མ་ཡ་ཁོབ་སི་ཀི་ལ་སྤྲིངས་པ། སྙན་ངག་རིང་མོ།

རེ་རྐང་གླིང་གིས་བསྒྱུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-03-02

                          མ་ཡ་ཁོབ་སི་ཀི་ལ་སྤྲིངས་པ།

སྒྱུ་རྩལ་བརྩམས་ཆོས་དུས་ནམ་ཡང་བརྩམས་ཆོས་དེ་ལྟ་བུ་ཞིག་ཡིན་དགོས་པ་ནང་བཞིན། སྐྱེ་བ་རྗེས་མར་འདས་ལོག་རྒྱག་ཐུབ་སྟེ།  གཞན་གྱིས་ཁས་མི་ལེན་པ་དང་ཁས་ལེན་པའི་དུས་རབས་གང་མང་ཞིག་གི་གཤིན་རྗེ་ཕྲང་ལམ་བརྒྱུད་དགོས།                                                                                     -- ཡ་པའོ་ལའོ་ཁི། 

                  ཅིས་ཏེ་མཱ་ཅ་ཡིས་བརྩམས།  རེ་རྐང་གླིང་གིས་བསྒྱུར།

ཁྱོད་ཀྱིས་ལུང་བསྟན་པ་ནང་བཞིན རུས་རྐང་གཟེར་བའི་ལྷགས་ངར་ལྡང་ཡོང
ཁྱོད་ཀྱི་ཟངས་སྐུ་ཁྲོམ་དཀྱིལ་ཐང་ཆེན་དུ་ཀྲོང་ངེར་འགྱིང
མི་རྣམས་ཕར་ཚུར་འགྲོ་ཞིང སྐྱེ་འཆི་གཉིས་ཉི་མ་རེ་རེ་བཞིན་འབྱུང
དུས་ཡུན་རིང་མོ་ཞིག་ལ ཁོ་ཚོ་སྟེ
སྔོན་ཆད་སྨྱོ་བ་ལྟར་ཁྱོད་ལ་དད་སེམས་ཤོར་བའི་མི་དང
ཁོ་ཚོའི་བུ་རབས་ཚ་རྒྱུད་དག་གིས་བག་མེད་རྒྱས་སྤྲོས་ཁྲོད
རིམ་གྱིས་ཁྱོད་རང་ས་རྡུལ་སྤུངས་པའི་ཀླད་རྒྱབ་ཏུ་གཡུག
འཇིམ་སྐུ་དེ་ཡི་གྲིབ་མའི་འོག་ཏུ  
གློ་ནད་ཀྱིས་ལུ་བའི་འབག་ཙོག་གི་ལུད་པ་དེ་ནམ་ཡང་མཐོང་མི་ཐུབ་ལ
གཞང་འཚོང་མས་ཟོག་པོ་གཞོན་ནུ་དེ་དང་དགའ་མགུར་སྤྱོད་པའི་ལས་ཀྱང་མཐོང་རེ་སྐན
སྤྲིན་རུམ་དུ་ཟུག་པའི་གློག་རྡུལ་བརྡ་ཁྱབ་བྱང་བུ་དེའི་གཤམ་དུ
ཉལ་ཐ་འཚོང་མཁན་གྱི་ཁྲམ་པ་རྣམས་དང་མ་རྐང་འཇོག་སའི་ཚོང་རར་ལྐོག་ཇུས་འཐེན་མཁན་གྱི་མི་དག་གིས
མིའི་རིགས་ཀྱི་རེ་ཐག་ཆད་པའི་ངོ་གདོང་གྱང་ངོས་སུ་ལྡོག་འཕྲོ་བྱེད་དུ་བཅུག་ཡོད
དམའ་ས་ནས་ཡར་ལ་བལྟས་ན ཁྱོད་ཀྱི་ནག་རོག་གེ་བའི་བྲག་རྡོའི་ངོ་གདོང་གི
ཤ་རྒོད་རེ་རེའི་སྟེང་ན་ཡིད་ཆེས་ཀྱི་སྤོབས་པ་མངོན་ཡོད
གཡོ་མེད་གཏིང་ཟབ་ཀྱི་མིག་མདངས་སྔར་བཞིན་རང་ཉིད་ཀྱི་མདུན་ཕྱོགས་སུ་ཅེར
ནམ་ཞིག་ལ་མི་ཞིག་གིས་ཁྱོད་ཀྱི་མདུན་དུ་གོམ་མཚམས་འཇོག་ངེས་ཏེ
མ་འོངས་པར་ཐེ་ཚོམ་དང་མགོ་རྨོངས་ཐེབས་པའི་སྐྱོ་སེམས་ཅན་དེ་དག་དང
འཚོ་བའི་ཁྲོད་དུ་ད་དུང་རེ་བ་རྙེད་འདོད་ཀྱི་མི་དེ་དག
ཚང་མས་ཁྱོད་ཀྱི་ངོ་གདོང་ལས ཁོ་ཚོའི་དྲི་ལན་དེ་རྙེད་པར་འདོད
འདི་ཉིད་ཁྱོད་ཀྱི་རིན་ཐང་སྟེ ཡང་ན་ཁྱོད་ཉིད་ངེས་པར་གསོན་དགོས་པའི་རྒྱུ་མཚན་དེ་ཡིན་ངེས
ཁོ་ཚོས་ཁྱོད་ཀྱི་དཔྲལ་ངོས་སུ་ཁྱོད་ཀྱིས་མྱངས་ཟིན་པའི་བརྙས་བཅོས་དེ་དང
ཁྱོད་ཀྱིས་རང་ཉིད་ཀྱི་ལ་རྒྱ་དེའི་ཆེད་དུ་བཟོད་བསྲན་བྱས་པའི་སྡུག་བསྔལ་དེ་རྟོགས་པའི་འོས་མ་མཆིས་པ་ནི
ཁྱོད་རྣམ་ཀུན་རང་ཉིད་འདས་ལོག་གི་ཉིན་མོ་ཞིག་ཡོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་དེ
ཁྱོད་ཀྱི་གཟི་བརྗིད་ལ་གཏོགས་པའི་དུས་སྐབས་ཏེ
མ་འོངས་པའི་དུས་རབས་གསར་བའི་ནང་ཚ་ཚ་འུར་འུར་གྱིས་ཕེབས་ངེས་སོ

ཁྱོད་རང་ཕྱིར་ཕེབས་འོས་ཏེ བྱེད་སྟངས་གང་ཞིག་གི་ངོས་ནས་ཕེབས་ཆོག་པ་ནི
ང་ཚོས་སྔོན་ཆད་ནས་ཁྱོད་རང་ངོ་ཤེས  ཁྱོད་ཀྱིས་མི་རྣམས་ལ་ཤིན་ཏུ་ཆ་རྒྱུས་ལྡན་པའི
མདོག་སེར་བོའི་ཕྱི་གོས་ཐུང་ངུ་དེ་མནབ་དགོས་དོན་མེད
ཁྱོད་རང་མ་གཞི་ནས་ཁྱོད་རང་ཡིན་པས་སོ
ཁྱོད་རང་ནམ་མཁའ་ནས་ཕེབས་དང་ཆོག སྤྲིན་པའི་དོར་མ་ནི
འབྱུང་འགྱུར་རིང་ལུགས་པ་རེ་རེའི་མཚོན་རྟགས་མ་ཡིན
ངས་མཁྱེན་ཡོད་དེ ཁྱོད་ཉིད་གུ་བ་ལྰ་མ་ཡིན་ཞིང 
སངས་ཏེ་ནའོ་དེ་བས་ཀྱང་མ་ཡིན་ནོ
སྒེར་གཅོད་པ་དེ་དག་དང་འབྱོར་ལྡན་པ་དེ་དག་གིས་ཁྱོད་རང་བརྗེད་སླ་བ
སྐུ་ཉིད་ངེས་དོན་གྱི་སྙན་ངག་པ་ཞིག་ཡིན་པས་སོ
ཁྱོད་ཕྱིར་ཕེབས་པ་ནི གསར་བརྗེ་གར་པ་ཞིག་གི་མགོ་བོ་ཐུར་བསྟན་ནས་ལངས་པ་དེ་འདྲ་མ་ཡིན་པར
ལས་དབང་གིས་ཡང་བསྐྱར་གཟིགས་བཟོས་གནང་བའི་རྨིག་ལྕགས་དེ་ཡིན
ཁྱོད་རང་གྲོང་ཁྱེར་གྱི་གྲུ་ཁ་གང་ཞིག་ནས་ཀྱང  
གྲིབ་རིས་བཞིན་ཕེབས་དང་ཆོག ཁྱོད་ཀྱི་མཆུ་སྒྲོས་ཀྱི་རྡོ་ཡི་སྟ་རེས
སྲང་གི་རྡོ་བ་འོད་ལམ་ལམ་དེ་གཤགས་པ་ཡིས  སྒེའུ་ཁུང་རེ་རེས
མ་མཇལ་ཡུན་རིང་འགོར་བའི་རྣ་བ་འོན་ལ་ཁད་ཀྱི་སྐད་སྒྲ་སྒྲོག་ཐུབ
 
ཁྱོད་རང་ཐ་སྙད་དམུ་རྒོད་ཀྱི་ཞོང་ནུའུ་ཐོག་མ་སྟེ
ཁྱོད་ཁོ་ནས་ཆག་ཟིན་པའི་སྒལ་རུས་ཀྱི་འཕྲེད་གླིང་འབུད་ཤེས
སུ་ཞིག་གིས་དམག་འཁྲུག་དང་གསར་བརྗེ་ཡི་དུས་རབས་ནང
མོ་བ་ཁོ་ན་ལས་ལུང་སྟོན་པའི་ཚད་མའི་སློབ་དཔོན་མེད་ཅེས་བསྙད་ཐུབ
རྒྱན་པོ་འགྱེད་པ་མ་ཡིན་པར ཁྱོད་ཀྱི་རྣོ་ཞིང་དབལ་ཚ་བའི་ཕྱག་ཆ་དེ་ཁོ་ནས
འོད་ཟེར་དང་མུན་ནག་གི་འགྱིག་གཞོང་དགྲལ་ཐུབ དེ་དང་མཉམ་དུ
རྒྱུད་མང་གི་སྐར་ཁྱིམ་སྟེང་ནས ཐེ་གེའི་མོ་ལུང་ལ་གཟིགས་ཐུབ
སྤོས་ཤེལ་གྱི་ལག་པ་ཆེན་པོ་ཆ་གཅིག རླུང་དམར་གྱི་ཕོར་བའི་གཏིང་སར་བསྲིངས
འཁོར་སྦས་ཀྱི་ཞལ་ལྕེ་རྩུབ་མོས རྡོ་ཁབ་ལེན་གྱི་སྲབ་སྐྱོག་བསྒགས  
དེ་ནི་ཁྱེའུ་བཙས་མ་ཐག་པའི་ངུ་སྐད་དེ ལྷ་དཀོན་མཆོག་གིས
སྒོ་ཁའི་དྲིལ་བུ་དཀྲོལ་ཏེ ལས་དབང་གི་འགྲུད་བཞུད་མགོ་རྩོམ་དུ་བཅུག་པ་ལའང
 
