སྙན་ངག་པ།

  ཁོ་དང་སྒྲོལ་སྐྱིད་གཉིས་ཀྱིས་མགྲོན་ཁང་ནས་འབུད་པའི་འགྲོ་ལུགས་ཚང་མ་བསྒྲུབས་ཏེ་གྲང་ངར་ཆེ་བའི་སྲང་ལམ་ནས་ཡུན་རིང་བར་བསྒུགས་རྗེས་ད་གཟོད་གླ་གཏོང་མོ་ཊ་ཞིག་འགོག་ཐུབ་པར་གྱུར། འཁུར་ཁུག་གཉིས་ཀ་ཨོང་སྒམ་དུ་བཞག་རྗེས་ཁོ་རང་མགྱོགས་པོར་ཁ་ལོ་བའི་གམ་གྱི་འདུག་སྟེགས་སུ་བསྡད། སྒྲོལ་སྐྱིད་ཀྱིས་གཡས་ཕྱོགས་ཀྱི་སྒོ་རྗེས་མ་ཕྱེ་བར་བརྩམས་ཀྱང་དེ་ནི་ཟྭ་བརྒྱབ་པ་ལྟར་སྲ་མོར་འདུག་པས་ཁ་ལོ་བས་ལན་ཀྲུའི་རྒྱ་སྐད་ཀྱིས"ཁའེ་ཙའོ་མིན། ཡོའུ་མིན་ཧེའེ་ལུ"(གཡོན་གྱི་སྒོ་ཕྱེ་ཞིག གཡས་ཀྱི་སྒོ་ཆག་ཡོད)ཟེར།
  ནམ་རྒྱུན་ཐག་རིང་ལ་འགྲོ་སྐབས། ཁོའི་སེམས་ཁྲལ་ཆེ་ཤོས་ནི་འཁུར་ཁུག་ཏུ་བཅུག་པའི་དངོས་པོ་མང་འགྲོ་བ་དེ་ཡིན་པས། མགྲོན་ཁང་ལས་སྒོར་འབུད་སྐབས་ཁོའི་ངག་ལས"ཁྱོད་ཀྱི་འཁུར་ཁུག་ཏུ་བཅུག་པའི་དངོས་པོ་མང་བ་ལ་ལྟོས་དང"ཅེས་པའི་ཚིག་དེ་སླར་ཡང་ཤོར་བས་སྒྲོལ་སྐྱིད་ཀྱི་ངོ་མདངས་དེ་མ་ཐག་མི་ལེགས་པར་གྱུར།ཚིག་དེ་ཁོང་གཉིས་ལམ་ལ་བུད་པ་ནས་ཉུང་མཐར་ཡང་ཁོས་ཐེངས་གསུམ་ལ་བཟླས་པས་དེ་ནི་སྒྲོལ་སྐྱིད་ལ་མཚོན་ན་འཁུར་ཁུག་ལྕི་མོ་དེ་འཁུར་དགོས་པ་ལས་ཀྱང་ཤིན་ཏུ་གནོད་པ་ཞིག་རེད།
  འགྲིམ་འགྲུལ་གྱི་འཚང་ཁ་ཆེ་བའི་གཞུང་ལམ་འགའ་ཞིག་བརྒལ་རྗེས། གླ་གཏོང་མོ་ཊ་མྱུར་ལམ་དུ་ཞུགས་ཏེ་ཐོགས་པ་མེད་པར་མདུན་དུ་རྒྱུག ཁོས་ཁ་ལོ་བར"ཆུས་ཅི་ཁྲང"(གནམ་ཐང་ལ་འགྲོ་དགོས)ཟེར་བ་ལས་ལམ་གང་བོར་ཚིག་གཅིག་ཀྱང་མ་སྨྲས་པས་གནམ་ཐང་དུ་སླེབ་ཉེ་དུས་སྒྲོལ་སྐྱིད་ཀྱིས"ཅི་རེད། བདེ་སྐྱིད་དྲན་པ་ཨེ་རེད་ཟེར།
  གནམ་ཐང་དུ་བསླེབས་རྗེས། སྒྲོལ་སྐྱིད་ཀྱིས་མོ་ཊ་ལས་བབས་ཏེ་འཁུར་ཁུག་གཉིས་ཀ་འཁྱེར་གྲབས་བྱེད་པའི་སྒང་ལ། ཁོས་སྒྲོལ་སྐྱིད་ཀྱི་གནམ་གྲུའི་སྤ་སེ་དང་ཐོབ་ཐང་དཔང་ཡིག་གཉིས་ཀ་མོ་ལ་གཏད་ཅིང་། "ངའི་འཁུར་ཁུག་འཁྱེར་མི་དགོས"ཅེས་སྨྲས།
