གངས་སྐོར།

རྡོ་དང་གཡའ་མའི་བར་གྱི་ས་ནག་གི་གསེབ་ཏུ་འཁར་བ་བཙུགས་ནས་ཐག་རིང་ལ་བལྟས་པ་ན། མདུན་གྱི་གངས་རི་དེ་སྨིག་རྒྱུའི་ནང་དུ་ཡོད་པ་ལྟར་གསལ་ལ་མི་གསལ་བའི་ངང་དུ་མངོན་ཡོང་། མོས་མིག་ཆེན་པོར་བགྲད་དེ་སླར་ཡང་ཞིབ་ཏུ་བལྟས་པ་ན། གངས་རླུང་འཚུབ་མ་ཞིག་གིས་མོའི་མཐོང་ལམ་བསྒྲིབས་ཤིང་གངས་ཆུ་ཕྲ་མོས་མོའི་རྐང་འོག་བརླན་པར་བྱས་སོང་། མོས་མདུན་ལ་སྐྱོད་འདོད་ཀྱིས་སླར་ཡང་གོམ་པ་གང་སྤོས་པ་ན། གངས་རླུང་འཚུབ་མ་དེ་དྭངས་པར་གྱུར་ནའང་གློ་བུར་ཏུ་སྦལ་བ་ནག་པོ་ཞིག་མདུན་ནས་ཚུར་མཆོངས་ཡོང་བས་མོས་ཨག་སྐད་ཅིག་དང་མཉམ་དུ་ཕྱིར་བཀྱེད་ཅིག་བྱས་ཤིང་རྐང་བའི་ཕྱི་རྟིང་རྡོ་དང་འཕྲད་དེ་སར་འགྱེལ།

གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེ་དང་བྲལ་བའི་ཉིན་མོར། ཕྱི་རོལ་ཀྱི་མཁའ་རླུང་གཙང་མ་དང་ནམ་མཁའ་སྔོན་པོས་མོ་ལ་སྐྱེས་པ་ཚོའི་རྫོབ་ཅིང་ཞེ་མེར་བྱེད་ཀྱི་འདོད་སྲེད་དང་མོ་རང་གི་དངུལ་ལོར་མང་པོ་གསོག་འདོད་ཀྱི་ཧམ་སེམས་གཉིས་ལ་བྲལ་བའི་སྐལ་བ་དེ་གནང་ཞིང་། གོམ་སྟབས་མགྱོགས་པོས་རྫོང་མཁར་དེ་རྒྱབ་ཏུ་བསྐྱུར་ནས་འགྲོ་བའི་ཚེ་ན། རྒྱབ་ཀྱི་རྡོག་ཁྲེས་དེའང་སྟོང་བ་ཡིན་པ་དང་མོ་རང་གི་གོམ་ཁ་ནི་རླུང་ལས་ཀྱང་ཡང་བའི་ཚོར་བ་ཞིག་བྱུང་། བསྟུད་མར་ཉིན་འགའི་རིང་ལ། ལམ་བར་ནས་སྦག་ཞོན་དང་། ལྕགས་རྟ་ཞོན་མཁན། རྫི་བོ། མོ་ཊ་གཏོང་མཁན་སོགས་མང་པོ་དང་འཕྲད་སྐབས་ཀུན་གྱིས་བུ་མོ་ཞིག་གཅིག་བུར་རྐང་ཐང་ལ་གནས་མཇལ་དུ་འགྲོ་བ་མཐོང་ནས་ལ་ལས་དངུལ་སིལ་མ་སྟེར་བ་དང་། ལ་ལས་ཁོ་ཁོལ་སོགས་བསིལ་སྐྱེམས་སྟེར་སྐབས་མོས་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེ་དར་ཅིག་བརྗེད་པར་གྱུར། ལྷག་པར་དུ་འབྲོག་ཁྱིམ་ཞིག་ལ་གནས་ཚང་གཡར་ནས་དེ་ཚང་གི་ཁྱིམ་མི་གང་བོས་ཁོང་ཚང་གི་བུ་མོ་ཆུང་ཆུང་དེ་བསྐོར་ནས་དགའ་སྤྲོའི་གད་མོ་སྒྲོག་སྐབས་མོ་རང་གི་བྱིས་དུས་དྲན། མཚན་མོར་མོ་རང་འཚར་ལོངས་བྱུང་སའི་མགོ་ཕྲ་ལུང་པ་དང་། ལྟེ་ཁྲག་འཕོ་སའི་སེར་ཆེན་ཐང་སོགས་རྨི་ལམ་དུ་བྱུང་། ཕྱི་ཉིན་གཉིད་ལས་སད་དུས་ཉི་མའང་ཤར་ཏེ་སྔས་མགོར་འཕྲོས་འདུག་པས་མོ་རང་དོགས་མི་བདེ་བའི་ངང་དུ་ཡར་ལངས་པ་དང་། ལམ་ལ་ཆས་ཁར་དེ་ཚང་གི་ཁྱིམ་བདག་མས་མོ་ལ་ཤ་སྐམ་སྤར་བ་འགའ་ལམ་བྲོར་སྦྱིན་ཅིང་སྙིང་ཉེ་བའི་ངང་དུ“ལམ་ནས་གཟབ་དགོས”སོགས་ཟེར་བཞིན་ཁ་འབྲལ་དུས་རླུང་བུ་གྲང་མོ་ཞིག་མིག་ནང་དུ་འཛུལ་བ་ལྟ་བུའི་ཚོར་བ་བྱུང་སྟེ་མོའི་མིག་མཐར་མཆི་མ་འཁྱིལ། ཉིན་དེའི་མཚན་མོར་མོ་རང་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སའི་གྲོང་རྡལ་ཞིག་ཏུ་བསླེབས་པ་དང་། ཞག་གཅིག་ལ་སྒོར་ལྔ་བཅུ་བྱས་ཏེ་ཤིན་ཏུ་རྫོབ་པའི་མགྲོན་ཁང་ཞིག་ཏུ་བསྡད།      

ས་རུབ་རྗེས་མོ་རང་མགྲོན་ཁང་དེའི་སྒོ་རའི་དཀྱིལ་དུ་ཆུ་ལེན་དུ་སོང་བ་ན། ཚྭ་ཁར་ཕྱུགས་ཟོག་རུབ་པ་བཞིན་རྒྱ་མི་དང་། ཁ་ཆེ་བ་། བོད་པ་སོགས་ཀྱིས་ཆ་ལུགས་སྣ་ཚོགས་སྤྲས་ཏེ་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག་པས་ད་གཟོད་དེ་རུ་རང་ཉིད་དང་འདྲ་བའི་སྨད་ཚོང་མ་འགའ་ཡོད་པ་ཤེས། མོས་ཆུ་རྐ་ལའི་སྒོ་ཕྱེ་བཞིན་པའི་སྒང་ལ་མགོ་བོ་ལག་རིས་ཀྱིས་དཀྲིས་པའི་ཕོ་གསར་གཉིས་མོའི་ཕྱོགས་སུ་ཡོང་བ་དང་། གཅིག་གིས་གཞན་དེ་ལ“ལྟོས་དང་། མཛེས་མ་ཞིག་ཡིན་པ་འདྲ”ཟེར་ཅིང་། མི་རྣམས་ཀྱིས་རུབ་བཞིན་པའི་ཁང་པ་དེ་དག་ལ་ལྟ་ཙམ་བྱས་རྗེས“རྒྱ་རྒན་མ་ལོ་ལོན་དེ་དག་བསྡུར་ན་བུ་མོ་འདི་མི་ལེགས་སམ”ཟེར། དེ་ནས་ཕོ་སར་སྔོན་མ་དེས་མགོ་ཡི་ལག་རིས་དཀྲོལ་ཞོར་དུ“ཨ་རོག བུ་མོ། ཐེངས་གཅིག་ལ་སྒོར་དུ་ཡིན”ཟེར། མོས་ཁོའི་ཕྱོགས་སུ་མིག་སྡང་ཞིག་བགྲད་དེ“ངས་ཁྱོད་ཀྱིས་ཅི་ཟེར་བ་མི་གོ་བ་འདུག ང་ལ་ཆུ་ལེན་དུ་ཆུགས”ཞེས་སྨྲས་པ་ན། ཕོ་སར་གཞན་པ་དེས“མོ་མིན་པར་འདུག”ཟེར་བཞིན་ཁ་ཕྱིར་འཁོར་བ་དང་། སྔོན་མ་དེའང་ཁོའི་རྗེས་སུ་འབྲངས་ཏེ་བུད་སོང་། མོས་ཆུ་བླངས་ཏེ་ཇ་སྐོལ་བཞིན་པའི་སྒང་ལ་བསྟུད་མར་སྐྱེ་བོ་ཁ་ཤས་ཀྱིས་མོའི་སྒོའི་བརྡུངས་ཀྱང་སྒོ་མ་ཕྱེ་བར“ཁྱོད་ཚོ་ཡོང་ས་ནོར་འདུག”ཅེས་ལན་བཏབ། མོས་གལ་སྲིད་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེར་ཡང་སྒོ་རྡུང་མཁན་དེ་འདྲའི་མང་པོ་ཞིག་ཡོད་ན་ཅི་མ་རུང་སྙམ་ཞིང་། ལོ་རྗེས་མའི་དུས་ཚིགས་འདི་ལ་གྲོགས་མོ་འགའ་དང་མཉམ་དུ་འདིར་ཡོང་ན་ཚོང་བྲིན་པར་སྙམ། དེ་ནས་གནས་མཇལ་ལ་འགྲོ་བའི་སྐབས་སུའང་སེམས་ལ་དོན་བཙོག་པ་འདི་འདྲ་དྲན་ན་མི་ལེགས་པར་སྙམ་སྟེ་ཕྲེང་བ་བླངས་ནས“ཨོ་བཛྲ་ས་ཏྭ་ཧཱུྃ”ཞེས་བཏོན། ཉལ་ཁར་མོ་རང་ཆབ་གསང་གཏོང་བར་སྒོར་བུད་ཅིང་། ཕྱིར་ནང་དུ་འཛུལ་བཞིན་པའི་སྒང་ལ་མི་ཞིག་གིས་མོའི་རྒྱབ་ནས་ཕུ་ཐུང་གིས་འཐེན་བཞིན་འདུག