ཁྱོད་རང་ཏག་ཏག་ཐོན་པའི་ཕོ་ཉ་བ་དེ་ཡིན་པར་ངེས་ཏེ
བླ་ན་མེད་པའི་མཆོད་དཔོན ཁྱོད་ཁོ་ནས་ཚེར་མའི་ཅོད་པན་སྤྲས
ཁྱོད་ཀྱིས་ལུང་བསྟན་པའི1916དེ1917ལས་ལོ་གཅིག་གི་ཧེ་བག་ཙམ་ལས་མེད
འཇིག་རྟེན་འདིའི་ཕ་བོང་ཆེན་པོ་དེས་རྦབ་ཏུ་མ་བསྒྲིལ་སྔོན་གྱི་ངར་སྒྲ་སྒྲོག
བླུན་པོ་དེ་དག་གིས་སྔོན་ཆད་ཁྱོད་ཀྱི་སྦྱོར་བར་ཧབ་དགོད་བྱས་མྱོང་ལ
ཐ་ན་ཁྱོད་རང་རྫུན་གྱི་རྒྱ་གྲམ་སྟེང་ལ་འཛེར་རྒྱུ་བྱས
ཁོ་ཚོས་ཁྱོད་རང་མཆོད་རྟེན་གྱི་རྩེ་མོར་འགྲེང་སྟེ
དུས་རབས་གསར་བའི་མེ་ལྕེ་འབར་ལ་ཉེ་བ་མཐོང་ཡོད་པ་ག་ནས་ཤེས
ཐ་ན་ད་ལྟའི་དུས་སུའང  
སྐྱེས་པོ་མཐའ་དག་གིས་ཁྱོད་ཀྱི་གཞལ་དཀའི་རིན་ཐང་དེ་རྟོགས་མི་སྲིད
འགྲོ་བ་ཐམས་ཅད་ཀྱིས ཁྱོད་རང་ཤི་བར་གྱུར་ཏེ འདས་ཟིན་པར་གཏོགས་ཡོད་སྙམ
ཡིན་ན་ཡང འདི་ཉིད་དོན་དངོས་ཤིག་མ་ཡིན་ཏེ  རྒྱུ་མཚན
ནམ་ཞིག་མི་ཕལ་ཆེ་བའི་བསྡོམས་ཚིག་དང་ཐ་དད་པའི་བསམ་བློ་ཞིག་འབྱུང་ངེས་ཏེ
དེ་ཉིད་ཡང་ན་ཁྱོད་དང་དཔུང་བ་མཉམ་གཤིབ་ཏུ་འགྲོ་བའི་བུད་མེད་དེ་ཡིན་ངེས
ཚི་ཝེ་ཐ་ཡེ་ཝ་ཡིས་སྔོན་ཆད་གསུངས་མྱོང་བ
༼སྟོབས་ཤུགས   གནས་དེ་རུ་ཡོད་པ་ལའང༽
ཐེ་ཚོམ་བྱ་མི་དགོས་ཏེ འདི་ཉིད་དེང་གི་འགྲན་ཟླ་བྲལ་བའི་མཁས་མཆོག་ཅིག་གིས
རིགས་སུ་གྱུར་བ་གཞན་ཞིག་ལ་ཟོལ་མེད་ཀྱི་ཁག་ཐེག་བྱས་པ་དེའོ
ཡིན་ནའང སྐད་ཆ་འདིའི་དོན་དུ ཁོ་མོས་བློས་གཏོང་བྱས་ཡོད་དེ
རང་གཉིས་ཀ་རྐང་མགྱོགས་མིར་དཔེ་བཀོད་ཅིང
ཁྱེད་རང་གཤེགས་རྗེས་སུ མངོན་སུམ་འཛེམས་མེད་དུ་ཁྱོད་ཀྱི་སྙན་ཚིག་གྱེར་ཞིང
ཁྱོད་ཀྱི་ཆེད་དུ༼རྒྱ་གྲམ་དང་དུད་ཁུང་ལས་ཀྱང་མཐོ་བའི་་་་༽ཞེས་པ་དེ་བྲིས
1932ལོར་ཁྱོད་དང་འབྲེལ་ཡོད་ཀྱི་སྙན་ཚིག་གི་ཞུན་ཐར་ཆོད་པའི་ཡི་གེས
ཨུ་རུ་སུའི་སྙན་ངག་ལོ་རྒྱུས་སྟེང་གི་ཁྱོད་ཀྱི་གོ་ས་དེ་ལ་བསྟོད་གླུ་ཕུལ་ཡོད
ད་ལྟ་ཁྱེད་གཉིས་ཀ རང་གིས་བཏགས་པའི་རྒྱལ་ཁམས་ཕུང་གསུམ་པ་དེར་འཚོ་བཞེས་གནང་གིན་ཡོད 

དེ་ག་ལྷ་ཡུལ་མ་ཡིན་ཞིང  དམྱལ་བའང་མིན་མོད  
མི་ཉིད་འཚོ་བཞུགས་ཀྱི་དུས་སུ ཀུན་གྱིས་ཐག་ཉེ་འདེམས་པའི་སྦྱོར་བ་ལྟར
རང་ཉིད བཀྲོངས་པ་ཡིན་ནོ
དེ་ལ་ཁྱོད་ཚོ་ཁོ་ནས ད་གཟོད་རང་ཉིད་ཀྱི་སྟོབས་ཤུགས་ལ་ཁ་ལོ་བསྒྱུར་ཐུབ་པ
རང་གིས་བཏོན་པའི་བསྡོམས་ཚིག་དེ་དང་ཆ་འདྲ་བ་སྟེ
མི་ནང་བཞིན་འཚོ་དགོས་ལ སྙན་ངག་པ་ནང་བཞིན་འཆི་དགོས་པའོ

ཁ་སང་ཡིན་ནམ
ཡང་ན་ཁ་སང་ལས་ཀྱང་གཏི་ཐུག་གི་ཉིན་སྔོན་མ་དེ་ཡིན་པ་མ་ཤེས་མོད
ཁྱོད་ཀྱི་མ་འོངས་པའི་མགྲིན་པ དུས་ཚོད་ཀྱི་གཏའ་མ་ཁང་དུ་གཏའ་མར་བཞག
ལྕི་བའི་བུ་ལོན་ལ་བཏང་བས་ཀྱང ཁྱོད་ཀྱི་ལུང་བསྟན་རང་བཞིན་གྱི་སྙན་ཚིག་ཟུངས་ཁྲག་ལས་ཀྱང་དམར
འདི་ཉིད་དུས་ཀྱི་བགྲོད་པའི་གཡང་གཟར་ཏེ 
རབ་ཁ་འདི་ཡིས་མི་ཡི་སྙིང་རྩ་འདར་བར་བྱེད
བློ་སྟོབས་དང་བསམ་བློ་ཡོད་ཅོག་འཕུར་ཆོག་པ་ཞིག་མ་ཡིན་ཏེ
ཁྱོད་ལ་བསྔགས་འབོད་ཀྱི་ཆེད་དུ ཁ་ན་སོ་མེད་ཅིང་དབུ་སྐྲ་སྤྱི་ཐུར་དུ་བཞར་བའི་མི་བོ་ཆེ་རུ་གྱུར
ཁྱོད་རང་ཡང་བསྐྱར་དུས་ཀྱི་བེམ་རོའི་སྟེང་ནས་ཐེངས་གཅིག་བསྐྱོད་ཅིང
རང་ལ་གཏོགས་པའི་སྒྲོན་སྟེགས་ཀྱི་ཆེས་མཐོ་སར་ཡང་བསྐྱར་འགྲེང
གལ་སྲིད་བླུན་རྨོངས་པའི་ཕྱོགས་ཞེན་དང་གྱི་ན་བའི་ཐེ་ཚོམ་དེ་མིན་ན
སྐྱེས་པོ་སུ་ཞིག་གིས་ཀྱང་ཁྱོད་ཀྱི་རླབས་ཆེ་ས་དང་དཀྱིལ་ཡངས་ས་ཁས་ལེན་ངེས་ཏེ
ཁྱོད་ནི་རྗོད་པའི་འཇིག་རྟེན་གྱི ཚོ་དཔོན་གཞན་ཞིག་གོ
 
ཁྱོད་ཀྱི་བརྗོད་པ་ངག་གི་རྣོ་གདན་སྟེང་ལ་ལྕགས་ཆས་ཀྱི་ནོར་བུ་སྤུངས་ཤིང
འུར་སྒྲ་གྲགས་པའི་ཐེམ་སྐས ཚིག་བརྗོད་ཀྱི་གློག་རྒྱུན་གྱིས་འོད་ཀྱི་སྣང་བ་མངོན
ཁྱོད་ཀྱིས་ད་གཟོད་སྔ་ན་མེད་པའི་བཟོ་ལྟ་དེ་གསར་དུ་བཏོད
རོ་སྒམ་སྟེང་གི་རྡོ་ལེབ་ཡར་བཀོག་སྟེ ཤིང་ཆའི༼མོན་ཆ་རའི༽རྐང་བ་འཕུར་བསྐྱོད་བྱེད་དུ་བཅུག
ཁྱོད་ཡོད་པས ཨུ་རུ་སུའི་གནའ་བོའི་དྭངས་གཙང་གི་སྐད་ངག་གིས
ས་ཆེན་མ་སེམས་འགུལ་དང་སྐྱོ་སྣང་ལ་སྐུལ་ཏེ་འདར་སིག་རྒྱག་ཏུ་བཅུག
དེ་ནི་ཚིག་གི་མདེའུ་སྟེ རྡོ་རྗེ་ཕ་ལམ་བཞིན་གྱི་ཀླད་རུས་ཀློང་དུ
སྲོག་ལ་གཟན་པའི་རྟེན་འབྲེལ་གྱི་ཆོ་གའི་དུས་སུ་ཁྱོད་ཀྱིས་བརྫུ་སྔགས་བཏབ
ཁྱོད་ཡོད་པས རྣམ་པ་ཡིས་དུས་སྐབས་གཅིག་ཁོ་ནར
ད་གཟོད་སེམས་ཁུར་མེད་པའི་ཆེས་མཐའ་འཇུག་གི་འགུག་ཤུགས་དེ་འདོན་ཐུབ
སྨོས་མེད་དེ བླ་ལྷག་ལ་ཁྱོད་ཡོད་པས སྙན་ངག་གིས་དུས་དེ་ནས་བཟུང
མི་གཅིག་ཁོ་ན་མཚོན་པ་མ་ཡིན་པར
དེ་ཡིས མི་སྔར་ལས་མང་པོ་ཞིག་ལ་སྙིང་རྗེ་དང་ཐུགས་ཁུར སྲུང་སྐྱོབ་ཞུས་ཡོད
འབྱོར་མེད་ཀྱི་སྐད་ངག་དང་མ་ཡུམ་གྱི་ངུ་བཤུམ་ཁོ་ན
ད་གཟོད་འགྱུར་བཟོའི་རྦབ་རླབས་ཀྱིས་སྣུབས་མི་སྲིད
ངས་ཤེས་ཡོད   ཁྱོད་ཀྱང་མི་ཚུལ་ལྡན་ཞིག་གི་མ་དཔེ་མ་ཡིན་པར
ཆ་མི་ཚང་བའི་ཀུན་སྤྱོད    སོ་སོ་སྐྱེས་པོའི་སྟེང་ནས་རྙེད་སྲིད
ཁྱོད་དང་འབྲེལ་ཡོད་ཀྱི་འཁྱར་གཏམ་དེ་དག་དང་མ་ཉེས་ཁག་གཡོགས་དེ་དག
གཟུངས་སྔགས་བཏོན་པས་ཀྱང  བསྒྱུར་ཐབས་མེད་མོད
དེ་རིང་གི་ཞབས་བརྟན་པ་འདི་དག་གིས་ཁྱོད་ལ་བཅངས་པའི་དགའ་མོས་དང་བཀུར་བསྟི་ཡི་ཆེད
དུས་རབས་འདི་ལ་དགོངས་སེལ་ཞུ་རོགས   ང་ཡི་མ་ཡ་ཁོབ་སི་ཀི
ཁྱོད་རང་ཁོ་ཚོ་སྟེ   རྣམ་པ་སྣ་ཚོགས་ཀྱིས་ཁེ་འདོད་གྲགས་འདོད་ཀྱི་མི་ཚོགས་དེས
རྒྱུ་མཚན་སྣ་ཚོགས་པས་བསྒྲིབས་པ་མང་དྲགས་ཏེ
ཡར་སྔོན་ཏག་ཏག་ལ  ཁོ་ཚོས་ཁྱོད་ཀྱི་གཟི་བརྗིད་དེ་འགོག་ཐབས་མེད་པར་མཐོང་ནས
ཆ་ཚང་གི་ཁྱོད་བགོ་བྱ་རྒྱག་འདོད་ཀྱིས
༼དུམ་བུ་འདི་ནི་འབྱུང་འགྱུར་རིང་ལུགས་སོ༽
༼དུམ་བུ་དེ་ནི་སྤྱི་ཚོགས་རིང་ལུགས་སོ༽ཞེས
ཁོ་ཚོས་ཐོག་མཐའ་བར་གསུམ་དུ་བདེན་དཔང་བྱ་འདོད་ཡོད
ཁྱོད་ཀྱིས་མཛད་པ་ངོ་མཚར་ཅན་གསར་དུ་བསྐྲུན་མྱོང་ཞིང
ཆེས་མཇུག་མཐའི་དུས་བསྐལ་ནང་ཁྱོད་རང་གསོན་ཡོད་པས
ལོ་བཅུའི་སྔོན་གྱི་ཕྱི་དྲོ་དེར་ཁྱོད་རང་འཆི་འཕོས་པར་གྱུར་ཡོད
ཁོ་ཚོས་ཐེངས་གང་མང་ཞིག་ལ་ཁྱོད་ཀྱི་ཁ་ཆེམས་ཡི་གེ་བླངས་ནས
བསྐྱར་བཟླས་ཡང་བཟླས་ངང  ཤི་ཟིན་པའི་མི་ཞིག་གི་མངགས་བཀོད་ལ་ཟུར་ཟ་བྱོས
ཁོ་ཚོས་མ་ཤེས་པ་ཡིན་མི་སྲིད་དེ  ཁྱོད་ཀྱི་གཡོར་ཆུང
རྒྱ་མཚོའི་ཟབ་ས་རུ་གདོང་ག་གཞུས་ཏེ་སིལ་བུར་ཐོར་ཡོད
དངོས་ནས་ཁྱོད་རང་གིས་གསུངས་པ་ནང་བཞིན  འཚོ་བ་འདིའི་ཁྲོད་དུ
འཆི་འཕོས་པ་དེ་དཀའ་ངལ་ཅན་ཞིག་མ་ཡིན་པར  འཚོ་བ་ལེགས་པོར་རོལ་རྒྱུ་དེ
ད་གཟོད་དཀའ་ངལ་ཆེ་བ་ལའང ཡིན་ནའང་ཁྱུ་མཆོག་ནམ་ཡང་བཀྲ་མི་ཤིས་པ་ཞིག་ལ
ཁོ་ཚོ་འཚོ་བ་རོལ་སའི་ཉེ་འཁོར་ཀུན་ཏུ་ནམ་ཡང་གད་སྙིགས་དང་སྐྱག་སྦྲང་ཡོད
མཐོང་རྒྱ་ཁབ་མིག་ལས་དོག་པའི་ཅོལ་ཆུང་འདི་དག་གིས ཉེ་ས་ནས
ཁྱོད་ཀྱི་འཇུར་རྟའི་སྟེང་གི་འདམ་རྫབ་དང ཁྲ་ཐིག སྣུམ་དྲེག་ཁོ་ན་ལས་མཐོང་མི་སྲིད