  སྒྲོལ་སྐྱིད་ཀྱིས་ཁོ་ལ་ལན་སློག་པར་རྩོམ་དུས་ཁོས་མྱུར་བར་མོ་ཊའི་ཨོང་སྒམ་བརྒྱབ་སྟེ་ཕྱིར་ནང་དུ་འཛུལ་ཅིང་། ཁ་ལོ་བར་སྐད་ཆ་ཞིག་བཤད་པ་ན། མོ་ཊ་ནི་མགྱོགས་པོར་བུད་སོང་།
ཁོས་ཅི་ཡང་མི་སྨྲ་བར་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ཞིང་ཁ་ལོ་བ་ལའང་རྐང་གཅིག་གཏད་པ་ན་ཁ་ལོ་བས"ཤེ་ཤེ"(ཐུགས་རྗེ་ཆེ)ཟེར་ཅིང་དོར་ཁུག་གཡས་པ་ལས་མེ་ཆ་ཞིག་བླངས་ཏེ་ཐ་མག་འཐེན།
  སྒེའུ་ཁུང་གི་ཕྱི་རོལ་ཏུ་ཁ་བ་ལེབ་མོ་རེ་གཉིས་སར་འཐོར་བ་དང་། སྐབས་དེར་ཁོའི་ཁ་པར་གྲགས་བྱུང་། ཁོས་ཁ་པར་གྱི་ངོས་སུ"ཝེ་ན་སི"ཞེས་ཤར་ཡོད་པ་མཐོང་སྟེ་དེ་མ་ཐག་ཁ་པར་གྱི་སྒོ་གཏན། ཝེ་ན་སི་ནི་ཁོས་སྒྲོལ་སྐྱིད་ཀྱི་རེ་བ་ལྟར་མོའི་དྲ་མིང་དུ་བཏགས་པ་ཡིན་ཞིང་། ཁོས་མིང་དེ་རྣ་བར་སྙན་པ་ཙམ་ལས་དེ་འདོགས་དོན་ཅི་ཡིན་པ་གསལ་བོར་བཤད་རྒྱུ་མེད་ཟེར། དེ་བས་སྒྲོལ་སྐྱིད་ཀྱིས་ཀྱང་དྲ་བར་འཇུག་དུས་མིང་དེ་བེད་སྤྱོད་ཀྱིན་ཡོད་པ་དང་། དུས་རྒྱུན་རྩེད་འཇོར་རོལ་བ་དང་འཆམ་འཆམ་བྱེད་པའི་དུས་སུ་ཁོས་ཀྱང་སྒྲོལ་སྐྱིད་ལ་དེ་ལྟར་འབོད་ཀྱིན་ཡོད། འོན་ཀྱང་ཐེངས་ཤིག་ཁོས་རང་ཁྱིམ་ནས་སྒྲོལ་སྐྱིད་ལ"ཀྭ་ཡེ། ང་ཡི་ཝེ་ན་སི། ངའི་རུམ་དུ་ཤོག་དང་ངས་ཁྱོད་བདེ་བ་ཅན་ལ་འཁྲིད"ཟེར་དུས་སྒྲོལ་སྐྱིད་ཀྱིས"ཨ་རོ། ཁྱོད་མིང་འདི་ལ་དེ་འདྲ་ཞིག་དགའ་དོན་ཅི་ཡིན། ཁྱོད་ཀྱིས་བདེ་སྐྱིད་ལའང་དེ་ལྟར་བོས་པ་ཨེ་ཡིན"ཞེས་སྨྲས་པས་ཁོ་རང་མྱུར་བར་མལ་ལས་ལངས་ཏེ་སྒོར་བུད་སོང་།
  ཕྱིར་གྲོང་ཁྱེར་དུ་བསླེབས་རྗེས་ཁོས་ཁ་ལོ་བར་སྔར་གྱི་མགྲོན་ཁང་དེ་རུ་སྐྱེལ་བཅུག་པ་དང་། དེར་བསླེབས་རྗེས་ཁོས་ཁང་པ་གསར་བ་ཞིག་ཐོ་བཀོད། ཁང་སྒོར་བསླེབས་ཏེ་བྱང་བུས་སྒོ་འབྱེད་དུས་ཁོ་རང་གི་གནམ་གྲུའི་སྤ་སེའང་བྱང་བུ་དང་ལྷན་དུ་ཡོད་པས་དེ་ཉིད་དུམ་བུར་བྱས་ཏེ་སྙིགས་ཟོམ་དུ་བླུགས། ནང་དུ་འཛུལ་མ་ཐག་རྒྱུགས་ཐེངས་གཅིག་གིས་མལ་ཁྲི་རུ་ཀན་རྐྱལ་དུ་ལོག་སྟེ་ཡུད་ཙམ་ལ་བསྡད་ཅིང་། དེ་ནས་ལུས་ལ་ཁྲུས་རྒྱག་མགོ་བརྩམས།