“ང་ནང་ལ་ཡོང་ན་ཆོག་གམ”
  ཁོ་ནི་མོས་ཆུ་ལེན་དུས་སུ་རྗེས་འདེད་མཁན་གྱི་གསར་བུ་སྔོན་མ་དེ་རེད། མོས་ཅི་ཡང་མ་སྨྲས་པར་མགྱོགས་པོར་ཁང་སྒོ་ཕྱེ་སྟེ་ནང་དུ་འཛུལ་བ་ན་ཁོའང་མོའི་རྗེས་དེད་ནས་ནང་དུ་འཛུལ། ཏག་ཏག་སྐབས་དེ་ལ་མོས་ཁོ་རང་སྒོའི་ཕྱིར་འདེད་པར་འདོད་ནའང་རྒྱུ་རྐྱེན་གང་ཡིན་ཆ་མ་འཚལ་མོད་དེ་ལྟར་བྱེད་པའི་སྤོབས་པ་མེད་པར་གྱུར། ཁོས་མགོ་ཡི་ལག་རིས་དཀྲོལ་བཞིན་དུ“ངས་ཁྱོད་སྒོར་འབུད་པར་བསྒུགས་པ་ཡིན། ཕལ་ཆེར་དུས་ཚོད་གཅིག་ལ་བསྒུགས་ཟིན”ཟེར། ཁོ་ནི་སྐྲ་ལོ་སོག་འདབས་སུ་བསླེབས་ཤིང་གདོང་བ་སྨུག་ལ། སྣ་གཟེངས་མཐོ་བ་དང་། སོ་ཕྲེང་གྲལ་འགྲིག་ཅིང་རབ་ཏུ་དཀར་བ་ཅན་ཞིག་རེད། མོས་ཁོ་ལྟ་བུའི་ཕོ་སར་ཞིག་གནས་འདི་འདྲར་ཡོང་དོན་ཅི་ཡིན་ནམ་སྙམ་ཞིང་དེ་སྔ་མོའི་ལུས་པོ་ཉོ་མཁན་ཚོའི་ཁྲོད་ནས་ཁོ་ལྟ་བུའི་རྫིག་པོ་ཞིག་མཐོང་མ་མྱོང་སྙམ། 
  “ཁྱོད་ཀྱིས་ང་སྒུག་དོན་ཅི་ཡིན”
  སྐབས་དེར་རྒྱ་མི་རྒས་འཁོགས་ཤིག་ལོས་ཡིན་སྙམ་པ་ཞིག་གིས“ཀུའུ་ཉང་། ཁེ་མིན”(རྒྱ་སྐད་དེ། བུ་མོ། སྒོ་ཕྱེ་ཞིག་ཅེས་པའི་དོན)ཞེས་སྒོ་བརྡུངས་པ་ན་ཕོ་སར་དེས་རྒྱ་སྐད་ཀྱིས“ཝེ། ཀན་ཧྲིན་མཱ།”(རྒྱ་སྐད་དེ། ཀྭ་ཡེ། ཅི་བྱ་འདོད་པ་ཡིན་ཞེས་པའི་དོན)ཞེས་ལན་བསློགས་པ་ན་དེ་སྐྲག་ནས་མགྱོགས་པོར་བུད་སོང་བ་དང་། ཁོས་དགོད་བཞིན་དུ“ང་ནི་ཨེ་ཛི་སྔོན་འགོག་གི་རང་འདུན་པ་ཞིག་ཡིན། ཉིན་འདི་གར་ངས་སྨད་ཚོང་མ་ཉོ་མཁན་ཡིན་ཁུལ་བྱས་ཏེ་ཁོ་མོ་ཚོའི་འཚོ་བའི་སྐོར་ལ་བརྟག་དཔྱད་བྱེད་བཞིན་ཡོད། ཞོར་དུ་དེའི་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཀྱིན་ཡོད། ད་ལྟ་དབྱར་རྩྭ་ཉོ་ཚོང་བྱེད་སྒང་ཡིན་པས་གནས་འདིར་སྨད་ཚོང་མ་མེད་སའི་མགྲོན་ཁང་ཞིག་མི་འདུག ཁོ་མོ་ཚོ་ད་དུང་དབྱར་རྩྭ་རྐོ་ས་དག་ནའང་རས་གུར་ཕུབ་སྟེ་བསྡད་འདུག”ཟེར། 
  “དེས་ན་ཁྱོད་ཀྱིས་ང་རང་སྒུག་དོན་ཅི་ཡིན། ང་དེའི་རིགས་མིན་པ་ཁྱོད་ལ་བཤད་ཟིན”
  “དྲང་མོར་བཤད་ན། ང་རང་འདིར་ཡོང་ནས་ཉིན་འགའ་འགོར་བ་ཡིན། སང་ཉིན་ཕྱིར་འགྲོ་རྩིས་བྱེད་ཀྱིན་ཡོད། གནས་འདི་ན་ངོ་ཤེས་ཀྱང་མེད་པས་སུན་པོ་འདུག དེ་བས་ཁྱོད་ལ་ཁ་བརྡ་ཞིག་བྱེད་བསམ་པ་ཡིན”
  “དེས་ན་འུ་གཉིས་ཆུ་ལེན་ས་ནས་འཕྲད་དུས་ཁྱོད་ཀྱི་གམ་དུ་རོགས་པ་ཞིག་ཡོད་པ་མིན་ནམ”

