སེང་རྡོར་གྱི་རྩོམ་གསར་ཕྱོགས་བཏུས་དང་གཞན་དག

༈ སྙན་ཚིག་བྱེ་མ་ལ་བདུན།

བྱེ་མའི་ཀློང་དུ་ཟླ་འོད་གྱ་གྱུར་འཕོ།།
མིག་མཐའ་ཆུ་འཁོར་དཀར་ཆ་རྫོགས་པ་ཡོད།།
འོད་ཀྱི་གྲུ་དང་གྲུ་ཁེམ་གཡོས་ནས་ཀྱང་།།
ཤུགས་དྲག་ཡིད་འཕྲེང་གསལ་ཆ་ཚང་བ་ཡོད།།
བྱེ་མ་ཤག་ཤག་འབབ་ལས་ཡོད་ཚད་རྟོགས།།
འོན་ཀྱང་བྱེ་མ་རང་ལ་བཤད་ལས་ཅི།།
ཟླ་འོད་འདྲེས་པའི་བྱེ་མས་འཁྱུག་གར་རྩེད།།
དེ་ལས་འོད་ཀྱི་བྱ་བྱེའུ་མང་དུ་འཕེལ།།
གླིང་བུ་ཁེར་འབུད་འོད་དང་བྱེ་མས་འབབ།།
ཆུ་ཤེལ་ཕྲེང་བ་དྭངས་བསིལ་མུ་ཏིག་སྟེ།།
ཟླ་འོད་མཁྲེགས་པོར་གྱུར་ཏེ་ཟེར་མ་འཚེར།།
བ་སོའི་ཁྱིམ་མམ་དར་དཀར་ཁུགས་པ་རུ།།
འོ་མ་རབ་འཛག་རི་དྭགས་སྙིང་རྗེ་འཁྲུངས།།
ངང་དཀར་གཤོག་པའི་ཐིག་ལེ་ཤི་རག་འཁུར།།
དེ་ཡང་ཆུ་འཛིན་འདྲ་སྟེ་ལང་ལོང་འཕྱོ།།
ཟླ་འོད་དཀར་ལ་བྱེ་མ་དེ་བས་དཀར།།
ཟླ་གཟུགས་བྱེ་མའི་ཚོན་བརྒྱས་སྤུད་པར་བྱས།།
དེ་ཡང་རྒྱང་དུ་བཞུར་བའི་ཆུ་མོ་འདྲ།།
ཡང་ན་རིང་དུ་བྱེར་བའི་ལུག་ཁྱུ་འདྲ།།
"ཀུ་མུད་རྒྱང་གྲགས"བྱེ་ས་ལ་བདུན་རིར།།
ག་བུར་གཟེགས་མ་འཇོ་བའི་ཟླ་འོད་མཐོང་།།
        ༢༠༢༡  ༩ ༡༡ 
༈ རང་ཉམས་གོ་དང་མི་གོའི་ཁ་མཚམས། 

ཆར་གྱི་གླང་པོ་ཕྲག་བརྒྱར་སྤྲུལ་ནས་རི་རྩེ་དགུ་དག་བསྐོར།།
སླད་ཀྱིས་གློག་ལྕེ་རྐྱོང་ཞིང་ལྕེ་དེའི་ང་རོས་རང་གཞན་བསྒུལ།།
འདི་ན་ཁ་རྣ་མང་པོར་ཡིད་འགྱུར་འོབས་ནི་དུ་མས་སྦྲེལ།།
ལན་རེར་ཡི་གེས་བསྣུན་ལ་མཚམས་རེར་གཏམ་ཡང་ཚོད་ཚོད་བྱ།། 
རྒས་དང་མ་རྒས་བྱེ་རི་དམར་པོའི་ཟོམ་ནས།།
གཞོན་ལུས་གཡུ་ཡི་མདོ་འཛིན་ཟད་མ་ཟད་ཀྱིས།།
སྤྲིན་པ་ཡར་ལྡིང་ན་བུན་མར་ཆད་ལྟད་མོས།།
ཆ་བརྒྱད་རྭ་ལྡན་ཤྭ་བ་ངང་གིས་སྐྱོ་སོང་།།
འདོད་དེ་འགྲོགས་མ་ཕོད་པའི་འཁང་ར་མེད།། 
འཁོར་བ་བགས་ཀྱིས་འགྲིམས་པ་གཅིག་བྱོས་དང་།། 
བསགས་ཏེ་སྤྱད་མ་བྲ་བའི་འགྱོད་པ་མེད།། 
ནོར་ལ་སྙིང་པོ་བླངས་པ་གཉིས་བྱོས་དང་།། 
དྲན་བཞིན་བཤད་མ་ནུས་པའི་ཚིག་གཅིག་མེད།། 
གཏམ་ཡང་མཐའ་མར་གཏུགས་པ་གསུམ་བྱོས་དང་།། 
ད་ནི་སང་ཉིན་རྒུད་དམ་ཤི་ཡང་བླ།། 
བསམ་པ་ཕུགས་ནས་རྫོགས་པའི་དགའ་སྟོན་ལགས།།
ཤེས་རྒྱུན་ཕྲ་མོ་བར་དོར་ཉིང་མཚམས་སྦྱོར་ས་ཨ་མའི་ལྷུམས།།
ཟུངས་བདུན་ལུས་ཀྱི་དམ་ཅན་ལྕགས་སྣ་འགྲུབ་བྱེད་ཨ་ཕའི་ཁམས།།
གཉིས་སུ་འདྲེས་ལས་འཕར་སྤྱང་ཐེའུ་རང་བསེ་རག་ཤ་ཟའི་རྒྱུད།།
ང་སྐྱེས་ངས་ནི་གངས་ཁྲོད་རྡོ་གཡམ་སྟེང་དུ་མི་རོའི་མཁར་བུ་བརྩིགས།།
གོས་འབྲུག་མའི་གསེར་སྐུད་རྡོལ་རག་ལ།། 
རྟ་འདོ་བའི་གོང་ནས་གློག་བཞིན་སོང་།། 
གློག་དཀར་ཚུབ་བྱེད་དང་དམར་ཚུབ་བྱེད།། 
མི་རང་སྣང་ཅན་ཞིག་རེད་ཀྱང་ཟེར།།  
ལུས་ཡང་ཟོར་སྨྱུག་ཕྲན་སྒུར་རག་ལ།། 
རྟགས་སྟོན་མོའི་དབུས་ནས་མེ་བཞིན་འབར།།  
མེ་ལྷོག་ལྷོག་འབར་དང་ལྷང་ལྷང་འབར།།
ཁ་དབང་འདུལ་ཅན་ཞིག་རེད་ཀྱང་ཟེར།།
སྐྲ་ཆུན་འཕྱང་རྒྱ་ལྕང་འཛིང་རག་ལ།། 
སྨན་དྭངས་རྒུའི་དཀྱིལ་ནས་རྗེ་བཞིན་འཁོད།། 
མིག་དཀར་ནག་གཟི་རིས་ཟད་རག་ལ།། 
ཟས་ཇ་ཆང་དབུས་ནས་ལྷ་བཞིན་མཆོད།། 
སོ་ཐགས་བཟང་གྲལ་ཕྲེང་འཐོར་རག་ལ།། 
གཏམ་ཤུགས་ལྡན་རྣོ་གཟོང་ཐོག་བཞིན་འཕངས།། 
དེ་ཡིན་ཡང་འདུས་བྱས་ག་ལ་རྟག ། 
ངས་མི་རིང་ལུས་ཀྱི་ཀོ་ཐེད་འབོར།། 
ཟུངས་ཟད་དྲགས་རུས་པའི་ཐོ་ཡོར་གཏང་།། 
ཤར་ནས་ཟླ་ཞལ་མ་འགས་སྤྲིངས་ཡིག་གཏོང་།།
ཡིད་འོང་ཟིལ་མངར་དོག་པ་ལོས་ཀྱང་མཛེས།།
ལྷོ་ནས་སྒྱུ་འཕྲུལ་མ་ཚོས་འདེད་ཅིང་འཇུ།།
རོལ་སྒེག་ཆར་སྤྲིན་ཕྱེད་གླིང་བདག་ལ་གཏོད།།
བྱང་དང་ནུབ་ནའང་སྲོག་འཛིན་སྤོས་དཀར་ཚོགས།།
ཟུམ་པས་དགོད་ཅིང་ཡང་ཡང་ངོ་ཚས་འཁྲི།།
འདི་ན་མི་ལོ་བཅོ་ལྔའི་ཚེགས་བརྩོན་དང་།།
རྡོ་རྗེའི་དར་ཟབ་ཁྲེལ་གྱིས་མདུད་ཀྱང་ཐེབས།།
དེས་ན་འཇའ་དྲུག་སུལ་མང་སྒོ་འཕར་ལས།།
གཡེང་རིལ་ཕར་གཏོང་ཚུར་གཏོང་ཁག་པོ་གདའ།། 
བ་རེ་རེས་རྒྱགས་ནི་གཞན་ལས་ལེན།། 
བ་རང་གི་འོ་མ་མི་ལ་གཏོང་།། 
འདི་ཡོད་མེད་དབུལ་ཕྱུག་ཙམ་གྱིས་མིན།། 
ལས་རྟེན་འབྲེལ་ཆུ་གསོས་འདེབས་ལུགས་སོ།། 
རྗེ་མི་ལ་ཟས་ཀྱི་ལྡོམ་བུས་འཚོ།། 
བྱ་རྒོད་པོས་ཐེད་ཀྱི་རོ་སྙོམས་འཛིན།། 
ཁོང་རྒྱལ་སྲས་དོན་གྲུབ་སློང་མོར་བརྟེན།། 
འདི་རེ་རེ་སྲིད་པའི་བཀོད་ཐང་སྟེ།། 
འཁོས་ཆུང་དྲགས་ཁོ་ནས་མ་རེད་ཨང་།། 
ངས་ནད་ཡམས་མཆེད་སར་བྱིན་ན་ཡང་།། 
ང་རང་གི་དཔར་དངུལ་གྲོགས་དག་གནང་།། 
ཕྱོགས་ཕྲག་བརྒྱའི་ཆུ་ཕྲན་རྒྱ་མཚོར་འབབ།། 
སླར་མཚོ་ལས་དྲངས་ཏེ་ཞིང་བརྒྱར་བགོས།།  
མིའི་སོ་ནམ་ཕལ་ཆེར་དེ་ལྟར་གནས།། 
འདི་ཤེས་ན“རྒྱུ་ཟས་འབྲེལ་ཐོགས”ཞེས།། 
ཞལ་མང་པོས་གསུངས་པའི་གནད་ཀ་རྟོགས།། 
སྐྱེས་བཟང་པོས་བསྐུལ་ན་ལོས་ཀྱང་འབྲི་དགོས།།
རྒྱུ་རིན་ཆེན་དུང་དང་གསེར་འཁོར་ཕུལ་དུས།།
ལྷ་ཐུབ་ཆེན་ཡིན་ཀྱང་ཞལ་སྒོ་གྲོལ་མྱོང་།།
ཁ་སྟོང་བས་བོས་ན་གཞི་བདག་ཨེ་འཁོར།།
བསང་གསུར་དྲི་མེད་ན་མགོན་སྐྱབས་ཨེ་བྱེད།།
རིན་མེད་པའི་ཕྱོགས་ནས་སྐྱིད་པོ་མ་དྲན།།

༈ མགུར་ཟ་ར་ཚགས་ཀྱིས་ལྡེམ་འགྱུར་ཞུ།

གངས་ཁ་བའི་ཆག་གྲུམ་བསེར་བུས་བསྐྱོད།།
ལར་གངས་རྡུལ་དྲག་པོས་ཡུལ་གྲུ་ཁེངས།།
རིའི་རྩེ་མོ་ཕལ་གྱིས་ཞོ་མདངས་འཁྱེར།།
དབྱར་ཐོན་ཡང་ཞུ་མེད་ཏི་སེ་སོགས།།
དཔེ་ཡག་གི་ཐུན་མོང་ལས་སྐལ་རེད།།

གསེར་བཙོ་མས་བྱས་པས་འོད་ཕྲེང་འཚེར།།
འོད་ལྷག་ལྷག་འཚེར་བས་འཇུག་སྒོ་རྙེད།།
རྗེ་བླ་མས་བསྒྲོན་པའི་དབུ་རྒྱན་བརྗིད།།
མདུན་ཚེ་འབར་ཞིང་བརྒྱའི་སྣང་བརྙན་འཛིན།།
རྟེན་ཇོ་བོའི་དྲུང་དུ་མཚན་སྨག་མེད།།

སེམས་ཆོག་ཤེས་སྤོས་དཀར་གླང་པོ་ཡིན།།
རྒྱུད་བྱམས་བརྩེ་རྔ་ཡབ་ནོར་བུ་ཡིན།།
དོན་ཟུང་འཇུག་ཤུལ་རིང་ལམ་བྲོ་ཡིན།།
དེ་སུམ་སྒྲིལ་བྱོས་དང་གྲོགས་པོ་ཀྱེ།།
ཡང་ཆིག་སྒྲིལ་གྱིས་དང་དད་ལྡན་ཀྱེ།།

ནགས་གཡུང་དྲུང་ཆད་པའི་མཐའ་ཞིག་ན།།
སྒོམ་ཤེལ་གྱི་ཟླ་བར་དབང་འབྱོར་མཁན།།
ཞལ་མཐོང་གྲོལ་བླ་མ་རྡོ་རྗེ་འཆང་།།
མི་རང་གི་འདི་ཕྱིའི་ཐུབ་དབང་སྟེ།།
མགུལ་དཔལ་བེའུ་ཅན་དེའི་སྐུ་ཚེ་བརྟན།།

གཞུང་ཚེ་ཡི་རིག་པར་བག་ཆགས་བཞག །
རྩྭ་ཤིང་བྲག་ཆུ་ཡི་འདུལ་སྦྱོང་བསླབས།།
གྲོགས་ཤ་ར་བྷ་ཡི་དཀྱིལ་འཁོར་ལས།།
ཐིག་རྡུལ་ཚོན་བྱེ་མའི་རི་དྭགས་བསླངས།།
དེའི་ཉམས་སྣང་རི་མོའི་རི་མོར་འཕོ།།

དབང་ཞུས་པའི་མེ་ཏོག་སྤྱི་བོར་ཕོག །
ལམ་བསླབ་པའི་རྩ་འཁོར་དབུ་མར་ཚུད།།
ངག་སྤྲིན་རིས་མེ་ལོང་རེས་ཀྱིས་བྱས།།
ཚོགས་ཐེངས་གཅིག་རྫོགས་པའི་སྟ་གོན་ལགས།།
སེམས་ལན་གཅིག་བཀྲུས་པའི་བདེ་སྣང་ལགས།།

འབྲུག་གྲགས་པའི་ཚོད་ཀྱི་སེམས་ངོ་འཕྲོད།།
ཆར་བབས་པའི་ཚོད་ཀྱི་བྱིན་རླབས་མྱངས།།
སྨུག་དུམ་གཅིག་འདུ་བའི་གར་ཁང་དུ།།
གློག་ཚར་གཉིས་འཁྱུགས་པའི་རང་བཞིན་ལ།།
ངས་སྒྱུ་མའི་ས་རྒོད་ད་དུང་རྨོ།།

སྐྱབས་རྩ་གསུམ་ལྷ་ཡི་བར་སྣང་དུ།།
ངས་སྲིད་པའི་འཁོར་ལོར་ཁ་གསོས་བརྒྱབ།།
བློ་སྦྱངས་པའི་བྱ་རྒོད་དུ་མ་འཕུར།།
པུས་ས་ལ་བཙུགས་པའི་སྒྲིབ་སྦྱོང་དུ།། 
མགུར་ཟ་ར་ཚགས་ཀྱིས་ལྡེམ་འགྱུར་ཞུ།། 
   ཞེས་པ་འདི་ནི། སྲིང་ལྕམ་ཐལ་ལེ་འོད་འཕྲོའི་ཚབ་ཏུ་སེང་རྡོར་གྱིས་སོ།།

