འཆི་འཕོ་ཚང་གི་སྙན་ངག་བདམས་བཀོད།

སྡོང་བུ། ༢༠༠༠ལོར་སྐྱེས། ༢༠༠༧ནས༢༠༢༣བར་སློབ་གྲྭ་འགྲིམས། བརྩམས་ཆོས་ལ《སྦྲ་ནག་ལ་འཁྲེང་བའི་སེམས་པ》དང《ཉི་མ་བདུན》《སྟོན་ཁ་ཚེས་སོང》《སྡུག་པའི་མགྲོན་པོ》བཅས་ཡོད།
དགུན་ཁ་འདྲ་བའི་བརྩེ་འཕྲིན།
ང་རང་དགའ་སའི་མེ་ཏོག་དེ་གཞན་གྱི་ཁྱིམ་ནང་བཞད
ངའི་ཉི་འོད་དང་རླུང་བུ་ཁེར་རྐྱང་དུ་ལུས
རྫ་བུམ་སྟོང་བའི་ནང་གི་ས་རྒོད་གདུང་བས་མནར
རྨི་ལམ་ནང་དུ་དབྱར་ཁ་ཁུར་བའི་མེ་ཏོག་དེ་ཐེངས་རེར་འཆར་དུས
ལས་དབང་གིས་སྨིན་ནཱ་ལིས་སཱ་ཡི་ཞལ་རས་སྤྱད་ནས་བདག་ཕྱོགས་ཀྱི
སྒེའུ་ཁུང་ཕྱེས་པར་གཟིགས་ནས་དགའ་ཙམ་གྱིས
སྒེའུ་ཁུང་ཁ་རུ་བལྟས་ནས་སྐྱོ་ཙམ་བྱས
ངས་རང་གི་མིག་ཟུང་འདྲ་བའི་ལག་པ་དེས
རང་ཉིད་ཀྱི་མིག་ཟུང་དེ་བསྒྲིབས་ན་འདོད
ལས་དབང་ཟེར་བའི་མི་ཚེའི་ཁ་བྱང་དེའང་གསུབ་ན་འདོད
གལ་ཏེ ཁྱོད་ཀྱིས་སྙན་ངག་འདི་བཀླག་གྱུར་ཚེ
མཛེས་པའི་དྲི་ཞིམ་མནམས་པའི་མེ་ཏོག་དེ་ཁྱེད་རང་ཡིན
ཁྱེད་ཀྱིས་ང་ནི་ཕྱེ་ལེབ་དང་རྐང་དྲུག་མིན་པ་ངོ་ཤེས་རོགས
ཁྱོད་ཀྱི་ཕྱོགས་སུ་རྫ་བུམ་གཅིག་གཏད་པའི་ལག་པ་དེ་ཡིན་པ་ཧ་གོ་རོགས
རྨི་ལམ་ནང་ནས་མ་གཏོགས་མཐོང་མི་སྲིད་པའི་བུ་མོ
མི་ཚེའི་མཐའ་མཇུག་གི་དུས་ལ་སླེབས་པ་འདྲ་བའི
ལོ་གཅིག་གི་ཆེས་མཐའ་མའི་ཉིན་མོ་འདི་ལ་ཡང
ངས་ཁྱོད་ནི་འདས་པ་ཡིན་ནམ་མ་འོངས་པ་ཡིན་པ་ཧ་གོ་བཞིན་མི་འདུག
ལས་དབང་གི་གཙང་བོ་འདི་གཅོད་བྱེད་ཀྱི་གྲུ་ཆུང་ཞིག་ང་ལ་ཡོད་མེད་ཀྱང་ཚོར་གྱིན་མི་འདུག
གལ་ཏེ་སེམས་འདི་རྟ་མཆོག་ཅིག་གི་ཁ་ལོ་ཡིན་རྒྱུ་ན
ངས་སྔར་བཞིན་རྟ་ཁ་ཁྱོད་སར་དཀྱོག་ནས་ཡོང་བ་འདྲ།
༢༠༢༤.༡༢.༣༡
གོ་འཛོལ་མ་ཐེབས་པའི་འཇའ་ཚོན།
ཉི་མ་ལས་ཀྱང་མཛེས་པའི་དབྱར་ཁ་ཞིག་དྲན་བྱུངརོལ་མོ་མངོན་དུ་གྱུར་བའི་ཆར་དུས་ཤིག་དྲན་བྱུང
ལྷ་མོའི་ཕུ་རུང་ལས་རྙེད་པའི་འཇའ་ཚོན་ཞིག་དྲན་བྱུང
འཇའ་ཚོན མི་ཡུལ་ལ་དྲུད་པའི་འཇའ་ཚོན
ལྷ་ཡི་དཔྱིད་དཔལ ཉི་མའི་དར་གོས
ནམ་མཁའི་ཤོག་ངོས་ན་རྒྱུ་བའི་སེམས་ཅན་ཞིག་དྲན་བྱུང
རླུང་གི་ཟེ་བར་བྲིས་པའི་རི་མོ་ཞིག་དྲན་བྱུང
འཇའ་ཡི་སྣེ་མོར་འཇུས་པའི་བུ་མོ་ཞིག་དྲན་བྱུང
འཇའ་ཚོན འཁྲེང་ཞེན་ལ་བཏགས་པའི་འཇའ་ཚོན
བདུད་བྷེའི་གླུ་སྐད སྒྱུ་མའི་ཡུ་མོ
བྱ་སྤུ་གནམ་ལ་འཐོར་བའི་དགོང་ཁ་ཞིག་དྲན་བྱུང
ཉི་ཟེར་ཆུ་དང་འདྲེས་པའི་དུས་ཚོད་ཅིག་དྲན་བྱུང
བར་སྣང་སྤོས་ཆུས་ཁྱབ་པའི་འཇིག་རྟེན་ཞིག་དྲན་བྱུང
འཇའ་ཚོན མེ་ཏོག་ལ་བཏབ་པའི་གསོལ་འདེབས
སྒྲོལ་མའི་ཁ་བརྡ ཆུ་ཡི་མེ་ལོང
འཇའ་ཚོན རྨི་ལམ་གྱི་བམ་ཁར་ཚེས་པའི་འཇའ་ཚོན
ལས་ཀྱི་ལེགས་སྐྱེས དྭངས་པའི་བདུད་རྩི།
༢༠༢༤་༡༢་༡༧
ཆུ་ཚོད་ཀྱི་འདྲེས་མདོ།
ང་རང་མཚན་མོ་རེ་རེར་ཤི་ཞིང
ཞོགས་པ་རེ་རེར་ཡང་དང་བསྐྱར་དུ་རང་ཉིད་ཀྱི་སྐྱེ་བ་བླངས
ཀུ་རེ་ཞིག་དང་འདྲ་བའི་དུས་ཚོད་ནང
ཉི་མ་རེ་རེར་འཁོར་བའི་རྣམ་སྨིན་བསོགས
རྨི་ལམ་བརྒྱ་ཕྲག་ལས་བཙན་གྱིས་སྒོར་བུད་དེ
མངོན་སུམ་གྱི་དུས་ཚོད་ནང་དུ་ལྡིང
ས་དང་ཆུ་དང་མེ་དང་རླུང་ལ་འདྲེས་པའི་མཁའ་དབུགས་དག
ཁོ་ཧྥེ་དང་ལྷན་གཅིག་རྔུབ་པ་ན
ཕྱི་རོལ་དུ་ཉི་མ་ཤར་ཡོད་པ་གཟོད་དུ་མཐོང་བྱུང་།
༢༠༢༤་༠༢་༡༣

ཁྲོ་དར། རྨ་ཆུ་རུ་སྐྱེས། སྙན་ངག་དང་གློག་བརྙན་ལ་དགའ།
གྱེས་བྲལ་གྱི་སྒྲ་དབྱངས།*
དོ་དགོང
འུ་གཉིས་ཀྱི་གསང་བ
འུ་གཉིས་ཀྱིས་བརྗེད་སོང