“ངས་ཁོ་ངོ་མི་ཤེས། ངས་མགྲོན་ཁང་གཞན་པ་ཞིག་ན་ཁོས་སྨད་འཚོང་མ་འཚོལ་བ་མཐོང་སྟེ་ཁོའི་རྗེས་དེད་ནས་ཡོང་བ་ཡིན། ཁོ་ས་ཆ་འདིའི་མི་ཞིག་རེད། མགྲོན་ཁང་ཚང་མར་རྒྱུས་མངའ་འདུག”
  མོས་དེར་ཡོད་པའི་ཤེལ་དམ་ཞིག་འཁྲུད་བཞིན་དུ“ངས་ཁ་བརྡ་བྱེད་མི་ཤེས”ཞེས་དགོད་ཙམ་བྱས་ཏེ་ཁོ་ལ་ཇ་བླུགས། ཁོས་ཡར་ལངས་ཏེ་ཇ་ཕོར་ལག་ཏུ་བླངས་ཤིང་།  “ཐུགས་རྗེ་ཆེ”ཟེར་བ་དང་། མལ་ཁྲིའི་སྟེང་དུ་བཞག་ཡོད་པའི་མོའི་རྡོག་ཁྲེས་ལ་བལྟས་ཏེ“ཉིན་གཅིག་གི་རྗེས་སུ་ཁྱོད་རྨ་ཆེན་གངས་རིའི་འདབས་སུ་བསླེབས་ཡོད་ངེས”ཟེར།
  ཁ་བརྡ་བྱེད་ཀྱིན་དུ་ཁོ་གཉིས་ཀྱི་ལུས་དང་སེམས་པའི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར། མོས་ཁོ་ལ་རང་ཉིད་ནི་དེ་སྔ་ཇོ་མོ་ཞིག་ཡིན་པ་དང་། དམ་པའི་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་པའི་སྐལ་བ་མ་བྱུང་བར་མི་ཡུལ་གྱི་འདོད་པ་དང་ཟང་ཟིང་གི་ནང་དུ་སླར་ལོག་པ་དེར་འགྱོད་པ་སྐྱེ་འོང་ཞེས་མིག་ཆུ་འབྱིན་ཏེ་སྨད་ཚོང་མ་མ་བྱས་པའི་གོང་གི་མི་དེ་ཡིན་ཁུལ་བྱས། ཁོས་ཀྱང་ཧ་ཅང་གཟབ་ནན་གྱི་ཚུལ་གྱིས།
  “ཁྱོད་ཀྱིས་རང་གི་འདས་དོན་དག་སྦ་གསང་མེད་པར་དྲང་མོར་བཤད་པར་བཀའ་དྲིན་ཆེ། གལ་ཏེ་ལུས་པོ་ལྷ་ཁང་དུ་ཡོད་ཀྱང་སེམས་པ་འཇིག་རྟེན་འཁོར་བར་ཕྱོགས་ཏེ་ཚེ་གང་བོར་བསྡད་ཚེ་སྡུག་བསྔལ་འབའ་ཞིག་མ་ཡིན་ནམ། དེ་ལ་དགེ་བའང་ཡོད་སྲིད་དམ། སྐྱེས་པ་གྲྭ་ལོག་བྱས་ན་ཅི་ཡང་མི་ཟེར་བ་དང་བུད་མེད་ཇོ་ལོག་བྱས་ན་མི་ཁ་འཁོར་ཡོང་བ་འདིའང་ཕོ་མོ་འདྲ་མཉམ་མིན་པའི་རྟགས་རེད། ངོ་མ་བཤད་ན་ཁྱོད་ཆོས་སྒོར་ཐེངས་གཅིག་ཞུགས་ཟིན་པ་དེའང་དགེ་རྩ་བླ་ན་མེད་པ་ཞིག་བསགས་པ་མ་ཡིན་ནམ། ཕྱིའི་རྒྱལ་ཁབ་ཐེ་ལན་ཊི་སོགས་སུ་ལོ་འགར་གྲྭ་བ་བྱ་རྒྱུའང་འདུག དེ་བས་ཁྱོད་སེམས་བདེ་བར་གྱིས། གཙོ་བོ་མ་འོངས་པའི་འཚོ་བར་གདོང་གཏད་ཐུབ་ན་ཁྱོད་ལ་སྐྱིད་པའི་ཉི་མ་ཤར་ངེས”ཟེར། 
  ཁོའི་སེམས་གསོ་དང་ལྷན་ཅིག་མོ་ལ་མིག་ཆུ་ཤམ་ཤམ་དུ་བཞུར། མོས་མིག་ཆུ་གཏོང་དོན་ནི་ཇོ་ལོག་བྱས་རྗེས་སུ་ཁྱིམ་གཞིས་བཟུང་སྟེ་འཚོ་བ་རོལ་རྒྱུ་མ་བྱུང་བར་སྨད་ཚོང་མ་བྱས་པ་དེར་འགྱོད་པ་སྐྱེ་བས་ཡིན་ནའང་ཁོས་དེ་དོན་ཅི་ལ་རྟོགས།