༈ ཆང་འཐུང་ཚོའི་ཁམས་དང་བསྟུན་པའི་ཁ་རྩོམ་མགོ་ལྡིང་ལག་ལྡིང་མ།

ཆང་ཅུང་ཟད་བསྟེན་ན་སྐྱོན་རྒྱུ་མ་རེད།།
དེ་དཀར་ཞིང་དྭངས་ལ་ཉོ་ན་འདོད་པ།།
ནས་འབྲུ་དྲུག་བཙགས་པའི་ཉིང་བཅུད་གཙང་མ།།
དེའི་དྲི་མ་ལ་ཡང་མངར་སིལ་བྲོ་བ།།
སྐྱོན་ཏག་ཏག་ཡིན་ན་ཚོང་རར་བཀྲམ་མམ།།
གྲངས་མང་པོ་འདི་འདྲ་བཙོང་རྒྱུ་ཡོད་དམ།།
ངས་བལྟས་པའི་དཔེ་ཆ་རྙིང་བ་ཞིག་ཏུ།།
རྗེ་ཀློང་ཆེན་ཞབས་ཀྱིས་བདུད་རྩིར་བསྔགས་འདུག ། 
ཡ་དེས་ན་འུ་ཚོས་མུ་མཐུད་འཐུང་རེས།།
བཟི་མ་བཟིའི་བར་ནི་བདེ་བ་ཅན་ཡིན།།
ཁ་འཆུག་ཁུལ་ངོ་ཡང་ཚ་ཁུལ་བྱོས་དང་།།
སེམས་སྡུག་ཁུལ་སྐབས་རེར་ངུ་ཁུལ་བྱོས་དང་།།
ཆང་ཤོག་སྒམ་ཆ་རེ་ད་རུང་ལོས་ཡོད།།
རྣར་མི་འགྲོ་ཟེར་ན་མནའ་ཡང་བསྐྱལ་ཆོག །
ཆང་མང་པོ་འཐུང་ན་ཉན་རྒྱུ་མ་རེད།།
ཞག་ཉི་མས་འབྱོང་ན་རུང་རྒྱུ་མ་རེད།།
དེའི་ཉེས་དམིགས་བཤད་པའི་བཀའ་སློབ་མང་དྲགས།།
ཤ་མཆིན་པ་ཚིག་ནས་འཆི་རྒྱུ་མ་ཟད།།
ཤི་དམྱལ་བ་མ་གཏོགས་བསམ་རྒྱུ་མེད་ཟེར།།
ཨ་བཛྲ་ས་ཏྭ་བདེན་ན་ཐང་ཡ།།
ད་དེས་ན་ཚོད་ཚོད་རན་རན་བྱོས་པེ།།
རྩར་བརྒྱུག་ཙམ་བྱ་ལས་རྒྱུན་འཐུང་མ་བྱེད།།
འཐུང་ཁོ་ཐག་ཡིན་ན་རླངས་འཁོར་མ་བསྐོར།།
རོ་ལམ་ངོར་གཡོས་ན་སྙིང་པོ་མེད་པཱ།།
བཟི་ཤ་སྟག་ཡིན་ན་སྒོ་ཁར་མ་འབུད།།
ཁ་དྲོ་ནས་བསྡད་ན་བསོད་ནམས་ཡིན་པཱ།།
“ཁ་ཇ་ཆང”ཟེར་དཔེ་ཇ་ཡང་བླུགས་དང་།།
“ཤ་ཁྲ་རྒོད”ཟེར་དཔེ་ཤ་ཡང་ཚོས་དང་།།
དེའི་སྐྱོར་མར་གླུ་ལེན་གར་རྩེད་བྱོས་དང་།།
ཐལ་དྲགས་པ་མིན་པའི་ཚིག་ཀྱང་འཕེན་ཆོག །
ཅུང་ཐལ་དྲགས་ཡིན་པའི་ཁ་ཡང་བླ་འོས།།
ཡུལ་ཕན་ཚུན་མི་གནོད་འུར་ཡང་རྒྱག་རིགས།། 
རྫུ་ཡོད་པའི་ཐོག་ནས་ཕོ་མོའི་བར་ལ།། 
ལུས་ཁ་བརྡ་མིག་བརྡར་འགལ་བ་ཅང་མེད།།
སྤྱིར་འུ་ཚོ་འཇིག་རྟེན་ཁྱིམ་པ་ཡིན་པས།།
ཆང་སྐྱ་སྐྱུར་སྣང་བ་བན་བུན་བསྲེས་ཏེ།། 
སྐྱིད་ཡོད་ཁུལ་ཞིག་གིས་བགད་ནས་ལོས་འགྲོ།།
སྡུག་མེད་ཁུལ་བྱས་ཏེ་འགྱིང་ནས་ལོས་འགྲོ།།
          ༢༠༢༡ ༩ ༢༢ 

༈ དེང་སང་གི་མིའི་དབང་དུ་བྱས་པའི་སེམས་པ་སྐྱིད་པོ་ཡོང་ཐབས།

གཏིང་ནས་དགའ་བའི་བཞིན་གྱི་མིག་མདངས་དང་།།
ཟོལ་མེད་རྣམ་འགྱུར་འཚེར་བག་བྲལ་སོགས་ནི།།
ཤེས་ཐག་ཆོད་པའི་སྤོབས་པ་ལ་ཡང་བརྟེན།།
གུས་ཆུང་ཚོད་ཟིན་རྒྱུས་ལོན་གསུམ་ཡང་མཁོ།།
དྲང་སྲང་ཆེན་པོས་རེས་གསུང་རེས་མི་གསུང་།།
རེས་ནི་ལན་མེད་བསྐུལ་ནའང་མི་གསུང་སྐད།།
སྤྱོ་དང་གཤེ་བར་ཁ་ལན་མ་བྱས་ན།།
བྱེད་མཁན་སོ་སོའི་ཡིན་ཞེས་ཐབས་ཀྱང་མཛད།།
ཆོས་ལ་མ་ཟད་འཇིག་རྟེན་ལུགས་ཀྱང་ནི།།
དེ་འདྲ་ཞིག་གིས་འདུམ་པར་བྱས་ན་ཡོང་།།
རྩོད་ལྡན་དུས་སུ་རྩོད་པ་གྲངས་མེད་མཆིས།།
རྩོད་ཐག་མི་ཆོད་ཕྱིར་ན་སངས་རྒྱས་ཀྱང་།།
འཇིག་རྟེན་ངར་རྩོད་ངས་ནི་མི་རྩོད་གསུངས།།
དེ་ཙམ་མ་ཟད་མདའ་ཡིས་བསྣུན་པའི་རིགས།།
སྐྱོབ་གལ་ཆེ་ལས་སུས་འཕངས་མི་དཔྱོད་ཅེས།།
འཁོར་བར་ཐོག་མ་ཡོད་མེད་ཚུན་ཆད་བསྐྱུངས།།
དེས་ན་འོ་སྐོལ་རྣམས་ཀྱང་ཚོད་ཚོད་ལས།།
PKསོགས་ལ་དབྱིངས་ཞུགས་མི་འཐད་དོ།།
དུས་ཚོད་མི་སྡོད་འགྲོ་བའི་ཚུལ་རིག་ནས།།
ཐད་གཏོང་གང་འཚམ་བྱེད་ལས་འབད་དྲགས་བླུན།།
ཆེད་དུ་གཉེར་འོས་དེ་ཙམ་མ་མཐོང་ངོ་།།
དྲྭ་དུག་གློག་དུག་གིས་ཟིན་མི་ཚོགས་སྐྱོ།།
ཐང་ཡངས་ཉི་མ་གསལ་ལམ་རི་རྩེར་བརྟོལ།།
རྒྱུག་ཤར་གློད་དང་མཉམ་བཞག་དྲན་པ་སྐྱོང་།།
དངོས་སུ་རུ་ཉུལ་བརྙས་སྤངས་བཞད་གད་འདྲས།།
ཉིན་ཞག་ཕལ་ཆེར་བདག་གིས་བསྐྱལ་བ་ལགས།།
ཐམས་ཅད་དྲྭ་ལས་བྱས་དང་བྱེད་པ་ནི།།
ཅུང་ཟད་ཚད་བརྒལ་ཞིག་ཏུ་ཡང་གདེང་རྙེད།།
མཆན་ལན་འདེབས་སོགས་མནོག་ཆུང་གྲོག་གཏུགས་ཀྱིས།།
རང་སེམས་དཀར་ཡོལ་དཀྲུག་པའང་ཀླད་མེད་དོ།།
རྣམ་རྟོག་མི་ཟད་སྐད་ཆ་རྨེལ་གྱིན་འཕེལ།།
དེ་ལ་རྫོགས་པའི་མཐའ་ཞིག་ཡོད་ལེ་མིན།།
མིན་ན་རྩིད་སྐུད་བཅད་ཀྱིན་མི་སྙོམས་འདིའི།།
མཚང་རིག་དྲ་བ་སྤྱོད་ལས་དྲ་བས་ཚུར།། 
གཡོག་ཏུ་མི་བཀོལ་མཚམས་ལའང་མཁས་པར་མཛོད།།
བདེ་བའི་བདེ་བ་སེམས་བག་ཕེབས་པར་འདུས།།
དེས་ན་གྲོགས་པོའི་ཚོམས་ལ་དགྲ་མི་ལེན།།
དགྲ་རུ་གཅོད་པའི་ཟུར་ཙམ་ཡིན་ཡང་འདོར།།
ནག་དོང་ལ་འཇུག་རང་བློའི་དཀྱིལ་འཁོར་ལ།།
གད་དར་མང་བྱེད་སྲོག་རླུང་ཞུགས་གྲས་དང་།།
ཧ་ཅང་འཛིང་དགའ་སྨྱོན་ཕྱེད་ཆགས་ཚོ་ལ།།
ངག་འབྲེལ་ཙམ་ཡང་འཇོག་པ་མི་རིགས་སོ།།
ཏིས་ཏིས་ཞེས་གྲགས་རྣ་བ་གཙེས་པ་ཡི།།
ཚོགས་པར་མ་ཞུགས་མི་འཇུག་གཞུག་མི་འགྱུར།།
དགོས་དབང་ལྷག་པོ་འབྱུང་ན་གཞན་དུ་ཟད།།
བརྙན་མཐོང་བཅས་ཀྱིས་རང་གཞན་སྟོན་རེས་ཀྱང་།།
དོན་དག་ཆེར་མེད་དེས་ན་མི་སྤྱོད་དོ།།
ཁ་པར་འཕུར་རྣམ་ཡང་ན་སྒྲ་མེད་བྱས།།
འཕྲོ་ནས་ཕར་ལ་གཏོང་འདི་ལོ་མང་བསྐྱངས།།
ཉིན་རེར་དགའ་ལྷང་ལྷང་དང་འཛུམ་དཀར་བསྟེན།།
འདུ་ཡང་བཟང་ཕྱོགས་ལས་ནི་མི་མཐུན་སྤོང་།།
འདི་འདྲའི་ངང་ལ་ཕལ་ཆེར་བཞི་བཅུ་བརྒལ།།
སེམས་མ་སྐྱིད་པའི་གཉན་འཕྲང་མང་པོ་མེད།།
ཆང་དང་དུ་བ་རྒྱན་པོ་འགྱེད་སོགས་ནི།།
སྤངས་ཤིང་སྤོང་བའི་དམ་བཅའ་ལྷུན་པོ་འདྲ།།
གནམ་ལྕགས་དབབ་ཀྱང་འཕན་ཟེལ་ཡོང་དོགས་མེད།།
དེ་བས་བདག་ནི་སྔ་དྲོ་གཅིག་ཏུ་དུལ།།
རྩེ་གཅིག་ཡིད་ཀྱིས་སྒོམ་མིན་སྒོམ་འདྲ་ཞིག །
བྱས་པའི་རྗེས་སུ་ཁམས་དྭངས་ལོས་ཀྱང་དྭངས།།
ཉིན་གུང་དམངས་གླུ་ཆོས་དབྱངས་འགའ་རེར་མཉན།།
སྐབས་རེར་འབྲུ་མེད་རོལ་མོ་རྐྱང་བའང་མཉན། 
སྲོད་དུ་རྩོམ་འབྲི་དེ་ཡང་དགའ་ཕྱོགས་འབྲི།།
རྨི་ལམ་འགའ་མཛེས་ཞོགས་པའང་ཞོགས་པར་ཤེས།། 
མི་འཁང་མི་རྩོད་མི་སྐྱོ་ཕངས་པ་མེད།།
ཕལ་ཆེར་ཉི་མ་རེ་རེེ་རང་ལ་དབང་།།
རང་གིས་ལས་འདོད་ལས་ནས་ཡོང་བ་ཡིན།།
མི་འདོད་ལས་མ་མྱོང་ཞིང་བློ་ཁ་བདེ།།
གྲོགས་ཀྱིས་བསྐོར་ལ་རྟག་ཏུ་སྙན་པ་ཐོས།།
གྲལ་དུ་ནམ་ཐོན་ཀུན་ཀྱང་ཆེ་མཐོང་སྤྲོད།།
རང་གི་བཀོད་སྒྲིག་ཟེར་རམ་བསོད་ནམས་ཟེར།།
བསྟན་བཅོས་བཀླགས་པས་ཡོང་ངམ་མ་ཤེས་མོད།།
འགྲིག་ཤག་ཤག་གི་ད་སྔོན་འདི་ཙམ་མོ།།
མངོན་ཤེས་མེད་ཙང་འབྱུང་འགྱུར་ལབ་ཚོད་མེད།།
   ཅེས་པ་འདི་ནི། འགའ་ཞིག་གིས་ཉི་མ་རེ་རེ་བཞིན་དུ་སེམས་པ་སྐྱིད་པོ་ཡོང་ཐབས་ཀྱི་ལམ་ཞིག་སྟོན་རོགས་ཟེར་བས། མི་ཤེས་ཀྱང་ཤེས་ཁུལ་གྱིས་འདི་རང་བྲིས། སེང་རྡོར་གྱིས་སོ།། 

༈ མགུར་ཆུང་ཕྱག་རྒྱ་མ།

བསོད་ནམས་ས་འོག་ལྗང་མྱུག་སྟེ།།
ཤེས་རབ་དེ་ལས་ཆེས་ཆེར་ཕྲ།།
ཤ་ཡི་མིག་ལ་སྐལ་དོན་ཆགས།།
མངོན་ཚན་མི་ཆེ་ངང་གིས་འབུ།།
ཤུགས་ཀྱིས་འབྱུང་ཞིང་ས་མདོག་བརྗེ།།
མངལ་གྱི་བུ་དང་མཚན་གྱི་གཉིད།།
དེ་ཡང་འབད་ལ་མི་ལྟོས་སོ།།
དེའི་ཕྱིར་སི་ཏུའི་ཞལ་སྒོ་ནས།། 
“ལོ་བརྒྱར་སྦྱངས”དང“ཡུད་ཙམ་གཅིག །”
མཉམ་པའི་གསུང་གིས་དབུགས་ཕྱུང་སྟེ།།
“ཚེགས་ཀྱིས་བསྒྲུབས”དང“བདེ་བླག་ཉིད”།།
མཚུངས་པའི་བསླུ་མེད་ཕྱག་རྒྱ་བཀོད།།
དེ་ཡང་ཐུགས་སྤོབས་བཀྲ་བས་ནི།། 
ཤིན་ཏུ་དཔྱད་ནས་ཟླ་བའི་འོད།།
བདུད་རྩིར་བསྒྲུབས་ཏེ་ཚོགས་སུ་བྲིམས།།
བཀའ་རྟགས་སྡོམ་དམར་དེང་ཡང་གསལ།།
རལ་གྲིའི་ཁ་ནི་སྲབ་ན་ཡང་།།
དེ་ཡིས་མཐུག་པའི་ཡ་ལད་གཅོད།།
མང་ཡང་མི་དགོས་འཇམ་དབྱངས་ལྷའི།།
ཕྱག་ན་དུ་ཡོད་སོ་སོས་ལྟོས།། 
དེས་ན་བསམ་པའི་ཁྱད་པར་ལས།།
སྡུད་དང་སྤྲོ་ལ་དབང་འབྱོར་བས།།
ཇ་ཞོར་རྩོམ་དང་ལས་ཞོར་འཆད།།
འཐད་པའི་ལུང་རིགས་ཕྲག་བརྒྱ་བ།།
འདི་ན་དབྱངས་ཅན་འགྲམ་ཆང་སྟེ།།
མེ་ཏོག་དབང་མེད་དགོད་པ་དང་།།
འདབ་མ་དབང་མེད་གྲོལ་འགྱུར་རོ།།
འདུས་བྱས་སོ་ན་མི་གནས་ཤིང་།།
རྟེན་འབྲེལ་ཅིས་ཀྱང་ཡིན་པས་ན།།
ལས་སུ་མི་རུང་འགའ་ཡང་མེད།།
         ༢༠༢༡ ༩ ༡༡ 