ནམ་ལངས་ཁའི་མལ་ཁང་འདིའི་ལྷིང་འཇགས
གྱེས་བྲལ་གྱིས་དཀྲོགས་སོང
ད་ལྟ
འུ་གཉིས་ཀྱིས་ཐོས་ཀྱིན་པ་ནི
བར་ཁྱམས་འདིར་འཁོར་མྱོང་བའི
ང་ཚོའི་ཀུ་རེ་ག་ཞ་དག
དུས་ཚོད་ཀྱིས་ཡར་བདའ་མར་བདའ་བྱེད་པའི་སྒྲ་རེད
སྒྲ་དབྱངས་འདིས
འུ་གཉིས་རྒྱང་ལ་འཁྲིད་ཅིང
བརྩེ་འདང་གི་གནས་སུ་བསྐྱལ
མེ་ཏོག་ཁུད་ཀྱི་རྨི་ལམ་ང་ལ་སྐྱུར་དང
དྲན་པའི་གསེང་གི་དུས་ཆད་ཁྱོད་ཀྱིས་ཁྱེར་ཆོག
༢༠༢༣-༠༦-༡༠ཉིན་ལ་མལ་ཁང་དུ།
*སྙན་ངག་འདི་ནི་ཆས་བུ་བྱ་མ་ལ་ཕུལ་བ་ཡིན།
མུན་ནག་གིས་རྨས་པའི་རྨ་བྱ།
ང་རང་འགྲོ་ལོབས་སུ་སོང་བའི
དགེ་འོས་ཁ་གཏད་ཀྱི་ཨར་ཁང་དུ
དུ་བ་འཐེན་པའི་བུ་མོ་ཞིག་ཡོད
མོ་རང་ངའི་སེམས་ནས་དུ་བས་སྒེག་སྟེ
འདུག་རོགས་བུ་མོ་ཆང་འཐུང་ཚོའི་བཟོ་ལྟ་རླངས་པར་གྱུར་སོང
མོའི་དུད་སྣེ་རུ་དཔྱངས་པ་ནི
ཁོ་མོ་རང་གི་སེམས་ཁྲལ་དང་འོ་དོད་མ་རེད
གམ་གྱི་ལོ་ན་བརྒྱབས་པའི་བུད་མེད་དེའི་སེམས་པ་འཇོག་སའི་སྔས་འབོལ་དང
མོའི་ལག་ཁུག་ནང་གི་མི་རྟག་པའི་ཚིག་གྲུབ་རྣོ་དབལ་ཅན་དེ་དག་རེད
ངས་ཀྱང་ཁོ་མོའི་གམ་ནས་དུ་བ་རྐང་གཅིག་ལ་མེ་བསྒྲོན་རྗེས
ཁོ་ཚོའི་སྡིག་སྒྲིབ་ཀྱི་སྤར་ནང་ནས་ཐར་སོང་ན་འདོད་ཀྱང
ཉེན་རྟོག་པའི་རྗེས་འདེད་ལ་ཆད་པ་མི་འདུག་པ་བསམས་ན
སེམས་པ་ཨ་ཐང་ཆད་ནས་ཆང་དམ་ལ་ཡང་ཡང་འབྱར་བའི་ཚེ
གྲལ་མཚེས་བུ་མོ་ཆང་འཐུང་དེའི་སྐྱུག་རོའི་ཕུང་བོས
དུས་ཚོད་ཇེ་དལ་དུ་བཏང་ནས་མུན་པར་བསུ་མ་བྱས
ཉིན་ཞིག་གི་ཕྱི་དྲོར
ཁོ་མོས་ང་ལ་ཁ་གྲགས་བྱུང
“ཁྱོད་ཀྱིས་ཆང་བཅུད་ཀྱི་བྲོ་བ་ལས
ག་རེ་འཐུང་ཐུབ་ན་སྙམ”ཟེར
“ངས་བདུད་འདུལ་རྡོ་རྗེའི་ཁྲེལ་གཞུང་འཐུང་ཐུབ་རྒྱུ་ན
ངས་ཁ་བ་སྙིང་ལྕགས་ཀྱི་ཁེར་རྐྱང་འཐུང་ཐུབ་རྒྱུ་ན
ངས་འབུམ་ཚང་བུ་མོའི་རེ་སྒུག་གི་གདུང་བ་འཐུང་ཐུབ་རྒྱུ་ན”
མོས་དུ་བ་རྐང་གཅིག་ལ་མེ་བསྒོས་ནས
གཏིང་མེད་པའི་རྔུབ་འཐེན་ཞིག་བྱས་ཤིང
ལུས་པོ་དེ་བརྟན་པོར་ཐེངས་གཅིག་འགྲེང་དུ་བཅུག་རྗེས
“ཆབ་སྲིད་ནི
མཚམས་མཚམས་སུ
ཤོག་བུ་སྲབ་མོ་ཞིག་ཡིན་ཀྱང
མཛུབ་མོས་གཙགས་ནས་དབྲལ་མི་ཉན་པའི
རིག་པ་ཞིག་ཡིན་པ་འདྲ”*
ང་ཚོས་ཨ་རག་འཐུང་ཤེས་ཀྱིན་མེད་པར་སྣང་སོང”ཟེར
ཤེལ་དམ་སྟོང་བ་ཞིག་ཏུ
རྡོ་ཧྲུག་ཤུགས་ཀྱིས་འཕངས་འདྲའི་སྐད་ཆ་དེ
ཆོ་ངེ་འདོན་པའི་སྒྲ་དབྱངས་དང་བསྡོངས་ནས
ཨར་ཁང་གི་སེམས་ཅན་ངའི་སྙིང་ལ་ཕོག
2023.04.25ཉིན་ལ་གཙོས་ནས།
*ཚིག་འདི《བོད་ཀྱི་གཅེས་ཕྲུག》ལས་དྲངས།

བཀྲེན་པོ། ༢༠༠༡ལོར་ཡུལ་རྨ་ཆུའི་དབལ་བན་ཚང་དུ་སྐྱེས། སྙན་ངག་ལ་དགའ་མོས་བླ་ལྷག་ཡོད་མཁན་ཞིག་ཡིན། ད་ལྟ་བོད་ལྗོངས་སློབ་ཆེན་གྱི་ཤེས་རམས་པའི་བསླབ་གནས་འབད་བཞིན་ཡོད།
གསེར།
རྣམ་ཤེས་དང་དགའ་སྡུག་མེད་ན་ཡང་།
མི་རྣམས་ཀྱིས་ཁྲག་རྣག་གི་མཆོད་པ་ཕུལ་ནས་འཚོལ།
མཚམས་འདྲི་དང་གྱེས་ཕྱག་མེད་ན་ཡང་།
བྲན་གཤིས་གྱིས་བསྐུལ་བའི་ང་ཚོས།
མགོ་སྒུར་ལྕེ་བསྣར་གྱིས་ཕྱག་འཚལ་བསྟོད།
ད་ལྟའི་དུས་འདིར།
ཁྱོད་ཁོ་ནའི་ཚེ་སྲོག་ལ་ཆག་འཇིག་གི་སྡུག་བསྔལ་མེད།
ལས་འབྲས་བཤད་ནས་རྟེན་འབྲེལ་བསྒྲིགས་ཀྱང་།
ཁྱོད་ཀྱིས་ཚོགས་བསགས་བགྱིས་པ་མ་མཐོང་།
ཡིན་ཡང་
ཁྱོད་ཀྱི་འཕྲིན་ལས་རྣམ་པར་རྒྱས་ཏེ་འཇིག་རྟེན་ཞིག་གི་ཡོད་ཚད་དུ་གྱུར་འདུག་ཨང་།
2024.6.17 23:37:12
འཁྲུལ་སྣང་།
རི་གསུམ་རྩེ་ལ་བུད་ནས་རྒྱང་མིག་བསྲིངས།།
བརྩེ་བའི་མི་དེ་དྲན་ནས་དངན་པ་ཤོར།།
