འཁྲབ་ཁྲིད་པ་རྒན་བདྨ་ཚེ་བརྟན་ལགས་ཡང་བསྐྱར་དྲན་པ།
—བོད་ཀྱི་འཁྲབ་ཁྲིད་པ་རྒན་བདྨ་ཚེ་བརྟན་ལགས་ཡང་བསྐྱར་དྲན་པ།
ཕངས་སེམས་ཀྱི་མཆི་མའི་ནང་གི་ཉ་མོ།
རྟོག་གེའི་བརྩོན་པས་རྒྱ་མཚོ་སྙེག་པའི་ངལ་དུབ་ཀྱིས།
ལང་ཚོའི་གཤོག་པར་རྨ་ཁ་མང་པོ་བདོ།
འོན་ཀྱང་། བློས་གཏོང་གི་ཕོད་པ་ཆེ་བའི་ཁྱོད་ཀྱིས།
དངོས་ཡོད་དང་སྒྱུ་འཕྲུལ་གྱི་བར་ལ་རྟེན་འབྲེལ་གྱི་ཐ་གུ་ཞིག་འཁེལ་གྱིན།
ན་ཟུག་མང་པོའི་མཆེ་བར་ནས་ཡང་ཡང་འགྲེང་།
མི་ལོ་དུ་མའི་ཞབས་རྗེས་ཀྱི་ཟབ་ཚད་རེ་ན།
བསམ་གཞིགས་ཀྱི་མེ་ལྕེ་དྲོན་པོ་དགོང་དུ་འཕྱུར་ཅིང་།
བར་སྟོང་ཞིག་གི་མུན་པ་བསྲེགས།
བར་སྟོང་དེ་བསྐང་བའི་ཆེད་དུ།
ཁྱོད་ཀྱིས་དུས་ཚོད་དང་ཚེ་སྲོག་མཉམ་དུ་སྦྲེལ་ནས།
མི་ཚེ་ཕྱེད་ཀ་འཁྲབ་ཁྲིད་ཡུལ་དངོས་ནས་ཟད།
འཚོལ་སྙེག་ནི་སྙིང་སྟོབས་ཅན་ལ་དབང་ནའང་།
ང་ཚོའི་ལས་བསོད་ཀྱི་བདག་རྐྱེན་ཆུང་དྲགས་པས།
ཁྱོད་རང་བཞུད་དགོས་བྱུང་སོང་།
རྨི་ལམ་ལྟ་བུའི་མི་ཚེ་གར་སྟེགས་དེ་རུ།
ཁྱོད་ཀྱིས་གཟུགས་དང་སྒྲ་ཡི་བསྙད་པ་ལ་བརྟེན་ནས།
གཏམ་རྒྱུད་ཀྱི་བརྙན་ཡོལ་ཡང་ཡང་ཕྱེ།
མཚོན་བྱ་དང་ཚོན་མདོག་འཁྲིགས་པའི་སྒྱུ་རྩལ་གྱིས།
རིགས་རུས་ཤིག་གི་འདས་མ་ད་གསུམ་མངོན་དུ་བྲུས་ཤིང་།
ཐ་སྙད་སྣ་ཚོགས་ཀྱིས་དེ་ལ་འཁྲུལ་བའི་གར་ཡང་ཡང་བསྒྱུར་དུ་བཅུག
ཁྱོད་ཀྱིས་གངས་ཀྱི་རང་མདངས་བསྣམས་ནས།
ཤར་ནུབ་ཀྱི་ཡུལ་གྲུ་རེ་རེའི་གར་སྟེགས་འགྲིམས་དུས།
ང་ཚོའི་ཞེ་རྩ་ཅི་འདྲའི་དྲོ་ཨང་།
ཡིན་ནའང་། ལོ་སྔོན་མའི་དབྱར་ཟླ་འགོ་མ་ཚེས་ལ་ཉེ་སྐབས།
ལྷོ་མགྲོན་ཁུ་བྱུག་གི་གསུང་སྐད་ལ་སྒུག་བཞིན་པའི་བར་གླེགས་དེ་ཙམ་ལ།
ཁྱེད་རང་ཡུལ་གཞན་དུ་གཤེགས་པ་ཐོས་སོང་།
ཕངས་སེམས་ཀྱི་མཆི་མའི་ནང་གི་ཉ་མོ་ཁྱོད་ཀྱིས།
གངས་དང་རྫ་རི་བཞག་ནས། སྤང་དང་གཙང་བོ་བསྐྱུར་ནས།
བརྙན་ཡོལ་ངོས་ཀྱི་རྣམ་ཤེས“གསའ”དང་བྲལ་སོང་།
གོད་ཆག་དེའི་དབང་གིས།
བདག་སེམས་སུ་གསུབ་ཏུ་མེད་པའི་བར་སྟོང་ལྷག་མ་ཞིག་ལུས་སོང་།
སུ་དང་གང་གིས་ཀྱང་ཁྱོད་ཀྱི་ཚབ་བྱེད་མི་བཏུབ་པས།
༢༠༢༤་༠༤་༠༥ཉིན་ཁོང་གི་གློག་བརྙན་བརྩམས་ཆོས“གསའ”ལ་བལྟས་རྗེས་རྗེས་དྲན་ཟབ་མོ་ཞིག་གི་ཚོར་བས་གྲུབ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།