  སྒེའུ་ཁུང་གི་ཕྱི་རོལ་ཏུ་ཁ་བའི་འདབ་མ་རྣམས་ངང་སྒྲོ་ཆད་པོ་རེ་དང་འདྲ་བར་མར་ལྷུང་བའི་ཚུལ་ལ་ལྟ་བཞིན་ཁོས་མདང་དགོང་གི་ཁང་བ་དེའི་ཁྲུས་ཁང་ལ་སྒེའུ་ཁུང་མེད་པ་ཤེས་པ་དང་། ལུས་པོ་འཁྲུད་བཞིན་བདེ་སྣང་ཞིག་ཚོར་བས"ཐེངས་འདིར་གཉེན་འཐོར་མ་ཐུབ་ན་ང་རང་ཨ་མའི་བུ་མིན"སྙམ། ཡིན་ནའང་ཞིབ་མོར་འདང་རྒྱག་དུས་ཁོང་གཉིས་གཉེན་འཐོར་རྒྱུ་ནི་དེ་འདྲའི་ལས་སླ་མོ་མ་ཡིན་ཏེ། སྡོད་ཁང་གསར་དུ་ཉོས་པར་གཞུང་གི་དངུལ་ཁང་ལ་སྒོར་འབུམ་གཉིས་ཀྱི་བུ་ལོན་ཆད་ཡོད་པ་དང་།མི་སྒེར་གྱི་ལག་ནས་ཀྱང་སྐྱེད་ཆེའི་བུ་ལོན་འབུམ་གཅིག་ཙམ་བླངས་ཡོད། དེ་དག་སྤྲོད་ཆེད་སྒྲོལ་སྐྱིད་ཀྱི་ཟླ་ཕོགས་དང་ཁང་ཡིག་གཏའ་མར་བཞག་ཡོད། དེ་དག་མ་སྤྲད་པར་གཉེན་འཐོར་ཚེ་ཁོ་གཉིས་སུས་ཀྱང་འཚོ་བ་སྐྱེལ་ཐབས་མེད། དེ་མིན་ལོ་སར་གྱི་རྗེས་སུ་ཁོའི་སྙན་དེབ་གཉིས་པ<<མེ་ལོང་ནང་གི་མཛའ་མོ>>ཟེར་བ་པར་སྐྲུན་བྱ་རྒྱུ་བྱས་ཡོད་ཅིང་། དེའི་འགྲོ་གྲོན་ཡང་སྒྲོལ་སྐྱིད་ཀྱིས་ཨ་ཕའི་ས་ནས་བསྐྱི་རྒྱུ་བྱས་ཡོད། ཁོའི་སྙན་དེབ་དང་པོ<<ཁ་བ་ནག་པོ>>ཞེས་པ་པར་དུས་ཀྱང་སྒྲོལ་སྐྱིད་ཀྱིས་གསེར་གྱི་ལག་གདུབ་བཙོང་བ་ཡིན་ཞིང་། སྙན་དེབ་དེ་སྟོང་གཅིག་པར་ཡང་ཉིས་བརྒྱ་ཙམ་ལས་མ་ཚོང་བས་སྒྲོལ་སྐྱིད་ཀྱིས་ཁྱིམ་གྱི་སྦུག་ཏུ་བརྩིགས་པའི་དེབ་དེ་དག་ལ་ལྟ་བཞིན"ངའི་ལག་གདུབ་དེ་སྙིང་རེ་རྗེ་ཨང"ཟེར་དུས། ཁོས"ངས་སྙན་དེབ་གཉིས་པ་པར་ནས་ཁྱོད་ལ་ལག་གདུབ་གསར་བ་ཞིག་ཉོ"ཟེར་མྱོང་།
  དོན་འདི་དག་དྲན་རྗེས་ཁོས་སྒྲོལ་སྐྱིད་གནམ་ཐང་ནས་གཅིག་པུར་བསྐྱུར་བ་དེ་ནི་ཤིན་ཏུ་མི་འོས་པར་སྙམ་སྟེ་སེམས་འཚབ་པར་གྱུར་ཅིང་། ཁྲུས་རྒྱག་མཚམས་བཞག་ནས་གཅེར་བུར་ཕྱི་ཐུམ་དཀར་པོ་ཅན་གྱི་མལ་ཐུལ་དུ་འཛུལ་ཏེ། ཁ་པར་གྱི་སྒོ་ཕྱེ་ནས་མོ་ལ་ཁ་པར་བཏང་། ཡིན་ནའང་ཁ་པར་ནས"ཉིས་སོའོ་པོའོ་ཏུ་ཏེན་ཧྭ་ཙན་ཧྲི