རླུང་ངམ་སྤྲིན་པ་ཚོམ་བུའི་རུམ་ཁ་ལ།།
དྲིལ་ནས་ཡོང་ན་སྙམ་པའི་འཁྲུལ་སྣང་སྐྱེས།།
སྲོད་ཀྱི་མཚམས་སྤྲིན་དམར་ཤ་དོད་པ་དེ།།
བརྩེ་ལྡན་ན་ཆུང་དེ་ཡི་མཁུར་བ་འདྲ།།
དེ་ལ་འགྲོགས་པའི་ཉི་མ་དམར་བོ་དེ།།
ང་རང་ཡིན་ན་སྙམ་པའི་འཁྲུལ་སྣང་སྐྱེས།།
ཞེན་ཆགས་མེད་མེད་འདྲ་བའི་རྒོད་པོ་དེ།།
ང་ཡི་དབྱིངས་སུ་སྐོར་བ་ལན་གསུམ་རྒྱག།།
དེ་ཡི་སྒྲོ་གཤོག་རྐྱེན་མྱུར་རྫོགས་པ་དེ།།
ང་ལ་ཡོད་ན་སྙམ་པའི་འཁྲུལ་སྣང་སྐྱེས།།
གཞུང་གི་ཆུ་བོ་ཨ་གུག་ཡང་གུག་དེ།།
རི་ལུང་བརྒལ་ནས་རྨ་ཆུ་ལུ་མར་འབབ།།
དེ་ཡིས་ཁུར་བའི་མེ་ཏོག་སེར་ཆེན་དེ།།
ང་རང་ཡིན་ན་སྙམ་པའི་འཁྲུལ་སྣང་སྐྱེས།།

རྭ་བྷེ། དངོས་མིང་ལ་ལྷ་མོ་སྐྱབས་ཟེར། ཕ་ཡུལ་རྨ་ཆུའི་སྨད་མ་ནས་ཡིན།
ཁ་འབྲལ་བའི་དུས་ཚིགས།
མ་གཞི་མི་ཚེ་ནི་ཚེར་མའི་མེ་ཏོག་ཅིགཡང་ན་པདྨའི་མེ་ཏོག་ཅིག
གནམ་སའི་བར་དུ་བཞད་པ་ནས
དཀའ་སྡུག་གི་དུས་ཚིགས་རེ་རེར་གདོང་གཏད་དགོས
རྒྱུ་མཚན་མེད་པ་འདྲ་ཡང་མིན་པ་ལྟར་དུ་སྒྲུབ
འདི་ཕྱིའི་བར་དུ་ཆོད་པའི་རྒྱུ་འབྲས་ཡིས
ངང་ཐུང་གི་ཚེ་སྲོག་ཅིག་མུ་ནས་བཞུར་བར་བྱེད་པ་ལྟ་བུའོ
གྱེས་བྲལ་ལ་ངེས་པར་གོམས་འོས་པའི་ནད་པ་ཚོ
རྒྱང་རིང་ནས་རྒྱང་རིང་ལ་ཆས་ཤིང
ཕ་མ་མེད་པའི་ཕ་ཡུལ་ཞིག་ནས་འཚོ་བར་ཞུགས
སྙིང་དུ་སྡུག་པའི་སྤང་ལྗོངས་དང་རྟ་ཕོ
རྨི་ལམ་ཁྲོད་ནས་ཡང་ཡང་མངོན
ཁ་འབྲལ་དགོས་པའི་དུས་ཚིགས་སུ
སེར་ཆེན་མེ་ཏོག་གི་འདབ་མ་འགའ
ནང་སེམས་ལ་ཡང་ཡང་འཐོར་ཞིང
བར་ཐག་གིས་ཆོད་ཅིང་ངེས་མེད་ཀྱི་ས་གཞི་ཞིག་ནས
དུས་ཚིགས་ལ་དབྱེ་བ་མེད་པར་ཡང་ནས་ཡང་དུ་གད
ཕྱིར་མིག་ཐེངས་གཅིག་འཕེན་དོན
རང་ཉིད་ཀྱི་ནམ་མཁའ་ནས་མཐར་སྐྲོད་བཏང་བས་ལན
ཐག་རིང་ནས་ཐག་རིང་ལ་སྙེག་དོན
རང་ཉིད་ཀྱིས་རང་ཉིད་བཙལ་འདོད་སྐྱེས་པས་ཡིན
ཡོད་ཚད་གོ་ལྡོག་པའི་དུས་ཚིགས་དེར
ཁྱོད་ཁོ་ནས་སྨྲེ་ངག་ཡང་ཡང་བཏོན་པས
ཁྱོད་ཀྱིས་རང་ཉིད་ནད་པ་ཡིན་པ་ཤེས་དགོས
དེ་དུས་ཁྱོད་ཀྱིས་རང་ཉིད་དང་འདྲེ་བའི་ནད་པ་དག་འཚོལ་བར་རན
༢༠༢༣་༣་༣ལ་བྲིས།
༢༠༢༤་༡༢་༢༧ལ་བཅོས།
གློག་འོད་ནང་གི་ཁྱོད།
བརྗེད་དུ་མེད་པའི་གཟའ་མཇུག་གི་ལེའུ་དེསྙིང་ལ་སིམ་པའི་ཁ་བ་ལྟར་འཁྱག་སིབ་སིབ
སྤྲིན་རིམ་ནས་ཚེས་པའི་བཞིན་རིས་དེ
འཛུམ་མདངས་ཀྱིས་ང་སར་ཡང་ཡང་བཅར
དུས་ཚོད་ཀྱི་མདའ་རྩེ་ལ་དཔྱངས་པའི་འུ་ཉིས
ཉི་འོད་དང་མུན་ནག་གི་བར་ནས་འདུར་རྒྱུགས་མང་ཙམ་བྱས
དགུན་གྱི་གྲང་བས་མནར་བ་མིན་མོད
ལུས་ཀྱི་ཁྲག་རྩའི་གསེང་དུ་སྐྱོ་སྣང་འདྲེས་མའི་གྲང་ངར་འབའ་ཞིག་རྒྱུ
གློག་འོད་འཇམ་པོའི་ལུས་ལ་འཐམས་པའི་ཁྱོད
ངེས་མེད་ཀྱི་རོལ་དབྱངས་མང་པོའི་འགྲོས་སྡེབ་བར་ན་ཁོམ་གྱིན་མི་འདུག
རྩིག་སྡེབ་ངོས་བརྟན་འཇགས་སུ་གནས་པའི་པར་རིས་དེ་དག
ཁྱོད་ཀྱི་ནམ་མཁའ་བཞིན་མཛེས་སྡུག་རྣམ་པར་བཀྲ
༢༠༢༤་༡༢་༢༢ ཉིན་གཙོས་གྲོང་ནས།

བེའུ་མདའ། དངོས་མིང་ལ་དབང་ལྡན། སྙན་ངག་སོགས་འབྲི་སྐབས་བེའུ་མདའ་ཞེས་པའི་མིང་འདི་སྤྱོད་ཀྱིན་ཡོད།
སྐྱེམས་ཆང་།
ཁྱོད་ཀྱིས་ང་ལ་ཆང་ཧུབ་གང་འདྲེན་རོགས
ངས་ཁྱོད་ཀྱི་བརྩེ་དུངས་འཐུང་ནས
གཡེར་བག་མེད་པའི་ཁྱེད་ཀྱི་ནང་སེམས་ལ་འཛུལ་འདོད
ཕྱིར་ལྡོག་ཐབས་མེད་པའི་གཏམ་རྒྱུད་ནང་
ཁྱོད་དང་མཉམ་དུ་མཚན་མོ་ཞིག་སྐྱེལ་འདོད།
ཚེས་རྒྱུ་མེད་པའི་ཟླ་བ་ཞིག་ལ་བསྒུག་མཐར