མོས་མགོ་བོ་བསྒུར་ནས་ལག་པ་གཡས་པས་གདོང་བཀབ་སྟེ་མིག་ཆུ་འབྱིད་ཀྱིན་པའི་སྐབས་སུ་ཁོའི་གདོང་ནི་མོའི་ཉེ་སར་བཅར་འདུག་པ་དང་། ཁོས་མྱུར་བར་མོ་རང་པང་དུ་བླངས། མོའི་མིག་ཆུས་ཁོའི་གདོང་བ་རློན་པར་བྱས་ཤིང་། ཁོའི་ལྕེ་ཡིས་མོའི་ལྕེ་འཇིབ་ཅིང་ཁ་ནང་དུ་ཉུག་ཉུག་བྱས། སྐབས་དེར་མོས་ལོབས་ཕྱོགས་ལྟར་སྐེར་བཏགས་པའི་བླ་མའི་ཕྱག་མདུད་དཀྲོལ་ཏེ་མཐོ་སར་བཀལ་དགོས་པར་འདོད་ནས་ལག་པ་དེ་ཕྱོགས་སུ་བསྲིངས་ནའང་། ཁོས་མོའི་སྐེ་དང་གདོང་ལ་རེས་མོས་སུ་འོ་བྱེད་ཅིང་། ལག་པས་མོའི་སྐེད་སྐབས་དང་། དཔྱི། འཕོང་ཚོས་སོགས་ཕུར་བར་བྱས་ཏེ་བཟི་སྣང་གློ་བུར་བ་ཞིག་དང་འདྲ་བའི་ཚོར་བ་ཞིག་གིས་ཁོང་གཉིས་ཡོངས་སུ་བཏུམས། དེ་ནས་ཁོས་མོ་རང་གཅེས་པའི་བུ་ཆུང་ལྟར་ཡར་བཀྱགས་ཏེ་མལ་ཁྲིའི་སྟེང་དུ་བཞག་ཅིང་མོའི་སྟོད་གོས་དང་རྐང་སྣམ་སོགས་གྱོན་པ་རེ་རེ་དལ་གྱིས་བཤུ་ཞོར་དུ་མོ་ལུས་ཀྱི་ག་ས་གང་ལ་རེག་ཅིང་ཕུར་ལ། ཉེད་པར་བྱེད་པ་དང་། མོའི་ནུ་འབུར་ལ་འོ་བྱེད་ཅིང་གསང་གནས་ལ་རེག་པར་བྱེད། སྐབས་དེར་མོའི་ལུས་པོ་ནི་མེ་ཏོག་གི་ཐེའུ་བཞད་ཁ་ཕྱེ་བ་བཞིན་ངོ་ཚ་དང་འཛེམ་དོགས་གང་ཡང་མེད་པར་དགའ་བདེའི་ཚོར་བ་ཞིག་གིས་ཁྱབ་ཅིང་། ལུས་ཀྱི་ཕྱོགས་གང་ལ་འཕྲད་པ་ཙམ་གྱིས་སེམས་ཀྱང་དེའི་རྗེས་སུ་འགྲོ་བར་བྱེད། མོས་རང་གིས་མཆུ་ལ་སོ་ཡང་མོ་འདེབས་ཞོར་དུ་མིག་ཟུམ་སྟེ་དགའ་བའི་སིད་སྒྲ་སྒྲོག་ཅིང་ཁོའི་སྐེ་ལ་འཁྱུད། སྐབས་དེར་ཁོས་ཀྱང་རྒྱུས་མེད་ཐང་སྟོང་ཞིག་ནས་རྔོན་པས་བདས་པའི་རི་དྭགས་མ་བུ་གཉིས་མདེའུའི་ཁ་ལས་ཐར་ཏེ་སླར་ཡང་ངོ་འཕྲད་པ་ལྟར་རང་གི་མདུན་གྱི་བུ་མོ་དེ་ལ་སྙིང་ཉེ་བའི་ངང་སྔར་ལས་དམ་པོར་འཁྱུད་ཅིང་། ཨམ་ཕྲག་ཏུ་བཅུག་པའི་འགྱིག་སྒྲེའུ་ཞིག་བླངས་ཏེ་གྱོན་དགོས་པར་སྙམ་ནའང་། མོའི་ལན་བུའི་གསེབ་ན་བདེ་སྣང་གིས་ཁྱབ་པའི་མིག་ཟུང་དང་། ངོ་ཚའི་འཆིང་བ་དོར་ཏེ་ཁོ་དང་ལྷན་ཅིག་ཆགས་པའི་ཀློང་དུ་གཡེང་བའི་ཉམས་སྣང་དེ་མཐོང་རྗེས་དེ་ལྟར་བྱས་ཚེ་འགྱུར་ཁུགས་དེ་དང་བདེ་སྣང་དེ་ལ་བར་ཆད་བྱ་སྲིད་པར་སྙམ། 
  དེ་སྔ་སྨད་ཉོ་མཁན་རྣམས་དང་ལུས་འབྲེལ་འབྱུང་སྐབས་མོས་མགྱོགས་པོར་ཚར་སོང་ན་ཅི་མ་རུང་སྙམ་སྟེ་ཁོ་ཚོར་རམ་འདེགས་ཙམ་བྱས་པ་ཡིན་ལ།  ཨམ་གཙིགས་སྡོམ་པའམ་དབུགས་ཁོག་ནས་མནན་ཚེ་སྨད་ཉོ་མཁན་གྱིས་མོ་ལ་ཇི་ལྟར་འཕྲད་ནའང་ཁོང་གཉིས་ཀྱི་བར་དུ་གཟུགས་མེད་པའི་སྒོ་མོ་ཞིག་ཡོད་པས་རིམ་གྱིས་སྒོ་མོ་དེ་མཁྲེགས་ནས་མཁྲེགས་སུ་འགྲོ་བ་དང་། མཐར་ཚོར་བ་ཅི་ཡང་མེད་པར་གྱུར་འགྲོ། འགའ་ཞིག་གིས་དྲག་ཤུལ་གྱི་ཉམས་དང་བཅས་མོ་ལ་རྩུབ་མོ་བྱེད་དུས་མོས་འཁུན་སྒྲ་རྫུན་མ་བསྒྲོགས་ཏེ་དེ་ཚོར་ཁུ་བ་མགྱོགས་པོར་ཤོར་དུ་བཅུག་ཅིང་། དེ་ཚོས་ལུས་འབྲེལ་བྱས་ཚར་རྗེས་ཐང་ཆད་པའི་ལུས་པོས་མར་མནན་ཡོང་དུས་མོ་ལ་ཞེ་མེར་བའི་ཚོར་བ་ཐེངས་མང་བྱུང་ནས་ཁོ་ཚོར་ཁ་འཛིང་ཡང་བྱས་མྱོང་། ཡིན་ཡང་སྐབས་འདིར་མོས་ནི་རང་གི་ཚོར་བའི་ཚོད་འཛིན་ཐབས་བྲལ་ཅིང་། རྟ་མཆོག་གཡུང་མ་ཞིག་དང་འདྲ་བར་ཁོའི་རྗེས་སུ་འབྲངས། གང་ལྟར་མགྲོན་ཁང་དེའི་ནང་ནས་ཁོ་དང་ལྷན་ཅིག་དགའ་མགུ་སྤྱད་པ་དེས་མོས་རང་གི་ལུས་ཀྱི་ག་ས་ག་རུ་སྦས་པའི་ཚོར་བ་རྣོན་པོ་དག་རྙེད་པར་གྱུར་ཅིང་། གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེའི་ནང་ནས་སྐྱེ་བོ་རྒན་གཞོན་ཅི་རིགས་ཀྱིས་མོའི་ལུས་པོ་རྨས་ཤིང་བསྣད་པར་བྱས་པ་དེ་སླར་སོས་པར་གྱུར། ཁོས་འཁྱུད་པ་དང་། རེག་པ། ཕུར་བ་སོགས་ལ་བརྟེན་ཏེ་མོ་རང་བདེ་བའི་ཁང་ཆུང་གི་སྒོ་ཁར་བསྐྱལ་རྗེས་ཤིན་ཏུ་གཅེས་པའི་ཚུལ་གྱིས་ཕོ་མཚན་མོའི་གཡའ་ཆུས་གང་བའི་མེ་ཏོག་གི་ནང་དུ་བཅུག་སྟེ་ཐེངས་འགར་དཀྲུགས་དཀྲུགས་བྱས་པ་ན་མོས་འཇིག་རྟེན་འདི་ནས་ཐེངས་དང་པོར་བདེ་བའི་མཆོག་དེ་རྙེད་པར་གྱུར་ནས་དབང་མེད་དུ་ཨག་རིང་ཞིག་བཏབ།
  མཚན་མོ་དེར་ཁོས་མོ་རང་བྲང་གི་ཆུང་མ་བཞིན་པང་སྟེ་གཉིད་དུ་ཡུར་བ་དང་། མོས་ཀྱང་ཇོ་ལོག་བྱས་རྗེས་སུ་ཐེངས་དང་པོར་འཇིག་རྟེན་འཁོར་བ་ཟེར་བ་དེ་ན་དོན་དུ་སྙིང་པོ་ཅི་འདྲ་ཞིག་ཡོད་པ་ཤེས་པར་གྱུར། དེ་སྔ་མོ་རང་མོའི་སྡོམ་པ་ལེན་མཁན་གྱི་མི་དེ་དང་ལྷན་ཅིག་ཉལ་པོ་བྱེད་དུས། མོའི་སེམས་པ་ནི་སྔར་ཡོད་མ་མྱོང་བའི་འཇིགས་སྣང་དང་ཞེད་སྣང་གིས་བཟུང་བ་དང་། མོའི་ཚུགས་ཀ་དེ་མཐོང་ནས་ཁོས་ཀྱང་མཚན་མའི་ནང་དུ་མཚན་མ་བཅུག་སྟེ་འགུལ་འགུལ་ཙམ་བྱེད་པ་ལས་གཞན་ཅི་ཡང་བྱེད་མ་ཕོད་ཅིང་། མཚམས་ཤིག་ནས་མོའི་སེམས་ཀྱི་སྐྲག་སྣང་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་འཕུད་རྒྱག་ཅིག་གིས་ཁོ་རང་ཕར་དེད་པ་དང་། མིག་ཆུ་འབྱིན་བཞིན་དུ་སྒོར་བུད་དེ་བྲོས། དེ་ནས་མོས་ག་ས་ག་ལ་འཁྱམ་ཉུལ་བྱས་ནས་མཐར་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེ་ནས་སྡོད་དགོས་བྱུང་།

ཕྱི་ཉིན་མཚན་སྨག་རབ་རིབ་ཀྱི་ཕ་མཐའ་ན་ཡར་འགུལ་བཞིན་པའི་ཞོགས་པའི་སྐྱ་རེངས་དང་མོ་གཉིས་མཉམ་དུ་ཡར་ལངས། མོས་ཁོ་རང་གཉིད་ཀྱི་བདེ་བ་ལས་བཀྲོགས་ཏེ་ཁོ་ལ་གྱེས་འཚམས་ཞུ་བའམ་ཡང་ན་ཁ་རོག་གེར་ཁོ་དང་འབྲལ་བ་གཉིས་ལས་གང་བྱེད་ཆ་མ་འཚལ་བར། དལ་མོར་ཁོའི་འགྲམ་པར་འོ་ཞིག་བྱེད་དུས། ཁོས་གཉིད་མ་སད་ཀྱིས"ཁྱོད་འགྲོ་རྒྱུ་ཡིན་ནམ"ཟེར་བ་དང་།   དེ་ནས་དལ་མོར་ལག་པ་གཉིས་བརྐྱངས་ཏེ་མོའི་སྐེ་ལ་འཐམས་ཤིང་། ཁོ་རང་གི་ཁ་པར་ཨང་གྲངས་བཤད་དེ། "ངའི་མིང་ལ་ཡེ་ཤེས་ཚེ་རིང་ཟེར། ཁོམ་པ་ཡོད་དུས་ང་ལ་ཁ་པར་གཏང་རོགས"ཟེར། མོས"ངའི་མིང་ལ་ལྷ་མོ་ཟེར། ཁྱོད་ཀྱིས་ང་མ་བརྗེད་པ་བྱ་རོགས"ཟེར་བཞིན་ཁོ་ལ་སླར་ཡང་འོ་ཞིག་བྱས་ཏེ་ཁོ་དང་ཁ་བྲལ།