མ་ཡ་ཁོབ་སི་ཀི  སྐྱ་རེངས་ཀྱི་དུས་ལ་ནམ་མཁར་དམར་བོ་འབྱུག་མཁས་ཀྱི་ལྷ་བཟོ
ཁྱོད་ཀྱི་གནམ་སྐས་ཀྱི་རྩིབ་རུས  
ནང་སྙིང་གི་དབྱིབས་རྩིས་ཁྲོད་བསྐྱངས་ཏེ  ཨང་རྩིས་གཅན་གཟན་གྱི་སྒྲོམ་སྐྱོར་གྱིས
སྐྱེ་ཁམས་རིག་པའི་ཇུས་གཞི་སྟེ་གློག་དམར་རྗེས་ཀྱི་ཆོ་འཕྲུལ་རྩ་བརླག་ཏུ་བཏང
མཁུར་ཚོས་འདོད་པས་གཟུར་བའི་དེང་རབས་རྐུབ་བཀྱག་ནར་མོའི་ལྡོག་ཕྱོགས་སུ་ཆས
ཕྱིར་འོང་མེད་པའི་གྲི་ཤུབས  སྣོན་འཕྲིའི་དལ་མགྱོགས་ཀྱིས
ལྡབ་གསུམ་ཤུགས་ཀྱིས་བུས་པའི་ཟླ་བཅུ་བར་ཆ་ཤས་ཁ་ཚང་མེད་པའི་སྤྱི་ཁོག
རྒྱ་མཚོའི་རླུང་འཚུབ་འབུར་གཟུགས་སུ་གཏོགས་པའི་གཡོར་མོ
གསུས་ཁོག་ངོས་ལ་གཟར་བའི་ཟོར་བ
དབྱིབས་རྩིང་རག་ཏུ་གཏན་ཁེལ་བའི་སྐྱེ་དངོས་ལ་ད་གཟོད་གསོ་སྐྱོང་གི་ཐོབ་ཐང་ཡོད
མ་ཡ་ཁོབ་སི་ཀི གོ་ཁྲབ་མེད་པའི་དྲག་དཔུང་གང་ཞིག
ཁྱོད་དང་འདྲ་བར  བརྗོད་པའི་མཐའ་མཚམས་སུ
ཉིང་རྡུལ་ལས་ཀྱང་འཇིགས་པ་ཚ་བའི་ཕར་རྒོལ་ཞིག་བྱས
མི་རྣམས་ཀྱིས ཁྱོད་ལ་གཏོགས་པའི་སྙན་ངག་གི་རྒྱལ་ཁམས་སུ
ཁྱོད་ཀྱི་མིག་མདངས་ཀྱིས རྡོ་བ་འཁྱག་པོ་སྦར་ཐུབ་ཅེས་བརྗོད་པར་ཁག་མི་འདུག
ཁོ་ཚོས་ཁྱོད་ཀྱིས་སྲོལ་རྒྱུན་མ་གྲུ་གཟིངས་སྟེང་ནས་གཡུག་སྲིད་པར་སེམས་ཁུར་བྱེད་མོད
ཁྱོད་ཀྱིས་སྲོལ་རྒྱུན་ལ་བརྩི་སྲུང་བྱེད་པ་དེ   

ཕྱི་ཚུལ་ཁོ་ནའི་དབང་དུ་སོང་བའི་མི་དེ་དག་དང་བསྡུར་བའི་ཚུལ་གྱིས་ལྡབ་བརྒྱ་ཕྲག་འགས་ཀྱང་བརྟན་ཞིང་བརླིང
ཁྱོད་ཀྱི་བྱིས་པ་ནང་བཞིན་གྱི་གཡོ་ཁྲམ་དེས་ཁྱོད་རང་ཁ་འཛིང་ལས་རྒྱལ་བར་གྲོགས་དན་མཛད་ཡོད
སྲོལ་རྒྱུན་ལ་ཕོག་ཐུག་བཟོ་བར  ལྟས་ངན་ཁྱོད་ཀྱིས  
རྣམ་ཀུན་མི་ཚོགས་ཀྱི་མིག་མདངས་འགུག་པའི་ཇུས་གཞི་ཞིག་འཐེན་ཡོད
མ་ཡ་ཁོབ་སི་ཀི    གཞན་གྱིས་ཡང་བསྐྱར་ཁྱེད་ལ་སྐྱོན་བརྗོད་བྱ་མི་དགོས་ཏེ
ཁྱོད་ནི་ལོ་རབས་དེའི་ནང  སྙན་ངག་གི་ཚོམས་ཆེན་དཀྱིལ་གྱི
ལྭ་རིང་སྦོམ་པོ་གྱོན་མཁན་གྱི་གཞན་དྲིང་མི་འཇོག་པའི་དཀྱིལ་སྙིང་དེ་ཡིན
མི་སུས་ཀྱང་བརྗེད་པར་མི་སྲིད་དེ  གསར་བརྗེ་དང་གདོང་ལེན་པའི་མཉམ་སྦྲེལ་ནི
ཉེ་བའི་ལོ་ངོ་བརྒྱའི་རིང་གི་སྒྱུ་རྩལ་ཀུན་གྱི་ཁྱད་ཆོས་གཞན་ཞིག་ཡིན་ཞིང
དེ་ཡི་ཤན་ཞུགས་བླ་ན་མཐོ   ཐ་ན
ཡོ་ནན་དམག་འཁྲུག་ལ་ངོ་རྒོལ་གྱི་དུས་སུ   ཨེ་ལོན་ཅིན་སི་བྷོ་ཚོགས་ཀྱིས
ནེའུ་ཡོག་གི་ཁྲོམ་སྲང་དུ་འོད་དོད་འབོད་ནའང  བྲང་ཁུག་ཏུ་གཟར་ཡོད་པ
ལག་པ་བསྲེག་འགྱུར་གྱི་ཁྱོད་ཀྱི་ཚ་ཞིང་བསྲེག་པའི་སྙན་དེབ་དེ་ཡིན
ཁྱོད་ཀྱི་སྙན་ངག    བལ་བཟོའི་ལུ་གུ་ཞེད་པོ་ལྟ་བུ་ཞིག་མ་ཡིན་པར
སྲང་བར་ན་བང་གིས་རྩེན་པའི་རལ་གྲི་དངོ་གཉིས་ཏེ  སྲ་མཁྲེགས་ཀྱི་གྲུབ་ཚུལ་གྱིས
མི་དམངས་ཀྱི་རྟག་བརྟན་པའི་ཁུ་སིམ   འཇིག་རྟེན་ཁམས་ལ་གྲགས་པར་བཟོ
དེ་ནི་རྟེན་ས་འཁྲེང་ཡུལ་མེད་པའི་མིའི་སྡོད་ཁང   ལྟོག་སྐོམ་གྱིས་ཕྱེ་བའི་སྒོ་མོ
དེ་ནི་རྒྱ་མཚོའི་སོ་བཏབ་པའི་བར་སྟོང   བར་སྣང་ནོར་ཀོའི་རྔ་ངོས་སོ
 