མིག་མཐའ་མཆི་མས་བརླན་པའི་བུ་ཆུང་ཞིག་གིས
རང་ཉིད་ཀྱི་ཟིན་བྲིས་ངོས་སུ་འདི་ལྟར
“གཅིག་དགུ་ལོར་ཁྱོད་ཀྱིས་ང་ལ་གནང་བའི་མེ་ཏོག
རྙིད་པ་མེད་པའི་ང་ཡི་ནང་སེམས་སུ་བཞད་འདུག
རྙིད་པ་མེད་པའི་ནང་སེམས་སུ་བཞད་འདུག”ཟེར།
འབྲེལ་བ།
ང་ཡིས་ཁྱེད་ལ་མེ་ཏོག་གི་ཕོ་བྲང་ཞིག་བཞེངས་ཆོག
སྐར་མའི་མགུལ་རྒྱན་ཡང་བསླེས་ཆོག
ཟླ་བའི་མེ་ལོང་ཞིག་ཀྱང་ཉོས་ཆོག
ཁྱེད་རང་སྤྲོ་སྤྲོ་གནང་རོགས
དགའ་དགའ་སྤྲོ་སྤྲོ་གནང་རོགས།
ཁ་བ་ཞུ་རྗེས།
དུས་ཚོད་ཀྱིས་ང་རང་མདུན་དུ་འདེད་བཞིན་འདུག
ང་རང་ཁ་ལོ་མེད་པའི་གཡག་རྒན་ཞིག་ལྟར
རྒྱུད་དྲང་མོའི་གོམས་པ་མདུན་དུ་ལོན་ཐབས་མ་བྱུང་།
ཁོ་ལོ་གཅུན་ཐབས་མེད་པའི་སེམས་པ་འདི
ཁ་པར་ངོས་ཀྱི་གྲོང་ཁྱེར་དག་ཉུལ་བར་སྔ་མོ་ནས་གོམས་ཟིན
འདོད་ཧམ་དང་བྲེལ་ཟིང་གི་ཟིག་རེག་དག་སྐབས་དང་སྐབས་སུ་འབར
སྒྲུབ་དགོས་དང་འགྲུབ་ངེས་སྙམ་པའི་གླེན་འདང་རྟག་པར་རྒྱག
དཔྱིད་ཀ་ཚེས་པའི་སྟ་གོན་ལ་ཁ་བ་མཐུག་ཙམ་བབས
ངས་དཔེ་ཆ་དང་པར་ཆས་རུམ་ལ་བཅུག་ནས་ལུག་རྗེས་སྙེགས
འཆར་གཞི་སྡོམ་རྒྱ་འདྲ་བ་མང་དུ་བྱུང་།

རྒང་། ངའི་མིང་ལ་རྡོ་རྗེ་སྐྱབས་ཟེར། གོད་ཆག་གཅིག་གཉིས་ཤིག་གི་རྗེས་སུ་ང་ནི་ཕ་ཡུལ་མེད་པའི་མི་ཞིག་ཏུ་ཆགས། ཕུགས་བསམ་རྒྱང་རིང་དུ་བྱས་ཀྱང་། ང་རང་ད་ལྟའི་དུས་ཚོད་ནང་དུ་ཡང་ཡང་ཤི།
བུ་མོ་ལགས།
བུ་མོ་ལགས། དགོངས་པ་མ་ཚོམས།
ངས་སུ་ཞིག་ལ་ཁག་དཀྲི་ཨང་།
འདྲིས་ཆེ་བའི་སྙིང་གྲོགས་ཚོའི་ངོ་གདོང་ཡང་རྒས་འདུག
དམར་ཞད་འདྲེས་པའི་གདོང་པ་སྨུག་ནག་ཅན་ཚོ།
ཆུང་དུས་ཀྱི་རྨི་ལམ་ནང་ཁོ་ནར་ཡོད་པ་བསམ་ན།
ངས་རང་ཉིད་ལ་ལོག་མལ་མེད་པ་གཞི་ནས་ཚོར་ཡོང་།
ལོ་ཟླ་ནི་སྐད་ཅིག་ངང་འདས་སོང་།
ད་ལྟ་འདི་ལྟར་ཕྱིར་འདང་རེ་གླན་ཚེ།
ངས་རང་ཉིད་ཀྱི་བྱིས་དུས་ལ་དབྱར་ཁ་ཚེས་མྱོང་བ་ཡང་།
སྲུང་མ་ལྟ་བུའི་ཚེ་འདས་དག་ཡོད་པས་རེད་བསམ་སོང་།
ཁོ་ཚོ་རྒྱང་རིང་ཞིག་ལ་སོང་ནས་ཕྱིར་ལོག་རྒྱུ་མ་བྱུང་།
དེ་བས། བུ་མོ་ལགས།
ངས་རང་ཉིད་ཀྱི་གནམ་ས་ཞིག་ངེས་པར་ཟིན་དགོས།
བུ་མོ་ལགས། དབྱར་ཁ་རྫོགས་སོང་།
གྱེས་བརྡ་དང་ཕྱིར་མིག་མཉམ་དུ་འཕངས་པའི་ན་ཚོད་དེར།
ངས་ས་མཐའ་ཞིག་སྙེགས་ནས་ལམ་ལ་ཆས།
ན་ཚོད་དང་ཁད་རིང་བར་སྙམ་པའི་བྱུར་ཉེས་དེ་དག་གིས།
གང་ལ་ཡང་འཕྲེང་ཞེན་མེད་ཚུལ་གྱིས་བུད་འགྲོ།
བུ་མོ་ལགས། དགོངས་པ་མ་ཚོམས།
ངས་མེ་ཏོག་ལྟར་བཞད་པའི་ཁྱོད་ཀྱི་སྙིང་ཆུང་ལ།
སེམས་ཆུང་གིས་བདེ་མོ་འཇོག་དགོས་སོང་།
༢༠༢༡་༧་༢༧ ཉིན་ཀླུ་ཆུ་ནས།
ད་ཆ། སེམས་པ་སྐྱོ་དུས་སྙིང་ཉེ་བའི་བུ་མོ་དེ་དྲན་ཡོང་།
ངས་ཤིན་ཏུ་སེམས་ཆུང་གིས
ནང་མི་ཚོའི་སེམས་སྒྲ་ལ་ཞིབ་ཏུ་བལྟས
དགའ་སྡུག་གང་ཞིག་ཤོང་ཐུབ་མིན་ལ
མི་ཚེ་ཟེར་བ ཐང་ཆེན་པོ་ཞིག་ལྟར
ཙག་རླུང་ཤུར་ཤུར་འགོག་མེད་དུ་ལྡང་ས་ཞིག
བལྟས་ཚོད་ལ་ལྕི་སྣང་མེད་པའི
མི་ཚེའི་ནང་གི་དཀའ་སྡུག་དང་ལན་ཆགས་མཐའ་དག
སྐབས་ལན་རེར དབུགས་ཤིག་ལེན་པ་ཡང་དཀའ་ཚོད
ད་ཆ སེམས་པ་སྐྱོ་དུས
སྙིང་ཉེ་བའི་བུ་མོ་དེ་དྲན་ཡོང
༡༠༢༤་༣་༡༡ ནམ་གུང་དངུལ་རྭ་ནས།
ཕྱེད་ཀ་གཉིས་སུ་གས་པའི་དྲན་གདུང་།
ཕྱེད་ཀ་གཅིག
ཞོགས་ཀ་དྭངས་མོའི་འོད་ཟེར་བབས་པའི་མིག་ཟུང
ངའི་དྲན་ངོགས་ནས་ཡལ་ཐབས་མི་འདུག
ཕྱིར་འདང་གི་རི་མོ་ལག་ནང་དུ་འཐེན་ན
མུན་པ་དང་འབྲེལ་བ་མེད་མཁན་དེ་ཁྱོད་རང་ཁོ་ན་ཡིན་བཞག
རྨི་ལམ་ནི་འཇའ་ཚོན་དང་འདྲ་འམ