 ༈ སྙན་ཚིག་སྲང་ལམ་ནང་གི་ཁ་དང་བཀོད་པ་ཞེས་བྱ་བ།

ཆར་འབབ་པར་སྔོན་གྲོས་ཡོད་པ་མིན།།
འབྲུག་གྲག་པར་དུས་བཅད་སུ་ལ་འཐེན།།
སྲང་ཆེན་པོའི་ནང་གི་མི་ཚོགས་ཀྱང་།།
སླར་འཕྲད་དང་མི་འཕྲད་བཤད་ཚོད་མེད།།
རི་ལྷུན་སྟུག་མཐོ་ཚད་ཤེས་སླ་ཞིང་།།
དེའི་གཏོས་དང་རྒྱ་ཁྱོན་རྟོགས་སླ་མོད།།
དེར་འདུས་པའི་རྡུལ་དང་ཆར་ཆུའི་གྲངས།།
ལེན་ཐུབ་པའི་བློ་ཁོག་སུར་ཡང་མེད།།
དཔེ་འདྲ་སྟེ་ཤེས་ངེས་ཆ་ཤས་ལས།།
ཤེས་མི་ཐུབ་མེ་ཏོག་རྒྱུས་མེད་ཡོང་།།
རིག་མ་མྱོང་སྦྲང་ཆུང་ཟིར་གླུ་ལེན།།
སྤང་སེར་ཤ་གློ་བུར་གློ་བུར་འཕྱུར།།
འབུ་ཕྱེ་ལེབ་གྲངས་མེད་གྲངས་མེད་འཕེལ།།
ཆོས་དེ་དག་ལྷག་ཏུ་བརྩི་མི་ཐོན།།
སྲང་མདོ་སྦུག་ངག་འབྲེལ་རྣམ་འགྱུར་ཡང་།།
སོར་གང་གི་སྔ་ཕྱིའི་ཆོས་ཅན་ཏེ།།
ལམ་གདམ་ག་ནོར་རམ་མ་ཕོད་ན།།
མ་ཡིད་འཕྲོག་ཤོར་འདྲའི་ཁ་སྐྱེངས་ཡོང་།།
དཔལ་སི་ཏ་ལུས་འདྲའི་འགྱོད་སྣང་སྐྱེ།།
མིང་མི་ཤེས་སྐད་ཀྱི་ཏམ་བུ་རས།།
རྣ་དོན་ཡོད་བྱས་པ་དེ་དང་འདྲ།།
འདང་ཆེ་ཡང་ལས་ཀྱིས་གཞན་ལ་དབང་།།
རྒྱུས་ཡེ་མེད་ཁ་ངོའི་ཐང་ག་ཡིས།།
མིག་དྲངས་པའི་མཐུ་ཡང་དེ་རང་སྟེ།།
བློས་མི་ཐོངས་ན་ཡང་ཐོངས་དགོས་སོ།།
བརྒྱ་ལན་ཚིགས་མོལ་བའི་བདེ་སྣང་ཡང་།།
ནགས་གཡུ་ལོའི་ཁུ་བྱུག་འདྲ་མ་སྟེ།།
སྙན་དྲགས་ཀྱང་དབྱར་དགུན་འཁོར་རེས་ལས།།
དུས་རྒྱུན་དུ་མཉན་རྒྱུ་ག་ལ་དཔེ།།
ས་གོམ་གཅིག་བརྒལ་བས་ལྷ་འདྲེ་བརྗེ།།
འགྲོས་དལ་མོ་བྱོས་དང་མགོ་ནག་མི།།
ལུས་བསྒུར་ཙམ་བར་ནས་ཐོབ་སྐལ་འབོར།།
མིག་གང་སར་མ་འཕེན་གཞོན་པའི་སྡེ།།
ཡ་དེས་ན་བརྒྱུགས་པའི་རྟ་ཕོ་ལས།།
དེའི་ཤ་ཁྲག་རྒྱུས་པར་དཔྱོད་དོན་མེད།།
བང་གློག་དམར་སྤྲིན་གྱི་རོལ་བ་དང་།།
ལུས་རྔ་རྔོག་རྨ་བྱའི་ཚོན་སྒོ་དང་།།
ཤུགས་རྩལ་དྲུག་བྱ་རྒོད་འཕུར་ལྡིང་གསུམ།།
ཉམས་དགའ་བའི་ཟླ་ལ་ཁྱེར་བས་འཐུས།།
          ༢༠༢༡ ༩ ༡༡ 

༈ མྱ་ངན་ཤི་གསོན་འབྲེལ་བའི་ཆོ་ངེ་།

བདེ་ཁང་བསོད་ནམས་ཆོས་རྒྱལ་གྲོངས།།
དེས་ན་བདེ་སྡུག་གླིང་བུ་འབུད།།
རི་རྩེ་གནོན་པའི་རི་སྤྱང་སྟེ།།
མར་མེ་གཟིམས་དང་ཁྱད་པར་མེད།།
ངོ་མི་ཤེས་ཀྱང་ཞེ་མི་བདེ།།
ཤུལ་ན་དུ་བ་སྔོ་འཕྱུར་འཕྱུར།།
བསེ་ཚང་བློ་བཟང་དཔལ་ལྡན་གཤེགས།།
འཕང་འགྲོའི་རྒྱུད་སྐུད་རྙིང་གྲས་ཏེ།།
འཇའ་འོད་ཡལ་དང་གཉིས་སུ་མེད།།
ཆོས་འབྲེལ་ཆེར་མེད་འདོད་ན་ཡང་།།
མི་རྟག་གསལ་འདེབས་ཤེས་པ་འཕྱོ།།
ད་དུང་སྐད་ངན་ཐོས་སམ་ཞེས།།
བདག་བློའི་རི་རྩེ་ཁ་བས་གཡོགས།།
དབྱར་ལ་དགུན་གྱི་གྲང་ངར་མཆེད།།
གདོང་དྲུག་སྙེམས་པའི་མཚན་སྒྲ་ཅན།།
གཞན་དག་བཀུར་མིན་ཅི་རིགས་ཀྱི།།
སྣ་ཚོགས་སྨྲ་མོད་བདག་ནི་དགའ།།
བག་ཆགས་ཁྲོད་ན་སྟག་གིས་དང་།།
ཁྱུང་དང་འབྲོང་གིས་དགུ་འགྱུར་རྩེན།།
ཁོང་ཡང་ནམ་ཞིག་བཞུད་དམ་ཞེས།།
འཚེར་སྣང་དྲག་པོས་ཕྲུམ་རུས་གཟེར།།
ལེན་དཀའ་དབུགས་ཐུང་བསྟུད་མར་བརྩེགས།།
མིད་ཁ་གཅོད་གྲབས་ཡ་ཆུང་སེམས།།
སྨྲེང་དྲགས་སྙིང་ནི་ལྡབ་འགས་གཡོ།།
བསམ་མི་ཕོད་པའི་ཚོད་ཅིག་སྡུག །
འོན་ཀྱང་བྱ་ཐབས་ཉག་ཙམ་མེད།།
ལོ་རྒན་དུང་གི་སྤྲ་བ་ཡང་།།
ཅིས་ཀྱང་འཐོར་ངེས་བསྒྱུར་དུ་མེད།།
གཞོན་ཆུང་ཏི་སེའི་འབབ་ཀླུང་ཡང་།།
ངེས་པར་འཁྱགས་པའི་སྒྲོམ་དུ་ཆ།།
ཀྱེ་མ་འཆི་བའི་བགྲོད་པ་འདི།།
ཐག་སྒྲ་གཅིག་གི་ཡུན་ཙམ་སྟེ།།
ཡང་ན་སེ་གོལ་འགའ་ཡི་རིང་།།
ཇིང་གིར་གནམ་གྱི་རྒྱལ་པོས་ཀྱང་།།
བསྟུན་པ་ཙམ་ལས་ཐབས་མ་ཤེས།།
ཚའོ་ཚའོ་ཇུས་ཀྱི་དྲུག་ཁྲི་ཡང་།།
མགོ་གཟེར་ཇེ་ཐུར་སོང་ནས་འདས།།
གཞན་སེམས་གསོ་བ་སླ་མོད་དེ།།
རང་སེམས་གསོ་ལ་དེ་ལྟ་མིན།།
དུས་དང་དུས་མིན་གྱིས་འཆི་བའི།།
ལས་ཀྱི་སྤེལ་མ་ངས་ཀྱང་མྱོང་།།
      ༢༠༢༡ ༩ ༩ 

༈ འཇུག་ངོགས་སོ་དྲུག་མ།

ངོ་གཟབ་ནན་ཟླ་འོད་ཆེར་མི་མཐོང་།།
ནམ་མུན་ནག་དཀར་ཆ་དྲན་བཟོད་ཙམ།།
ངག་དྲིལ་ཆུང་སྒྲ་གདངས་ཕྱེད་ཙམ་ཐོས།།
འབྲུ་རེ་རེར་གོ་བའི་དར་ཚོན་མདུད།།
ངས་མདུད་ནས་བཤིག་སྟེ་བཤིག་ནས་མདུད།།
ཇ་དཀར་དམར་ཐིག་ལེ་ལན་མང་བསྲེས།།
ཧུབ་ཡང་ཡང་བྱས་རྗེས་ངས་འདི་བརྩམས།།
ཆར་ཟངས་མའི་རྦབ་ཆུང་རླུང་དང་བསྡོངས།།
རླུང་ཁ་ཤུའི་དིང་གླིང་སོར་རྩེས་བསྒུལ།།
ཆར་ཟངས་མའི་རྦབ་ཆུང་ཁྱོད་དང་བསྡེབས།།
ཁྱོད་སོང་བའི་རྒྱབ་གཟུགས་ཇེ་མང་རེད།།
ངའི་གོ་བའི་རྡོག་སྒྲ་ཇེ་གསལ་རེད།།
ངས་དེ་ལུགས་ལིང་ཚེ་དགུ་རུ་བྱས།།
ཡང་ལྡབ་གཅིག་བསྐྱར་བས་ཆུ་ཀླུང་གི །
རབ་བཅོ་བརྒྱད་འཇུག་ངོགས་སོ་དྲུག་བྱུང་།། 
ལམ་རྡོ་བའི་ཐེམ་སྐས་མེ་འོད་མཆེད།།
དེའི་ངང་ནས་སྒེག་མོའི་གཞུ་མོ་བཀང་།། 
དེའི་འཕྲོ་ནས་མདའ་མོའི་གླག་མོ་འཕུར།།
སྲང་སྒོ་ཆུང་གློག་ཡིག་འཚེར་ན་ཡང་།།
ཁ་ལབ་གླེང་ཆང་དྲིའི་ཞག་སྒྲོན་རྩེར།།
བལྟས་བལྟས་ན་ལ་ཐུར་ཁྱམས་རིང་འཆར།།
ལག་ཆར་གདུགས་འཁྱེར་བའི་གྲིབ་མ་གཡོ།། 
ལུས་སྤོས་ཆུ་དཀུ་བའི་རྣམ་པ་འགུལ།།
          ༢༠༢༡ ༩ ༦ 

༈ རྟ་རྒྱུག་ལ་བསྟོད་པའི་ཡིག་ཆུང“ཨེ་ཨར་ལཱན”མ། 

དགེ་སྡུག་རྒྱུ་འབྲས་སྟོན་པའི་གཞུང་ཡང་བསླབ།།
ལས་འབྲས་རྣམ་གཞག་ཞིབ་གསལ་ཐོ་ཡང་བཀླགས།།
ལོ་ཚོད་སེམས་རྙེད་ཆོས་ཀྱང་འཐད་སེམས་ཀྱང་།།
སོ་ཚིས་འདོད་ཡོན་ཐབས་སྒོ་མེད་མི་འགྲིག །
དེ་ལྟར་གོ་བས་རྟ་རྒྱུག་མི་སྨོད་ཁར།།
རྟ་ལ་གཅེས་ཤིང་རྟ་ཡང་མི་འདོར་ཚུལ།།
གཉིས་ལོ་དྲང་བཞག་དབྱེ་བསལ་འདྲ་མ་ཞིག །
ཁུངས་དཔེ་ཚིག་གི་ལམ་ནས་བཤད་ཀྱིས་ཉོན།།

རི་མོའི་སྒྱུ་རྩལ་ཞེས་སུ་རབ་གྲགས་དེ།།
མི་ཤེས་པ་དག་ཤོག་ཚོན་ཁོ་ནར་སྨྲ།།
འོན་ཀྱང་རིན་གོང་འབུམ་ཕྲག་ཡན་དུ་མཆིས།།
འཛམ་གླིང་རྩོད་མེད་རྟེན་རྫས་ཁང་དུ་ཉར།།
བོད་མིས་ཁྲི་རྟ་ཉོས་པ་དྲག་ཆུང་རེད།།
མགོ་སྟོང་ཡིན་པའི་སྒྲུབ་བྱེད་རྙེད་ལེ་མིན།།
སྐྱིད་ལ་འདོ་བ་རླུང་གི་འཁོར་ལོ་ཞེས།།
གནའ་རྒྱལ་ཚེ་ལོ་ཚུན་དུ་ཡང་ཡང་བྱུང་།།

བྲིས་ལ་མཁས་པའི་ཡིག་གཟུགས་གསེར་ལས་བྲིན།།
གཟབ་བམ་འཁྱུག་གི་བར་ནས་ཚོང་ཆེན་རྒྱག །
ཇ་ཁང་སོགས་ཀྱི་ལྡེབས་སུ་རྒྱས་པར་འདོགས།།
ཁྱིམ་བརྒྱུད་ནོར་བུར་བསྡུས་པའང་གླེན་ཆེས་མིན།།
འདུ་ཤེས་མཆོག་འཛིན་མི་ནི་འདི་ལྟར་འཚོ།།
སྤྱོད་སྒོ་ཡོད་མེད་རྐྱང་བས་ཐག་མི་གཅོད།།
རྟ་འདེམས་རྟ་དཔྱད་རིག་པའི་རྩལ་དུ་ཆེ།།
རྟ་རྒྱུག་རྟ་འདུལ་ལུས་ཀྱི་རྩལ་ལའང་གཏོགས།།

པར་གཅིག་བརྡབས་ནས་ཕྱུག་པོར་ཆགས་པའི་གཏམ།།
གཏམ་ཙམ་མ་ཡིན་དཔང་ལྡན་ཡིག་ཚགས་མཐོང་།།
དེ་ཉོས་དེར་དགའ་ཚང་མ་བརྟུལ་དྲགས་མིན།།
ཕྱུག་དྲགས་ཡིན་ནམ་ཟེར་ན་དེ་ཡང་མིན།།
མཛེས་པར་དཔྱོད་དག་མཚམས་རེར་ཁ་རྒྱབ་ལས།།
ལྟོགས་སྐོམ་མྱོང་བཞིན་ཡིད་འཛིན་བུམ་ཆག་ཉོ།།
སྒྱུ་རྩལ་ཞེས་བཏགས་འཆར་སྒོའི་རྒྱ་མཚོ་འདི།།
མ་ནུབ་མི་ནུབ་དོན་ནི་བརྗོད་མི་ཚར།།

དོ་ཞག་ལྒང་འཕེན་བསྟན་པ་ཆོས་ལས་དར།།
རྒྱལ་སྤྱིའི་བརྙན་ལམ་གཙོ་གྲས་ཟིན་ལ་ལྟོས།།
དབང་མོ་ཆེ་ལས་མང་བའི་མི་ཚོགས་འདུ།།
དེས་ན་རང་ཉིད་སྤྲོ་མིན་རྐྱང་ཞིག་གིས།།
མཆོག་དམན་སྨྲ་བའི་གྲས་ཀྱིས་མནོ་དགོས་ཡོད།།
ཆོས་ཀྱང་མཁོ་མོད་ཡོངས་རྫོགས་དེས་མི་ཡོང་།།
བོད་པ་རྟ་ལ་དགའ་ཞིང་གཞུང་ཡང་དགའ།།
ལོ་རེར་གཞུང་གཉེར་དགའ་སྟོན་ཆེ་གྲས་ཡོད།།

འཚོ་བ་བཟང་གྱུར་གླུ་ལེན་རྟ་ཡང་ཉོ།།
རྟ་རྐང་རྟ་འཕུད་དེ་ཡིས་ཚོང་ཡང་བྱེད།།
བརྗེ་རེས་འདི་འདྲ་འཇིག་རྟེན་རིག་པ་སྟེ།།
ཚོང་ནི་གང་ཞིག་བྱས་ཀྱང་རྒྱལ་ཕམ་ནི།།
རེས་ཀྱིས་འཁོར་ལས་གསུམ་ཞིག་ཕལ་ཆེར་མེད།།
ཕམ་ཡང་མི་སྐྱོ་དེ་ནི་གདེང་ཡང་སྟེ།།
ཆོས་པའི་བསམ་གཏན་ཚོད་ཀྱི་ཐོབ་ཚོར་ནི།།
འཁོར་བ་པ་རྣམས་རྟ་ལས་ལེན་ཡང་སྲིད།།

བཅོམ་ལྡན་ལྷ་ཡིས་བསྔགས་ལྡན་ཁ་ལོ་བསྒྱུར།།
གུར་རྗེས་དྲེལ་མོ་ཉི་མ་དགུ་ཆོད་ཞོན།།
ཉེ་ཆར་ཨེ་ཨར་ལཱན་གྱིས་གནམ་ས་བསྒུལ།།
རྟ་ལ་སེམས་བཅོལ་ཡང་ན་དབང་ཐང་བཅོལ།།
ཁ་རྗེ་བསོད་ནམས་སོགས་ཀྱང་རྟས་ཐག་གཅོད།།
རྟ་ནི་བང་ངམ་གོམ་པས་འཚེང་འགྱུར་བཅས།།
“དགོན་པའི་ནགས”ལ་བཤད་ན་གོ་ཐབས་བྲལ།།
ཁྱིམ་པའི་དཔལ་ཏེ་ཨེ་མ་གྲངས་ཀྱིས་འཁོར།།