་ཝོས་ཧྭ་ཅེ་ཐུང"(ཁྱོད་ཀྱིས་ཁ་པར་གཏོང་སར་དེར་ཁ་པར་མི་འཕྲོད་པར་འདུག)ཅེས་པའི་རྒྱ་མོ་ཞིག་གི་སྐད་རྣ་བར་གཟན་པ་དེ་གྲགས། དེ་རྣ་བར་གཟན་པ་ཞིག་ཡིན་དོན་ནི་དེ་སྔ་ཁོས་ཕ་མ་དང་ཕུ་བོའི་མངགས་བཀོད་ལྟར་བདེ་སྐྱིད་དང་མི་ཚེའི་ལམ་ཁ་སོ་སོར་བྱས་ཚར་དུས། ཁོའི་གྲོགས་པོ་ཞིག་གིས་བདེ་སྐྱིད་ནི་ཟི་ལིང་ནས་མ་བསྡད་པར་ལྡོམ་སྟེ་ཐག་རིང་ཞིག་ལ་བུད་སོང་ཞེས་སྨྲས་པས། ཁོས་མོ་ལ་ཁ་པར་ཅི་ཙམ་བཏང་ནའང་དེ་རུ་གོང་གི་རྒྱ་མོ་དེའི་སྐད་གྲགས་པས་སོ།།
  ཁོས་སྒྲོལ་སྐྱིད་ཀྱི་ལག་ཏུ་དངུལ་ཉུང་ངུ་ཞིག་ལས་མེད་པ་དྲན་པ་དང་། དེ་མུར་སྟོད་གོས་གྱོན་ཏེ་མོ་འཚོལ་དུ་འགྲོ་རྩིས་བྱས། འོན་ཀྱང་མོ་རང་གནམ་གྲུར་བསྡད་ནས་ཐག་རིང་གི་གྲོང་ཁྱེར་དེར་འཕུར་སོང་ཡོད་ངེས་སྙམ་ཞིང་ངོ་མ་དེ་འདྲ་ཡིན་ཚེ་གཉེན་འཐོར་བ་ལས་ཐབས་མི་འདུག་སྙམ། དེ་ལྟར་ཅི་བྱེད་ཆ་མ་འཚལ་བར་ཡོད་པའི་སྐབས་སུ་ཁོའི་ཁ་པར་གྲགས་པ་དང་། ཁ་པར་གཏོང་མཁན་ནི་ཁོའི་ཨ་མ་རེད།
  "ཨ་ཕ"
  ཁ་པར་དུ་ཁོའི་ལོ་ན་བཞི་ཅན་གྱི་བུ་ཆུང་གིས་དེ་ལྟར་བོས།
  "གཅེས་ཕྲུག ཨ་མ་འཛོམས་སྐྱིད་ཀྱི་ཁ་ལ་ཉོན་དང་ངས་ཕྱིར་ཡོང་དུས་ཁྱོད་ལ་ལྭ་ལྭ1སོ་མ་དང་རྩེད་ཆས་ཉོ་འོང་། ཡ། ཨ་ཕ་དྲན་གྱིན་ཨེ་འདུག ཁ་པར་ཨ་མ་འཛོམས་སྐྱིད་ཀྱི་ལག་ལ་ཞོག་དང"
ཨ་མས་ཁོང་བཟའ་ཟླ་གཉིས་གང་དུ་བསླེབས་ཡོད་པ་དང་བདེ་འཚམ་ཡིན་མིན་གྱི་སྐོར་དྲིས་ཤིང་། ཁོས་ཁོང་གཉིས་ལན་ཀྲུའི་གནམ་ཐང་ནས་ཐག་རིང་གི་གྲོང་ཁྱེར་དེར་འགྲོ་རྩིས་བྱེད་ཀྱིན་ཡོད་ཅེས་ལན་བཏབ།
  "དེས་ན་ཁ་པར་སྲུ་མོའི་ལག་ཏུ་ཞོག་དང"
  "མོ་བཟའ་མ་ཙག་ཙིག་རེ་ཉོ་རུ་བུད་སོང་། ཕྱིར་བསླེབས་རྗེས་ཁྱོད་ལ་ཁ་པར་གཏང་དུ་འཇུག"
  "དེས་ན་སྐྱོན་མེད། ངས་མོ་ལ་ཞི་ལིར2སྐད་ཆ་འགའ་བཤད་དུ་འཇུག་བསམ་པ་ཡིན། མོས་ཞི་ལི་དྲན་གྱིན་ཡོད་ངེས། ཡ། ད་དེས་ན་དེ་བྱེད། དངུལ་རྡོག་འགའ་ཡོད་ན་ཅུང་གྲོན་ཆུང་བྱོས། མི་དགོས་སར་འཕྲོ་བརླག་མ་གཏོང"