ཡང་ན འཇའ་ཚོན་ནི་རྨི་ལམ་དང་འདྲའམ
ངས་ད་ལྟ་འགྱོད་གདུང་དང་འབྲེལ་བའི
ཡི་གེ་གཅིག་ཀྱང་འབྲི་བཞིན་མེད
ཕྱེད་ཀ་གཞན་གཅིག
ངས་རང་ལུས་འོད་ཀྱི་ཕུང་བོ་བྱེ་བར་སྤྲུལ་ནས
ཁྱོད་ཀྱི་ནང་སེམས་ཀྱི་གྲུ་ག་རེ་རེར
ཉི་འོད་ལྟ་བུའི འཇའ་ཚོན་ལྟ་བུའི
མུན་པ་དང་འབྲེལ་བ་མེད་པའི
ཚོན་མདོག་མང་དུ་བསྐུ་ཐུབ་ན་བསམ
ཚིག་དང་ཐ་སྙད་ཀྱིས་མི་མཚོན་པ
ངའི་ནང་སེམས་ཀྱི་ཤོག་ལྷེབ་ངོས་ལ་བྲིས་པའི
ཁྱོད་ཀྱི་འདས་སོང་དང་ཁེར་རྐྱང་ཡིན་འདྲས
ང་ཡི་བརྩེ་དུང་ཁྱོད་ཀྱི་ཉི་ཟླའི་ཚབ་ལ་མཐོན་པོར་བཏེགས་ན
གནམ་སའི་བར་གྱི་ང་ཡི་སྙིང་འཁྱག་པ་འདི་བསྲོ་མཁན
ཁྱོད་རང་ཡིན་ན་འགྲིག་ག
༢༠༢༣་༠༢་༡༤ཉིན།

གངས་རྒོད། དངོས་མིང་ལ་པདྨ་བཀྲ་ཤིས་ཟེར། ན་མཉམ་གྱི་སྤུན་ཟླ་འདི་དག་དང་མཉམ་དུ་སྙན་ངག་འབྲི་རྒྱུ་ནི་མི་ཚེ་འདིའི་བདེ་སྐྱིད་ཆེ་ཤོས་དེ་རེད།
རྡུལ་ནང་གི་མེ་ཏོག
ཁོ་ཧྥེ་ཕོར་གང་གིས་ཉིད་ཀྱི་སེམས་པ་གསོ
རླུང་ནང་གི་དྲན་པ་སྤུར་བའི་མི་རྣམས་བསྐྱུར་ཞོགས
ངག་མི་འཁྲོལ་བའི་ཁོ་ཧྥེ་ཕོར་གང
གྲིབ་མ་མེད་པའི་བརྩེ་དུང་ལ་འཇུས་ཏེ་ཐག་རིང་དུ་ཆས
ལམ་བྲོ་ཆད་པའི་སྙན་ངག་པ་ནང་སེམས་ལ་འཐམ་ནས་ཡང་ཡང་ངུ
དྲོད་སྣང་མེད་པའི་ས་སྲོད་དེར
བརྩེ་དུང་ཤོར་བའི་ཡུགས་མོ་སྙིང་ནང་དུ་རུམ
གནས་མལ་ལ་ཆགས་པའི་མི་རྣམས་བསྐྱུར་ཞོགས
ཆ་མེད་པའི་རང་ཉིད་ཐག་རིང་ལ་འདྲུད
རྨི་ལམ་ནི་སྒྱུ་འཕྲུལ་གྱི་རྒྱན་ཆ་བསླེས་པའི་དག་ཞིང་ཞིག
ཡུལ་དུས་བརྒལ་བའི་སྙན་ངག་པ
རྨི་ལམ་ལས་ཐག་རིང་ལ་ཆས་པའི་རང་ཉིད་མཐོང་སོང་ངམ
༢༠༢༤-༢-༢༢ཉིན་བླ་བྲང་ནས།
མཚན་མོ།
དགུན་ཟླ་དང་པོའི་མཚན་མོ་ཞིག་ལ
ང་རང་གློ་བུར་དུ་རང་ཉིད་ཀྱི་རྨི་ལམ་ལས་སད
རྨི་ལམ་དེར་ཁྱོད་ཀྱི་གྲིབ་མ་མི་འདུག
ཡུན་རིང་བཙལ་བའི་ང་ཡི་རྣམ་ཤེས་ཀྱང་མི་འདུག
མིག་བཙུམ་ནས་བསྡད་ཀྱང་གཉིད་ཁུག་ཐབས་མི་འདུག
དོན་སྙིང་གིས་སྟོང་བའི་སེམས་ཚེགས་དག་གིས་ང་ཡི་སྙིང་ནང་ལ་བར་འབྲད་བྱེད
ཕ་ལགས་ཀྱིས་དུ་བ་མཚམས་མེད་པར་འཐེན
ངས་ནི་མཚམས་མེད་པར་སྙིང་ནང་ལ་ན་ཟུག་གི་ས་འགུལ་སློང
ཟླ་འོད་ཕྱེད་ཙམ་མངོན་ཀྱང་ཙག་གིས་བསྡམས་འདུག
ཕྱིད་ལ་ཉེ་བའི་སྐར་མའི་སྤུན་གྲོགས་དག
རང་ཉིད་ཀྱི་འོད་སྣང་རུམ་ནས་རྒས་པའི་སྐར་ཁུང་ལ་བལྟས་འདུག
ང་རང་མཚམས་མེད་པར་ནང་སེམས་ནས་སྐྱོ་བྱུང
འཁོར་བའི་ནང་རོལ་ནས་ཁོམ་སྐབས་ཨེན་ཙམ་བྲལ་ཡང
ཕྱི་རོལ་གྱི་འུར་ཟིང་གིས་ང་རང་གཞན་ཞིག་ཏུ་ཁྲིད་འགྲོ
དེ་བས ང་རང་མཚན་མོར་འཚོ་ན་འདོད
མཚན་མོར་ངས་རང་ཉིད་ལ་སྙིང་གཏམ་བཤད་ཆོག
དབྱངས་གསལ་སོ་བཞིའི་ལྷུ་ལག་རང་སོར་བཞག་ཏེ
ནང་སེམས་ནས་བཙག་པའི་སྐད་ཆ་ལ་གསེར་ཆུ་བྱུགས་ཆོག
ཁྱོད་ཀྱང་བརྗེད་ཆོག ང་ཡི་ནང་སེམས་ནས་ཁྱོད་རྩ་བ་ནས་བོར་ཆོག
མཚན་མོར ངས་རང་ཉིད་ཀྱི་ངོ་གདོང་བསུམ་ནས་སྙིང་ནང་ལ་ལག་པ་བསྲིངས་ཆོག
དམར་དྲི་དྲོ་བའི་ལག་ཟུང་གིས་སྡིག་སྒྲིབ་ཀྱི་འདང་ལོག་ལ་ཐམ་ཀ་བརྒྱབ་ཆོག
ང་དང་འབྲེལ་བ་ཁྱོན་ནས་མེད་པའི་ཁྱོད་ཀྱི་ཞེ་འདང་མནོག་ཆོག
ཡང་ན སྡིག་ལྟོང་གི་ལས་ཉེས་ལ་ལྷན་པ་བརྒྱབ་སྟེ་རང་སེམས་གསོ་ཆོག
མཚན་མོར
ཨ་ཕའི་སེམས་ཁྲལ་དང་ཨ་མའི་སེམས་ཚགས་གཉིས་མཉམ་དུ་བསྡམས་ཏེ
རང་ཉིད་ཀྱི་ཁུར་ལ་ལེན་ཆོག
ཤམ་བྷ་ལའི་རྐང་རྗེས་དེད་དེ་མགོན་སྐྱབས་སུ་ཞིག་ལ་བཅོལ་གདམས་ཞུས་ཆོག
སྣང་བ་ཁུར་བའི་ངས་ནི་རང་ཉིད་ཀྱི་ཕྲག་པར་འགན་འཁྲི་ཁུར་ཏེ