མོས་སྐྱ་རེངས་ལ་དུས་ཆད་བཏབ་པ་བཞིན་རྫོང་མཁར་དེ་རྒྱབ་ཏུ་བསྐྱུར་ནས་འགྲོ་དུས། ཁོའི་ཁ་པར་ཨང་གྲངས་ངག་ནས་ཡང་ཡང་བཟླས་ཏེ་རྡོ་ལ་རི་མོ་ཇི་བཞིན་ཡིད་ངོར་དམ་པོར་བཟུང་ཞིང་། འབྲལ་ཁ་མ་དེར་ཁོ་ལ་རང་གི་མིང་ངོ་མ་བཤད་མ་ཐུབ་པར་དུས་རྒྱུན་པར་སྨད་ཉོ་མཁན་ཚོར་བཤད་རྒྱུའི་མིང་རྫུན་མ་དེ་བཤད་པར་འགྱོད་པ་སྐྱེས།

ལྭ་བའི་ཐུ་སྣེ་སྤྲུགས་ཙམ་བྱས་ཏེ་ཡར་ལངས་ཤིང་ཐག་རིང་ལ་བལྟས་པ་ན། སྲིད་པའི་གངས་རྒན་རྨ་རྒྱལ་སྦོམ་ར་ནི་སྨུག་སྤྲིན་བརྒལ་ཏེ་བརྗིད་ཆགས་པའི་ངང་བར་སྣང་དུ་ཟུག་ཡོད་ཅིང་། མདུན་དུ་ས་ལམ་ནག་ཤར་རེར་ཡོད་པ་དེའི་ནང་དུ་གངས་སྐོར་བྱེད་མཁན་གྱི་སྐྱེ་བོ་མང་པོ་གཤར་ནས་འགྲོ་བཞིན་འདུག དེ་མཐོང་བ་དང་མོའི་དད་པའི་སྤུ་ལོང་རབ་ཏུ་གཡོས་ཏེ"དཀོན་མཆོག་གསུམ་པོ་མཁྱེན"ཞེས་སེམས་རྩེ་གཅིག་ཏུ་གསོལ་བ་བཏབ་ཅིང་ཐལ་མོ་སྦྱར་བ་དང་། སེམས་ལ་ཡེ་ཤེས་ཚེ་རིང་ཤར། གལ་སྲིད་དུས་འདིར་ཁོའང་མོའི་གམ་ན་ཡོད་པ་དང་། ཁོང་གཉིས་མཉམ་དུ་གངས་སྐོར་ལ་འགྲོ་རྒྱུ་བྱུང་ན་ཅི་འདྲའི་སྐྱིད་པ་ལ་ཨང་སྙམ། དེ་ནས་གངས་སྐོར་ཚར་རྗེས་ཁོ་ལ་ཁ་པར་གཏང་དགོས་པ་དང་། ཁོས་མོ་ལ་ཁ་ཡ་བྱེད་མིན་སོགས་ལ་བསམ་བློ་ཡང་ཡང་བཏང་རྗེས"བུ་མོ་ངས་ཚེ་སྔོན་ལས་ངན་པ་བསགས་ཏེ་ཚེ་འདིར་སྤྱོད་ངན་དེ་འདྲ་བསྒྲུབ་དགོས་བྱུང་ཡང་ད་ནས་བཟུང་གནས་དེ་འདྲར་སོང་ན་དཀོན་མཆོག་གསུམ་དང་དམ་པའི་ཆོས་མེད་པར་བྱས་པ་ཡིན"ཞེས་ཤུབ་པར་སྨྲས་ཏེ་སེམས་ཐག་ཆོད་པོས་དམ་བཅའ་བཞག

གངས་སྐོར་གྱི་ལམ་དུ་རྒས་འཁོགས་འགའ་རེས་མོའི་ཕྱོགས་སུ་མཐེ་བོང་སྒྲེང་བཞིན་བསྟོད་པ་བྱས་ཤིང་ལས་ལམ་ལ་འགྲོ་བའི་ཁ་གཡང་བརྗོད་པ་དང་། ཡང་མོ་དང་ན་མཉམ་པའི་གངས་སྐོར་བ་འགའ་རེས་མོ་ལ་གྲོགས་མོ་ཞིག་གི་ཚུལ་གྱིས་ཁ་བརྡ་སྣ་ཚོགས་བྱས་པས། ལམ་གང་བོར་ངལ་དུབ་ཀྱི་ཚོར་བ་ཅི་ཡང་མ་བྱུང་བར་མ་ཟད་ཕྱིར་རང་ཁྱིམ་དུ་ལོག་པ་ལྟ་བུའི་ཚོར་བ་ཞིག་ཀྱང་བྱུང་། མོས་གངས་ཁྲོད་ཀྱི་འཁྱག་གྲང་དང་། རླུང་བུ། སྨུག་སྤྲིན། གངས་ཆུ་སོགས་ཀྱི་ཁྲོད་ནས་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེའི་ནང་གི་ཚ་སྨུག་དང་། འཁུན་སྒྲ། འགྱིག་སྒྲེའུ། ཞེ་མེར་བྱེད་ཀྱི་ཁུ་བ།སྨད་ཉོ་མཁན་ཚོའི་ལུས་སྟེང་དང་ཁ་ནང་གི་དྲི་སྣ་ཚོགས། འཛེར་སྐད། བརྙས་སྨོད། ག་ཞ། ཆང་གིས་བཟི་རྗེས་ཀྱི་སོ་གཉེར། རྨི་ལམ་ངན་པ། ཁེར་རྐྱང་གི་སྡུག་བསྔལ་སོགས་རེ་ཞིག་བརྗེད་པར་གྱུར། གངས་སྐོར་དུ་འགྲོ་མཁན་འགའ་ཞིག་གིས་དེ་སྔ་གངས་ཏི་སེར་གངས་སྐོར་ལ་སོང་བའི་སྐོར་བཤད་པ་ན་རྗེས་མར་མོ་རང་ཡེ་ཤེས་ཚེ་རིང་དང་མཉམ་དུ་དེར་འགྲོ་རྒྱུ་བྱུང་ན་སྙམ།