  ཁ་པར་སར་བཞག་རྗེས། ཁོ་དབུགས་རིང་ཞིག་དང་མཉམ་དུ་སར་བསྡད་པ་དང་། ཡིད་ལ་བུ་ཆུང་བསྟན་འཛིན་ཟླ་བའི་ངོ་གདོང་ཝ་ལེར་ཤར། གལ་སྲིད་དངོས་གནས་གཉེན་འཐོར་དགོས་བྱུང་ན་བུ་ཆུང་གི་མི་ཚེའི་ནང་སྡུག་བཞག་པ་མིན་ནམ་སྙམ་པ་དང་། ཡང་དེ་ནས་དེ་སྔོན་སྙན་ངག་པ་གྲགས་ཅན་གཞོན་ནུ་ཟླ་མེད་དང་མཇལ་དུས་ཁོས"ཁྱོད་རང་བདེ་མོ་སྐྱིད་པོ་བྱས་ཏེ་བསྡད་ཡོད་པའི་སྐབས་སུ་སྙན་ངག་ཅི་ཞིག་བྲིས་ཀྱང་རྫུན་མ་ལས་མ་འདས། དེ་ལས་དཀའ་སྣང་དང་ཅི་བྱེད་ཆ་མ་འཚལ་བར་ཡོད་དུས་སུ་གང་བྲིས་པ་ཐམས་ཅད་བདེན་པ་རེད། དེ་བས་སྙན་ངག་གསར་རྩོམ་བྱེད་པ་ལ་ཆེས་མེད་དུ་མི་རུང་བ་ནི་དམིགས་བསལ་གྱི་འཚོ་བ་ཞིག་རོལ་དགོས་པ་དེ་རེད། དེང་སྐབས་ཀྱི་ཟང་ཟིང་གི་དུས་འདི་ནི་ངོ་མ་སྙན་ངག་རྩོམ་པ་ལ་འཚམ་པ་ཞིག་རེད"ཅེས་སྨྲས་པ་དྲན་ཏེ་འཁུར་ཁུག་ལས་རྩིས་འཁོར་བླངས་ནས་མྱུར་བར་སྙན་ངག་ཅིག་བྲི་རྩིས་བྱས།
  དེ་སྔོན་ཁོ་རང་རྫོང་གི་བཙོན་ཁང་དུ་ཉིན་བཅོ་ལྔའི་རིང་ལ་བཀག་ཉར་བྱས་པའི་སྐབས་སུའང་ཁོས་ཟླ་བ་གཞོན་ནུའི་སྐད་ཆ་དེ་དྲན་ནས་བཙོན་གྲོགས་རྒྱ་མི་ཞིག་ལས་ཞ་སྨྱུག་ཅིག་གཡར་ཏེ་གྱང་ངོས་སུ་སྙན་ངག་ཅིག་བྲིས་ནའང་། སྙན་ངག་དེ་ཁོ་རང་གི་དེ་སྔའི་སྙན་ངག་དག་ལས་ཀྱང་ཞན་པར་མ་ཟད་དེས་བཙོན་ཁང་ལ་གཤེ་བ་ཙམ་ཞིག་ལས་ཅི་ཡང་ཤོད་མེད་པ་ལྟ་བུར་འདུག་པས་ཁོས་ཁོ་ཆད་ནས་དེ་བསུབ་པ་ན། བཙོན་སྲུང་བས་དེ་ཤེས་ནས"གྱང་ངོས་ནག་པོར་གཏོང་མཁན་སུ་ཡིན"ཟེར་བཞིན་ཁོ་ལ་གཅར་རྡུང་དྲག་པོ་བཏང་སོང་།
  ཁོས་རྩིས་འཁོར་གྱི་ཁ་ཕྱེ་ནས<<ང་འགྲོ་དགོས་སའི་གནས>>ཞེས་པའི་ཁ་བྱང་ཞིག་གཏགས་ཤིང་། དེ་ནས"ང་འགྲོ་དགོས་སའི་གནས་དེ་ནི། ཁྱོད་ཀྱིས་ཤེས་ཐབས་མེད"ཅེས་བྲིས་ནའང་དེའི་འཕྲོར་འབྲི་རྒྱུ་ཡག་པོ་ཅི་ཡང་མ་རྙེད། ཏག་ཏག་ལོ་ལྔའི་སྔོན་དུ་ཟི་ལིང་ནས་བདེ་སྐྱིད་དང་འགྲོགས་པའི་དུས་དེར། མོས་དུས་རྒྱུན་པར་ཁོ་ལ"ང་འགྲོ་དགོས་སའི་གནས་དེ་ནི། ཁྱོད་ཀྱིས་ཤེས་ཐབས་མེད"ཟེར། སྐབས་དེར་བདེ་སྐྱིད་ཀྱིས"མཚན་མོའི་འོད་སྣང"ཟེར་བའི་ཆང་ཁང་ཞིག་གི་ཞབས་ཞུ་མ་བྱས་ཡོད་པ་དང་། མོས་རྒྱ་སྐད་དག་ཅིང་ཁ་བདེ་ལ། སྐྱེ་འབྲས་འཚར་བས་སྦྱིན་བདག་གིས་ཡང་ནས་ཡང་དུ་ཟླ་ཕོགས་བསྟད་དེ་མོ་རང་དེ་ནས་འཛིན་ཐབས་བྱས། ཁོས་བདེ་སྐྱིད་ལ་ཧྥ་རན་སིའི་བསྡུས་བརྗོད་རིང་ལུགས་དང་། ཨ་རིའི་གཉའ་ཆག་པའི་མི་རབས(Beat Generation)སོགས་ཀྱི་སྐོར་བཤད་པར་མ་ཟད་རྒྱ་ནག་གི་གླུ་བ་ཚེའུ་ཅན་གྱི<<ཅཱ་ཞེན་སིན>>(རྣལ་འབྱོར་བ་རྫུན་མ)ཞེས་པ་བོད་སྐད་དུ་བསྒྱུར་ནས་བླངས་པ་ན། བོད་སྐད་འབྱོངས་པོར་ཤེས་ཀྱང་བོད་ཡིག་མི་ཤེས་པའི་བདེ་སྐྱིད་ཀྱིས"ངས་ཀྱང་བོད་ཡིག་སྦྱོང་རྒྱུ"ཟེར་ནས་མཚན་མོ་ཆང་ཁང་གི་སྒོ་རྒྱག་པའི་དུས་ཤིན་ཏུ་འཕྱི་ནའང་ཉི་མ་རེ་རེར་སྔ་མོར་ལངས་ཏེ་བོད་ཡིག་སྦྱངས། ཕྱིས་སུ་ཚེའུ་ཅན་གྱི་གཞས་དེ་བདེ་སྐྱིད་ཀྱིས་དབྱངས་རྩོམ་མཁན་ཞིག་གི་ས་ནས་ཅ་ཟིའི3རྣམ་པར་བཅོས་ཏེ་མོ་རང་གིས་རྒྱ་བོད་སྐད་གཉིས་ཀྱིས་བླངས་པས་ཆང་ཁང་དེའི་སྦྱིན་བདག་གིས་བདེ་སྐྱིད་ལ"ཁྱོད་ཀྱིས་གླུ་འདི་སྲོག་ཤིང་བྱས་ཏེ་ཆེད་སྒྲིག་ཅིག་ཕུད་དང་། ངས་ཁྱོད་ལ་མ་རྩ་གཏང་ཆོག"ཟེར་བ་ན་མོས་ཐ་མག་འཐེན་བཞིན་དུ། "ཁྱོད་ཀྱིས་དངོས་གནས་ངའི་ཕྱོགས་སུ་འགྲོ་སོང་གཏོང་ན་ངའི་གདོང་བཟོ་བཅོས་བྱེད་དུ་ཆུགས་དང་། ངས་མིང་ཞེན(སྐར་ཆེན)བྱ་འདོད་"ཅེས་སྨྲས། རྗེས་སུ་བདེ་སྐྱིད་ཀྱིས་གཞས་དེ་CDཞིག་ཏུ་བཅུག་ནས་ཁོ་ལ་སྤྲད་ཅིང་། ཁོས་དེ་ཉིད་ཡུན་རིང་བོར་ཉར་ཚགས་བྱས་ཀྱང་གཉེན་བསྒྲིགས་ནས་རིང་བོ་མ་ལོན་པར་སྒྲོལ་སྐྱིད་ཀྱིས་དེ་མཐོང་ནས"ཁྱོད་ཀྱིས་ངོ་མ་བརྗེད་མི་ཐུབ་པ་རེད་དམ། སྨད་ཚོང་མ་ཞིག་བརྗེད་མི་ཐུབ་པ་རེད་དམ"ཞེས་ཤབ་ཤུབ་ཏུ་སྨྲས་པས་ཁོས་དེ་མ་ཐག་CDདེ་མེ་ལ་བསྲེགས་པར་མ་ཟད་སྒྲོལ་སྐྱིད་ལའང་འགྲམ་ལྕག་ཅིག་བྱས། སྒྲོལ་སྐྱིད་ཀྱིས་ངུ་བཞིན་དུ"ངའི་མངལ་དུ་བྱིས་པ་ཡོད་དུས་ཀྱང་ཁྱོད་ཀྱིས་ང་ལ་འདི་ལྟར་བརྙས་དོན་ཅི་ཡིན"ཟེར་ནས་ཉིན་ཕྱེད་ཙམ་ལ་ཁོར་ཁ་མ་གྲགས།