རྨི་ལམ་དང་རེ་བའི་ཕྱོགས་སུ་འདུར་དགོས
མཚན་མོ་ཁོ་ནར་རྨི་ལམ་ཡོད རེ་བ་ཡོད
ཨ་ཕའི་རྨི་ལམ་དང་ཨ་མའི་རེ་བའང་མཉམ་དུ་གསོན་ཆོག
མཚན་མོར ངས་རང་ཉིད་ལ་ཆད་པ་བཅད་ཆོག
ནང་སེམས་ནས་རྒས་འགྲོ་བའི་དུས་ཚོད་ཀྱི་རྒྱུན་ཐག་ཐག་སེ་བཅད་དེ
སྐད་ཅིག་མར་བོར་སྟོར་བྱུང་བའི་དྲན་ཤེས་ལ་ཆད་པ་གཅོད་ངེས
དེ་ལས་འཕང་སེམས་ཆེ་བ་ཞིག་གང་ནའང་མི་འདུག་པས
དྲན་ཤེས་མེད་པའི་མི་ནི་གསོན་པའི་ཐོབ་ཐང་ལའང་བརྩི་བཀུར་མེད་པ་མ་རེད་དམ
དེ་ན མཚན་མོར
མི་ཁོམ་པའི་བསམ་གཞིག་དག་གསུང་རབ་ཏུ་འཁོད
བོར་སྟོར་བྱུང་བ་དག་ལ་ཁྲིམས་ཆད་ཆོད་ཅིག
ང་ཡི་སྤུན་ཟླ ཚེ་སྲོག་ལ་སྙིང་རྗེ་མི་འདུག
མ་གཞི་ནས་སྙིང་རྗེ་དང་བྲལ་འདུག
སྙིང་རྗེ་བ་ནི་གུ་ཡངས་ལ་སྦྱར་བའི་ནད་རྟགས་ཤིག
མཚན་མོར གློས་བཤད་བྱས་ཆོག
མཚན་མོར བཟི་བཤད་བྱས་ཆོག
མཚན་མོར ཁྱི་བཤད་བྱས་ཆོག
མཚན་མོར ཁེར་བཤད་བྱས་ཆོག
མཚན་མོར སྟོང་བསམ་གྱི་ཀློང་བརྡོལ་ཆོག
མཚན་མོར གཅིག་པུར་ངུས་ཀྱང་ཆོག
མཚན་མོར བགད་ཀྱང་ཆོག
མཚན་མོར ་་་ ་་་
མཚན་མོར མི་རྣམས་གཉིད་དུ་ཡུར་འདུག
ང་རང་མི་གཞན་དང་འདྲ་བར་གཉིད་ཁུག་ཐབས་ལ་འབད་ཀྱང
འུག་པ་བཞིན་གཉིད་ལོག་ཐབས་མི་འདུག
ངས་སུ་ཞིག་ལ་རང་ཉིད་ཀྱི་སྡུག་སྨྲེ་དག་བཤད་དགོས་པ་འདྲ
གང་ཞིག་ནས་འགོ་རྩོམ་དགོས་པའང་མི་ཤེས་པ་འདྲ་མོད
ད་ལྟ་ནས་འགོ་བརྩམ་པ་ཡིན་ན
ངས་རང་ཉིད་ཀྱི་གཤོག་པ་ཡིག་ངོར་ཕབ་ཆོག་པ་འདྲ
ཡིན་ནའང མཚན་མོ་ཚར་ལ་ཉེ
གཏམ་རྒྱུད་ཀྱི་འགོ་མ་བརྩམ་གོང་ནམ་དཀར་ལ་ཉེ
ནམ་དཀར་རྗེས ང་རང་གཉིད་དུ་ཡུར་ཆོག
མི་རྣམས་ཀྱི་བྱ་བྱེད་མི་མཐོང་བའི་ཆེད་དུ
སྐྱུག་དྲི་དྲོ་བའི་འཁྲབ་སྟོན་དེ་དག་མི་མཐོང་བའི་ཆེད་དུ
ཤུབས་སུ་འཛུལ་བའི་མི་དེ་དག་དང་འབྲེལ་བ་མེད་ཕྱིར་དུ
ཁོ་ཚོ་དང་རྒྱང་དུ་བཀྱེད་ཕྱིར་དུ
ང་རང་གཉིད་དུ་ལོག་དགོས
མཚན་མོ་སླེབས་ན་ད་གཟོད་ངས་གཏམ་རྒྱུད་ཀྱི་འཕྲོ་བསྐྱངས་ཆོག
ནང་སེམས་ལ་གློག་བཀར་ནས་ནང་ཁྲོལ་ཁྱེད་ལ་བསྟན་ཆོག

སྨྱུག་རྩེན། ༢༠༠༠ལོའི་དགུན་གཞུང་ལ་ཕ་ཡུལ་རྨ་ཆུའི་རྨ་ཁུགས་རྟ་ར་རུ་སྐྱེས། ད་ལྟའི་བར་དུ་སྙན་ངག་དང་མཉམ་དུ་སྣང་བའི་རྣོ་དབལ་བརྡར་ནས་ཡོང་མྱོང་།
མཚན་གུང་གི་གཞས།
ད་ལྟའི་མཚན་མོ་རིང་བ་མ་ཚོར།།སྟོན་ཟླ་གྲང་མོ་གྲང་བ་མ་ཚོར།།
སེམས་འདྲིས་ཡིད་མཐུན་ཁྱེད་དང་འཕྲད་དུས།།
སྙིང་གཏམ་ལྷུག་པོའི་གཏམ་བརྗོད་དྲན་ན།།
སྟོན་གྱི་དུས་ཀྱི་དབྱར་ལས་ལྷག་རེད།།
ལས་ཀྱི་འཇིག་རྟེན་རྒྱ་མཚོའི་འཇིངས་རེད།།
དེ་རུ་ཕྲད་ལ་སྔོན་བསགས་ལས་རེད།།
སྨོན་ལམ་བཟང་པོའི་སྟབས་ཀ་མེད་ན།།
གནས་མཆོག་གངས་རི་ཁ་བའི་ལྗོངས་ལ།།
འཛོམས་པའི་ལས་འདི་ཁབ་ཀྱི་རྩེ་རེད།།
ཁྱོད་ཀྱི་གཏམ་འདི་སྲིད་པའི་སྒྲུང་རེད།།
ང་ཡི་ཤེས་འདི་ལྡེའུ་ཡི་འཕྲུལ་རེད།།
སྲིད་པ་ཆགས་པའི་སྒྲུང་གླུའི་གདངས་ལ།།
ངག་གི་སྒྱུ་རྩལ་ཡང་ཡང་བཀོལ་ན།།
སྙན་མོའི་གཞས་འདི་ཚངས་པའི་དབྱངས་རེད།།
ཁྱེད་ཀྱི་ཅང་ཤེས་རྐྱང་རྒོད་གཡེར་བ།།
ང་ཡི་སྒ་འདི་གསེར་སྒ་རང་ཤར།།
གཞིས་ཐོག་གཅིག་ལ་འཛོམས་པའི་དུས་དེར།།
འཛམ་གླིང་རྐྱང་ངེའི་ཟླ་ཡར་འཁུ་བའི།།
རྟ་དེ་གཡང་གི་གཞི་ལ་སྒོམ་ཆོག།
དྲན་པའི་གཞུ་མོ་ནང་དུ་བཀུག་པས།།
དམར་ཆུང་མདའ་མོ་ཁྱེད་ལ་འཕངས་སོང་།།
ཕོག་པའི་བརྡ་ཞིག་ཁྱོད་ལ་ཐོབ་ན།།
དགའ་བའི་འཛུམ་ཆུང་ང་ལ་སྟོན་དང་།།
སྐྱིད་པའི་གཞིས་ཤིག་མཉམ་དུ་ཕུབ་ཆོག།
ལས་ཀྱི་ལམ་ཐག་སུ་ཡིས་བཅད་ཀྱང་།།
དོན་གྱི་ནང་སེམས་མཐུན་པ་བྱུང་ན།།
རི་དང་གཙང་བོའི་མགོ་ཁུངས་སློག་ཀྱང།།
ཁྱེད་ཉིད་འཚོལ་བའི་ཐབས་ཤིག་འཐེན་ནས།།
རང་དང་གཞིས་ཁྱིམ་གཅིག་པར་སྒོམ་ཆོག།
བྲིས་པའི་ཚིག་འདིར་འཕྱོར་ལྭ་མེད་ཀྱང་།།
བཤད་པའི་གཏམ་འདིར་མཆོད་བརྗོད་མེད་ཀྱང་།།
མཚན་ནམ་རིང་མོའི་གཞི་རུ་བླངས་བའི།།
རོལ་དབྱངས་སྙན་མོའི་དབྱངས་དང་བསྡེབས་ནས།།
སང་ཞོགས་ཁྱེད་ལ་སྐྱེས་སུ་འབུལ་ཆོག།
ཕྱི་རོལ་འཁྱག་གམ།
ཕྱི་རོལ་ཉི་མ་ལྡེམ་ལ།།
འོད་ཞགས་ཀྱི་ལེར་འཁྱིལ་བའི།།
གངས་དང་ཁ་བ་རིག་ན།།
ཕྱི་རོལ་འཁྱག་པའི་སྣང་བ།།
ཞེ་རྩ་དྲོད་ཀྱིས་བརྟས་ཡོང་།།
ནང་རོལ་གློག་འོད་འགྱིང་ལ།།
ཁྲ་ཆུང་མིག་ལ་མཛེས་པའི།།
ཚུལ་དང་སྒེག་འཆོས་རིག་ན།།
ནང་སེམས་དྲོད་ཁོལ་སྐྱིལ་ས།།
སྦུགས་རྩ་འཁྱག་གིས་བསྡམས་སོང་།།
རང་སེམས་ཕྱིང་དཀར་ཐང་ལ།།
ཉི་ཟླའི་ཉིན་སྲིབ་མོད་པའི།།
མུན་དང་སྣང་བ་དྲན་ན།
ཕྱི་རོལ་འཁྱག་པའི་གཞིས་ཀ།
ཉི་ཟླའི་གར་ལ་བསྒྱུར་ཡོད།།
འཚོ་བའི་འཇམ་ཤ་རྩུབ་ཤའི།།
འཇིག་རྟེན་འཁོར་བ་སྐྱོང་བས།།
བདེ་དང་སྡུག་བསྔལ་དྲན་ན།
ཕྱི་རོལ་འཁྱག་སྣང་བཙན་པས།།
རང་སེམས་སྐྱིད་ལ་བསྐུར་དགོས།།
སྤྱི་ཚོགས་གཉུག་མའི་གཤིས་འདི།།
གློ་རྡེག་རལ་གྲི་འདྲ་བའི།།
གཞུངས་དང་ཡིད་རྟོན་དྲན་ན།
ཕྱི་རོལ་འཇིགས་སྣང་ཡེར་བས།།
རང་གཤིས་སྒམ་པོས་གཅུན་དགོས།
རང་ཉིད་རང་ཉིད་ཡིན་པས།།
གཞན་དང་བསྟུན་དགོས་མི་འདུག།
དེང་དང་མ་འོངས་དྲན་ན།
ཕྱི་རོལ་བགྲོད་ལམ་བཙན་པས།།
བརྩོན་པའི་གོ་ཁྲབ་གྱོན་དགོས།།

རྡོ་སྲས། མིང་ལ་མཁའ་འགྲོ་སྐྱབས་ཟེར། ཕ་ཡུལ་རྨ་ཆུའི་ཆུ་ཁ་མ་ནས་ཡིན། ངས་ཉོབ་སྣང་ཆེ་བའི་དུས་ཚོད་དག་ལ་རང་ཉིད་ནར་སོན་ཚུལ་བསླབས་པ་ནས། མི་ཚོགས་ཀྱི་བསྡུས་གཟུགས་མང་པོ་ཞིག་ཁྱོད་དང་ང་ཁོ་ན་མིན་པ་ཚོར།
སྐྱེ་བ་གཅིག་གི་ཁ་ཆད།
ཚེས་རྒྱུ་མེད་པའི་ཟླ་བ་ཞིག་གི་སྣང་བརྙན་དེརྟ་ཕོ་སྔོ་སྔོ་ཞིག་གི་རྔ་རྔོག་ནང་དུ་ཚེས
མཚོ་ངོས་ཀྱི་ཆུ་རིས་འཇམ་པོས
བརྩེ་བའི་གཡབ་མོ་ལན་འགའ་བཏང
རྨི་ལམ་གྱི་གྲིབ་རིས་མག་མོག་ཏུ་གྱུར་དུས
ཉི་ནུབ་ཀྱི་འཁྲེང་ཞེན་མང་པོ་ཁྱོད་སར་ཕྱོགས
རྨི་ལམ་ལས་མངོན་པའི་རྐང་རྗེས་མང་པོ་ཞིག
ཁྱོད་དང་ཉེ་བར་བཅར་བའི་གོ་སྐབས་ཐེངས་གཅིག་རེད
རྨི་ལམ་ནང་གི་སྒྱུ་མ།
རྨི་ལམ་ལས་མངོན་པའི་སྒྱུ་མ་དགའདོད་པའི་རྡེའུ་ཆུ་ལ་བྱིང་པ་བཞིན
བདག་འཛིན་གྱི་ཞག་པ་ང་ཡི་མགོ་རུ་བསྐོར
བར་དོའི་གནས་ཁམས་ལས་ལམ་ཡིག་འཚོལ་དུས
ང་ཡི་སྲེད་པ་ནི
ནག་ཉེས་ཆེ་བའི་དུས་ཚོད་ནང་སྐྱེས་པའི
དུག་གི་ཁ་རླངས་ཐེངས་ཤིག་རེད

པིར་རྨོག ༢༠༠༠ལོར་རྨ་ཆུའི་ཆུ་ཁ་མ་ཞེས་པར་སྐྱེས། རྩོམ་འབྲི་སྐབས་སོགས་སུ་པིར་རྨོག་ཅེས་པའི་མིང་ཞིག་བཏགས་ཡོད། སྙན་ངག་མ་ཕྲིས་ཚེ་སེམས་པ་མི་དྭངས་ཤིང་སྙན་ངག་ཕྲིས་ཚེ་སེམས་ནང་འོད་ཀྱིས་ཁེངས་འགྲོ་བ་ཞིག་ཡིན།
ཁང་མིག་ཆུང་ཆུང་ནང་གི་རྒྱང་རིང་།
མིག་ཟུང་གིས་མདུན་གྱི་གྱང་འདི་བརྟོལ་མི་ཐུབ་ཕོད
སེམས་པ་འདིས་འཇིག་རྟེན་ལ་བསྐོར་བ་རྒྱག་ཐུབ་པས
འུ་ཅག་སྔ་མོ་ནས་ངོ་འཕྲད་མྱོང་ཡོད
མལ་ཁྲི་འདི་ལས་ཐེངས་གཅིག་གཟིམས་པས
དོ་ནུབ་རྨི་ལམ་ནང་ཁྱེད་རང་སླེབས་ཚེ
འུ་གཉིས་ཀྱིས་སྔར་བཞིན་རང་ཉིད་ལ་འཇིག་རྟེན་ཞིག་བཟོ་ཐུབ
དེ་ལྟར་འདང་བརྒྱབ་ཚེ
འཇིག་རྟེན་འདི་ངོ་ཤེས་རྙིང་བ་ཞིག་མ་རེད་དམ