༈ བཞི་ཐོག་གི་ཇ་ཁང་ནས་ཏམ་བུ་ར་ཆག་པོ་ཞིག་དཀྲོལ་བ།

བརྩེགས་མཐོ་ཤེལ་གྱི་མཐོངས་ཡངས་ཉི་འོད་འཁྱིལ།།
ཉི་འོད་ཁོ་རང་འཁྱིལ་ལས་ངས་མ་བསྐུལ།།
འོན་ཀྱང་བདག་གི་འཕང་འགྲོས་གསོས་འདི་འདེབས།།
ནུབ་ཁའི་དམར་མདངས་ལྷུན་ཆགས་རབ་རིབ་འགྱུར།།
དེ་ཡང་བསོད་ནམས་ཀྱིས་འདུས་མ་འབད་དོ།།
འོན་ཀྱང་ཏམ་བུ་ར་ཡི་ཁོག་པ་རུ།།
དབྱངས་ཀྱི་ཆོ་ག་བྱས་ཟིན་ས་ཅུང་རུབ།།
སྣ་ཐོད་རྫིག་མིན་རྟ་ཚབ་འཁོར་ལོའི་ཚོགས།།
གདངས་ཡོད་གདངས་མེད་ང་རོས་ཕྱོགས་བཞི་བརྟོལ།།
ཡིད་སྲུབས་སྣ་རྐེད་ཤེལ་མིག་གཟར་དེ་ཡང་།།
སྒྲ་དུང་རྒྱག་ཞོར་ང་སར་སྙེག་པ་འམ།།
མིན་ན་ལས་རྐང་བསྲུངས་ནས་འདོན་ནམ་སྙམ།།
བདག་ལས་འགོས་པའི་གཡེར་བག་ཁ་ཚོད་གྲས།།
མོས་ཀྱང་ལག་བརྡ་ཚུན་ཆད་བྱེད་དམ་སྙམ།།
འདི་ནས་རྒྱང་དུ་ཆད་པའི་མཚོ་ཁ་ནས།།
ཐག་ཉེའི་ཟམ་ཆུང་ལམ་ཕྲན་བསྣོལ་མར་མཐོང་།།
ནམ་ཞིག་རི་གླིང་ཁྱིམ་ཡང་བསྐྱུར་ནས་ནི།།
གདོན་མི་ཟ་བར་ཕྱི་མར་ཆ་དགོས་སྙམ།།
དེས་ན་བག་མི་ཕེབས་ཤིང་ཤེས་པའང་འཕྱོ།།
ལུས་འདིའི་སྐར་ཁུང་མེད་པའི་སྦུབས་རོལ་དུ།།
སྦྱངས་ཤིང་དཔྱོད་པའི་ཁུལ་གྱི་རི་དབང་ཆགས།།
བྲི་འམ་སྨྲ་འམ་སོགས་ལ་དཔྱང་ཐག་འཛིན།།
ནམ་མཁའི་ལམ་དུ་བྱ་འཕུར་སྐད་ཅིག་ཡལ།།
བརྡ་སྐད་རིག་པས་དབུལ་མནར་བྱ་ལ་ཡོད།།
དེ་དག་མཆིས་ཀྱང་འཕུར་དཀའ་མིའི་ལན་ཆགས།།
འདི་ན་གླུ་ཆང་གཏམ་བསྡེབས་ཆོས་ཕྱོགས་ནས།།
ཚོང་གི་ཡན་ལག་ཕྲ་མོའི་བར་དུའང་བརྗོད།།
གྲལ་དང་གྲལ་བསྲེས་གསར་དུ་བཙས་པ་ནས།།
གསར་དུ་འདས་སོགས་བསྒྲགས་ནས་ཉིན་ཞག་འཛད།།
གནའ་བོའི་ཡུལ་གྱར་གླིང་ཕྲན་དྲན་བཟོད་དེ།།
དཔའ་དམ་རྩྭ་ཞྭ་མེད་པའི་ལྡོམ་པོ་དང་།།
དར་གྱོན་གླིང་བུ་ཐོགས་པའི་སྒེག་མོ་སོགས།།
ལུས་བསྒྱུར་ཆ་བྱད་བརྗེས་ཏེ་འདིར་ཞུགས་སམ།།
ལུས་ཀྱི་གསོབ་བརྗེས་ཁོང་དང་ཁོང་ཚོའི་ཡང་།།
རྣམ་ཤེས་རྡུལ་འཚོགས་འདིའི་ཁྲོད་ཡོད་ལས་ཆེ།།
རྒྱལ་བུ་མགྲིན་སྔོན་ཟླ་བ་སུ་མིན་གྲང་།།
སི་ཏ་འབལ་ལེ་སོགས་ཀྱང་ཇི་ལྟར་ཡོད།།
ལྐོག་གྱུར་ཆོས་ལ་སྒོ་ནི་གྲངས་མེད་གདའ།།
གྲངས་མེད་གྲངས་སུ་འདེབས་པ་ག་ལ་ཡོང་།།
ར་བཟི་ཟས་རོལ་དེབ་ཀློག་ཀི་ཅོ་ཡིས།།
ཚེ་ཡི་མཇུག་ལ་བསྟུངས་ཤིང་སྟུང་བའང་མཐོང་།།
དུས་འདེབས་རོགས་འཚོལ་མང་དང་མི་མང་སོགས།།
ཞིབ་ཏུ་ཤེས་པའི་བློ་ཁོག་རྙེད་རེ་བྲལ།།
འདི་ན་ཁ་ཆར་རེས་འཐིབས་རེས་མི་འཐིབ།།
སོ་སོའི་ཐད་དུ་ཡོང་འདྲའི་ཉམས་སོགས་འཆར།།
ནག་མོ་ཁོལ་གྱིས་སྤྲིན་ལ་སྐད་བཏང་བའི།།
སྤྲིན་མིན་སྤྲིན་ཡིན་གཉིས་མིན་གཉིས་ཡིན་པ།།
ལོ་རྒྱུས་སྡུག་སྒྲུང་འཁོལ་འདིར་ཅི་བྱར་ཡོད།།
སྲོད་ལ་བསིལ་སྣང་སྟེར་ལས་གཞན་དུ་དྲོ།།
དྲྭ་རྒྱའི་དབང་གིས་ཐུག་ཚད་ངོ་ཤེས་ཚོད།།
འདྲིས་དག་དེར་ཟད་མ་འདྲིས་འདྲིས་འགྱུརཏེ།།
དུ་བ་འཐེན་པའི་ཁ་སོགས་ཅི་ཡང་མོལ།།
སྐྲ་ཡང་སྣ་ཚོགས་དུས་དར་ཆ་ལུགས་ནི།།
སྣ་ཚོགས་འདྲེས་པས་བཟང་ངན་ཐག་མི་ཆོད།།
ནང་འདྲེན་ཆང་དང་ཡུལ་ཐོན་བཅའ་རིགས་འབེལ།།
མ་བསྡུས་འདུས་པའི་མི་ནི་སྔ་ཕྱིར་བརྗེ།།
བོར་རམ་གར་སོང་མ་ཤེས་དག་ཀྱང་ཕྲད།།
འབྲེལ་ཆད་ལོ་མང་ཟིན་པའང་གློ་བུར་ལྷགས།།
རབ་ཏུ་དུལ་བའི་བསྟན་བཅོས་བཀླགས་མང་བས།།
མི་ཆོས་ཀུན་སྤྱོད་ཀྱང་ནི་གཏོང་མི་འགྱུར།།
འཆར་སྣང་གྱིས་ནི་ཀུན་རྟོགས་ལན་གྲངས་འཕར།།
དེས་ན་ལས་ཀྱི་གཡའ་ལ་མེ་ཏོག་ཕྲེང་།།
འཐུ་དང་གཏོར་བའི་མདོག་ཀྱང་ཚོད་ཙམ་འཁྱེར།། 
    
༈ སྤྲིན་བར་ནས་སྤྲིན་བར་དག་ལ་ཡང་ཡང་འཁྱམས་ཤིང་རྒྱུ་བའི་ཚེས་རུ་ཞིག་ལ་ཕུལ་བ།

ཁྱིམ་དུ་མི་སྡོད་ཆང་གི་འདར་རྩ་ལ།།
དུ་བས་མིག་རྩ་དམར་གྲབས་བར་ན་མོ།།
བདེ་བར་ཡོད་ཐོས་བདག་སོགས་ཅིས་མི་དགའ།།
“སོགས་སྒྲ”སྦྱར་ན་མང་པོས་བསྟེན་པ་ཡི།།
ཁོལ་མོར་ཐག་བཅད་པ་དང་ཁྱད་མེད་པས།།
དེ་ཡང་སྨྲ་ལ་སེམས་ཀྱིས་མི་བཟོད་པས།།
“བདག”ཅེས་སྐྱེས་བུ་གཅིག་གི་ཁུར་ལེན་གྱིས།།
ཕན་མི་ཐོགས་ཀྱང་ཚིག་གི་རི་རྩེ་སྟོན།།
གླིང་བུ་བསྒྱུར་པའི་སྐད་འདི་སེམས་གསོ་བྱོས།།
དྲང་བཤད་བྱས་ན་ཁྲོ་ཡང་ཐང་མོད་དེ།།
རྩ་བའི་ཀུན་སློང་ཁྱོད་ལ་གཅིག་ཏུ་དཀར།།
གཞན་གྱིས་གོ་རྒྱུ་གཏོང་དང་ཚིག་འཕེན་པ།།
དེ་འདྲ་གཏན་མིན་ཕ་མའི་སློབ་སྟོན་ནམ།།
སྙིང་གཏམ་ཆོས་དང་འདྲ་བར་རྟོགས་པར་གྱིས།།
དྲུག་བདུན་ཞིག་གིས་རེས་ཀྱིས་བཤོས་པ་ནི།།
བདེན་ཐག་ཆོད་པས་ཡིད་ཀྱང་ལོས་འཆད་དེ།།
མིག་མཐའ་ཆུས་བསྐོར་ཨ་དགའ་ཟེར་མཁན་མོ།།
ལྡོམ་མམ་འཁྱར་ན་དོན་མེད་སྐྱོ་ཞིང་བརྣངས།།
ཉིན་བོས་ཉིན་དང་མཚན་བོས་མཚན་ལ་ཡོང་།།
བརྩིས་ན་ཐེངས་མ་བརྒྱ་གྲངས་ཐུག་པ་ཡོད།།
དེ་བས་གཞན་ལ་དག་སེལ་བྱས་མི་རློམ།།
“ཁྱོད་རང་གར་ཡོད་མོ་ཡང་དེར་འདུག་གིས།།
མོ་ཡིས་ཁྱོད་ལ་རིག་གནས་གླེང་མི་སྲིད།།
དེས་ན་ཕོ་མོའི་སྐོར་ལས་གཞན་ཅི”ཟེར།། 
འདི་ལ་ངས་ཀྱང་ལན་རང་འདེབས་མ་ཤེས།།
བཏབ་ན“དེ་ཙམ་འགྲོགས་ནས་སྦེད་པ་འདི།།
ཁྱོད་ཀྱི་མིང་ངམ་ཆེ་བར་དོགས་སམ”ཟེར།།
“གཞན་དུ་མོ་ལ་གསང་ནད་ཡོད་དམ”འདྲི།།
ཟི་ལིང་སྒྱུ་རྩལ་སློབ་གྲྭའི་དྭངས་སྨན་ནས།།
མི་རིགས་སློབ་ཆེན་དག་གི་རྩེར་སོན་གྲས།།
རྟ་འདང་ཡོད་རིགས་སྒ་ཡིས་མ་བརྒྱན་མེད།།
འཆོར་མེད་ཞགས་པའི་འདེབས་ལུགས་ཤེས་དྲགས་པས།།
འདི་ཡི་ཐད་ནས་གྲོགས་དག་ཁོ་བོ་ལ།།
“བརྒྱ་ཆའི་བརྒྱ”ཞེས་བསྟོད་ཅིང་བློ་ཡང་འདྲི།།
འོན་ཀྱང་རྩོམ་གྱིས་དྲངས་པ་འགའ་ཞིག་བསྐྱུར།།
ཁ་རུ་བསྐྱལ་བའི་ཤ་ཡང་དུ་མ་དོར།།
ཕྱུག་ཕྱུང་མ་ཡང་གསུམ་ལ་ལག་མ་བཞག །
ལོ་ཡིས་ཡིན་ནམ་སེམས་ཀྱིས་ཡིན་མི་ཤེས།།
ད་ཚོད་རྫིང་ཁུ་བསྲེ་ལ་ཆེར་མི་རྔམ།།
འོ་བྱས་ཁ་གླན་ཁ་ཤུལ་གཅིག་སོགས་ཀྱིས།།
དོ་ཞག་བར་དུ་འུ་གཉིས་ཡོང་འདི་ལ།།
ངས་ནི་གཉིད་ཀྱི་ཕག་ཆུང་ཞེས་སུ་རྩོམ།།
ཆང་ལ་ཁག་བཞག་ནམ་སྨད་བར་བསྲུངས་ཏེ།།
འཐད་ལ་མི་འཐད་བར་ནས་བསྡེབས་པ་ནི།།
དེང་གི་སྲོལ་ཏེ་བདག་གི་བློར་ཡོང་ཞིང་།།
ཨུ་ཚུགས་བཙན་ཤེད་གཉོམ་ཆ་སུམ་སྦྲེལ་གྱིས།།
ཁ་ཐུག་འདོམས་ཐུག་བྱེད་འདིའི་སྒྱུ་མ་ལ།།
ཁོ་བོས་གཞུང་ལུགས་ལག་ལེན་མཐར་གྱིས་ཕྱིན།།
སྦྱོར་རམ་ཉལ་བའི“བཞི་ཐོ”(一套)སླ་དྲགས་མོད།།
“ཆེད་ཨང”བསམས་ཤིང་བསམ་བཞིན་མང་པོ་ཞིག །
བློས་བཏང་ཚེ་ཐར་བྱས་འདིར་རང་ཡང་མཚར།།
ས་ཆུའི་ཚོད་ཀྱི་མཆོད་པའི་ལྷ་མོ་འགའ།།
བདག་གིར་བྱས་ཤིང་དེང་ཡང་འཆམས་པ་འདིས།།
རྣམ་ཤེས་གཞན་དུ་གཡེང་བའི་ལོང་མེད་མོད།།
ངང་གིས་ཕྲད་ནས་ངང་གིས་ལོབས་ཁྱོད་ལ།།
ཁྲེལ་མོད་འདང་ཡང་ཡོད་འདྲའི་སྣང་བ་འཆར།།
   ཁོང་མོའི་ཆེད་དུའང་བརྙན་དུམ་ཞིག་གམ་གང་རུང་རེ་མི་སྤེལ་ལམ་ཞེས་ཡང་ཡང་བསྐུལ་བ་ལ། ལོ་ཕྱེད་ཅིག་ཏུ་རྒྱུ་མ་སྦྲེལ་བ་ནང་བཞིན་ཡོང་བ་སོགས་དྲན་ཞོར་དྲན་ཞོར་གློག་འཁྱུགས་པ་ནང་བཞིན་འདི་རང་བརྩམས་སོ།། ཞེས་ཀྱང་སེང་མིང་པས་སོ།།

༈ རང་གིས་བྲིས་པ་དང་བཤད་པའི་སྐོར་ནས་ཅུང་ཟད་མོལ་བ། 

ང་ཡིས་བརྩམས་དག་བརྒྱ་ཆར་བགོས་ན་ནི།།
བརྒྱད་ཅུ་ཙམ་ཞིག་གོ་དཀའ་བང་རིམ་མང་།།
སུལ་ལྟེབ་སྡུད་ཀྱི་འགྱུ་བ་མཐའ་ཡས་ཤིང་།།
ངག་གིས་འགྲེལ་ན་ཁག་པོ་ཁག་པོ་སྟེ།།
དཔེར་ན<<ཐོལ་བྱུང་ཐོད་རྒལ>>ལྟ་བུ་ནས།།
གྲངས་ཀའི་སྙན་ཚིག་རྟ་ཐོག་མེ་ཕུང་ངོ་།།
དེ་དག་མ་བཀྲལ་བསྐྱུར་ན་འཚམ་པོར་མཐོང་།།
འོན་ཀྱང་ཉི་ཤུ་ལྷག་ཅིག་ངག་ཐོག་ཏུ།།
བདེ་བླག་འཁྱེར་སླ་སློབ་གསོའི་ཆར་ཡང་གཞོལ།།
རང་མྱོང་དམར་ཁྲིད་དུས་ལའང་མཐུན་པོར་འབབ།།
དེས་ན་བརྙན་ནམ་སྒྲ་ཡིས་སྤེལ་བ་ཡིན།།
འགྲེལ་དཀའ་དག་ནི་ཡི་གེ་ཤེས་རྣམས་ཀྱིས།།
དཔྱོད་དང་བསྒྱུར་བའི་ལས་ཀྱིས་འཛིན་པ་སྟེ།།
དཔེར་ན་ཉག་གའི་ལྗང་སེར་གློ་དམར་དང་།།
སྒྱུ་མའི་རྟ་གླང་ཆུ་ཁར་འདེད་སོགས་སོ།།
དེ་ལྟ་ན་ཡང་ནོར་ལུག་རྫི་བོ་སོགས།།
ངག་ཐོག་ཁོ་ནས་མ་གཏོགས་ཕན་དཀའ་ཚོར།།
ཡི་གེ་རྐྱང་བསྟན་ན་རཀ་བྱས་མི་འཐད།།
དེའི་ཕྱིར་བདག་གིས་ཁོ་ཚོའི་སྐལ་བ་རུ།།
ཁྲོམ་བཤད་དམར་ནག་གཏམ་རྒོད་གཉིས་ཤིག་བཤད།།
གོ་བདེ་དཔེ་འཇོག་བརྙན་ནི་སྐོར་མང་སྤེལ།།
བྱིས་སློབ་དར་གསོ་རྒན་སྐྱོང་རྩལ་དུ་བཏོན།།
མང་ཉུང་རྒྱས་བསྡུས་སྐད་བཅས་ཡུལ་ལ་བསྟུན།།
བརྩེ་དུང་གཡང་གཟར་ཁ་ནས་དུ་མ་བསྐྱབས།།
ལག་སྦྲེལ་འཆི་གྲབས་གསར་ལྡོམ་དྲུག་ཅིག་དང་།།
མགོ་འཁོར་ཡུ་མོའི་ཚོད་ཀྱང་བཅུ་ཙམ་དྲངས།།
ཀློག་མི་དགའ་བ་ལྔ་བཅུའི་ཡན་ཞིག་ནི།།
བསམ་པ་རྙེད་བྱས་འཚོ་བའི་ངོགས་ཀྱང་བསྟན།།
གང་ལྟར་བྲིས་པའི་དགེ་མཚན་བཤད་ལ་མེད།།
བཤད་པའི་ཚབ་ནི་བྲིས་ནས་ཅུང་མི་ཡོང་།། 
དེ་བས་འཆད་ཉན་ཟེར་ལ་འཆད་རྩོམ་ཟེར།།
ངག་ཐོག་ཡིག་ཐོག་སོ་སོའི་ཐད་དུ་རྣོ།།
རེས་སམ་ལྷན་ཅིག་ནུས་ན་སྤེལ་མའང་རུང་།།