དེ་ལྟར་ཉིན་དགུའི་རིང་ལ་རྨ་ཆེན་གངས་རིར་སྐོར་བ་གསུམ་བྱས་རྗེས། མོ་རང་གངས་འདབས་སུ་དགེ་རྩ་སྒྲུབ་མཁན་གྱིས་ཕུབ་པའི་གུར་ཞིག་གི་ནང་དུ་སོང་ཞིང་དེ་ནས་རྩམ་པ་ཟོས་ཏེ་འོ་ཇ་འཐུང་བཞིན་པའི་སྐབས་སུ་ལུས་ཀྱི་རྩ་རྒྱུས་ཐམས་ཅད་བྱིས་དུས་ཀྱི་རྩེད་རའི་ནང་ནས་རྩེད་རོགས་ཤིག་གིས་འཐེན་པ་ཇི་བཞིན་ཡིད་ལ་དབང་མེད་དུ་རང་ཁྱིམ་ཤར་ནའང་། ཐག་རིང་གི་འབྲོག་ཁྱིམ་དེ་རུ་ཕུ་བོ་དང་མནའ་མ་གཉིས་ལས་སུ་ཡང་མེད་པ་དྲན་ནས་སླར་ཡང་སེམས་པ་འཁྱག་སིབ་བེར་གྱུར་ཅིང་། རྩེད་ར་དེ་མདུན་དུ་ལྡང་བཞིན་པའི་གངས་རླུང་འཚུབ་མ་དེ་དང་ལྷན་ཅིག་མི་སྣང་བར་གྱུར་སོང་།
  ལོ་ངོ་དུ་མའི་སྔོན་དུ། མོའི་ཕ་མ་གཉིས་སྔ་གཞུག་ཏུ་ཚེ་ལས་འདས་པ་དང་། ཨ་ཁུས་ཕུ་བོར་ཁྱིམ་ཚང་སྐྱོང་དུ་བཅུག་ཅིང་མོ་རང་མི་ཁྱིམ་ཕྱུག་པོ་ཞིག་གི་ཕྱུགས་རྫིར་བཞག ལོ་ངོ་གཉིས་ཀྱི་རྗེས་ནས་མོ་མི་ཚང་དེ་ནས་བྲོས་ཏེ་ཇོ་མོ་བྱས། ཕར་བྲོས་ཚུར་བྲོས་མང་པོ་བྱས་ཏེ་ད་ལྟ་གང་ལ་འགྲོ་དགོས་སམ། ལམ་གྱི་སྣེ་མོ་ན་སེམས་ལྷོད་པོས་སྡོད་ཆོག་སའི་གནས་ཤིག་ཨེ་ཡོད་དམ། མོས་དེ་ལྟར་སྙམ་གྱིན་གྲོང་དུ་བསླེབས་རྗེས་ཁ་པར་ཞིག་དང་བྱང་བུ་ཞིག་ཉོས་ཏེ་ཡེ་ཤེས་ཚེ་རིང་ལ་ཁ་པར་གཏང་དགོས་སྙམ་ནའང་སྡོད་འབངས་དཔང་ཡིག་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེའི་སྦྱིན་བདག་གི་ལག་ན་ཡོད་པ་དྲན་ནས་སེམས་པ་བློང་བློང་བོར་གྱུར་ཅིང་། སླར་ཡང་ཁང་ཆུང་དེའི་སྒོ་མོ་རྡུང་བའི་སྒྲ་དྲག་པོ་དེ་དང་རྒས་འཁོགས་འཆི་ལ་ཉེ་བ་རེའང་འཁར་བར་བརྟེན་ནས་དེའི་ནང་དུ་འོང་བ་སོགས་ཡིད་ལ་ཤར། གལ་སྲིད་སྡོད་འབངས་དཔང་ཡིག་མེད་ཚེ་དངུལ་ཁང་ནས་དངུལ་བྱང་ཞིག་ཀྱང་བཟོ་མི་ཐུབ་པས་ཅིས་ཀྱང་དེ་ཕྱིར་ལོན་པ་བྱ་དགོས་སྙམ་ཞིང་དེའི་འཕྲོར་ཁ་པར་ཞིག་དང་བྱང་བུ་གསར་བུ་ཞིག་ཉོས་ཏེ་ཁ་པར་དང་པོ་ཡེ་ཤེས་ཚེ་རིང་ལ་གཏང་དགོས་པར་སྙམ། 
  མོས་ག་ལེར་སྦྱིན་བདག་གི་སྒོ་རྡུང་དུས་ལག་ཕྱིས་གློ་སྐྱ་ཞིག་མགོ་ལ་དཀྲིས་པ་དང་ཁ་ཐུམ་དཀར་པོ་ཞིག་བརྒྱབ་ཡོད་ལ། དབུགས་ཧལ་བའམ་ཐང་ཆད་པ་གང་ཡིན་ཆ་མ་འཚལ་མོད་ནང་གི་ཁ་རླངས་ནི་ཁ་ཐུམ་བརྟོལ་ནས་མོའི་མདུན་ཐད་དུ་ཁྱབ་འདུག སྒོ་ཕྱེ་མཁན་ནི་ཏག་ཏག་སྦྱིན་བདག་གི་བུ་མོ་ཡིན་པ་དང་། ནང་ན་མི་ལྔ་དྲུག་ཅིག་གིས་ཤོག་ཤོ་རྩེད་བཞིན་འདུག མོས“ཨ་ཅེ་གསེར་མཚོ་ཁྱོད་འདིར་ཤོག་དང”ཅེས་བོས་པ་ན་བུད་མེད་རྒྱགས་པ་གསེར་སོ་ཅན་གདོང་ལ་སྐེག་ཚོས་བྱུགས་ཤིང་བྱུ་རུའི་སྐེ་རྒྱན་ཅན་ཞིག་སྒོར་ཡོང་བ་དང་། ཤོག་ཤོ་རྩེད་མཁན་སྐྲ་ལོ་རིང་པོ་ཅན་ཞིག་གིས“ཨ་རོ། གསེར་མཚོ། དེ་དགོང་མོ་ང་སར་ཁྲིད་ཤོག”ཟེར། གཞན་པ་ཞིག་གིས་མོའི་རྗེས་སུ་སྐད་མཐོན་པོས“ཁ་ལ་གཞས་ལེན་ན་ལ་གཞས་ལེན”ཞེས་ལེན་མགོ་ཚུགས་ཤིང་ཚང་མ་ཧབ་ཆ་དི་རེར་བགད།

གསེར་མཚོས“བྱང་ཆུབ་སྒྲོལ་མ། ངས་ཁྱོད་ལ་ཕྱིར་འོང་མི་འདུག་སྙམ་ནས་སེམས་ཁྲལ་བྱས་པ་ཡིན། ཁྱེད་ཀྱི་ཁྱིམ་མི་ཚང་མ་བདེ་མོ་ཡིན་ནམ། ཁྱོད་ཀྱི་ཁང་པའི་ནང་ལ་གསར་དུ་བསླེབས་པའི་བུ་མོ་ཞིག་བསྡད་ཡོད་པས། དེ་དགོང་ཁྱོད་ཞའོ་ཧོང་གི་གམ་ནས་སྡོད་དང་སང་ཉིན་ངས་ཁང་པ་ཞིག་བཀོད་སྒྲིག་བྱ”ཟེར། སྤྱིར་བཏང་དུ་སྨད་ཉོ་མཁན་ཚོའི་གམ་ནས་གསེར་མཚོས་མོ་ལ“ལྷ་མོ”ཞེས་འབོད་ནའང་སྐབས་འདིར་མོའི་སྡོད་འབངས་དཔང་ཡིག་ཏུ་བྲིས་པའི་མིང་དེ་བོས་པས་སྐབས་དེ་ཏག་ཏག་ལ་མོ་རང་སྨད་ཚོང་མ་ཞིག་མིན་པ་འདྲ།

“ཨ་ཅེ་ལོ་ལོ། ང་ལ་སྡོད་འབངས་དཔང་ཡིག་ཕྱིར་སྟེར་རོགས། ཁྱོད་ང་ལ་དྲིན་ཆེན་ཡིན་ཡང་ད་ནི་ང་རང་གནས་འདི་ནས་འདུག་མི་འདོད། ཁྱོད་ཀྱི་ལག་གི་དངུལ་དེ་དག་ཀྱང་མི་དགོས”ཞེས་སྨྲས་པ་ན། གསེར་མཚོས་ཁྲེལ་དགོད་ཅིག་བྱས་པ་དང་དེ་ནས་ཅི་ཡང་མི་སྨྲ། ར་སྐོར་གྱི་ནང་དུ་སྨད་ཉོ་མཁན་རྣམས་ནི་འཚང་ཁ་ཤིག་ཤིག་གིས་འདུས་ཡོད་ཅིང་གསེར་མཚོས་མོའི་ཕུ་ཐུང་ནས་འཇུས་ཏེ་མོ་ཤོག་ཤོ་རྩེད་སའི་ཁང་བ་དེའི་གམ་གྱི་ཁང་མིག་ཅིག་ཏུ་ཁྲིད།
  “དང་པོ་ཁྱོད་འདི་ནས་འདུག་དུས་ཅི་ཞིག་ཁས་བླངས་པ་ཡིན། ལོ་གསུམ་ལ་འདུག་ཅེས་ཁས་བླངས་ཡོད་པ་མིན་ནམ། ད་ལྟ་ལོ་གསུམ་ལྟ་ཅི། ལོ་གཅིག་ཀྱང་ལོན་མི་འདུག་ཨང་། ཁྱོད་ལ་ཕྱིའི་སྐྱེ་གཟུགས་ཅུང་ཙམ་ཡོད་བསམ་ནས་ང་རྒྱལ་བྱེད་ཀྱིན་ཡོད་དམ། ཁྱོད་སྐྱེ་གཟུགས་ཅི་ཙམ་མཛེས་ཀྱང་སྨད་ཚོང་མ་ཞིག་ཡིན། ཁྱོད་འདི་ནས་བུད་སོང་ཚེ་དེ་ཆུ་ཡིས་བཀྲུས་པ་ལྟར་དག་འགྲོ་ཨེ་བསམ། ཧ་ཧ”