སྐབས་འདིར་ཇ་ཕོར་ནང་ཆུ་ཁོལ་ཞིག་བླུགས་པའི་སྒྲ་དེ
འཇིག་རྟེན་གྱི་མི་རེ་རེས་སྐད་སྒྲར་འཁྲུལ
འཁྲུལ་སྣང་སྐྱེ་ཤོག རྨི་ལམ་རྨིས་ཤིག
རྒྱང་རིང་མཐོང་ཐུབ་པ་མིག་ཟུང་གཅིག་པུ་ག་ལ་ཡིན
གཟབ་ཉན་གྱིས་ཤིག སྙིང་ཉེ་བའི་འཇིག་རྟེན་གྱི་མི
སང་ཉིན་ཉི་ཤར་གྱི་རྩེ་ལ
མུན་པའི་མིག་ཟུང་གོན་པའི་ཕྱི་རོལ་གྱི་མི
དོ་ནུབ་སེམས་ནས་ཐེངས་ཤིག་འཛོམས་པས
ཟིང་ཟིང་པོས་འུར་ཟིང་ཁྲ་ལམ་མེར་དག
རེ་ཞིག་བདེ་མོ་བཞག་ན་མ་གཏོགས་ཐབས་མི་འདུག
འཇིག་རྟེན་ཤིན་ཏུ་ཆེ་མོད
གོམ་གང་སྤོ་བའི་ལམ་བུ་ལས་མི་འདུག
མི་སེམས་གཏིང་ཟབ་མོད
ཀོག་ཧྥེ་བཏུང་རྗེས་ཀྱི་ཕོར་པ་སྟོང་བ་ལས་མི་འདུག
རབ་ཏུ་ཐེངས་གཅིག་བཟི་མོད
ནམ་ལངས་རྗེས་ཁང་མིག་ཆུང་ཆུང་དེ་ལས་བྲལ་མི་འདུག
༢༠༢༤་༡༢་༡༩ཉིན།
སེམས་ཀྱིས་དབྱར་ཁ་ཞིག་སྐྲུན་པ།
ཐོག་མར་རུ་སྡེ་ཆུང་ཆུང་ཞིག་སྐྲུནརུ་སྡེ་དེ་གོར་གོར་གྱིས་བསྡད་ཡོད་པར་བྱས
དཀྱིལ་དུ་བྱིས་པ་ཆུང་ཆུང་གཉིས་ཤོང་པར་བྱས
མཐའ་སྐོར་ཏུ་མི་ཚོགས་ཀྱིས་རུབ་ཡོད་པར་བྱས
དེ་ཡི་གསེབ་ཏུ་ན་ཆུང་ཕོ་མོ་གཉིས་བརྩེ་དུང་གིས་བཟི་བར་བྱས
དབྱར་ཁ་ད་དུང་ཚེས་མི་འདུག
མི་དག་གིས་ནམ་མཁར་མགོ་བོ་དགྱེ་ནས
དབྱར་ཁ་ལ་ད་དུང་ཁ་དོག་ཅིག་ཡོད་པར་སྒུག
དབྱར་ཁ་མིག་ལམ་དུ་ཚེས་པས་ཡིད་ཚིམས་ཀྱིན་མི་འདུག
མིག་ལམ་གྱི་མཛེས་པ་འདི་ནམ་ཞིག་མེད་པར་གྱུར་ན་ཅི་བྱ
ཆར་བས་ལུས་པོ་བརླན་ཡང་སེམས་སུ་ཁ་བ་བབས་ན་ཅི་བྱ
གནམ་འོག་གི་མི་དག་དབྱར་ཁ་གཅིག་པུར་དགའ་བ་ག་ལ་ཡིན
སེམས་སུ་ཁ་བ་བབས་པའི་སྙན་ངག་མཁན་གྱིས་དབྱར་ཁ་བྲིས
དབྱར་ཁ་སྙིང་དུ་སྡུག་པའི་བུ་མོ་ཞིག་ལ་དུས་བཏབ་པ་དེ
གམ་གྱི་ཆུང་མ་ལས་སྐྱིད་སྣང་ལྡབ་འགྱུར་གྱིས་ཐོན་བྱུང་ཟེར
དེ་ལྟར་ཡིན་ཚེ་འཇིག་རྟེན་སྟེང་རྟག་བརྟན་གྱི་བདེ་བ་ཞིག་འཚོལ་བ་ལས
སྐད་ཅིག་རེ་རེ་དབྱར་ཁ་བཞིན་མྱོང་ཐུབ་ན་སྙམ
དབྱར་གྱི་དྲོད་ཚད་ཅིག་ལུས་པོར་རྒྱུ་ཡང
ང་ཡིས་དབྱར་ཁ་གཞན་ཞིག་སེམས་ཀྱིས་བསྐྲུན
སེམས་སུ་དཀྲོལ་བའི་དབྱར་གྱི་རྨི་ལམ་སྟེང
ང་རང་ཐེངས་འགར་འགྲེ་ལྡོག་བརྒྱབ་པ་དེ
འཇིག་རྟེན་གྱི་སྣེ་གཉིས་སུ་རྡོག་པ་ཐེངས་གཅིག་བསྲིངས་པ་དང་མཚུངས།
༢༠༢༤་༠༨་༠༩ཉིན།
འུ་གཉིས་ཀྱི་བར་དུ་མིག་ཟུང་ཤིག་ལས་མི་འདུག
སེམས་པ་འདི་ལྷོད་ལ་འབབ་ཐབས་སུ་སྐར་མར་འཁྲེང་མོདསྐར་མའི་འཛུམ་ཞལ་ཐོགས་པའི་བུ་མོ་ཞིག་དྲན་ཡུལ་ན་མི་འདུག
མི་རྣམས་རྐང་རྗེན་ལ་ཐག་རིང་དུ་སོང་མོད
ཁང་མིག་ཅིག་གི་རྒྱ་ཁྱོན་ལས་མེད་པའི་འཇིག་རྟེན་འདི་ཇེ་ཆུང་དུ་གྱུར
སེམས་པ་འདིས་རྒྱང་རིང་འཁྲིད་ག་ལ་ནུས
མིག་ཟུང་གིས་ཁྱོད་ཀྱི་བརྩེ་གདུང་ཡང་སྲུང་མི་ནུས
གོ་ལའི་ཕར་ཕྱོགས་ཀྱི་གོ་ལ་གཞན་པ་དེ་རུ
ངེད་གཉིས་ཧྲེང་ཧྲེང་པོར་ཐེངས་གཅིག་འཚོ་ཐུབ་ན
བད་ེསྐྱིད་དང་རྟག་བརྟན་དང་ཡིད་འོང་གི་སྐྱེད་ཚལ
ཁྱོད་ཀྱི་ནང་སེམས་བཞིན་འཚབ་འཚུབ་བསྐྱོད
ནམ་ཞིག་འཇིག་རྟེན་རྒས་པར་གྱུར་ན
འུ་གཉིས་ཀྱི་ལུས་པོ་འོད་ཀྲིག་ཀྲིག་གི་ནམ་མཁའི་མཚོ་ངོས་སུ
སྐར་མའི་འཛུམ་ཞལ་དང་གཤོག་པ་ཐོགས་པའི་གསེར་གྱི་ཕྱེ་མ་ལེབ
མི་རེ་རེའི་མིག་གིས་མི་ཟིན་པའི་སྨུག་རྒྱུའི་འོད་ཟ་ཟི
ད་སྐབས་དུས་ཚོད་ཉིད་ལུས་ཀྱི་ཟུངས་ལ་ཟུག་ཟིན
ད་སྐབས་ཁྱོད་ཀྱི་མིག་ཟུང་ང་ཡི་ཁྲག་རྩ་རུ་ཡང་ཡང་རྒྱུ།
༢༠༢༥་༢་༢༥ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།