  ཁོའི་སེམས་ལ་བསྟུད་མར་ཚིག་མང་པོ་ཞིག་ཤར་ནའང་དེ་དག་ཚང་མ་གོང་དུ་བྲིས་པའི་ཚིག་དེ་གཉིས་ཀྱི་མཇུག་ཏུ་བཞག་ན་མི་བདེ་བར་འདོད་པས་དེ་ག་ནས་སྒོར་བུད་པ་དང་། མགྲོན་ཁང་གི་ཐོ་འགོད་སར་སོང་ནས་སྦི་རག་དམ་བུ་འགའ་དང་ཐ་མག་སྒམ་གང་ཉོས། ཁ་བས་ཁོ་ར་ཁོར་ཡུག་མཐའ་དག་དཀར་བོར་བསྒྱུར་འདུག་ལ། མི་རེ་གཉིས་ནང་དུ་ཡོང་བཞིན་པ་དག་གིས་ལུས་ཀྱི་ཁ་བ་སྤྲུགས་བཞིན་ཁོས་མི་གོ་བའི་ལུང་སྐད་རྒྱག་གིན་འདུག
  ཕྱིར་ནང་དུ་བསླེབས་རྗེས་ཁོས་སྦི་རག་འཐུང་བཞིན་སྙན་ངག་དེའི་མཇུག་བསྐྱང་འདོད་ནའང་སྔར་བཞིན་འབྲི་རྒྱུ་གང་ཡང་མི་རྙེད་པས་ཉུང་ཙམ་བྲིས་ཡོད་པ་ཐམས་ཅད་བསུབ་ནས་རྩིས་འཁོར་དྲ་བར་སྦྲེལ་ཅིང་། དམིགས་ཡུལ་མེད་པའི་ངང་དྲ་ཚིགས་མང་པོའི་ཁ་ཕྱེ་ནའང་དྲ་བ་དལ་བས་ཡག་པོར་འཆར་བ་གཅིག་ཀྱང་མེད། དེ་ནས་ཁོས་སུན་སྣང་དང་བཅས་བདེ་སྐྱིད་ཀྱི་ཁེའུ་ཁེའུ(QQ)ཡི་དྲ་བའི་ཟིན་བྲིས་ནང་དུ་སོང་། ཁོང་གཉིས་ཁ་ཁ་སོ་སོར་བྱེད་པའི་དུས་ནས་བཟུང་མོའི་ཟིན་བྲིས་སུ་ནང་དོན་གཅིག་ཀྱང་ཁ་སྣོན་མ་བྱས་པས་ཁོས་ཀྱང་དེར་ལྟ་དུས་ཟླ་བ་འགའི་སྔོན་ཡིན།
  བདེ་སྐྱིད་ཀྱི་ཟིན་བྲིས་ཀྱི་མིང་སྟེ"ཏི་ཅེས་ཏུ་པའེ་རི་མིན"(བདེ་སྐྱིད་ཀྱི་ཉིན་མོའི་རྨི་ལམ)ཞེས་པ་དལ་མོར་ཤར། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་དེའི་རྒྱབ་ལྗོངས་བརྗེས་འདུག་སྟེ། སྔོན་གྱི་འབྲས་བུའི་ཁུར་གྱིས་ལྕི་བའི་ཤིང་སྡོང་ཞིག་གི་འོག་ན་བུ་མོ་ཞིག་གིས་རྐང་རྗེན་དུ་སྒྲ་སྙན་རྡུང་བཞིན་པའི་པར་དེ་རླབས་རིས་ཆལ་ཆིལ་དུ་གཡོ་ཞིང་མཚོ་བྱ་དཀར་མོས་འཕུར་ལྡིང་བྱེད་ལ། མགོ་སེར་དང་མི་ནག་ཕོ་མོ་རྣམས་ཆ་བྱས་ཏེ་འགྲོ་བའི་རྒྱ་མཚོའི་འགྲམ་གྱི་པར་རིས་ཤིག་ཏུ་བརྗེས་འདུག