ཁྱོད་ཀྱིས་ང་ཚོའི་ཆེད་དུ་ཆོས་གསུངས་མེད   སྐོར་བསྐྱོད་གྱེར་འདོན་རེ་རེ་ཡི
ལྷ་ལས་བབས་པའི་བརྗོད་པ་མཛུབ་གུས་དམར་བོར་བསྒྱུར་ཅིང   ཕྱིར་ལུད་དུ་བཅུག
ཐེམ་སྐས་ཀྱི་གདངས་མཚམས་དུས་རྒྱུན་ཆེས་མཐོ་བའི་གནས་སུ་མཇུག་རྫོགས
ཁྱོད་ཀྱི་སྐད་ཆུང་ངུ་དེའམ  ཡང་ན་འབྲུག་སྟོང་ལྡིར་བ་བཞིན་གྱི་སྒྲ་གང་ཡིན་ཡང
ཁྱོད་ཀྱི་སྐད་ངག་ནི་སྲིད་གསུམ་ས་ལ་དཀོན་པའི་ལྷའི་གསུང་ཚིག་གི་རྗེས་མ་དེ་ཡིན  
ཁྱོད་རང་ལྷ་མིན་པ་སྨོས་མེད་ཀྱང
དངོས་གཙོ་སྨྲ་བ་གཤའ་མ་ཞིག་ཡིན་པའི་ཆ་ནས  ཁྱོད་ཀྱི
མི་ཚེ་གང་བོ་རིགས་སྣ་ཚོགས་པའི་ལྷ་ལ་ཞེ་གཏིང་ནས་ངོ་རྒོལ་བྱེད
ཁྱོད་ཀྱི་རང་བྱུང་གི་ཆོས་ལས་འདས་པའི་གྱེར་འདོན་གྱིས  
སེམས་པ་གྲངས་མེད་པ་ཞིག་གཡོ་རུ་བཅུག
ཁྱོད་དང་དུས་མཉམ་པའི་ཉན་པ་པོ་དག་ལ  
སྨྲ་བསམ་བརྗོད་འདས་ཀྱི་རང་བཞིན་བརྗོད་རྒྱུ་ཡོད
མ་ཡ་ཁོབ་སི་ཀི   ང་ཚོ་ལ་ད་ལྟ་བར་ཡང་ཁྱོད་རང་མཁོ་བ་ནི
འཚོ་བ་དང་ལོ་རྒྱུས་བསྐྱར་ཟློས་ཙམ་གྱི་ཆེད་མིན་པར   སུས་ཀྱང་ཁས་ལེན་སྲིད་པ
འདས་དུས་ཀྱི་ཉིན་མོ་དེ་དག་ལ  དམར་གསོད་ཡོད་ལ  ཕྱི་གྱར་དང  མནར་གཅོད   དབང་བཙན
ཧོན་ཐོར་གྱི་བསྒྱུར་བཅོས  རྫུན་གཏམ་བདེན་ལུགས་སུ་བཙོ་སྦྱང་བྱེད་མཁན་ཡོད
སྲོག་ཆགས་གཞན་ཞིག་ནི་མ་ཡིན་པར   དཔལ་ཡོན་དང་ལྡན་པའི་མི་ཡིས
སྐུ་དངོས་སུ་ལུས་ཀྱི་བ་སྤུ་གཟེང་བའི་སྐྱོ་གར་རེ་རེ་གསར་དུ་བསྒྱུར
མ་ཡ་ཁོབ་སི་ཀི  དེ་ལྟར་ནའང མིའི་རིགས་ཀྱིས་ཐོག་མ་ཉིད་ནས་སྐྱེ་འཆི་གཉིས་ཀྱི་ཆོས་ཉིད་གཏོར་མ་ནུས  

འཆི་འཕོས་དགོས་པ་ཡིས
འཆི་བ་ནམ་ཡང་མཚམས་འཇོག་ཐུབ་མེད་ཅིང སྐྱེ་དགོས་པ་དག་ཀྱང་ཉི་མ་རེ་རེ་བཞིན་སྐྱེ་བཞིན་ཡོད
ཤི་ཟིན་པ་དག་གི་ཁྲོད་དུ་མི་བཟང་ཡོད་ལ  མི་ངན་ཡང་ཡོད་ངེས་ཡིན
སྐྱེས་མ་ཐག་པ་དེ་དག་སྙིང་རྗེ་སེམས་དང་ལྡན་པ་ཁོ་ན་དག་མ་ཡིན་ནའང
མ་འོངས་པར་ཐ་ཤལ་པ་རུ་འགྱུར་བ་རེ་གཉིས་ཤིག་སྟེ
འཇིག་རྟེན་འདི་ལ་གཞུང་དྲང་དང་བྱམས་སེམས་ཀྱིས་བྱིན་གྱིས་རླབས་ཡོད
མ་ཡ་ཁོབ་སི་ཀི    གློ་བུར་དུ་ཤེས་པ་ཞིག་མ་ཡིན་པར
དུས་རབས20དང21པ་གཉིས་ཀྱི་མགོ་ལ
རྟོགས་སད་པ་དག་གིས་འདི་ལྟའི་དབུགས་རིང་བྱུང་མྱོང་སྟེ
ཀུན་སྤྱོད་ཀྱི་ཉམས་རྒུད   སྨྱོ་ཧམ་ཚ་བའི་ཚད་ལ་ཐོན
བསམ་བློ་ངན་རུལ་དུ་གྱུར་བས   རིག་པ་དྭངས་པའི་མི་དག་ལ་བདེ་བཟོད་མེད
གྱི་ན་བའི་ཚེ་སྲོག་ཡན་གར་བ་དེ་དག
རྣམ་ཤེས་བླུ་སའི་བགྲོད་ལམ་རེ་རེའི་སྟེང་གོག་བགྲོད་བྱེད
མ་ཡ་ཁོབ་སི་ཀི    མི་ཐམས་ཅད་ཐེ་ཚོམ་འཛིན་མཁན་དེ་འདྲ་མ་ཡིན་པར
ཁྱོད་ཀྱི་བསྒྲགས་གཏམ་ཁྲོད  ལག་རྩལ་གཏན་ཚིགས་ཀྱི་འཕེལ་རྒྱས་ཀྱིས
མིས་བསྙེགས་ཟིན་པའི་མཐོ་ཚད་དེར་ཞིབ་བསྡུར་བྱེད་པ་འབྱུང་མི་སྲིད
ཁྱོད་ཀྱིས་བློ་རྒྱའི་གསར་བརྗེ་ཐེངས་གསུམ་པ་ཐོན་སྙམ་པ་དེ
འགོག་ཐབས་བྲལ་བའི་གློ་བུར་བ་གཞན་ཞིག་ཏུ་ངེས་པ་རྙེད་ཡོད
བདེན་ཏེ    མི་ལ་བཟུང་བའི་བརྩེ་སེམས་དང་གསོལ་འབུལ་ཡོད་ཏོ་ཅོག
འཇིག་རྟེན་འདིའི་འཕེལ་རྒྱས་དང་ཡར་ཐོན་ལ་ཡང་ན་དོན་སྙིང་གཞན་ཞིག

མ་ཡ་ཁོབ་སི་ཀི    ཕ་བོང་ངོས་ལ་རྡེག་པའི་རྒྱ་མཚོ
བརྗོད་པའི་ཁྲོད་ལྗིད་ཚད་ཀྱི་ངོ་བོ་རྩེར་སོན་པའི་རྣོ་ཆས
ཚིག་གི་རླབས་རྩེར་སྐྱོན་པའི་སྙན་ངག་གི་གྲུ་བོ་ཆེ
གྲོང་ཁྱེར་གྱི་ཁོད་ཡངས་པའི་བྲང་གཞོང་བསྒྲལ་བའི་རླངས་པའི་འཕྲུལ་འཁོར
འབྲོག་དགོན་ལ་སྤུངས་པའི་ཡི་གེ་ཡི་ཕ་བོང་གི་བཙན་རྫོང
བཀྲག་རས་དང་ཆིབས་སྒ་དབྲལ་བཤིག་གཏོང་མཁས་ཀྱི་སྨྱོ་འབོག་གི་གཉིད་ལབ
ཁེར་ཧྲེང་གི་འབྲོང་རྒོད་དར་མའི་དམར་བོའི་ལུས་ལ་རྟེན་ས་མེད
 
མ་ཡ་ཁོབ་སི་ཀི   འདི་དག་ཁྱོད་ཀྱི་ཡོད་ཚད་མིན་ཏེ
ཁྱོད་ཀྱི་རྗེས་སྙེགས་པ་དག་གིས་ཀྱང  སྔོན་ཆད་ཁྱོད་ཀྱི་སྙན་ཚིག་གི་ཁྲོད་དུ
དགའ་མའི་ལྕེ་ཐོག་ནས་འཛར་བའི  སྦྲང་རྩི་དེ་མྱང་ན་འདོད
དོན་གྱིས   ཁོ་ཚོས་ཁྱོད་ཀྱིས་པའོ་ལིས་ཁི་ལ་བྲིས་པའི་ཡིད་འོང་གི་འཕྲིན་པ་དེ་དང
འདོད་རྔམས་ཚ་བའི་སྙན་ངག་དེ་དག་བཀླགས་པ་ཡིན་ན
ཁྱོད་ཀྱིས་དུངས་བརྗོད་སྙན་ངག་བྲིས་བས་ཀྱང
ཁྱོད་ཉིད་ཁོར་ཡུག་དེར་མེད་དུ་མི་རུང་བའི་མཁས་དབང་དེ་ཡིན་ངེས
དེ་ལྟར་མིན་ན ཁྱོད་ཀྱིས་ཡ་ཁི་ཧྥུའུ་ལེ་ཝ་ལ་འདི་ལྟ་བུའི་སྙན་ཚིག་ཅིག་བསྐྱུར་མི་སྲིད་དེ
༼ཁོ་མོ་དུངས་སམ   མ་དུངས་རུང  ངས་མཁྲིག་མ་བཙུར་རྒྱུ་ལས་འོས་མེད་ཅིང
གས་ཆག་འདི་ཁོ་ནར་སྐྱབས་རེ་བཞིན་ཡིད་ཚོད་བྱ་འདོད་མེད
ཟླ་ལྔ་བས་རི་སྐྱེས་ལུག་མིག་མེ་ཏོག་གི་སྐུ་ཕུང་བསྐྱལ་རྒྱུ་མདུན་དུ་བསུས་ཡོད་ཨང༽
ཡིན་ནའང   མིན་ཏེ  འདི་ཉིད་ཁྱོད་ཡིན་མི་སྲིད་ལ  
ཁྱོད་ཀྱི་ལས་དབང་དེ་ལས་ཀྱང་ཡིན་མི་སྲིད
ཐོག་མ་ནས་ཁྱོད་ཀྱི་ཆེད་དུ་བདེན་དོན་ཐད་ལ་ཕྱིར་བཤོལ་མི་བྱེད་པའི་ཁ་དན་བཞག་ཟིན
ཁྱོད་ཀྱི་སྙན་ངག་དུས་ནམ་ཡང་བྱི་ལའི་སྐད་གཉོམ་པོ་དེ་མ་ཡིན
དང་པོ་ཉིད་ནས་ཁྱོད་རང་ཏན་ཏན་ཚིག་གི་རྒྱལ་ཁམས་དེའི་ནང་གི་གྱད་མི་ཡིན
སྨོས་མེད་དེ   ཁྱོད་རང་གཅན་གཟན་རྭ་གཅིག་དེ་ཁོ་ན་མ་ཡིན་པར  
ཁྱོད་ཀྱི་དཔུང་རོགས་སུ  
ད་དུང་པྰ་པའོ་ལོ་ཉི་ལུའུ་ཟླ་དང་པྰ་ལའེ་ཧོ། ཨ་ཏིས་ལྰ། ནའེ་ཚི་ཝར། ཞིས་ཁི་མུའུ་ཐྲི།