ཟུར་བཀོད། 
           
༈ ཁྱོད་རང་ཟི་ལིང་ལ་འགྲོ་ཤེས་སམ།

  འུ་ཅག་ཕལ་ཆེ་བའི་སེམས་ནང“ཟི་ལིང་ལ་འགྲོ་ལོས་ཤེས”སྙམ་པ་ཞིག་ཏན་ཏན་ཡོད་པ་རེད། ཡིན་ནའང་འདི་ནས་ཟི་ལིང་བར་གྱི་ལམ་ལམ་རྟགས་དང་བཅས་པ་གློ་བུར་མི་སྣང་བར་གྱུར་ཐོག རླངས་འཁོར་དང་ཁ་པར་གྱི་ལམ་འཁྲིད་མཉེན་ཆས(导航)ཀྱང་ནུས་མེད་དུ་གྱུར་པ་ཡིན་ན་ནི། རང་རེས་ད་དུང་ཡང“ཚེགས་མེད་དུ་འགྲོ་ཤེས”ཞེས་ཟེར་ཐུབ་བམ་མི་ཐུབ། ཞིབ་ཏུ་འདང་ཞིག་རྒྱོབས་ཨང་། 
  འུ་ཅག་དངོས་གནས་རང་གི་ཡིན་པའི་ས་ནོན་ཞིག་དང་རང་གི་ཡིན་པའི་ལམ་རྒྱུས་ཤིག་ལ་བརྟེན་ཏེ་ཟི་ལིང་བར་འགྲོ་ཤེས་སམ་ཞེ་ན། ལན་ནི“གདེང་ཚོད་དེ་ཙམ་མེད”ཅེས་པའོ།། 
  དེ་བས། འུ་ཚོའི་རབས་འདི་ལ“པེ་ཏུའུ་མཁས་པ”དང“ཕབ་གཞོང་བློ་རྒོད”སོགས་སུ་འབོད་པ་ལའང་རྒྱུ་མཚན་མེད་པ་མིན་ཨང་། 
  དེ་བཞིན་དུ། ཐང་སིན་བླ་མའི་ལམ་ཡིག་སོགས་སུ་བྱུང་བའི་ཤར་ལྷོ་ནུབ་བྱང་གི་སྐོར་དང་། ལོ་རྒྱུས་གཞན་དུ་མཆིས་པའི“ནུབ་སྤྱང”ཞེས་པའི་ནུབ་ཀྱི་ངོས་འཛིན་དང་། བཀའ་གདམས་གླེགས་བམ་སོགས་ཀྱི“བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར”ཞེས་པའི“བྱང”བཅས་ཀྱང་གང་ལ་ལྟོས་པའི་བྱང་དང་ལྷོ་ཡིན་ལུགས་མ་ཤེས་ན་ནི། ས་རྒྱུས་ཀྱི་གོ་བ་ཕྲན་ཙམ་ཡང་ཆགས་པའི་གནས་མེད་པའོ།།
  ཡིག་རྙིང་མང་པོར་ལི་ཡུལ་ཁོ་ནའང་ཕྱོགས་བཞི་མཚམས་བརྒྱད་དུ་ཡོད་པ་འདྲ་ཞིག་བྲིས་འདུག་པའང་། ལི་ཡུལ་མང་པོ་ཡོད་པའི་དོན་དག་མིན་པར་གང་ལ་དབུས་བྱས་ཏེ་ཕྱོགས་དང་མཚམས་སོགས་ཁོ་ཐག་བཅད་པས་ན། ཐམས་ཅད་པོ་བདེན་དགོས་པའི་རྙོག་དྲ་དེ་འདྲ་མ་ཞིག་བྱུང་བ་མིན་ནམ། དེ་ལྟ་ནའང་སུས་ཀྱང་མཛུབ་མོ་འཛུགས་ས་ཞིག་ཀྱང་མི་རྙེད་པའི་ཚོད་དུ་སོང་སྟེ། ད་ཚོད་སྤྱིར་བཏང་ཤིན་ཅང་དུ་ཁོ་ཐག་གཅོད་མོད་འདི་ལའང་བཞེད་པ་མི་མཐུན་པ་ཡོད་དང་ཡོད། 
  མདོ་ལ་རི་བོ་ཞེས་པའང་དངོས་སུ་མ་སོང་བ་ཚོའི་སེམས་སུ་མདོ་ལ་རྫོང་དུ་ཡོད་པའི་རྫ་ཅུང་མཐོན་པོ་ཞིག་ལ་ཆ་འཇོག་ལས་ཆེ་མོད། དོན་གྱིས་ནི་ཀན་སུའུ་དཔའ་རིས་ཕན་ཆད་དུ་འདང་བའི་རྒྱ་ཁྱོན་གཞལ་མཐའ་མེད་པ་ཞིག་གོ །
  རྐང་ཚ་ཞེས་པ་ལོགས་སུ་བཅད་ནས་གླེང་ན་ནི། བཱ་ཡན་ནི་མཐོ་ཤོས་ལ་བརྩི་དགོས་མོད། དུང་སོའི་གམ་དུ་བཱ་ཡན་ནི་རི་དེའུ་ཆུང་ངུའི་ཚོད་དུ་འགྲོ་ཡང་སྲིད་དེ། ས་པཎ་དང་དགེ་ཆོས་རྣམ་གཉིས་ཞལ་གཅིག་མཐུན་གྱིས་བྱ་རྒོད་ཕུང་རིར་ཐུགས་མ་ཚིམས་པ་དེ་ཡང་དྲན་ཡོང་ངོ་།།
  དེས་ན། ཉིན་མཚན་མེད་པར་རླངས་འཁོར་ནང་ཏག་ཏག་ནས་བཀྱིགས་ཏེ་སོང་བ་ཙམ་གྱིས་དང་། ལམ་འཁྲིད་མཉེན་ཆས(导航)ཀྱི་སྣ་ཐག་ལ་མ་བརྟེན་པར་ས་མཐོ་གང་ལའང་འགྲོ་མི་ནུས་པ་ནི། དྲང་མོར་བཤད་ན་དཔེ་ཐོག་བྲོ་རྡུང་གི་ལས་སུ་ཡང་ཟད་དོ།། 
སོ་སོ་སྒང་ན་ཡོད་དམ་གཞོངས་ན་ཡོད། སྟོད་ན་ཡོད་དམ་སྨད་ན་ཡོད་སོགས་ཀྱང་ལྷམ་གྱི་གཟར་ཁ་ཙམ་ལ་དཔགས་ཏེ་ཁ་ཚོན་གཅོད་པ་ཡེ་མི་རུང་བས། རི་རྒྱུད་སྤྱི་དང་ས་བབས་སྤྱིའི་ཆ་ནས་གོ་བ་འོས་འཚམས་ཤིག་དང་གདེང་ཚོད་ཆོག་ཆོག་ཅིག་རྙེད་རྒྱུ་ནི། ཧ་ཅང་གཅེས་སམ་ཡང་སྙམ་མོ།།
  ཟི་ལིང་དུ་འགྲོ་མི་ཤེས་པའི་དོན་དངོས་དེ་ཁས་བླངས་པའི་འཕྲོ་ནས་མིག་ཕབ་སྟེ་མུ་མཐུད་འདང་རྒྱོབས་དང་། རྨ་ཀླུང་ཁུགས་པ་དགུ་ལྡན་སོགས་ལ་དེ་བས་ཀྱང་རྒྱུས་མེད་པའོ།། 
  དེའི་ཕྱིར་ན། གུས་པས་མཇུག་ཏུ་རེ་བ་ཆུང་ཆུང་ཞིག་ཞུ་འདོད་པ་ནི་འུ་ཚོས་ལམ་སེང་པེ་ཏུའུ་ནང་祁连山དང黄河སོགས་བརྒྱབ་ནས་རང་གཞན་གཉིས་ཀྱི་ཁ་གཅོད་ཐབས་ལ་མི་འབད་པར། མྱོང་བ་དངོས་ཀྱི་སྟེང་ནས“ཐབ་ཀ་མ་གཏོགས་ས་མི་ཤེས”ཞེས་པའི་གནའ་ཚིག་དེ་རང་བརྒལ་ཨེ་ཐུབ་ཡང་ཡང་ཚོད་ལྟ་བྱ་རྒྱུའོ།།
                      ༢༠༢༡ ༩ ༢༠ 