མོས་མགྱོགས་པོར་ཁ་ཕྱིར་འཁོར་ཏེ་སྒོར་བུད་ནས་བརྒྱུགས་ཡོང་བ་ན། ལྟག་རྒྱབ་ན་གསེར་མཚོའི“ཇོ་ལོག་མ། ངོ་ཚ་རྒྱུ་མེད་པའི་ཇོ་ལོག་མ།”ཟེར་བའི་སྐད་དེ་གྲང་ལྷགས་ཀྱི་ཤུ་སྒྲ་དང་ལྷན་ཅིག་གྲགས་པ་དང་། རྒྱ་སྒོ་ན་ཚུར་བརྒྱུགས་ཡོང་བའི་སྦག་སྦག་ཅིག་གིས་ཅུང་མིན་ན་མོ་ལ་རྡུང་ག་བརྒྱབ།
  སྲང་གི་མགོ་རྔ་ཐམས་ཅད་སྨག་ནག་པོ་ཞིག་གིས་བཟུང་འདུག་ལ། སྲང་ཉུལ་བ་ཐར་ཐོར་རེ་ཡོད་པ་གཅིག་གིས་གཅིག་ལ་བཀྱེད་ནས་འགྲོ་ཞིང་། སྦག་ཞོན་ཞིག་གིས་མོའི་རྗེས་དེད་ནས་འོང་། མོས་རང་ལ་སྦྱིན་བདག་གིས་གཤེ་གཤེ་གཏོང་བ་ཇི་བཞིན་མི་དེ་ལ་དམོད་ཚིག་འགའ་སྨྲས་པ་ན་ཁོ་རང་མདའ་འཕངས་པ་ལྟར་བརྒྱུགས་སོང་བ་དང་། ལྡིར་སྒྲ་གྲགས་པོ་དེ་སྐར་ཆ་འགའི་རིང་ལ་གྲང་ངར་ཆེ་བའི་སྲང་ལམ་དེར་ཁྱབ་བསྡད།
  མཚན་མོ་དེར་མོ་རང་སླར་ཡང་ཞག་གཅིག་ལ་སྒོར་ལྔ་བཅུ་ཅན་གྱི་མགྲོན་ཁང་རྫོབ་པོ་ཞིག་ནས་བསྡད་པ་དང་། ཕྱི་ཉིན་ཁྱིམ་མཚེས་ཀྱི་རྫོང་མཁར་དེར་སོང་ནས་ཞབས་ཞུ་མ་བྱ་རྒྱུ་ཐག་གིས་བཅད་པར་མ་ཟད། རང་ལ་དངུལ་ཉུང་ཙམ་ཡོད་པ་དེས་ཕྲེང་བ་ཞིག་དང་། མེ་ལོང་ཞིག ཡག་ལས་བྱེད་སྤྱད་འགའ། ད་དུང་བོད་ཡིག་གི་སྒྲུང་དེབ་འགའ་ཉོ་དགོས་པར་སྙམ།
  དེ་ནས་མོས་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་དེ་དང་འབྲལ་རྒྱུ་བྱུང་བའི་སྐྱིད་སྣང་སེམས་སུ་སྒོམ་གྱིན་བསྟུད་མར་གཉིད་ཅོག་འགའ་བརྒྱབ། རྨི་ལམ་དུ་མོ་རང་ཁོང་ཚང་གི་སྦྲ་རྒྱབ་ཀྱི་བྲག་ངོས་སུ་བྲག་སྟར་འཐུ་བར་འགྲོ་བཞིན་ཡོད་ལ། བྲག་བར་གྱི་ལམ་ཕྲན་གསལ་ལ་མི་གསལ་བ་དེ་དེད་ནས་ཡར་འགྲོ་བཞིན་པའི་སྒང་ལ་དེ་ནས་སྦྲུལ་ཞིག་མངོན་ཨེ་ཡོང་ངམ་སྙམ་ནས་ཞེད་སྣང་སྐྱེ་བཞིན་ཡོད། མོས་སྤེན་མ་ཚོམ་པོ་ཞིག་ལ་འཇུས་ཏེ་བྲག་ངོས་གཟར་བོར་སྐྱེས་པའི་བྲག་སྟར་ཚོམ་བུ་ཞིག་ཡོད་པ་དེ་ལ་ལག་པས་ཨེ་རྩེབས་ལྟ་བཞིན་པའི་སྐབས་སུ་བུད་མེད་ཅིག་གིས་མོའི་མིང་ནས་བོས་པ་དང་དེ་ནི་མོའི་རྨོ་མོའི་སྐད་རེད།
  “མེ་ཏོག ཁྱོས་དེ་ན་ཅི་བྱེད་ཀྱི་ཡོད། ཁྱོད་ལྷུང་འགྲོ་སྲིད། སྡོད་དང་རྨོ་མོ་མྱུར་བར་ཡོང་། མ་འགུལ། མ་འགུལ”
  མོས་ལག་པས་བྲག་སྟར་ཚོམ་བུ་དེའི་ནང་གི་རེ་གཉིས་ཙམ་འཐུ་ཐུབ་ཙམ་བྱུང་སྟེ་ཁ་ནང་དུ་འཇུག་གྲབས་བྱེད་པའི་སྒང་ལ། དེ་ག་ནས་མར་འགྲིལ་ཏེ་འཇིགས་དངངས་ཆེན་པོ་བྱུང་བ་དང་། གཡང་གཟར་རམ་ཡང་ན་མཐིལ་མེད་པ་ཞིག་གི་ནང་དུ་ལྷུང་འགྲོ་ཞིང་། ཇི་ལྟར་འཕག་འཚག་བྱས་ཀྱང་ཐབས་མེད་པ་ལྟ་བུར་མངོན།

དེ་ལྟར་མོས་གཉིད་མ་སད་ཀྱི་ངང་དུ་དབུགས་ཧལ་ཧལ་བྱེད་ཀྱིན་པའི་སྒང་ལ། སླར་ཡང་སློག་ཚར་དྲོན་པོ་ཞིག་གིས་བཏུམས་པ་བཞིན་མོའི་གཉིད་ཀྱི་སྣང་བ་ཇེ་མཐུག་ལ་སོང་ཞིང་། རྨོ་མོས་མོ་རང་གི་དཀར་ཡོལ་ཆུང་ངུ་ཨ་ཕས་བླ་བྲང་ནས་ཉོས་ཡོང་བ་དེའི་ནང་དུ་མར་ལོ་ཞིག་བཞག་སྟེ་མོའི་གམ་ལ་ཁྱེར་ཡོང་བ་དང་། “བྲག་ནས་འགྲིལ་སོང་ཡང་སྐྱོན་མི་འདུག ལྟོགས་ཀྱིན་ཡོད་ན་འདི་ཡིས་ཕྱེ་མར་ཞིག་བརྫིས་ཏེ་ཟོ་ཞིག”ཟེར། མོས“ང་ལ་རྨོ་མོས་བརྫི་དགོས”ཟེར་བ་དང་། དེ་ནས་ཡང་ཁྱིམ་དུ་འགྲུལ་བ་མང་པོ་ཞིག་བསླེབས་ཏེ་རྨོ་མོ་དང་ཁྱིམ་མི་རྣམས་ཀྱི་ངོ་གདོང་མི་གསལ་བར་གྱུར་ཅིང་། མོ་སླར་ཡང་བྲག་ནས་མར་ལྷུང་བཞིན་པ་ལྟ་བུའི་འཇིགས་དངངས་ཀྱིས་དེད་ནས་ཡོང་།
  