པའོ་ལའོ་ནེ་ཧྥུ་སི་ཇི་བཅས་དང    
བརྗེད་པར་མི་སྲིད་པའི་ཡྰང་ཉོའུ་སི་ལིས་སའོ་སི་དང་ཕྰ་སའོ་ལིས་ཉིས་ཡོད
ཁོ་ཚོ་ཚང་མ་ནི་ཁྱོད་ལ་བློ་དཀར་བའི་བློ་མཐུན་དང  
མ་གཅིག་བྱང་ཁོག་བརྒྱུད་པ་བཞིན་གྱི་སྤུན་ཟླ་ཡིན
མ་ཡ་ཁོབ་སི་ཀི   རླབས་ཆེན་གྱི་སེམས་པ་འདི་དག་གིས་ཁྱོད་ལ་བརྩི་བཀུར་བྱེད
ཁྱོད་ཡོད་པས་སྡུག་མྱོང་མཁན་པའི་ཚོགས་འདུ་སའི་ཐང་ཆེན་དུ
རང་ཉིད་ཀྱི་སེམས་པ་དམར་པོ་ཕྱིར་ཕྱུང་སྟེ  བཀྲ་མི་ཤིས་པའི་མི་དག་ལ་སྟོན
ཁྱེད་ཀྱིས་བདེན་ལུགས་ཀྱི་ལག་ངར་ཕྱིར་བསྡུས་ཏེ ངལ་རྩོལ་བའི་ལག་པར་དམ་དུ་འཇུས
དེ་བས  སྙན་ངག་པ་ལའོ་དབྱི་ཨ་ལ་ཀུང་གིས་བརྩེ་བ་ཟབ་མོའི་ངང
གསར་བརྗེའི་རླབས་བརྩེ་རུ་རྩེན་པའི་སྙན་ངག་པ
ཁོང་གིས་བདག་ལ་རྒྱ་ཆེའི་མང་ཚོགས་ལ་ཇི་ལྟར་གདོང་གཏོད་པ་དང

འཇིག་རྟེན་གསར་བའི་བཟོ་སྐྲུན་པ་དག་ལ་ཇི་ལྟར་གདོང་གཏོད་དགོས་པ་ཤེས་སུ་བཅུག
སྙན་ངག་ལག་ཆ་རུ་སྒོམ་པའི་མི་འདིས་ང་ཡི་མི་ཚེ་གཅིག་བུར་ཁ་ལོ་བསྒྱུར  
སྟོད་གླུ་ལེན་མཁན་ཚང་མ་ལྷག་བསམ་དག་པའི་ངེས་པ་མེད་ནའང  
ཁྱོད་ལ་གཏད་པའི་ལྷག་བསམ་དེར་ང་ཚོ་ཐེ་ཚོམ་སྐྱེས་མ་མྱོང  
མགོ་བདེ་དེ་དག་དང་བསྡུར་ན ཁྱོད་ཀྱི་སོམ་ཉི་དང་དོགས་ཚོམ་ཡང་
ཁོ་ཚོ་ལས་ཀྱང་སྙིང་དུ་སྡུག་ཅིང་ཟོལ་མེད་པ་ལའང
སྙིང་དང་གློ་བའི་བར་སྲིབ་ལས་མ་བཏོན་པའི་སྙན་ངག་གཤའ་མ་ཟེར་བ་དེ་དག
ད་དུང་དཔྱད་བརྗོད་པ་དག་གི་དེབ་ཀྱི་བར་གསེང་ན་མ་རྟོགས་ལོག་རྟོགས་ཀྱིས་མཐོ་རུ་སྤུར
ཁོ་ཚོས་དབྱངས་མཁན་གྱི་ཕྱི་གོས་གྱོན་ཏེ 
ཉམས་མེད་བདག་པོ་ཆེན་མོ་དག་གི་མདུན་ས་ནས་ཚོམས་ཁང་བརྒྱུད་དེ་འགྲོ  
ཁོ་ཚོ་ལ་རྒྱུད་མང་མེད་ཅིང་ཡིད་དབང་འགུག་ནུས་ཀྱི་མཆུ་སྒྲོས་ཀྱང་མེད་པར་
བརྗོད་པའི་རོལ་རྩེད་ཁོ་ནས་རིན་པ་མེད་པའི་སྙན་གྲགས་དེ་འཐོབ་པར་འདོད
ཏན་ཏན   སྙན་ངག་པ་ཞིག་ལ་མཚོན་ན
མ་ཡ་ཁོབ་སི་ཀི   ཁྱོད་ཀྱི་ཡི་གེ་མཐའ་དག་གསུང་རབ་ཏུ་འགྱུར་ཐུབ་པ་མ་ཡིན་ཏེ
ཁྱོད་ལའང་ལུང་འཛིན་དང་ཆོ་མེད་པ   ཐ་ན་ཐད་ཀར་མཚོན་པ་དག་ཡོད་མྱོང
ཡིན་ནའང  ཐེ་ཚོམ་སྤུ་ཙམ་མེད་པར་བློ་ཐག་བཅད་ཆོག་པ་ཞིག་ལ
ཁྱོད་ནི་སྔར་བཞིན་དུས་རབས་དེའི་ནང་ཆེས་རླབས་ཆེ་བའི་སྙན་ངག་གི་སྤྱི་འབངས་དེ་ཡིན
ཡི་གེས་མིང་སྐམ་དོན་དུ་གཉེར་མཁན་དག་ཆེས་མང་ནའང
ཁོར་ཡུག་ཆུང་ཆུང་ནང་ང་རྒྱལ་གྱིས་སྦགས་པའི་མགོ་བ་དེ་ཡིན་པ་སྨོས་མེད་དེ
ཁོ་ཚོ་སྙན་ངག་གི་ཐ་གྲུའི་སེང་གེ་དཀར་མོ་དེ་གཏན་ནས་མ་ཡིན
གལ་སྲིད    ཁོ་ཚོ་ལ་མིང་ཞིག་ངེས་པར་འདོགས་དགོས་ན
ཁོ་ཚོ་རང་ལྷ་ལྕམ་ཚོའི་པང་དུ་སྒྱིད་ལུག་པའི་ཁྱི་གུ་ཙམ་ལས་ཅི་ཡང་མིན
དེ་ལྟ་མ་ཡིན་པས  ཁྱོད་རང་འཆི་འཕོས་པའི་དུས་ལ ཁྱོད་ཀྱི་གཅེན་པོ་ངོ་རིང་སྟེ  
ཕྰ་སི་ཅེ་ཨར་ནྰ་ཁི་ཡིས་ཁྱེད་ལ་ཡིད་དབང་འགུག་པའི་སྙན་ངག་རྩོམ་མི་སྲིད
ཁྱོད་རང་གློ་བུར་ཐོན་པ་ནི   བྱ་དངོས་གཞན་གང་ལས་ཀྱང་ཡིད་དབང་འཕྲོག་པ་ལ  
ཁྱོད་རང་གསོན་པའི་དུས་སུ   ཐམས་ཅད་ཁྱོད་ཀྱི་འགྲོས་ཚད་ལས་མགྱོགས་མི་སྲིད
ཁྱོད་རང་མཐའ་མར་གཏམ་རྒྱུད་ཀྱི་ནང་དུ་འགྲོ་བ་ལ་གོམ་པ་གང་སྟེ  འཆི་འཕོས་པའི་ཚུལ་གྱིས་སོ
ཁྱོད་ནམ་ཡང་བསམ་བློར་སྣུམ་དྲེག་ཆགས་པའི་བདུད་རྒྱལ་དེའི་དབང་འོག་ཏུ་མི་འགྲོ
ཐོག་མ་ནས ཁྱོད་ཀྱི་སྲོལ་ངན་ལ་སྡང་སེམས་འཛིན་ཚུལ་དང་ང་མིན་སུ་ཡིན་སྙམ་པ་དེ་ལ

བླུན་པོ་དག་གིས ཁྱོད་ཉིད་གླེང་རིན་མེད་ལ་ཧམ་པ་ཚ་བའི་ཁྲམ་པ་ཞིག་རེད་འདོད་ཡོད
ཁྱོད་ཀྱི་གསར་བརྗེ་དང་གདོང་ལེན་པའི་རྣམ་འགྱུར་ལ་རྐང་བཙུགས་ཏེ
ཁྱོད་ཀྱི་སྙན་ཚིག་དང་མི་ཚེ་གུ་དོག་པོར་བརྡར་ཤ་གཅོད་མཁན་གྱི་མི་དག་གིས
དུ་སྨུག་འཐིབ་པའི་ཧྲ་ལོང་ནང  

ནམ་རྒྱུན ཁྱོད་རང་རྩ་བརླགས་སུ་གཏང་རྒྱུའི་ཕྲ་མའི་གཏམ་དང་འཁྱར་གཏམ་བརྒྱུད་བསྒྲགས་བྱེད
ཐབས་ལམ་འདི་འདྲ་བཏོན་པ
ཁོ་ཚོ་ལ་མཚོན་ན་ཐེངས་གཅིག་གཉིས་ཤིག་མ་ཡིན་པར
སྙན་ངག་གི་ཀྰ་པ་ལ་ས་འོག་ཏུ་བསྡུ  འདི་ནི་ཁོ་ཚོ་ལོབས་རྐྱེན་པའི་གཡོ་ཐབས་ཏེ
ཁོ་ཚོས   སྔོན་ཆད་ཁྱོད་ཀྱི་སྙིང་ཉེ་བའི་སྤུན་ཟླའམ་འགྲན་ཡ
ཡེ་སེ་ཉིང  ཆང་འདྲེ་དང་འདོད་སྲེད་ཅན་ཞིག་ཏུ་བསྙད
ཁྱོད་ཀྱིས་གསལ་བོར་མཁྱེན་ཡོད་དེ  ཁོ་ནི་ཨུ་རུ་སུའི་ཞིང་སྡེ་ཡི  
ཆེས་མཐའ་མཇུག་གི་མིག་ཆུ་དང་རྣམ་ཤེས་ཀྱིས་ཡིད་གདུང་བའི་གླུ་བ་ཡིན  
ཡེ་སེ་ཉིང་གི་འཆི་བ   ཁྱོད་ཀྱི་འཆི་བ་དང་ཆ་འདྲ་བར  
མི་སྒེར་དང་ཚོགས་པ་གང་ལའང   འགན་ཁུར་གཏན་ནས་མེད
སྲོལ་ཤས་ཆེ་བའི་ཆོས་ལུགས་ཤར་པ་ཡི་ཨུ་རུ་སུ་དེ་བཟོ་ལྟ་ཅི་འདྲ་ཞིག་ཡིན་པ་མི་ཤེས་མོད

ཡིན་ནའང་ཁོའི་སྐྱོ་སྡུག་གི་སྙན་ཚིག་ཁྲོད  
འཆི་བར་གླུ་ལེན་པའི་སི་ལ་ཧྥོའི་དམངས་གཞས་དེ་ཐོས་ཐུབ་པ
ཆག་ཟིན་པའི་སྡོང་ཤུན་གྱི་སྟེང་ནས་འཛར་བའི་ཐང་ཆུ་ནང་བཞིན་གྱི་མིག་ཆུ་དེ