༈ རྩོམ་རིག་ཐད་ཀྱི་གོ་ནོར་ཆེ་ཞིག་དང་གཞན་དག་གླེང་བ། 

  ད་ཚོད། རྩོམ་རིག་གི་ཐད་དུ་ནོར་སོ་ཆེ་ཞིག་འབྱམས་ཡོད་པ་ནི། གཞུང་ལུགས་སམ་དེའི་མཛུབ་སྟོན་ལ་བསྟེན་དྲགས་པའོ།། དཔེར་ན། གཏམ་རྒྱུད་བཤད་ཚུལ་ཟེར་བ་འདྲ་བོ། མི་སྣ་དང་ཁོར་ཡུག་འབྲི་ཚུལ་ཟེར་བ་འདྲ་བོ། བྱུང་རིམ་འབྲི་ཚུལ་ཟེར་བ་འདྲ་བོའི་གྲས་ནི། ཤེས་མདོག་དང་མཁས་མདོག་ཁ་བོས་ལོགས་ནས་ལོགས་སུ་བཅད་དང་གཅོད་པའི་ཁར། དེ་དག་རེ་རེ་བྱས་ནས་དེབ་མ་འདྲ་བའི་ངོ་བོར་ཡང་བསྐྲུན་འདུག་པའོ།།
  མ་གཞི་གཏམ་རྒྱུད་ཟེར་བ་དེ། མི་ཚང་མས་ཐོས་ཤིང་བཤད་ནས་ཀྱང་ཡོང་བ་རེད། དྲང་མོར་བཤད་ན། མི་སྣ་དང་ཁོར་ཡུག །བྱུང་རིམ་སོགས་མེད་པའི་གཏམ་རྒྱུད་ཅིག་སུས་ཀྱང་བཤད་ཁག་པོ་ཡིན་པ་རེད། མི་སྣ་འབྲི་ཚུལ་ཟེར་བ་ཞིག་ལོགས་ནས་བཙལ། ཡང་ཁོར་ཡུག་འབྲི་ཚུལ་ཟེར་བ་ཞིག་གུད་ནས་དྲངས། མཐར་དེ་དག་མཉམ་དུ་གཏམ་རྒྱུད་ཟེར་བ་ཞིག་གི་ནང་ལ་བརྫངས། ད་གཟོད་རྫས་ལྟ་བུ་ཞིག་བསྒྲིག་དགོས་ཟེར་བ་འདི་སོགས་ཀླད་པ་འཁྱམས་དྲགས་པའི་བཤད་པའོ།།
  དཔེ་ཞིག་གིས་བཤད་ན། ལོ་ཉི་ཤུ་ཅན་གྱི་གསར་བུ་གསར་མོ་ཚོར་ཨ་མའི་ནུ་མ་ནུ་ལུགས་བསླབ་ན་ག་འདྲ་ཡིན་རྒྱུ་རེད། ཁོ་ཚོར་ཕྱི་ས་འདོར་སྲོལ་ཞིབ་ཏུ་བསླབ་ན་ཡང་ཅི་འདྲ་ཞིག་ཡིན་རྒྱུ་རེད། མ་གཞི་བྱང་ནས་ཡོད་པ་དེ་དག་ཀྱང་སོ་སོར་ཕྲལ་ནས་དཀའ་སྣང་ཞིག་གིས་བསླབ་ན་ནི་དངོས་གནས་ཁག་པོ་ཆགས་འགྲོ་བ་རེད། དེ་ལྟར་སློབ་མི་དགོས་པ་ཞིག་བཙན་གྱིས་བསླབས་པའི་མཇུག་འབྲས་སུ། གདེང་ཐོབ་ནས་ཡོད་པ་དག་ཤེས་པ་ཙམ་དུ་འགྱུར།ཤེས་ཙམ་གྱི་དེ་དག་དེ་བས་ཀྱང་ངོ་མི་ཤེས་པ་ཞིག་ཏུ་འགྱུར་ལས་ཆེ་བས། ཐབས་འདི་རིགས་ཇེ་རྟུལ་དང་ཇེ་གླེན་དུ་གཏོང་བའི་ལས་སུ་ཟད་དོ།། 
  ཡང་ལ་ལས། མི་སྣ་འབྲི་ལུགས་དང་ཁོར་ཡུག་འབྲི་ལུགས་སོགས་ཀྱི་དཔེ་ནི་གེ་སར་གྱི་སྒྲུང་ནས་འདྲེན། འོན་ཀྱང་གེ་སར་གྱི་སྒྲུང་ཞེས་པ་དེ་ཐོག་མར་ཡི་གེ་ཡང་མི་ཤེས་པ་དག་གིས་ངག་ཐོག་ནས་བརྩམས་པ་རེད། རྩོམ་མཁན་དེ་དག་གིས་མི་སྣ་དང་ཁོར་ཡུག་ཅེས་པའི་དཀའ་གནད་ཅིག་ལ་བསམ་བློ་ཙམ་ཡང་འཁོར་ཡོད་མེད་མི་ཤེས་ལ། དེ་འདྲ་ཞིག་ལ་བརྩོན་དགོས་པའི་རྣ་ཐོས་ཙམ་ཡོད་མེད་ཀྱང་ཅི་ཆ། འོ་ན་ཁོ་ཚོས་མི་སྣ་ནས་ཁོར་ཡུག །བྱུང་རིམ་ནས་སྐད་ཆའི་བར་དེ་འདྲའི་ཚད་ལྡན་ཞིག་ཅིའི་ཕྱིར་འཁྱོངས་སོང་བ་རེད་ཅེ་ན། བྱ་བ་དེ་རིགས་གདོད་ཐོག་མ་ནས་ལྷན་དུ་འབྱར་ནས་ཡོད་པ་ཞིག་དང་། ངང་གིས་ཚོགས་ནས་ཡོད་པ་ཞིག་ཡིན་པས་མ་རེད་དམ། 
  རྒྱའི་སྙན་ངག་ལ་མཚོན་ནའང་། ཡིད་བརྙན་སོགས་ཀྱི་གསལ་ཁ་བྱུང་བའི་འཕྲོ་དང་། དེ་དང་དེ་འདྲའི་གཞུང་ལུགས་ཀྱི་རྣམ་གཞག་འཕེལ་བའི་རྗེས་ཀྱི་སྙན་ངག་གིས་ནི། གཞུང་ལུགས་ཀྱི་རམ་འདེགས་དེ་ཙམ་མེད་གོང་གི་ཐང་གི་སྙན་ངག་སོགས་ལ་འགྲན་ཐུབ་མི་འདུག་ཅེས་གྲགས་ནས་ཡོད་པ་ལྟ་བུའོ།། 
  གནའ་དང་མའི་དམག་དཔོན་སོགས་ཀྱིས་ཆང་འཐུང་ཞོར་བྲིས་པའི་སྙན་ངག་ཏུ་ཡིད་བརྙན་ཕུན་སུམ་ཚོགས་པ་མཆིས་ཞེས་ལ་ལས་ཟེར་ནའང་། དམག་དཔོན་དེ་ཚོས་ཡིད་བརྙན་ཞེས་པ་གོ་ཡང་མྱོང་མིན་ཐེ་ཚོམ་གྱི་གནས་སུ་ཟད་ལ། ཁོ་ཚོར་ཡོད་པ་ནི་ངར་ཤུགས་དང་། རང་སྣང་། ཆགས་ཞེན་བཅས་ཡིན་ཨང་། དེ་དག་ཡོད་ན་རྩོམ་གྱི་བཀོད་པ་གཞན་དག་ནི་ཞོར་ལའང་ཡོང་བ་འདྲ་བས། གང་ལ་འབད་དགོས་པ་དང་གང་ལ་འབད་མི་དགོས་པའི་ས་མཚམས་དེ་རིགས་མི་ནོར་རྒྱུ་དང་། མི་འཛོལ་རྒྱུ་སོགས་གཅེས་སམ་མི་གཅེས་སོ་སོ་རང་རང་གིས་དཔྱོད་ཨང་། 
  དེང་གི་རྩོམ་རིག་གཞུང་ལུགས་སམ་དེའི་མཛུབ་སྟོན་ལ་བསྟེན་དྲགས་པའི་རྩོམ་ནི་རླངས་འཁོར་བཟོས་པ་དང་ཆ་འདྲ་བོ་འདུག སྒོ་ནི་གཞན་ཞིག་ནས་ཁྱེར་ཡོང་། ལྕགས་ནི་དེ་མིན་ས་ཞིག་ཏུ་བླུགས། འཁོར་ལོ་དང་རྐྱལ་བ་སོགས་ཀྱང་གནས་ཐ་དད་ཤར་ནུབ་མང་པོ་ནས་བཏུས་ཏེ་སྦྱར་རྗེས། ད་གཟོད་མཉམ་གཅིག་ཏུ་བསྒྲིགས་ནས་རླངས་འཁོར་ཞེས་པ་གྲུབ་པར་བྱས་པའི་ཚོད་ཅིག་རེད་ཨང་། དེ་ལྟར་མང་དུ་བཅོས་ཙང་མཐུད་ཤུལ་དང་བཟོས་ཤུལ་སོགས་ཀྱང་ཧ་ཅང་གསལ་པོ་ཡིན་ནོ།། མི་དང་བསྡུར་ཚེ་རླངས་འཁོར་ལ་འོན་ལྐུགས་རྟུལ་བའི་ཆ་ཞིག་ངེས་པར་ཡོད། དེ་ཅིའི་ཕྱིར་ཞེ་ན། སྲོག་དབུགས་སོགས་མེད་པས་སོ།། དེང་རྩོམ་མང་པོ་ཞིག་ཀྱང་སྲོག་དབུགས་ཆད་པའི་རླངས་འཁོར་དང་ཆོས་མཚུངས་སོ།།
  གནའ་དང་མའི་རྩོམ་ཡག་གྲས་ནི་མངལ་དུ་བུ་བཞག་པ་ལྟ་བུ་ཞིག་རེད། དོ་ནུབ་ཁ་སྣ་བཟོས། སང་ནུབ་ཡན་ལག་དང་ཉིང་ལག་བཟོ་ཞེས་པ་ལྟ་བུའི་གོ་རིམ་བཤད་རྒྱུ་མེད་ལ། ཤ་འདི་ཙམ་དང་། ཁྲག་འདི་ཙམ། རུས་པ་འདི་ཙམ་བཀོལ་ཞེས་གཏན་འཁེལ་བའི་སྲང་གྲངས་དང་གཏན་སྲོལ་ཡང་ལབ་རྒྱུ་ཡོད་པ་མིན་ནོ།། སྲོག་དབུགས་དང་བཅས་པ་ངང་གིས་སམ་ལྷུན་གྱིས་གྲུབ་པ་ཡིན་པས། མཐའ་ན་ཕ་མ་གཉིས་ལའང་བྱིས་པ་དེ་འདི་ལྟར་བཟོས་པ་ཡིན་ཞེས་པའི་གདེང་ཚོད་ཉག་ཙམ་ཡང་སྨྲ་རྒྱུ་མེད་ན། གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། དཔེར་ན་མི་ལ་རས་པའི་རྣམ་ཐར་ལས། རྗེ་བཙུན་གྱིས་དུག་སྒོ་ཐོག་ཏུ་སྤོས་པ་ན། སྒོ་ཚེག་ཚེག་དུ་ཁ་གས་ཏེ་གཤགས་སོང་བ་དང་། དེ་ནས་དུག་ཚུར་བཞེས་པ་རེད། སྒྱུ་རྩལ་ལ་དགའ་ན་ནི། ཉམས་འདི་འདྲ་ལ་ད་གཟོད་མཚོན་ཐབས་ཟེར་དགོས་པའང་ཤེས་པར་བྱའོ།།
  བཀའ་ཆེམས་ཀ་ཁོལ་མ་སོགས་ལས་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་ཐོག་མར་མཇལ་དུས་སུ། མི་ཕལ་བ་རྣམས་ཀྱི་སྣང་ངོར། རྒྱལ་པོ་ཡབ་ཡུམ་གྱིས་སྐྲ་བསིལ་རེས་དང་སྐུད་པ་འཁེལ་རེས་བྱས་ཞེས་བྲིས་ཡོད། འདི་ནི་འདོད་གཏམ་ཕྱོགས་ལ་གོམ་པ་དགུ་བཅུ་གོ་དགུ་སོང་རྗེས་གློ་བུར་དུ་གོམ་པ་གང་མ་སྤོས་པའི་ཚོད་ཅིག་རེད། དགའ་མགུར་སྤྱོད་པའི་དུས་ན་སྐྲ་བསིལ་བ་ནི་རྒྱ་མོ་དང་ཕྱི་མོ་ཀུན་ལ་དར་ཆེ་བས་ང་ཚོས་ཀྱང་ཧ་མི་གོ་བ་ཅི་ལ་སྲིད་དེ་མི་སྲིད་དོ།། འཇིག་རྟེན་ཁ་དཔེ་ལའང་། “སྲུ་མོ་སྲིད་པའི་འཁོར་ལོ་ཡིན་པས་བསྐོར་དགོས”ཞེས་དང་།“སྐུད་པོ་ལ་ཡོག་སྐུད་པ་ཡིན་པས་འཁེལ་དགོས”ཞེས་འབྱུང་བས་ན།  “སྐུད་པ་འཁེལ་རེས”ཞེས་པ་ལའང་གོ་རྒྱུ་ལྷག་པོ་ཅི་ལ་མེད་དེ་ངེས་པར་ཡོད་དོ།། འདོད་གཏམ་བཤད་མི་དགོས་པའི་དུས་ན་འདི་ལྟར་ཚོད་ཟིན་རྒྱུ་དང་། ཅིས་ཀྱང་བཤད་དགོས་པའི་སྐབས་ན་ནི། ཉན་མི་བཟོད་པའི་དམར་ཏིག་ཏིག་རེ་ལབ་ཤེས་ཚེ། དེའང་རྩོམ་པའི་ཆེ་རྟགས་སུ་འགྲོ་བའོ།།
  མགར་བཟའ་ཆོས་སྒྲོན་གྱིས་གེ་སར་རྒྱལ་པོར་རང་ལུས་ཀྱིས་མཆོད་པ་བཤམས་དུས། མོའི་སྐེད་པ་རྡོ་རྗེ་གདན་གྱི་ཡན་ཆད་དུ་གནས་ཡུལ་ཉེར་བཞིའི་ཞིང་ཁམས་ཆགས་ཡོད་རབས་དང་། མན་ཆད་དུའང་དེ་དང་དེ་འདྲའི་ལྟད་མོ་མཚར་རྒུ་ཡོད་རབས། ཕལ་ཆེར་སོ་དང་སེན་མོ་ཚུན་ཆད་དུའང་ལྷ་སྐུ་སོགས་འཛོམས་རབས། དེ་དག་སྔོན་ཆད་སུ་ལའང་བསྟན་མ་མྱོང་ཚུལ། དེ་རིང་ནས་གེ་སར་ཁྱོད་ལ་སྟོན་རྒྱུ་ཡིན་ལུགས།ཁྱོད་མིན་གཞན་ལ་ཡེ་ནས་སྟོན་མི་དཔེ་སོགས་གླུར་བླངས་ཡོད་པ་རེད། དེ་ལྟར་མ་བཤད་པར་བུ་མོ་ངའི་ཁོག་སྟོད་ན་བྲང་ཁ་ཡོད། ཁོག་སྨད་ན་བརླ་ཡོད། ད་ཁྱོད་ལ་ཨེ་དགོས་ཞེས་ལབ་ཡོད་ཚེ་སུན་སྤྱད་ཅིག་ལས་ཡོང་བ་མ་རེད། འུ་ཚོས་འདི་འདྲ་ལས་དཔགས་ཏེའང་རྩོམ་རིག་གི་མཛེས་པ་ཞེས་པ། ཐབས་འཕྲུལ་ཞེས་པ། སྐད་ཆའི་སྒྱུ་རྩལ་ཞེས་པ་བཅས། ཆེས་ཆུང་རིམ་དང་ཆེས་ཕྲ་རིམ་ནས་རྟོགས་པར་བྱའོ།། 
                            ༢༠༢༡ ༤ ༡༦ 