          ཟླ་གཉིས་ཀྱི་རྗེས་སུ།

དཔྱིད་མགོ་མའི་ཉི་ཟེར་ཕྲ་མོས་ཉི་མ་ལྷ་ས་ཟེར་བའི་བོད་ཟས་ཁང་དེའི་སྒེའུ་ཁུང་གི་ཐེམ་པའི་སྟེང་གི་ཁ་བ་བཞུས་ཏེ་རླངས་པ་དྲོན་པོ་ཡར་འཕྱུར་གྱིན་འདུག་ལ། བོད་ལུགས་ཀྱི་ཤིང་སྒོ་ཆེན་པོ་དེ་ཕྱེ་ནས་ནང་དུ་བལྟས་ཚེ་འདུག་གནས་རེ་གཉིས་ལས་གཞན་ཐམས་ཅད་སྟོང་བར་ཡོད་པས་ཁུ་སིམ་མེར་གནས། གཡས་ཕྱོགས་ཀྱི་ཚོང་སྟེགས་དང་ཉེ་བའི་ས་ན་རྣ་བ་སྲབ་ལ་ཀེར་ཅིང་སྨིན་མ་གནག་ཅིང་ཕྲ་བ་དང་། མིག་དཀྱུས་རིང་ཞིང་མིག་འབྲས་གསལ་ལ་དྭངས་པ།མཁུར་རུས་སྲབ་ལ་མཛེས་ཤིང་མཁུར་ཚོས་དམར་པོས་དྭངས་ཤིང་སྨུག་པའི་གདོང་ལ་ཕྲ་ལྟར་མཛེས་པར་བརྒྱན་པ། མཆུ་ལ་མཆུ་སྐག་དམར་སྐྱ་བྱུགས་པ། སྐྲ་ལོ་ནག་པོ་ཕྱི་ལ་དམར་སེར་གྱི་ཁ་དོག་ལྡན་ཅིང་མདུན་ཀྱི་ལན་བུ་དག་གིས་དཔྲལ་བའི་ཕྱེད་ཙམ་ཁེབས་ལ་རྒྱབ་ཏུ་ཚོམ་བུ་གཅིག་ཏུ་བསྡམས་ཡོད་པ། འགྲམ་པ་གཡས་པར་འཛུམ་ཀོང་དང་གཡོན་པར་སྨེ་བ་ནག་པོ་ཡོད་པའི་བུ་མོ་ཞིག་གིས་སྲང་ནས་ཉོས་ཡོང་མ་ཐག་པའི་ཁ་པར་གྱི་བྱང་བུ་ཞིག་ལ་ཡར་ལྟ་མར་ལྟ་ལན་འགར་བྱས་རྗེས་ཚོང་སྟེགས་ཀྱི་འཐེན་སྒམ་གང་རུང་ལས་ཁ་པར་ཞིག་བླངས་ཡོང་སྟེ་དེར་བྱང་བུ་བཅུག་ཅིང་། གོམ་པའི་འདེགས་འཇོག་དལ་བུར་སྒྱུར་བཞིན་སྤྲོ་བ་དང་བཅས་ཟ་ཁང་གི་སྒོར་བུད།

ཁང་ཀླད་ནས་མར་འཛག་པའི་ཆུའི་ཐིགས་པ་འགའ་ཞིག་མོའི་ཚི་ལེན་དམར་སྐྱ་སྒྲོག་གུ་ནག་པོ་ཅན་དེའི་གོང་བའི་བར་ནས་མར་བཞུར་ཅིང་དེས་ཅ་སྐུད་ཀྱི་ཕྱག་མདུད་ཁ་དོག་ཡལ་བ་ཅན་ཞིག་བཏགས་ཡོད་པ་དེ་བརྟོལ་ནས་བྲང་ལ་བཞུར། རློན་སྣང་དེ་དང་བསིལ་སྣང་དེས་མོ་ལ་གཙེས་མ་བྱུང་ཡང་མོས་མགོ་བོ་བཏེགས་ཏེ་དེ་ཕྱོགས་ལ་ལྟ་ཙམ་བྱས་རྗེས་དེ་ལ་བཀྱེད་ཕྱིར་གོམ་པ་འགའ་སྤོས་པ་ན་ཁ་པར་གྱི་སྒོ་ཕྱེ་བྱུང་བ་དང་། ཀྲུང་གོ་དབྱི་ཏུང་ཟེར་བའི་གམ་དུ་བརྡ་རྟགས་མཚོན་བྱེད་ཀྱི་རྟགས་དེ་དག་ཀྱང་ཡོངས་སུ་གང་འདུག མོས་ཡུན་རིང་བོར་བློ་ལ་བཟུང་བའི་ཁ་པར་ཨང་གྲངས་དེ་མནན་ནས་ཁ་པར་བཏང་བ་ན་ཕར་ཕྱོགས་ཀྱི་ཡེ་ཤེས་ཚེ་རིང་གིས་ཁ་གྲགས་བྱུང་།
  “ཨ་རོ”
  “ཨ་རོ། ཁྱོད་ཡེ་ཤེས་ཚེ་རིང་ཡིན་ནམ། ང་ལྷ་མོ་ཡིན། ང་གངས་སྐོར་ལ་སོང་ནས་ཕྱིར་བསླེབས་ཡོད།”དེའི་རྗེས་སུ་མོས་ཁོ་ལ་རང་གི་མིང་ངོ་མར་མེ་ཏོག་ཟེར་བ་དང་། ད་ལྟ་གནས་གང་དུ་ཡོད་པའི་སྐོར་སོགས་བཤད་དགོས་པར་སྙམ། གྲང་སྣང་ཅུང་ཙམ་ལས་མེད་ནའང་མོའི་ངག་ལ་འདར་ཆ་བབས་འདུག
  “ལྷ་མོ། ད་ངས་ཁྱོད་ལ་ཇི་ལྟར་བཤད་དགོས་པ་མི་ཤེས། འུ་གཉིས་ཀ་ཚར་འདུག ཡིན་ཡང་ངས་ཁྱོད་ལ་ལེ་བདའ་མི་བྱེད། དཀོན་མཆོག་གསུམ་པོ་མཁྱེན”
  མོ་རེ་ཞིག་ལྐུགས་པར་གྱུར་ཅིང་། ལུས་པོ་སྦྲིད་ནས་སེམས་ལ་ཅི་ཡང་དྲན་རྒྱུ་མ་བྱུང་བ་དང་དོན་ཅི་ཞིག་བྱུང་བ་ཤེས་འདོད་དེ། 
  “ཅི་རེད”ཅེས་དྲིས།
  “ཁྱོད་ཀྱིས་ང་ལ་ཨེ་ཙི་ཞེས་པའི་ནད་ངན་པ་དེ་བགོས་འདུག”
  མོའི་མིག་ལམ་རབ་རིབ་ཏུ་གྱུར་ཅིང་། བྱེའུ་ཆུང་ཞིག་མོའི་ཕྲག་ཁར་བབས་ཏེ་གཤོག་རྡེབ་ལན་འགར་བྱས་རྗེས་ཐག་རིང་ལ་འཕུར་སོང་།

མོའི་ལག་གི་ཁ་པར་སར་ལྷུང་ཞིང་། ཡུད་ཙམ་ལ་ཧད་དེ་བསྡད་པ་དང་། མཐར་སླར་ཡང་གངས་སྐོར་ལ་ཐེངས་ཤིག་འགྲོ་རྒྱུ་བྱུང་ན་ཅི་མ་རུང་སྙམ། 
  
                                        2015 1 12 ཁྲིན་ཏུའུ་ནས་བྲིས།

རྩོམ་འདི་དང་པོ་བོད་ཡིག་གི་དུས་དེབ《མི་རིགས་ཀྱི་རྩོམ་རིག》ཏུ་བཀོད་པ་དང་། དེ་རྗེས་ལོ་ཙཱ་བ་བསྟན་འཛིན་བདེ་སྐྱིད་སོགས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་རྗེས་ཨ་རིའི་ORཔར་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དབྱིན་ཡིག་གི་སྒྲུང་དེབ《Old Demons New Deities》ཞེས་པར་བཀོད་ཡོད།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།