མ་ཡ་ཁོབ་སི་ཀི  ཁྱོད་རང་མིའི་སྟོབས་ཤུགས་ལ་ཡིད་ཆེས་པའི་རྐྱེན་གྱིས  
ལྷ་དཀོན་མཆོག་དང་ལྷ་ཡི་མདུན་སར་པུས་བཙུགས་མྱོང་མེད  
ཁྱོད་ཀྱིས་བསླས་པའི་བརྗོད་པ  སྐར་མ་དུ་བ་འཇུག་རིང་རྒྱན་གྱིས་བརྒྱན་པའི་ཆས་གོས
ཁྱོད་ཀྱི་སྙན་ངག་ནི་ད་གཟོད་འཇིག་རྟེན་འདིའི་གཙང་མ་གཙང་རྐྱང་གི་ཚྭ་ཁུ་དེ་ཡིན
གལ་སྲིད་རུས་པ་སྦྱོར་མཁས་ཀྱི་ཤིང་ཞིག་དང  རྣམ་ཤེས་བླ་འཁྱམས་སུ་འཇུག་མཁན་ཞིག་ཡོད་ན  
སེམས་ལ་རི་མོ་བརྐོས་པ་བཞིན་གྱི་ཁོང་ཁྲོ་བཅུ་གཉིས་མ་ཡི་རྗེས་སུ
ཁྱོད་ནི་རྣམ་པར་རྒྱལ་བའི་རྒྱལ་བོ་དེའི་ཅོ་པན་ངོས་ལས་བཏོན་པའི་དུག་ཁུའི་རྩི་བཅུད
འདི་ལྟར་ཏེ   ཡང་ན་དེ་ལས་ལྡོག་པའི་རྒྱུ་མཚན་གྱིས  
ཁྱོད་ཀྱི་གྲི་ཤུབས་ནང་བཞིན་གྱི་ངའོ་སྙམ་པའི་ངོ་གདོང་ཉིད  
ད་གཟོད  ཉི་མའི་གནའ་མདོག་གི་སེར་བོས་སྤུད  
མ་ཡ་ཁོབ་སི་ཀི   འོད་ཟེར་གྱི་གླུ་བ་དང་མུན་ནག་གི་དགྲ་ཟླ  
ཁྱོད་རང་འཆི་འཕོས་པར་བསྒྲགས་མཁན་གྱི་མི་རྣམས  
དོན་གྱིས་ཐམས་ཅད་སྔ་མོ་ནས་འཆི་བར་གྱུར་ཡོད  ཁོ་ཚོ་སྟེ  
ཐ་ན་རུས་ཆག་ཙམ་པོ་ཞིག་ཀྱང་ཤུལ་དུ་བསྐྱུར་མེད  
ཁྱོད་རང་ཆེས་མཐོ་ས་ནས་འགྲེང་སྟེ   ཟུངས་ཟད་པའི་འཇའ་མཚོན་ལ་རྒྱབ་བསྙེས
ཁྱོད་ཀྱིས་མིའི་རིགས་ཀྱི་མགྱོགས་འཁོར
ཅི་ལྟར ཧ་ལས་ཧོན་ཐོར་ངང འཚང་ཁ་ཤིག་ཤིག་གིས་གྲོང་ཁྱེར་བརྒལ་བ་མཐོང་ཡོད
དེ་གར་རྣོ་ལྕགས་ལ་ཙ་ཆགས་པའི་སྒྲ་ཡིས  
བྱིས་པ་བློ་ནུའི་ངུ་སྒྲ་གཅིར་སྣོན་བྱས་ཏེ་ཁྱིམ་ཆས་ཅ་ལག་ཏུ་བསྒྱུར  
མའོ་ཐྰན་ཁང་བརྩེགས་ཀྱི་གྲིབ་མས  

ཁྱིམ་གཞིས་ཤོར་བའི་མདོག་ངན་པའི་ཡུལ་གྱར་བའི་སེམས་པ་རྨས
ཁྱོད་ཀྱིས་མཐོང་སྲིད་པ་ནི  གནའ་བོའི་རིག་གནས་ཀྱིས་དབུགས་ཧད་ཀྱིན་པ་སྟེ  

སའི་གོ་ལ་འདིའི་སྟེང་གི་ས་ཆ་མང་ཆེ་བ་ཞིག
རྒྱུ་འབྱོར་གྱི་སྒེར་སྡོམ་པ་དང  ཚོང་ཁྲམ་པ་དག་གིས་སྔ་ས་ནས་བཙོག་པོར་བཟོས་ཡོད
དམག་འཁྲུག་མུ་མཐུད་དུ་འབྱུང་ཞིང  
བྲོས་བྱོལ་གྱི་ཁྲོད་དུ་ཤི་བའི་ཚེ་སྲོག  དམག་ཆེན་གཉིས་ཀྱི་གཤིན་པོའི་རྣམ་ཤེས་ལས་ཀྱང་ཉུང་ངུ་ཞིག་ག་ལ་ཡིན  
མ་ཡ་ཁོབ་སི་ཀི   ཁྱོད་ཀྱིས་འཕུར་གྲུ་མཐོང་བའི་དབང་དུ་བཏང་ན་ཡང  
སྐར་མ་ཕུར་བུ་དང་མིའི་རིགས་ཀྱི་བར་ཐག་ཇེ་ཉེར་བཏང་བ་ཙམ་གྱི་མིག་ཁ་ན་རྒྱུ་བའི་བླ་སྲོག  
དངོས་བསྒྱུར་གྱི་གློག་རྒྱུན་གྱིས་དབྲལ  བླ་འཁྱམས་པ་གང་ཞིག་ཆག་གྲུམ་ཤོར་བའི་དངུལ་སྒོར་གྱིས
རང་བཞིན་ངང་གཅོད་གཏུབ་བྱས་ཏེ  ཁྲག་བཞུར་ཚར་བའི་ཕུང་བོ་ཁོ་ན་རྗེས་སུ་ལྷག 

ས་ཆེན་པོའི་སྟེང་ཡུན་རིང་རྐང་ཚུགས་བཞིན་སྡོད་པའི་གཏིང་ཟབ་ཀྱི་བསམ་བློ་དང་སྲོལ་རྒྱུན་ལ
ཆོག་ཤེས་མེད་པའི་འདོད་རྔམ་ཁོ་ནས   མཐའ་མཇུག་གི་གནས་གཞི་མེད
འཕྲུལ་འཁོར་གྱི་སོ་བར་ན  ཀུ་ཅོ་བར་མེད་དུ་འདོན་ཞིང
གཞན་འགྱུར་གྱི་སེམས་ཁྲལ་དངོས་པོའི་གཏན་ཚིགས་ཀྱི་ཁྲོད་དུ་མགོ་འཐོམ་པས  
ཤར་ཕྱོགས་སམ་ནུབ་ཕྱོགས་གང་ཡིན་རུང  
རིན་ཐང་མར་ཆགས་པའི་འཇིགས་སྐྲག་གི་མཐའ་འབྲས་དེ་ལ་ཚང་མ་གཡོལ་མ་ཐུབ  
རྒྱུ་མཚན་དངོས་ཡོད་ཁྲོད་བྱུང་བའི་ཡོད་ཚད་ཅིག་གིས  
བློ་འབྱེད་པ་དེ་དག་གིས་ཁས་ལེན་བྱས་པའི་ཡིག་ཆ་དང་བསྒྲགས་གཏམ
ད་ལྟ་བར་ཚང་མ་གར་སྟེགས་སྟེང་གི་འཁྲབ་ཆས་སུ་གྱུར  
བདེན་དོན་དང་མི་ཇུས་ཀྱི་མིང་ཐོག་ནས་དམར་གསོད་བྱེད་པ་དེ  
དུས་ཚོད་སྐར་མ་གང་ལའང་མཚམས་བཞག་མྱོང་མེད
ཁོ་ཚོས་གླེང་ཕྱོགས་བཙན་ཁྲིད་དང  གཞན་གྱི་འཚོ་གནས་འདྲེ་གཟུགས་སུ་གཏོང
དབང་དྲགས་དང་མཚོན་ཆར་ཀུན་སྤྱོད་ཀྱི་ཕྱི་གོས་གྱོན་པ་ནས  
རང་ཡུལ་རྒྱབ་ཏུ་སྐྱུར་བཞིན་ས་མཐའ་འགྲིམ་པའི་ཡུལ་གྱར་བས   

ཕ་སའི་མཁའ་དབྱིངས་ཀྱི་སྐར་མ་ཁོ་ན་རྨི་ལམ་དུ་འཆར
དཔལ་ཡོན་ཞེས་པའི་ལམ་ལུགས་ཀྱིས་ཁྱིམ་མཚེས་ལ་གནོད་པ་བཟོ་ཚུལ  
ཀི་ལོན་པུའུ་ཡིས་སྐམ་ས་ཆེན་མོ་གསར་དུ་རྙེད་པ་ལས་ཀྱང་ཧམ་ཤེད་ཚ
འཛམ་བུ་གླིང་གིས་འཇིག་རྟེན་འཕུར་གྲུ་བདེ་འཚམ་ངང་ཕྱིར་ལོག་ཏུ་འཇུག་ཐུབ་ནའང
སྤྱི་སྲོལ་སུན་འབྱིན་སའི་གནས་ཤིག་རྙེད་པར་དཀའ
རྒྱལ་སྤྱིའི་ཁྲིམས་ཟེར་བ་བརྗོད་སྙིང་མེད་པའི་ཤོག་སྐྱ་སྟོང་བ་ཞིག
ཁོ་ཚོས་འཇིགས་སྐུལ་རིང་ལུགས་པས་འདྲེ་ལག་གང་སར་བརྐྱངས་པ་གསལ་བོར་མཐོང་ཟིན་ནའང
རང་ཉིད་ཀྱི་ཁེ་ཕན་ཆེད་ཀུན་དང་མི་མཐུན་པའི་ཚད་ཅིག་འཛིན
ཁོ་ཚོས་ཚོ་བ་སྟོང་ཕྲག་གིས་གྲུབ་པའི་རྒྱལ་ཁབ་གཏོར་ཞིང
ཁོ་ཚོས་རང་ཉིད་ཀྱི་རྣམ་འགྱུར་གྱིས་མི་གཞན་གྱི་རྣམ་འགྱུར་གྱི་ཚབ་བྱེད
ཁོ་ཚོས་ཁ་དོག་གཅིག་ཁོ་ནས་ཁ་དོག་ཡོད་ཚད་གཅིག་གྱུར་བྱེད་འདོད་ཀྱི་ཧམ་སེམས་མངོན
ཁོ་ཚོས་ཉམས་ཞན་པའི་རིག་གནས་ལ་ཆགས་ས་རྟེན་ཡུལ་མེད་པར་བཟོ
ཚ་བ་ཆེ་བའི་ཨ་ཧྥེ་རི་ཁ་ནས་བས་མཐོའི་ལ་ཏེན་མེ་གླིང་གི་བར  