༈ བྱིས་སྒྲུང་མང་པོ་འབྲི་བཞིན་ཡོད་ཟེར་མཁན་ཚོར་ཕུལ་བ། 

  ལོ་འདི་ཚོར་མི་སྐོར་ཞིག་གིས། བྱིས་སྒྲུང་ཟེར་བ་ཞིག་ཨུ་ཚུགས་ཀྱིས་བརྩམས་ཤིང་རྩོམ་བཞིན་འདུག་མོད། བྱིས་པའི་ཡི་གར་འཕྲོད་པ་ཞིག་ལྟ་ཞོག་སྟེ། ངོ་མས་བཤད་ན། འདྲ་ཆགས་པོ་ཞིག་ཀྱང་མཐོང་དཀོན་ཚོད་དུ་སྣང་། མི་ཕམ་བཙུན་པས་གསན་ནས་བྲིས་པ་དང་།། ཆོས་འཕེལ་འཆལ་བོས་མྱངས་ནས་བྲིས་པ་གཉིས།། བྱིན་རླབས་གནད་ཀྱི་ཚན་ཁ་མི་འདྲ་བ།། ཞེས་པ་ནང་བཞིན་གྱི་ཁྱད་པར་ཞིག་བཀླགས་པ་ཙམ་གྱིས་ཀྱང་མཐོང་ཐུབ་བོ།།
  དཔེ་སླ་མོ་ཞིག་བཞག་ན། ཁ་ཆེ་ཕ་ལུའི་ནང་གི“ངོ་ལ་འཁོར་བའི་སྦྲང་མ་དཀྲོག་མི་ཤེས”ཞེས་པ་དང“ལྟེ་བ་མ་དང་འབྲེལ་ནས་ཡོང་དུས་སུ”ཞེས་པ་སོགས་ལ་གཅིག་སོམས་དང་། དང་པོ། བྱིས་པ་གོ་རྒྱུ་དེ་ལས་སླ་མོ་ཞིག་ཨེ་རེད་དམ། གཉིས་པ། བྱིས་པར་གོ་རུ་འཇུག་རྒྱུ་དེ་ལས་སླ་མོ་ཞིག་ཨེ་རེད་དམ། གསར་དུ་བརྩམས་སོ་ལོ་དག་ཏུ་དེ་འདྲའི་ལྕིད་ཚད་ཅན་གྱི་སྐད་ཆ་གཅིག་ཡོད་ནའང་བཟང་མོད། ཁོ་ཚོས་གཞར་ཡང་བྱ་དཀའ་བའི་གནས་སོ།། 
  ཁྱོད་ཚོས་ད་ཡན་ཆོད་བོད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་ནས་བརྩམས་ཆོས་བྲག་རིའི་མུ་ཁྱུད་འདྲ་བ་བཞག་གནང་མཛད་ཡོད་ཟེར་བའང་མིན་ནམ། དེ་བདེན་ན་ནི། མཁས་དབང་དེ་ཚོས་བྱིས་སྒྲུང་གང་དག་ལ་བརྟེན་ནས་བསླབས་པ་རེད་དམ། རྗེ་ཙོང་ཁ་པ། བུ་སྟོན། རོང་ཟོམ་སོགས་ཀྱིས་ཡང་སྙིང་བྱིས་སྒྲུང་གང་དག་བཀླགས་ནས་མཁས་པ་ཆགས་པ་རེད་དམ། ཁོང་ཚོས་ནི་བྱིས་སྒྲུང་མ་བཀླགས་པར་མཁས་པ་ཆགས་སོང་ཟེར་རྒྱུ་ཡིན་ནམ། ཡིན་ན་ནི་ངས་འདི་འདྲི། ཁོང་ཚོས་བྱིས་སྒྲུང་གི་ཚབ་ལ་ཅི་ཞིག་བཀླགས་པ་རེད། ཁོང་ཚོས་ཅི་ཞིག་བཀླགས་པ་དེས་བྱིས་སྒྲུང་གི་གོ་ཆོད་པའམ་ཡང་ན་བྱིས་སྒྲུང་ལས་ཀྱང་འཕགས་ཡོད་པ་མ་རེད་དམ། དེས་ན་ཁོང་ཚོས་ཅི་ཞིག་བཀླགས་པ་དེ་ང་ཚོས་ཀྱང་བཀླག་ན་མི་ཆོག་གམ། ཁོང་ཚོར་བྱིས་སྒྲུང་བཀླགས་རྒྱུ་མེད་སོང་བའི་ཆ་ནས་ག་རེ་ཆད་ཡོད་པ་རེད། སྤྱོད་པ་མི་བཟང་ངམ། བསམ་བློ་མི་འགྲིག་གམ། ལྟ་སྟངས་མི་ཡག་གམ། དེ་ཆ་ཚང་ནས་ཁོང་ཚོས་འཁྱོངས་བསྡད་ཡོད་ཟེར་ན་ནི། ང་ཚོར་བྱིས་སྒྲུང་ཟེར་བ་ཞིག་མཁོ་དྲགས་པའི་རྒྱུ་མཚན་སུ་ཞིག་གིས་འདྲེན་ཐུབ་བམ། མི་ཐུབ་ཨང་། 
  ཡང་གཅིག་བཤད་ན། ང་ཚོར་བྱིས་སྒྲུང་ངམ་བྱིས་སྒྲུང་དང་ཆ་འདྲ་བོ་ཡོད་དང་ཡོད། བྱིས་སྐྱོང་ཁང་གི་དེ་ཚོར་རན་པའི་མཛུབ་མོའི་རེག་ཚོར་དང་རྐྱོང་སྐུམ་ལ་སྦྲེལ་བའི་ཐུང་ཐུང་རིགས་ཀྱང་ཡོད་དེ། དཔེར་ན“མི་གསུམ་སོང་ནས་སྐམ་ཞིག་བཤས”ཞེས་པ་ལྟ་བུའི་གྲས་རེད། ཚིག་རེ་དྲངས་ནས་མཛུབ་མོ་རེ་རྐྱོང་བའམ་སྐུམ་པས་ན། ལུས་ཐོག་ནས་ངོ་སྤྲད་པ་ཞིག་རང་རེད། དེའི་སྟབས་ཀྱིས། སྤྱིར་བཏང་བརྗེད་རྒྱུ་ཡང་ཡོད་པ་མ་རེད་ཨང་། 
  ལག་མཐིལ་ནས་མཆན་ཁུང་བར་དུ་གོ་རིམ་ཞིག་བརྩི་རྒྱུ་ཡོད་པ་དེ་ཡང་ཚིག་སྣ་ཐུང་ཞིང་མཐར་གྱིས་འབབ་ས་ནི་མཆན་ཁུང་ནང་ཙི་གུ་སྒོག་པའོ།། རྩེད་གདུག་དེ་ལས་ཐར་ཆད་ཀྱང་བློར་མི་ངེས་རང་ངེས་དང་། དོན་མི་གོ་རང་གོར་བྱེེད་དོ།། 
ཐེ་པོ་པོ། ནེ་པོ་པོ། པོ་པོ་རྒྱ་རིས། ཞེས་ཀྱང་མཛུབ་མོའི་སྟེང་ནས་འདྲེན་དགོས་པས། དེ་ཡང་ལུས་ཚོར་རམ་རེག་ཚོར་གྱིས་ཟིན་པར་བྱས་ནས།མཐར་ཅིས་ཀྱང་གཏིང་དུ་བརྐོ་བའི་ཐབས་ཤིག་ཡིན་ཨང་། གལ་ཏེ་ངག་ནས་འདྲེན་སྟངས་ནོར་ན་ཉན་མཁན་དགོད་ཅིང་། དགོད་སྒྲ་དེས་བཤད་མཁན་ངོ་ཚ་ལའང་གཏོད་པས་ན། ངོ་ཚའི་རྔུལ་རླངས་འབྱིན་པར་བྱེད་པའི་རོལ་རྩེད་དེ་འདྲར་ཤེས་ཤིག་མ་གཏོགས་མི་ཤེས་ཤིག་ཡོང་ཐབས་བྲལ་ལོ།།
  ད་དུང་ཐེ་དང་ནེ་ཞེས་དབྱངས་སོགས་འདྲ་བར་བྱས་པ་ལའང་རྒྱུ་མཚན་འཕར་མ་ཡོད་ཅིང་། པོ་དང་པོ་ཞེས་ཡང་ཡང་བསྐྱར་བའང་བྱིས་པར་མཛའ་བའི་ང་རོ་བདེ་ཐག་ཆོད་ཅིག་སྟེ། བྱིས་སྒྲུང་ཟེར་བ་ཞིག་ཁ་ལ་བཏགས་བཏགས་སུ་འགྲོ་བ་ཚོས་འདི་རིགས་ལའང་ངེས་པར་བསམ་དགོས་ཨང་། 
  མཐེབ་ཆེན་ནེབ་ཆེན་འབྲོང་ལ་རྒྱལ།། མཛུབ་གུ་དཔལ་ལྡན་སེང་གེ་རྒྱལ།། དཀྱིལ་མ་རྒྱ་སྟག་ཁྲོ་བོ་རྒྱལ།། ཁྲོ་བོ་རྒྱལ་གྱི་ནུ་བོ་རྒྱལ།། ནུ་བོ་རྒྱལ་གྱི་ནུ་ཞིའུ་རྒྱལ།། ཞེས་པར་ཆ་བཞག་ནའང་། དབྱངས་འདྲ་བ་དང་། རྗེས་འཇུག་འདྲ་བ། ཁྲོ་ཡིས་ཁྲོ་འདྲེན་པ་དང་། ནུ་ཡིས་ནུ་འདྲེན་པ་བཅས་ནི་བྱིས་པའི་ལྕེ་དང་ངག་ལ་འོས་ཤིང་འཚམ་པའི་སློབ་གསོའི་སྒྱུ་མའོ།། 
  འདིའི་ཁྲོད་དུ་འབྲོང་དང་སེང་གེ ། སྟག་ཅེས་རི་དྭགས་ཀྱིས་དང་། འབྲོང་ལ་རྒྱལ་དེ་འབྲུག་ལྷ་རྒྱལ་དང་། སེང་གེ་རྒྱལ་དེ་སངས་རྒྱས་རྒྱལ།།ཁྲོ་བོ་རྒྱལ་དེ་ཁྲོ་རྒྱལ་ལྟ་བུ་ཞིག་ཏུ་བྱས་ན། མིའི་མིང་ལ་བརྟེན་ནས་རི་དྭགས་ཀྱི་མིང་སློབ་པ་ཞིག་དང་། རི་དྭགས་ཀྱི་ཆེ་ཟིལ་ལ་སྦྱར་ནས་མིར་བསྔགས་པ་ལྟ་བུར་ཡང་འགྲོ་བས། བྱིས་སྐྱོང་ཁང་གི་ཕྲུ་གུ་ཚོར་འདི་ལས་ལྷག་པའི་སྒྲུང་ཞིག་ཨེ་དགོས་སམ། 
  བྱིས་སྒྲུང་རྩོམ་མཁན་དུ་ཁས་འཆེ་བ་ཚོས། མི་དར་མ་ལ་དཔེ་བཀབ་ནས་ཁྱོད་ཀྱིས་དྲངས་པ་དེ་དག་ཏུ་ཁོར་ཡུག་ཞིབ་འབྲི་དང་མི་སྣ་ཞིབ་འབྲི་མི་འདུག་ཅེས་སུ་ལབ་མ་ཡོང་རོགས། དེ་འདྲ་ནི། བྱིས་པའི་འཇིག་རྟེན་རང་མ་རེད་ཨང་། 
“སློབ་སྔོན་སློབ་གསོ”འམ་བྱིས་སྐྱོང་ཁང་གི་དེ་རྫོགས་པའི་རྗེས་སུ་སློབ་ཆུང་གི་རིམ་པ་ཡིན་ལ། དེ་དུས་འབྲོང་རྒྱ་པཱ་ཁོ་དང་ཨ་མ་དྲེད་མོང་སོགས་བཤད་ན་འོས་ཤིང་འཐད་པ་ཡིན། རི་བོང་གི་སྐོར་ཁོ་ནའི་གནའ་གཏམ་ཡང་ལྔ་བཅུ་ལས་མང་བ་ཞིག་ངས་ཀྱང་བཤད་ཤེས་ན། གཞན་གྱིས་ལོས་ཀྱང་ཤེས། གང་ལྟར། ངས་ནི་བྱིས་སྒྲུང་མེད་པའི་དཀའ་ངལ་ཞིག་རིག་མྱོང་མེད་དོ།། སྤྱིར་བཏང་དུ་ཨ་ཁུ་དང་ཨ་ཅེ་ཞེས་པས་མི་རང་འབོད་ནའང་། དམིགས་བསལ་དུ་རི་བོང་དང་ཝ་མོ་སོགས་ལའང་སྦྱོར་རུང་བ་ཡིན་ཏེ། འདི་ལ་ད་གཟོད་ཐབས་ཟེར་བ་ཡིན་ནོ།།
  ངས་ཐོས་མྱོང་བའི་བྱིས་སྒྲུང་ངམ་བྱིས་སྒྲུང་དང་ཆ་འདྲ་བ་དེ་རིགས་ལོ་བརྒྱ་ཕྲག་མང་པོའི་རིང་ལ་མི་རབས་ནས་མི་རབས་སུ་དང་། རྣ་ནས་རྣར་བརྒྱུད་དེ་ཡོང་བ་རྐྱང་རྐྱང་རེད། འགྱུར་སྐད་ཅིག་གིས་བཤད་ན། དེ་དག་ལ་ཐུན་མོང་གི་རང་བཞིན་ལྡན་པས། འབྲོག་པ་སུས་ཀྱང་གནའ་གཏམ་དེ་རིགས་ཀྱི་མགོ་ནས་ཅུང་ཟད་མི་ཤེས་ན། མཇུག་ནས་ཅུང་ཟད་ཤེས་པ་ནི་ཁོ་ཐག་ཡིན་པའི་ཚོད་དོ།། དེ་བས་ཕན་ཚུན་ལ་གསལ་འདེབས་བྱེད་པ་དང་དག་འཕུད་པ། ཁ་གསོས་རྒྱག་པ་སོགས་ཀྱང་བྱེད་ཐུབ་པ་ཡིན་ནོ།།
  དཔེར་ན། ཨ་ཁུ་སྤྱང་ཁུས་རྟ་རྒན་རྨིག་འོག་གི་ཆོས་བཏོན་པ་དང་། རུས་སྦལ་གྱི་ཁ་ནས་ཤིང་ཐུར་ཤོར་བ། ཅལ། རི་བོང་གི་ཁ་ཤོ་བ། སེང་གེ་ཁྲོན་པར་མཆོངས་པ་སོགས་སུས་ཀྱང་ལོས་ཤེས་ཨང་། 
  གནའ་གཏམ་བཤད་པར་ཞག་ཏུ་འདྲི་བའི་ཆོ་ག་ཞིག་ཡོད་ལ། ཁེད་འཇོག་པ་ལ་རུ་འཆོར་བའི་ཉེན་ཁ་ཞིག་ཀྱང་ཡོད། དེ་རིགས་ཀྱང་འགངས་ཆེའོ།། སློབ་ཆུང་གི་ཤེས་ཚད་རྫོགས་པ་དང་ལྷན་དུ། བྱིས་སྒྲུང་དང་ཆ་འདྲ་བའི་ཟབ་མོ་གཞན་ཡང་ཅུང་ཟད་བཤད་ཆོག་པ་སྟེ། ད་སྔ་ཡིག་ངོར་བཀོད་མེད་པ་དེ་འདྲ་ཡང་ངས་བརྒྱ་གྲངས་ལས་བརྒལ་བ་ཞིག་ཅི་ལ་མི་ཤེས་སམ། ཤེས་སོ།།
  འདིར་དཔེར་མཚོན་གཅིག་དྲངས་ན། རྒྱལ་པོའི་བུ་དང་བློན་པོའི་བུ་ཡུལ་འོད་གླིང་གོ་ཆ་ཞེས་པར་སྔགས་ཡིག་བསླབས་སུ་སོང་འི་སྐོར་རོ།།ཁོ་གཉིས་ཕན་ཚུན་ལ་སྙིང་དང་འདྲ་བའི་གྲོགས་པོ་ཡང་ཡིན་སྐད་དེ། ལོ་ངོ་གསུམ་གྱི་རིང་། སྔ་མས་སྦྱངས་པ་མཐར་གྱིས་ཕྱིན། ཕྱི་མས་ལེ་ལོས་དུས་འདའ་བར་བྱས། ཕྱིར་ལམ་དུ། ནགས་ཚལ་ཞིག་གི་མཐའ་རུ་བློན་པོའི་བུས་རྒྱལ་པོའི་བུའི་རལ་བའི་སྟེང་རྡོག་བརྫིས་བྱས་ཏེ་མགྲིན་པ་གྲིས་བཅད་ནས་བསད། འོན་ཀྱང་མ་བསད་སྔོན་ཏག་ཏག་ལ་བློན་པོའི་བུས་རྒྱལ་པོའི་བུ་ལ་ཁ་ཆེམས་འདྲ་ཡོད་ན་འཇོག་ཆོག་ཚུལ་ཁྲེལ་དགོད་དང་བཅས་ལབ། དེ་ལ་རྒྱལ་པོའི་བུས་ཡིག་འབྲུ་གསུམ་ཅན་གྱི་སྔགས་ཤིག་བཏོན་ཏེ་འདི་རང་ཁ་ཆེམས་ཡིན་ཞེས་སེམས་ཐག་བཅད།བློན་པོའི་བུས་ཡིག་འབྲུ་དེ་གསུམ་ལ་ཅི་མི་སྙམ་དུ་མཐོང་ཆུང་བྱས་ནས་རྒྱལ་པོ་དང་བཅས་པར་བཤད། རྒྱལ་པོས་ལོ་ཕྱེད་ཅིག་ལ་མཁས་པ་དང་དྲང་སྲོང་རྣམས་བསྡུས་ཏེ་ཞིབ་ཏུ་དཔྱད་ཀྱང་ཡིག་འབྲུ་དེ་གསུམ་འགྲེལ་ཤེས་མཁན་ཞིག་མ་རྙེད་དོ།།
  འོན་ཀྱང་རྒྱལ་པོས་ལས་དེ་མཚམས་འཇོག་ལ་ཉེ་སྐབས་ཀྱི་ཉིན་ཞིག་དྲང་སྲོང་གཡུ་ཡི་རལ་བ་ཅན་ཞིག་བྱུང་། ཁོང་གིས་ཡིག་འབྲུ་དེ་གསུམ་གྱི་དོན་བཀྲལ་བ་འདི་ལྟ་སྟེ། སྐྱེད་མོས་ནགས་ཀྱི་མཐའ་ནས།། གྲོགས་པོ་སྙིང་དང་འདྲ་བས།། རལ་བ་རྡོག་པས་མནན་ཏེ།། མགྲིན་པ་རལ་གྲིས་བཅད་དོ།། ཞེས་པའོ།། དེ་ནས་བློན་པོའི་བུ་ཁྲིམས་ལ་སྦྱར་བ་སོགས་ཀྱིས་མཇུག་བསྡུད་པ་ཞིག་ཡིན་ནོ།།
  དེ་མིན། མཐུན་པ་སྤུན་བཞི་དང་བྱ་སྤྲེལ་གཏམ་རྒྱུད་སོགས་ཀྱང་ང་ཚོའི་བྱིས་སྒྲུང་ཡིན་ལ། རི་མོ་རུ་ཡང་བྲིས་ཡོད་པས་འགྲེལ་ན་སྟབས་བདེ་ཞིང་། ཤུགས་བསྟན་དང་སྦས་དོན་སོགས་རེ་ཞིག་མི་འཁྲིད་པ་ཡིན་ནོ།།
  རི་དྭགས་སྐྱོ་གླུ་དང་འབྲི་མོའི་དྲིན་ལན། གནའ་རྒྱལ་ཚེ་ལོ་སོགས་རྩོམ་ལུས་ཚིགས་བཅད་ཡིན་པས། བྱིས་པ་ཚོས་ཀྱང་ངལ་གསོའི་སྡོད་མཚམས་ལེགས་པོར་འཛིན་ཐུབ། ཁ་སྐད་མཐར་ཐུག་པའང་ཡིན་པས་ཟ་སྐད་འཐུང་སྐད་ལ་མཐུད་ཆོག་པའི་དགེ་མཚན་ལྷག་པོ་མཆིས། ནང་དོན་ལ་སྲི་ཞུ་དང་། དྲིན་གཟོ། གུས་ཆུང་། བསམ་ཤེས་སོགས་ཀྱིས་ཁྱབ་ནས་ཡོད་པས། བསླབས་ཟིན་པ་གང་ཞིག་མ་ཤིའི་བར་དུ་བཀོལ་ཆོག་པའི་ངོ་མཚར་ཡང་མཆིས། དེ་དག་བསླབ་བྱ་ཡང་ཡིན་ལ་རྣར་བརྒྱུད་དུའང་གཞོལ། ངག་རྟ་བརྩམས་ཏེ་དཔལ་མགོན་སོགས་ཀྱིས་བླངས་ཀྱང་ཡོད་པས། བྱིས་པ་ཚོའི་རྣ་བའི་བུ་རམ་ལ་ཅིས་མི་འགྱུར་ཏེ་ངེས་པར་འགྱུར་རོ།། 
  ང་ནི། བྱིས་པའི་ཁ་སྣ་དངོས་སུ་ལག་པས་ཕྱིས་མྱོང་མཁན་ཞིག་དང་། བྱིས་པའི་ལྷུ་ཐག་དངོས་སུ་མཐོ་ལ་ཚད་མྱོང་མཁན་ཞིག་ཡིན་པའི་ཆ་ནས། བྱིས་པ་ཚོར་རུང་དང་མི་རུང་གི་ཐད་དུ་གླུ་དང་ཁ་ཤགས། དེབ་སོགས་ལ་མཉམ་འཇོག་ཟམ་མ་ཆད་པར་བྱས་དང་བྱེད་ཀྱིན་ཡོད། དེས་ན། ངས་བྱིས་པར་བཟུང་བའི་རེའུ་མིག་ནང་དུ་ཉེ་ཆར་གཉིས་ཤིག་ལ་ཆོག་མཆན་སྤྲོད་ཐུབ་པ་བྱུང་། དེ་ནི་སྨན་བླ་སྐྱབས་ཀྱི་ཟུར་གཉིས་དང་།ཕུན་ཚོགས་རྒྱལ་གྱི་མ་བོས་མགྲོན་པོའོ།།
                                                      ༢༠༢༡ ༤ ༡༣ 