ཁོ་དེ་གར་ཡུད་ཙམ་ལ་ཧད། པར་རིས་དེ་ལ་ཞིབ་ཏུ་བལྟས་པ་ན་དེ་ནི་བདེ་སྐྱིད་མོ་རང་གི་ཧྥོས་ཅི(Fuji)པར་ཆས་ཀྱིས་བླངས་པ་ཐེ་མི་ཚོམ་སྟེ། པར་གྱི་མདངས་དང་ཚོན་གྱི་མདོག་དེ་ནི་ཁོ་ལ་ཧ་ཅང་ཆ་རྒྱུས་ཆེ་བ་ཡིན། ཁོས་མྱུར་བར་ཙི་གུ་སྒུལ་གྱིན་དེའི་གཤམ་ལ་བལྟས་པ་ན་སྔར་ལས་ནང་དོན་གསར་བ་གང་ཡང་མེད་མོད། རི་མགོའི་མཐོན་པོའི་རྩེ་ན་གློ་མདོག་གི་སྟོད་གོས་ཤིག་གྱོན་ཏེ་རྩེད་མོའི་རྣམ་འགྱུར་སྟོན་གྱིན་པའི་མོས་འདྲ་པར་དེས་ཁོའི་སྙིང་ལ་དྲག་ཏུ་གཙེ། ཁོས་མཚོ་འགྲམ་གྱི་འདྲ་པར་དེ་ལས་ཀྱང་ཆེ་བ་ཞིག་ཡིན་ཚེ་བདེ་སྐྱིད་ཀྱིས་རྩེད་མོའི་རྣམ་འགྱུར་དེ་སྟོན་བཞིན་པའང་གསལ་བོར་མཐོང་ངེས་སྙམ།
  ཁོས་རྩིས་འཁོར་གྱི་ཁ་བརྒྱབ་སྟེ། ཐ་མག་རྐང་གཅིག་ལ་མེ་སྒྲོན་བཞིན་པའི་སྐབས་སུ་སྒོ་མོ་ཐག་ཐག་ཏུ་རྡུང་ཞིང་། མོ་ནི་ཏག་ཏག་སྒྲོལ་སྐྱིད་རེད། ནང་ལ་བསླེབས་རྗེས་མོས་འཁུར་ཁུག་ལྕི་མོ་དེ་སར་བཞག་ཅིང་ལུས་ཀྱི་ཁ་བ་སྤྲུགས་པ་དང་། "ངས་འུ་གཉིས་གནམ་གྲུའི་རྗེས་སུ་ལུས་སོང་ཟེར་ནས་སྤ་སེ་ཕྱིར་སློག་པའི་འགྲོ་ལུགས་བསྒྲུབས་པ་ཡིན། འུ་གཉིས་ཀྱིས་བརྒྱ་ཆའི་སུམ་ཅུའི་གྱོང་འཁུར་དགོས།ཧྲང་ཧེ་ཡི་སྤ་སེ་སང་ཉིན་ཡང་མང་པོ་འདུག ཁྱོད་ཀྱི་སྡོད་འབངས་དཔང་ཡིག་ང་ལ་སྤྲོད་དང་། ངས་སོང་ནས་ཁྱོད་ཀྱི་སྤ་སེའང་བསློག་ཡོང་། རྗེས་སུ་བཟའ་འཁོན་མི་བྱ"ཟེར་ནས་ཁོ་ལ་འཁྱུད་ཅིང་། ཁོའི་འགྲམ་པར་མཆུ་གླན་ཏེ་བསྡད། ཁོའི་འགྲམ་པ་འཁྱག་ཤུར་ཤུར་བྱེད་ཅིང་། མོའི་མིག་ནས་བཞུར་བའི་མཆི་མས་ཁོའི་འཁྱག་སྣང་དེ་སྐྱོ་སྣང་དང་འདྲེས་པར་བྱས།
  ཁོས་མོའི་མཆུ་སྒྲོས་ལ་འོ་ཞིག་བྱས་རྗེས།
  "འུ་གཉིས་མཚོ་འགྲམ་གྱི་གྲོང་ཁྱེར་ཞིག་ཏུ་འགྲོ"ཞེས་སྨྲས།

མཆན།   1 ལྭ་བའི་གཅེས་མིང་།
              2 ཨ་མདོའི་ཁ་སྐད་དེ་བུའི་མིང་།
              3 Jazzཞེས་པའི་གཞས་གཏོང་སྟངས་དེའོ།།
 
                           ༢༠༡༤ ༡༠ ༡༦

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།