མ་རྩ་ཡིས་ཡང་བསྐྱར་དམག་འཁྲུག་ཅིག་ལ་དུ་བ་མ་བྱུང་བར་རྒྱལ་ཁ་བླངས
ཁོ་ཚོས་ལས་དོན་ཆེན་པོ་གྲུབ་སྟེ    གཟུགས་མེད་ཀྱི་དབང་ཆ་ཞིག་གིས
ཐ་ན་གོ་ལ་འདིའི་སྟེང་གི་མིས་རྙེད་པར་དཀའ་བའི་གྲུ་ག་དག་དབང་དུ་བསྒྱུར
ཁོ་ཚོས་རང་གིས་བཟོས་པའི་ཐོན་རྫས་ཁོ་ན་ཁས་འཆེས་བཞིན
དེ་ཉིད་རིགས་རྒྱུད་མཐའ་དག་གསོན་ཐུབ་པའི་མཐར་ཐུག་ཅིག་ཏུ་བསྙད
ཁོ་ཚོས་ལག་ཤེས་བཟོ་བ་ཞིག་ཅིའི་ཕྱིར་ངུ་བཤུམ་བྱེད་པར་བསམ་ཤེས་བྱེད་མི་ཤེས
ཁོ་ཚོས་སྨྱུག་ཕྲན་གྱིས་བཟོས་པའི་ཨན་ཏོས་སི་རི་བོའི་ཁ་འབུད་གླིང་བུ་ལ་འཕྱ་དགོད་བྱེད་པ
རོལ་ཆ་འབུད་གཏོང་ཐུབ་པའི་མི་ཧ་ཅང་དཀོན་པའི་རྐྱེན་གྱིས་སོ
སྨོས་མེད་དེ ཁོ་ཚོས་ལན་འདེབས་པར་དཀའ མྱ་ངན་གྱི་སྐད་སྒྲ་དེ
ཅིའི་ཕྱིར་རི་ཚོགས་དང་ཁུ་སིམ་གྱི་གྲོག་རོང་དགྲལ་ནས་འགྲོ
ཁོ་ཚོས་དམུ་རྒོད་ཀྱི་གོམས་སྲོལ་ལ་གཏན་ཁེལ་བ་རྣམས་རྩ་བརླག་ཏུ་གཏོང
ཕོ་མོའི་དབྱེ་བ་མེད་པར
ལོ་ན་གཞོན་པའི་ཚེ་སྲོག་དེ་དག་གིས་ཆང་རག་གི་སྦྲིད་ཐབས་ལ་སྐྱབས་རེ་དུས
ཁོ་ཚོས་ཉེ་གམ་གྱི་མི་ལ༼དབྱིན་ཏིས་ཨན་པ་ཚོ་ཆང་རག་ལ་ཤིན་ཏུ་དགའ་བོ་འདུག༽ཅེས་བརྗོད
དོན་གྱིས་མགོ་རྟིང་སློག་པའི་འགྱུར་ལྡོག་ཆེན་པོ་གང་ཞིག་ཡིན་ཡང
དེ་ལ་ཡན་གར་བའི་ཚེ་སྲོག་བགྲངས་ལས་འདས་པ་ཞིག་གིས་བླ་མེད་ཀྱི་བློས་གཏོང་བྱས་ཡོད
རྒྱུ་མཚན་གཞན་བརྗོད་རྒྱུ་མེད་པར རྒྱུ་འབྲས་ཀྱི་བློ་མིག་གིས་བལྟས་ན
ད་གཟོད་དེང་རབས་ཀྱི་མའོ་ཐྰན་ཁང་བརྩེགས་ཀྱི་གཙུག་ཏོར་ནས
དབུལ་ཕོངས་ཁོ་ན་གྱོད་དང་བྱུར་གྱི་སྣ་འདྲེན་ཡིན་པ་མཐོང་སྲིད
དུས་རབས་ཉེར་གཅིག་པའི་དེ་རིང ང་ཚོས་བདེན་དཔང་བྱ་དགོས་དོན་མེད་དེ
སྲོལ་རྒྱུན་དང་ལོ་རྒྱུས འཚོ་བ་སྐྱེལ་སྟངས་བོར་བའི་མི་རྣམས
ཨེ་ཛི་ནད་དང་ཉལ་ཐས་ཐུན་མོང་དུ་གྲུབ་པའི་གནོད་འཚེ་ཉིས་ཚེ་བས་མ་ཕོག་པར་ཡོད
སོམ་ཉི་དང་བྲལ་བ་ནི འདི་ཉིད་མི་ཡན་གར་བ་དག་ལ་བཀྲ་མི་ཤིས་པ་ཁོ་ན་ཙམ་མིན་པར
མིའི་རིགས་ཀྱིས་སྐྱེ་འཆིའི་ཆགས་འཇིག་ལ་གདོང་གཏོད་དགོས་པའི་ཉེན་ཁ་ཞིག
འཆི་ལ་ཉེ་བའི་ཚེ་སྲོག་གང་ཡིན་ཡང་སྣང་མེད་དུ་འཇོག་མི་རུང་སྟེ
བསྐལ་བ་འཇིག་ཁའི་འདྲི་གཅོད་ཁྲོད་བྱུང་རྒྱལ་དུ་གུ་ཡངས་གཏོང་མི་དཔེ 

མ་ཡ་ཁོབ་སི་ཀི   སོམ་ཉི་མེད་དེ  
ཁྱོད་རང་ཉིད་ལ་མཚོན་ན་ཧ་ཅང་ཆ་རྒྱུས་མེད་པའི་དུས་རབས་ཤིག་བརྒལ་བཞིན་ཡོད 

གནས་འདི་གར་ངས་ཁྱོད་ལ་བརྗོད་འདོད་པ     བདག་གི་སྤུན་ཟླ་ལགས  
ཁྱོད་ཀྱི་སྙན་ཚིག་ཁྲོད་དོན་གྱིས་ལྟས་ངན་པ་དེ་དག་ལུང་དུ་བསྟན་ཡོད  
ལྷ་ཡུལ་དང་དམྱལ་བར་འགྲོ་སའི་བཞི་མདོ་དེ་རུ  
ལྷ་མེད་སྨྲ་བ་དང  ཆོས་དད་པ  ཤ་གཟུགས་སུ་གྲུབ་པའི་ལུས་པོ་སྟོང་ཕྲག  
ཁོ་ཚོའི་སེམས་ཁོངས་སུ་རང་ཉིད་ཀྱི་ལྷ་དཀོན་མཆོག་རེ་ཡོད  
མགོ་ཁྲིད་དང་ཚོང་དཔོན  ཨ་དཔོན  ཡེ་ཤུའི་ཆོས་འཆད་མཁན   སྤྲུལ་སྐུ  
གཞན་ཡང་དངུལ་ལོ་དང་རྒྱལ་ཁབ་སྟེང་གི་བཀོད་པའི་གཙོ་ཁྲིད་པ་བཅས་ཀྱིས
མིའི་རིགས་དམག་དཔུང་གི་ཆས་སུ་སྤྲོས་ཏེ་རྡོག་ཐོན་བྱེད་དུ་འཇུག  
དེ་ལྟར་ནའང  འཇིག་རྟེན་འདིས་ཉི་མར་ཚ་བ་སྐྱེད་པའི་ཁྲོ་ཐབ
སྡུག་ཉེས་གུ་ཡངས་སུ་མ་བཏང་བའི་སྔ་རོལ་ལ་གས་ཆག་ཏུ་གྱུར  
མ་ཡ་ཁོབ་སི་ཀི    དུས་ཚོད་དང་འཚོ་བ་ཡིས་དངོས་སུ་ར་སྤྲད་པ་ནི  
ཁྱོད་ཀྱི་ཉམས་པ་མེད་པའི་སྙན་ངག་དང་བློ་རྒྱ་བར་སྣང་ནས་ཐོན་བཞིན
འཆི་བའི་གྲོག་རོང་གི་ཁ་དབྱིངས་ནས་འཕུར་ཏེ  
མིང་མེད་པའི་རི་རྩེ་རེ་རེ་བརྒྱུད
ནད་མེད་འཁུན་སྒྲ་འདོན་པའི་སྙན་ངག་པ་དེ་དག་ཀྱང  
མ་འོངས་པར  ཁྱོད་ཀྱི་ཟབ་ཅིང་དྲག་ཤུལ་ལྡན་པའི་སྙན་ཚིག་གི་མདུན་དུ་གནོང་བའི་རྔུལ་ཆུ་འབབ་ཏུ་འཇུག  
ཁོད་ཀྱི་སྙན་ངག་གི་སྐར་ཚོགས་ཀྱིས་ནམ་མཁའ་ཁེབས  
ལྕགས་དང་དངུལ་གྱིས་གྲུབ་པའི་སྙན་ངག་གི་རྐང་བ་རེ་རེ  
འཇིག་རྟེན་ཁམས་ཀྱི་ཚིག་མཛོད་ཁྲོད་བཞུར  
ཁྱོད་ཀྱི་བརྗོད་པའི་དཔའ་བརྟུལ་ནམ་ཡང་དཔའ་མི་ཞུམ་པར  
ཤི་ཡང་འདས་ལོག་འབྱུང་ངེས   ཁྱོད་ཀྱི་མ་འོངས་པའི་རྗེས་དྲན་གྱི་རྡོ་རིང
དེ་ཡི་གྲུབ་ཚུལ་ནི  
བཞུ་སྦྱང་བྱ་ཆོག་པའི་ལི་མ་མིན་ཞིང   བསླད་སྐྱོན་ཁྲོད་ཟད་འགྱུར་བའི་རྡོ་ཀ་མ་རུ་དེ་ལྷག་ཏུ་མིན  
ཁྱོད་ཀྱི་རྗེས་དྲན་རྡོ་རིང་དེ་བརྗིད་ཅིང་ལྷུན་ཆགས་པ་ཡིས  
སུས་ཀྱང་དེ་ཉིད་རྩ་བརླག་ཏུ་གཏོང་མི་ཐུབ  
རྒྱུ་མཚན་ནི  དེ་ཡི་རྩ་བ་མིའི་རིགས་ཀྱི་བློ་རྒྱའི་མཐའ་ལ་གཏུགས་ཡོད  
མ་ཡ་ཁོབ་སི་ཀི     ཁྱོད་ཀྱི་བརྗོད་པ་དང་སྙན་ངག  
ས་གཞི་དང་རྒྱ་མཚོས་བརྗོད་ཐུབ་ངག་གི་དམུ་རྒོད་ཀྱི་རྒྱལ་ཁ་དེ་ཡིན  
འདར་ཡོམ་རེ་རེའི་ནང   དེ་ཡི་འབབ་རྒྱུན་དྲག་པོས་ཐ་སྙད་ཀྱི་ཡང་རྩེ་འགེབས  
ཡང་ན  འདི་ནི་ཁྱོད་ཀྱི་བདམས་ག་སྟེ  སྙན་ངག་གི་སྒྱུ་རྩལ་ཡིན་ནོ  
ངས་ཤེས་ཡོད་དེ  སྐྱེ་ནས་འཆི་བའི་བར་དུ་ཁྱོད་ཀྱིས་ལག་ལེན་ཁྲོད་བཀུར་བསྟི་མནབས་ནས་ཡོད  
མིན་ན   ཁྱོད་ཀྱིས་མགར་བ་དེ་དག་ལ་བློ་གསལ་ཕུད་དགོས་དོན་མེད་དེ  
ཁོ་ཚོས་སྙན་ངག་གི་ལག་རྩལ་དང་རྣམ་པ་གལ་ཆེ་བར་བཟུང་སྟེ  
ཤ་ཁྲག་དང་ན་ཟུག   བླ་སྲོག་བཅས་མེད་པའི་སྐད་ཆའི་རོལ་རྩེད་ལ་གཡེངས་པས
ང་ཚོས་སྙན་ངག་གཡུལ་འགྱེད་ཁྲོད་ཕམ་ཁ་ནས་ཕམ་ཁའི་ཕྱོགས་སུ་དེད
 
མ་ཡ་ཁོབ་སི་ཀི     ད་ལྟ་བར་མོ་འདེབས་པའི་སྐད་ངག་ཁྲོད  
ཁྱོད་རང་གཉིད་ལས་སད་པ་མ་ཡིན་པར   

ཁྱོད་རང་འདིའི་སྔོན་ལ་ས་རུ་ལོག་ནས་དུས་ཡུན་རིང་བོ་ཞིག་འགོར་ཡོད 

འགྱུར་ལྡོག་ཆེ་བའི་ཆབ་སྲིད་པ་དང་བརྫུས་མདོག་ཆེ་བའི་ཟོག་པོ  ལྕེ་བརྒྱ་བ་དེ་དག  
ཁོ་ཚོས་སྔ་ས་ནས་འུད་ཤོབ་ཆེན་པོས   ཁྱོད་ཀྱི་སྙན་ངག་དུར་སའི་རྒྱུད་དུ་སིམ་པ་ནས
ད་ལྟ་བའི་བརྗོད་པའི་རི་བོ་ཧི་མ་ལ་ཡ་རུ་འགྱུར་བར་དཔེ་མི་སྲིད་ཅེས་བརྗོད་ནའང
འབར་བཞིན་པའི་མེ་ལྕེ་དེ་དང་འདྲ་བར   སྒོ་ཁར་ཐོན་ཡོད  
འདི་ཉིད་ཁྱོད་ཀྱིས་རང་ཉིད་ཀྱི་ཆེད་དུ་བཤམས་པའི་གསོལ་སྟོན་ཞིག་མིན་ནའང  
ཁྱོད་རང་ཕེབས་བཞིན་པའི་གནས་ཚུལ་ས་སྟེང་ཡོངས་ལ་ཁྱབ
མ་ཡ་ཁོབ་སི་ཀི    འདི་ནི་ཁྱོད་རང་འདས་ལོག་བྱུང་པ་སྟེ  
ཡང་བསྐྱར་ཐེངས་གཅིག་ལ་འཁྲུངས་པས  

ལྗིད་ཏིག་ཏིག་གི་འཆི་བ་ལས་རྣམ་པར་རྒྱལའདི་ཉིད་ཝུའུ་ཐའོ་པང་གི་སྟོང་བསམ་མ་ཡིན་པར  

འདི་ཉིད་དངོས་ཡོད་དེ  
སྙན་ངག་པ་ཞིག་ཡིན་པའི་ཆ་ནས  ཁྱོད་ཀྱི་རྐྱེན་ངན་བར་ཆད  
ད་ནི་མཇུག་རྫོགས་ཟིན  
དུས་རབས་ཡོད་ཏོ་ཅོག་གཉིད་ལས་སློང་མཁན་གྱི་མེ་འཁོར་དེས  ཧུར་སྒྲ་སྒྲོག་མགོ་བརྩམས་བྱུང  
ཁྱོད་རང་ཡང་བསྐྱར་ང་ཚོ་དང་ལམ་ཁ་གཅིག་ཏུ་བུད  
སེམས་དང་མཆུ་སྒྲོས  རུས་སྒྲོམ་གྱིས་གསར་དུ་བཞེངས་པའི་ཕོ་བྲང
མིའི་བློན་གཡོག་དང་བསམ་བློར་གྱུར  ཕར་བརྒལ་བ་ཡིན་ན
མཐའ་མེད་པའི་ལོ་ཟླ་དགྲལ་ཟིན་པའི་སྙན་ངག་ཁོ་ན་ད་གཟོད་མུན་ནག་ཁྲོད་ཀྱི་སྐར་མའི
གསོལ་རས་ཏེ  མུ་མེད་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་མཐའ་ནས་སྲུང་ཞིང
རྣམ་ཤེས་གྲངས་མེད་ཅིག་གིས་མགོ་ཐོག་ན་གཟི་འོད་སྤྲོ
 
མ་ཡ་ཁོབ་སི་ཀི  ནའོ་ཡ་གྲུ་གཟིངས་གསར་བ
མཚམས་སྤྲིན་གྱི་གཟི་འོད་རྩེན་པའི་རི་ཚོགས་ཀྱི་ཟེ་བ་ན  སྒུག་བཞིན་ཡོད
ཁྱོད་ཀྱི་གྲུ་གཟིངས་སྐམ་ས་དང་རྒྱ་མཚོའི་མགོ་ཁུངས་སུ་བབས
སྙན་ངག་འཆི་འཕོས་སུ་མ་གྱུར་བར  དེ་ཡི་དབུགས་ཁ་ཞ་ཉེའི་གཟོང་བུ་ལས་ཀྱང་ལྕི
དེ་ཉིད་འཇིག་རྟེན་གྱི་སྐྱེས་མཆོག་དེ་མིན་པར ཉེས་པ་ཐམས་ཅད
ཐོལ་ལོ་བཤགས་སུ་མེད་ནའང  ཁྱོད་རང་རློམ་ཆོག་པ་ཞིག་ལ
དེ་ཉིད་མིའི་རིགས་ཀྱི་ཀུན་སྤྱོད་ཁྲིམས་ལུགས་ཀྱི་ཆེས་བླ་གནས་སུ་འགྲེང་བཞིན
གོམ་པ་གང་ཙམ་ཡང་ཕྱི་རུ་སྤོ་མི་སྲིད
དེ་ཡིས་བཏོན་པའི་ཉམས་མེད་ཀྱི་སྐད་ངག
དུས་རབས་མཐའ་དག་དཀྱུས་གཅིག་ཏུ་བགྲོད་ངེས་ལ  དེ་ཉིད་མིག་གི་དཔང་པོ་རུ་འཆར་ངེས་སོ། །
  
ཟུར་མཆན།

1.  མ་ཡ་ཁོབ་སི་ཀི    1893--1930  དུས་རབས་ཉི་ཤུ་བའི་ནང་གི་ཨུ་རུ་སུའི་རླབས་ཆེན་གྱི་སྙན་ངག་པ།   1930ལོའི་ཟླ4བའི་ཚེས14ཉིན་རང་སྲོག་རང་གིས་བཅད།    ཕྱི་རྗེས་སུ་བམ་པོ13པའི་བདག་ཉིད་ཅན་གྱི་སྙན་ངག་བརྩམས་ཆོས་བསྐྱུར་ཡོད་པར་བརྗོད།

2. ཡ་པའོ་ལའོ་ཁི།  1880--1921  ཨུ་རུ་སུའི་མཚོན་རྟགས་རིང་ལུགས་གྲུབ་མཐའི་སྣེ་ཁྲིད་པ།

3. གུ་བ་ལྰ།  1928--1967  ཨ་ཀེན་ཐིན་དུ་སྐུ་བལྟམས།  རྒྱལ་སྤྱིའི་ཆབ་སྲིད་པ་དང་ཁི་པའི་གསར་བརྗེ་ཡི་སྲོག་ཤིང་ལྟ་བུའི་མི་ཞིག

4.  སངས་ཏེ་ནའོ།   1893--1934   ཉི་ཅ་ལ་ཀྭ་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་སྣེ་འཁྲིད་པ།  ངེས་མེད་རྡོལ་རྡུང་དམག་འཁྲུག་གི་ཆེད་མཁས་པ།

5.ཚི་ཝེ་ཐ་ཡེ་ཝ།   1892--1941  ཨུ་རུ་སུའི་མིང་དུ་གྲགས་པའི་སྙན་ངག་པའི་ཁྲོད་ཀྱི་གཅིག  དུས་རབས་ཉི་ཤུ་བའི་ནང་གི་ཨུ་རུ་སུའི་ཆེས་རླབས་ཆེ་བའི་སྙན་ངག་པར་བརྗོད།

6.ཨེ་ལོན་ཅིན་སི་བྷོ།  1926—1997 ཨ་རིའི་མིང་དུ་གྲགས་པའི་སྙན་ངག་པ།  ༼རྒུད་པའི་མི་རབས་གཅིག༽གི་སྣེ་འཁྲིད་པ་རུ་བཤད། 

7.པའོ་ལིས་ཁི།  1891—1978 མིང་ཧྲིལ་བོར་ལི་ལིས་ཡ་པའོ་ལིས་ཁི་ཞེས་སུ་འབོད།  མ་ཡ་ཁོབ་སི་ཀི་ཡི་གཞིས་སྡོད་དགའ་མ་ཡིན།

8.  ཡ་ཁི་ཧྥུའུ་ལེ་ཝ།   1906—1991  མིང་ཧྲིལ་བོར་ཐྰ་ཅི་ཡ་ན་ཡ་ཁི་ཧྥུའུ་ལེ་ཝ་རུ་འབོད།  ཧྥ་རན་སི་རུ་གཞིས་སྡོད་བྱས་པའི་ཨུ་རུ་སུའི་ཕྱི་སྡོད་ཡུལ་མི།  མ་ཡ་ཁོབ་སི་ཀི་ཡིས་འཛེམས་དོགས་གང་ཡང་མེད་པར་ཁོ་མོ་འཐོབ་རྒྱུར་བརྩོན་ལེན་བྱས་མྱོང་།

9.  པྰ་པའོ་ལོ་ཉི་ལུའུ་ཟླ།  1904—1973  ཆི་ལི་རྒྱལ་ཁབ་ཏུ་སྐྱེས་ཤིང་།  དུས་རབས་ཉི་ཤུ་བའི་ཆེས་རླབས་ཆེ་བའི་ལ་ཏེན་མེ་གླིང་གི་སྙན་ངག་པར་བརྗོད། 

10.པྰ་ལའེ་ཧོ།  1892—1938  དུས་རབས་ཉི་ཤུ་བའི་ནང་ཆེས་ཤུགས་རྐྱེན་ཆེ་བའི་ལ་ཏེན་མེ་གླིང་གི་གདོང་ལེན་སྨྲ་བའི་སྙན་ངག་པ། 

11.ཨ་ཏིས་ལ།  1905—1937  དུས་རབས་ཉི་ཤུ་བའི་ནང་གི་ཧང་ག་རིའི་ཆེས་རླབས་ཆེ་བའི་སྙན་ངག་པ།

12.ནའེ་ཚི་ཝར།  1900—1958 མིང་ཧྲིལ་བོར་ཝེ་ཅེ་སི་ལ་ཧྥུའུ་ནའེ་ཚི་ཝ་རུ་འབོད།  ཅེ་ཁེ་རྒྱལ་ཁབ་ཀྱི་དངོས་ཡོད་ལས་བརྒལ་བའི་རིང་ལུགས་སྨྲ་བའི་སྙན་ངག་གི་འཐུས་ཚབ་པ།

13.ཞི་ཁི་མུའུ་ཐྲི། 1902—1963མིང་ཧྲིལ་བོར་ནྰ་ཆི་མུའུ་ཞི་ཁི་མུའུ་ཐྲི་རུ་འབོད་ཅིང་།  དུས་རབས་ཉི་ཤུ་བའི་ཐུར་ཁེ་རྒྱལ་ཁབ་ཀྱི་དེང་རབས་སྙན་ངག་གི་སྲོལ་འབྱེད་ཤིང་རྟ་བར་བརྗོད།

14.པའོ་ལའོ་ནེ་ཧྥུ་སི་ཇི།  1897—1962  དུས་རབས་ཉི་ཤུ་བའི་ཕོ་ལན་རྒྱལ་ཁབ་ཀྱི་གསར་བརྗེ་སྙན་ངག་པ།

15.ཡྰང་ཉོའུ་སི་ལིས་སའོ་སི།  1909—1990  དུས་རབས་ཉི་ཤུ་བའི་ནང་གི་ཀེ་རི་སེ་རླབས་ཆེ་བའི་གསར་བརྗེ་སྙན་ངག་པ།  ཀེ་རི་སེའི་དེང་རབས་སྙན་ངག་གི་སྲོལ་འབྱེད་པའི་གྲས་ཤིག

16.ཕྰ་སའོ་ལིས་ཉིས།  1922—1975 དུས་རབས་ཉི་ཤུ་བའི་ནང་གི་དབྱི་ཐ་ལིའི་སྙན་ངག་པ་གྲགས་ཅན།  འཁྲབ་ཁྲིད་པ།  སྔོན་ཆད་དབྱི་ཐ་ལིའི་གུང་ཁྲན་ཏང་ནང་ཞུགས་མྱོང་། 

17.ལའོ་དབྱི་ཨ་ལ་ཀུང་།  1897—1982དུས་རབས་ཉི་ཤུ་བའི་ཧྥ་རན་སིའི་སྙན་ངག་པ།  གུང་ཁྲན་རིང་ལུགས་པ།  ཏ་ཏ་རིང་ལུགས་དང་དངོས་བརྒལ་རིང་ལུགས་ཀྱི་ཚབ་མཚོན་མི་སྣ་ཞིག 

18.ཕྰ་སི་ཅེ་ཨར་ནྰ་ཁི།  1895—1960 དུས་རབས་ཉི་ཤུ་བའི་ནང་གི་ཨུ་རུ་སུའི་སྙན་ངག་པ་དང་རྩོམ་པ་པོ། 

19.ཡེ་སེ་ཉིང་།  1895—1925  དུས་རབས་ཉི་ཤུ་བའི་ནང་གི་ཨུ་རུ་སུའི་མིང་དུ་གྲགས་པའི་སྙན་ངག་པ།  ཞིང་སྡེའི་སྙན་ངག་སྨྲ་བའི་འཐུས་ཚབ་མི་སྣ། 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཡ་ཁོབ་སི་ཀི་ལ་སྤྲིངས་པ། སྙན་ངག་རིང་མོ།

2017-03-02 རེ་རྐང་གླིང་གིས་བསྒྱུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།