༈ ཨུ་དུམ་ཝ་རའི་རྩ་བ་དང་རྩེ་མོ། 

   མགོ་བརྗོད་དམ་གླེང་གཞི་ཡིན་ཟེར་ནས་སེམས་གསོ་འདྲ་གཏོང་བ་ནི་བྱ་ལུགས་བྱེད་ལུགས་ཆེས་རྙིང་དྲགས་པའི་སྐོར་ཡིན་པས། དེའི་རིགས་ལ་གཞོན་སྐྱེས་ཚོས་མགོ་བོ་འཕྲེད་དུ་གཡུགས་སོ།། བསམས་ན་ཁག་ཀྱང་མི་འདུག་ཨང་། འོ་ན་ངས་ནི་ཐོག་བརྒྱབ་པ་ནང་བཞིན་གྱིས་ས་ལ་རི་མོ་དང་། གནམ་ལ་གློག་ཕྲེང་། བྲག་ལ་སྤྲིན་ཕུང་འཕྱུར་བའི་ཚོད་དུ་དཔེ་སྟོན་གྱིས། ཤ་རུལ་ལ་སྦྲང་ཚོགས་འདུ་འདུ་བྱོས་ཨང་། 
ཀུན་རྡོར་རམ་འདྲེ་རྐང་ཏོ་ནི་ཆང་འཐུང་སྲོག་མི་དགོས་པའི་གྲས་ཡིན་ལ། ཁོས་ཧུའུ་ཀྲོའུ་ཆང་སྐྱ་ནས་ལྷ་སའི་སྦི་རག་བར་དུ་ཅིས་ཀྱང་ཧུབ་ཆེན་གྱིས་འཐུང་ངོ་།། ཆང་ཆུ་ལྟར་འཐུང་ཐུབ་པའི་ཆ་ནས་ཁོའི་དེ་གྲུབ་རྟགས་ཀྱི་ཚོད་ཙམ་ཡིན་མོད། དྲང་མོར་བཤད་ན་ཁོས་ཆུ་ནི་དེ་འདྲ་མང་པོ་ཞིག་འཐུང་མི་ཐུབ་པས། ཁོ་ལ་གྲུབ་རྟགས་མེད་པ་ནི་བརྗོད་ག་ལ་དགོས་ཏེ་མི་དགོས་སོ།།
  བཟི་དྲགས་ན་ཁོས་རང་ཤི་རྒྱག་འདོད་ཅེས་སྤྱི་བསྒྲགས་ཀྱང་སྤེལ་ཡོང་། དེའི་ཆ་ནས་བལྟས་ན་ཁོའི་དེ་ནི་སྨྱོ་རྟགས་ཀྱི་ཚོད་ཙམ་ཡང་ཡིན་མོད།  ཁོས་ད་དུང་ཡང་རང་ཤི་བརྒྱབ་མེད་གཤིས། ཁོ་སྨྱོས་ཀྱང་ཅི་ལ་ཡོད་དེ་གཏན་ནས་མེད་དོ།། ཚུལ་དེར་དཔྱད་ན། ཁོས་ལྕེབས་པ་ནི་ཐར་པ་ཞིག་ཏུའང་ངོས་བཟུང་ཡོད་པ་འདྲ་ལ། མུ་སྟེགས་རྒྱང་འཕེན་སྨྲ་བས། སྲན་མ་ཟླུམ་པ་དང་། ཚེར་མ་རྣོ་བ། རྨ་བྱའི་སྒྲོ་མདོངས་བཀྲ་བ་སོགས་ནི་ངང་གིས་བྱུང་བར་ཐག་གཅོད་པ་ལྟ་བུའོ།། 
ཁོས་གྲུབ་རྟགས་དང་སྨྱོ་རྟགས་བསྲེས་ནས་སྙན་ངག་ཟེར་བ་ཞིག་ཀྱང་རྩོམ་མོ།།  ཁོའི་ཆང་གིས་དབོས་པའི་ཁ་ངོ་དང་། ར་བཟི་དུས་ཀྱི་ལྡབ་ལྡིབ། ཅི་ཞིག་འཆད་འདོད་ཀྱི་ཁ་རྨྱང་བཅས་ལས། ངས་རང་གི་གྲོགས་པོ་གཅན་མེ་སྟག་དང་ཁྱུང་ཐར་རྒྱལ་སོགས་དྲན་ཡོང་། དེས་ན་ཁོས་སྙན་ངག་ཅེས་པ་ལོས་འབྲི་ཡང་འདོད་དོ།།
  གནད་དོན་ཅུང་ཟད་མཆིས་པ་ནི། ཡིག་རྩ་དང་དག་ཆ་ནི་ཚྭ་དང་། སྡེབ་སྦྱོར་དང་ཡིད་འགྱུར་ནི་འབྲས། འཆར་སྒོ་དང་སྙན་རོ་ནི་ཤ་ཡིན་པའི་དབང་དུ་བྱས་ན། ཁོས་ཉོ་དགོས་པའམ་ཁོ་ལ་ཆད་ཡོད་པ་ནི་གང་དག་ཡིན་ཚུལ་ངས་མ་བཤད་ཀྱང་ལོས་ཤེས། ཁོས་མ་ཉོས་ནའང་ཆོག་དང་ཆོག་སྟེ། ཁོ་རང་འདྲེ་ཡིན་ཙང་སྤྲུལ་སྒྱུར་ཟེར་བ་ཞིག་ཀྱང་ཡོད་པ་མ་ཡིན་ནམ། 
  ཁོས་དུ་བ་རྐང་ཐུར་མང་པོ་བསྟུད་ནས་འཐེན་ལ། དེའི་སྟབས་ཀྱིས་ཁོའི་སོ་དང་སེན་མོར་སེར་དྲེག་ཀྱང་འགོས་ཡོད། ང་ཚོས་མངོན་གསལ་དུ་མཐོང་ཐུབ་པ་ནི་དེ་ཙམ་མོ།། ཁོའི་མགོ་ནང་ན་སྨན་པ་ཞིག་གི་སྣང་བརྙན་ཡོད་ལ། ཁོའི་སེམས་ནང་དུ་གྲྭ་བ་ཞིག་གི་ཚུགས་ཀ་གནས། རེས་སྨན་པ་དང་རེས་གྲྭ་བ་ཡིན་པའི་བར་མཚམས་དེ་རུ། ལོ་ཡར་གསེག་གི་བུད་མེད་ཅིག་གིས་ཟ་ལྡུམ་སྐོལ་ཞོར་སྣ་གླུ་ལེན། འདི་དག་ནི་ངས་ཡིད་ཚོད་བྱས་པ་ཡིན་པས། ཁོ་རང་འཐད་པའི་ངེས་པ་མེད་མོད།  མི་འཐད་པའི་ངེས་པའང་མེད་དེ། ཁོ་རང་མི་ཕྱིན་ཅི་ལོག་པ་ཞིག་ཀྱང་ཡིན་པས། ཁུངས་ལུང་མེད་པའི་གྲས་ལ་སྙན་ངག་ཅེས་ལག་པས་ཐལ་མོ་སྦྱོར་ཡོང་། 
  ཁོས་ཐལ་མོ་སྦྱར་བའི་དབྱིབས་ནི་འཇོང་འཇོང་ཞིག་ཡིན། དཔེར་ན་བྱ་སྒོང་དང་འདྲའོ།། ཡང་ན་སྡུད་མ་དང་མཚུངས་སོ།། གཞན་དུ་ལ་ཕུག་དང་ཡང་མི་གཉིས་པས། བྱ་སྒོང་རྡོ་ལ་བརྡབ་ན་འཆག སྡུད་མ་མེ་ལ་བསྲེག་ན་འཚིག འོན་ཀྱང་ལ་ཕུག་གིས་ནི་རྒྱལ་རོང་ཕྱོགས་སུ་དར་ཆེ་བའི་ཚོད་མ་དེ་འདྲ་བཟོ་ཆོག་པའོ།། 
  དཔེ་འདི་གསུམ་གྱིས་དཔེ་ཅན་གསུམ་ཡང་འདྲེན་པར་བྱས་ན། དང་པོ་ནི་གཉོམ་ཆུང་ངོ་།། གཉིས་པ་ནི་སྐྱོ་ཤས་སོ།། གསུམ་པ་ནི་མནར་གཅོད་དོ།། དེ་བས་ཁོའི་སྙན་ངག་ལ་གཉོམ་ཆ་བར་མའི་འབྲིང་ཙམ་དང་། སྐྱོ་ཤས་འབྲིང་གི་མཐའ་མ་དང་། མནར་གཅོད་འབྲིང་གི་གོང་མ་ཙམ་ཡོད་ཙང་། ངས་ཁོ་ལ་མོ་འབྲས་ལྟ་བུའི་སྔོན་གླེང་འདི་རང་སྤྲད་པ་ཡིན་ནོ།། 
            ཞེས་པ་འདི་ནི། ཀུན་རྡོར་རམ་འདྲེ་རྐང་ཏོས་ཡང་ཡང་བསྐུལ་ངོར་ཁོའི་སྙན་དེབ<<ཨུ་དུམ་ཝ་ར>>ལ་ཆེད་དུ་བྲིས་པའོ།། 

༈ ཚིག་སྦྱོར་ཐད་ཀྱི་བློ་བསྐྱེད།

  མཚན་ཉིད་རིག་པ་ནི་གཞལ་བྱ་དང་གཞལ་བྱེད་ཀྱི་སྐོར་ཡིན་པའི་དབང་དུ་བཏང་ན། རི་མོ་དང་རྩོམ་རིག་སོགས་ནི་མཚོན་བྱ་དང་མཚོན་བྱེད་ཀྱི་སྐོར་རང་རེད། རྩོམ་རིག་གི་མཚོན་བྱེད་ནི་མཐར་གཏུགས་ན་ཡིག་ཐོག་གི་སྐད་ཆའོ།། དེ་ལ་ཚིག་སྦྱོར་ཞེས་ཀྱང་འབོད། འོན་ཀྱང་སྐད་ཆ་གང་རྫིག་གང་གཉན་ཐམས་ཅད་སྤུངས་ཅི་ཐུབ་བྱས་པས་མི་ཆོག་ཅིང་། ཚིག་རྒྱན་ཙམ་གྱིས་མཐའ་འཁྱོལ་བ་ཞིག་ཀྱང་ག་ལ་ཡིན་ཏེ་མིན་ནོ།། 
  འོས་ཤིང་འཚམ་པ། ཚོད་ཚོད་རན་རན། འཐད་ཅིང་རིགས་པ། ཅུང་ཟད་ཙམ་ཡང་མི་ཆད་ཅིང་དེའི་ཕན་དུ་ལྷག་ཀྱང་མི་ལྷག་པའི་རྗོད་པ་ཞིག་ལ་རག་ལས་པས་ན། རྩོམ་རིག་གི་སྐད་ཆ་ཞེས་ཧ་ཅང་ལོགས་པ་ཞིག་ལ་ངོས་འཛིན་པའི་དམ་རྒྱ་དེ་རིགས་བྱུང་བ་ཡིན་ནོ།།
<<མདོ་མཛངས་བླུན>>དུ། “སྐྲ་དང་ཁ་སྤུ་རང་བྱི་སྟེ་གོས་ཀྱང་ངུར་སྨུག་ཏུ་གྱུར”ཅེས་སུ་འབྱུང་། ཚུལ་དེ་བརྙན་ལམ་དུ་མཐོང་དགོས་ན་ནི<<ནུབ་བསྐྱོད་ཟིན་བྲིས>>(西游记)སོགས་ལ་བལྟ་བར་བྱའོ།། ཚིག་འདིའི་ནང་གི“རང”དང“བྱི”ཁོ་ན་ཡང་བརྡ་སྤྲོད་ཀྱི་ལྡེ་མིག་དུ་མས་མཛེས་ཤིང་། སུམ་རྟགས་ཀྱི་རྩ་བའི“དབྱི”སོགས་ལ་སྦྲེལ་ཚེ་དེ་བས་ཀྱང་ཡིག་རྩ་དང་དག་ཆའི་རིམ་པ་མང་ཙམ་བློ་ཁོག་ཏུ་ལོན་པར་འགྱུར་རོ།།
  <<མི་ལའི་རྣམ་ཐར>>དུ་རྒྱང་ནས་སྐྱེལ་མ་བྱེད་མཁན་དག་མཐོང་ལུགས་ནི“སྨུག་ཕུང་ངེ”ཞེས་བྲིས་འདུག་ཅིང་། “ཅུང་ཟད་ལས་མི་མཐོང”དང“རབ་རིབ་ཙམ་ལས་མི་རིག”སོགས་དང་བསྡུར་ན་ནི། “སྨུག་ཕུང་ངེ”ཞེས་པ་འདིའི་ཡོ་ལང་ནི་ངོ་མ་ཅན་གྱིས་ཚད་དང་མཐའ་མེད་པ་ཞིག་གོ ། འདི་དང་ཅུང་འདྲ་སེ་ཞིག<<སྤྲིན་དཀར་ལམ་རྙིང་དུ>>ཡང་མཆིས་ཏེ། “ནང་མི་སྤུན་མཆེད་ཚོ་སྨེ་བ་ཁ་ཤས་དང་འདྲ་བར་ནག་རིལ་རིལ་ཙམ”ཞེས་པའོ།།
  <<གཏམ་རྒྱུད་གསེར་ཐང>>གི“ཤིང་སྒམ་སྐྱ་བོ་འཕང་དུ་མཐོ་གསུམ་ལ་ཚོན་གང་ཆད”ཅེས་པའང་བལྟས་ཚོད་དུ་ཚིག་སྤྱིར་བཏང་བ་ཞིག་ཏུ་མཐོང་ལས་ཆེ་མོད། འདི་དགེ་ཆོས་ཀྱི་ཁ་ནས་ཐོན་པ་མིན་ཚེ“མཐོ་གསུམ་ཙམ་ཡོད”དང“མཐོ་གསུམ་ལ་ཉེ་བ་ཞིག་ཡོད”ལྟ་བུ་རེ་ནས་སྐོར་བ་རྒྱག་པ་ལས། “ཚོན་གང་ཆད”ཅེས་པའི་ལྷག་མ་མེད་པའི་གཏམ་འདི་འདྲ་ཡོང་ཨེ་སྲིད་དམ་སྙམ། དེས་ན། “ཚིག་སྦྱོར་ཚུལ་ལ་མཁས་པ་ངག་གི་དཔལ”ཞེས་པ་ནི་ཆབ་ཤོག་ཕྱོགས་བསྒྲིགས་དང་གསེར་སྦྲམ་པོད་གསུམ་གྱི་ཁྱད་ཆོས་ཙམ་ལ་ཐོད་གཏུགས་ཏེ་བཞག་ན་ནི་ཁྱབ་ཆུང་དྲགས་པས། དྭངས་གསལ་ཚིག་གི་བརྗེ་ལེན་གཞན་དང་གཞན་ལའང་སྦྱོར་བར་འཚལ་ལོ།། 
སྐབས་འདིའི“བརྗེ་ལེན”ཞེས་པ་འཇུ་མི་ཕམ་གྱི། “མ་བཏབ་གནད་དུ་ཟུག་པའི་མཚོན། །མ་འཐུངས་ཁོང་དུ་སོང་བའི་སྨན། །མ་ཟོས་ཡིད་འཕྲོག་སྦྲང་རྩིའི་རོ། །ཚིག་གི་ཁྱད་པར་རྣམས་ལ་ཡོད། །”ཅེས་པའི“ཁྱད་པར”ལ་སྦྱོར་ཤེས་ཚེ་དེ་བས་ཀྱང་གོ་རྒྱུ་དུ་མ་འཆར་རོ། ། 
  ལེགས་བཤད་ཅིག་ཏུ། “བདག་ལ་བྱིན་ཟེར་དམན་པའི་ཚིག །མི་སྦྱིན་ཟེར་བ་དམན་པས་དམན། །འདི་ཁྱེར་ཟེར་བ་མཆོག་གི་ཚིག །མི་འཁྱེར་ཟེར་བ་དེ་བས་མཆོག །”ཅེས་སུ་འབྱུང་ཞིང་། གོ་རིམ་འདི་ལྟར་དུ་བསྡེབས་པས་ནི་དོན་གྱི་རོ་ཉམས་མ་འཆོལ་བ་དེ་ཙམ་ཞིག་འཛོམས་པ་ཡིན་གྱིས། འདི་ལས་གཞན་དུ་ཏོག་ཙམ་བསྒུལ་ཚེ་གོ་བ་ཡང་འགྱུར་ལ། བྲོ་བ་ཡང་མི་འདྲ། དེ་དུས་རྡོ་རྗེ་ཚིག་འདིའི་ཆ་ཡི་ཆ་ཙམ་ཡང་ཨེ་ཡོང་མི་ཤེས་སོ།། དེས་ན་རྩོམ་གྱི་བཀོད་པ་ཕྲ་མོ་རེ་རེ་ཡང་ཐ་སྙད་སྔ་ཕྱི་བརྗེ་ལེན་གྱི་ཚེགས་བརྩོན་མི་བཟད་པ་དག་ལའང་ངེས་པར་ལྟོས་ཤིང་། རྣམ་རྟོག་གི་འཕྲོ་འདུ་གློ་བུར་བ་དང་བག་ལ་ཉལ་གྱི་མཐུ་ཅི་རིགས་ལའང་ཅིས་ཀྱང་བརྟེན་པ་ཡིན་ནོ།།
  དམུ་དགེ་བསམ་གཏན་གྱི། “བསིལ་ལྡན་བརྡ་སྐད་ཚུལ་ལུགས་ནོར་འགའ་ཞིག །”ཅེས་པ་དང་། ས་པཎ་གྱི། “མཁས་པ་རྣམས་ལ་མཛེས་མ་ཡིན།།”ལྟ་བུ་ལ་མཚོན་ནའང་སྔ་མས་ནོར་འཁྲུལ་སོགས་སྟོན་པ་མིན་པར་ནོར་བུ་རང་སྟོན་པ་ཡིན་ལ། ཕྱི་མས་མཛེས་མ་སྟེ་སྒེག་མོ་སྟོན་པ་མིན་པར“མཛེས་པ་མ་ཡིན”ཞེས་དགག་སྒྲ་ལ་བསྙེགས་ཡོད་པའང་རྟོགས་པར་བྱའོ།། སྔ་མ་ལ་ཚིག་སྡུད་བྱས་དྲགས་པའི་སྐྱོན་ཆ་ཡང་མི་འབབ་ལ། ཕྱི་མ་ལ་གཅོད་མཚམས་ཉམས་པའི་ནོངས་ཀྱང་ཡོད་པ་མིན་ནོ།། རྒྱུ་མཚན་དེའི་ཕྱིར་ན། འདི་སོགས་ཀྱང་ཚིག་སྦྱོར་གྱི་ཆེ་བ་འབའ་ཞིག་ཏུ་གོ་བར་བྱའོ།། 
                          ༢༠༢༡ ༢ ༡༡

༈ རྟ་ནི་རྟ་དང་གསེར་ནི་གསེར་རེད། 

  བོད་མི་ཚོ་རྟ་ལ་ཡ་མཚན་ཞིག་དགའ་ཞིང་གསེར་ལའང་མི་དཔེ་བ་ཞིག་དུངས་པ་འདི་ཡང་། བློ་མ་སད་པ་ཞིག་དང་། ཅང་མ་གོ་བའི་རྟགས་ཤིག་ཏུ་འགྲོ་མིན་ད་དུང་བཤད་དཀའ་མོ་རེད་འདོད། “འདོ་རྗེ་རྐྱང་རྒོད་འཕེར་བ།། གསེར་སྒ་ཉི་མ་རང་ཤར།།”ཞེས་ཀྱང་བསྐལ་བའི་ཚིག་རྙིང་དུ་གྲུབ་ནས་ཡོད་དོ།།
  ང་ཚོའི་རྫོང་མཁར་ཆུང་ངུ་འདི་ན་ཡང་། རྟ་རྒྱུགས་ར་བ་ཡངས་ཐག་ཆོད་པ་ཞིག་ཡོད་ཅིང་། བསྐོར་བའི་ར་ཡིན་ནའང་འདྲ། བརྒྱབ་པའི་ཐིག་ཡིན་ནའང་འདྲ། ཅི་བས་ཀྱང་འདྲ་ཆགས་ཤིང“སྤུས་དག་ཚད་ལྡན”ཞེས་པའི་བྲོ་བ་ཞིག་ངང་གིས་ཚོར་བར་བྱེད། དེས་ཀྱང་མི་ཚད་དེ། རྟ་རྒྱུད་དང་རྟ་རྩལ་བཤད་ན་མི་སུ་ཡང་དགའ་ལྷང་ལྷང་བྱེད་པའི་ཚོད་ཅིག་ཡིན་ནོ།། གནམ་གྲུ་བརྒྱུད་ནས་རྟ་ཉོས་ཡོང་མཁན་ཡང་འགའ་རེ་ཡོད་དོ།། 
  མི་ཚོས་དང་མ་རླངས་འཁོར་སོགས་ལ་རྟ་ཡིས་མིང་བཏགས་པ་ནི“宝马”ལྟ་བུ་ཡིན་ལ། ད་ཚོད་ནི་རིག་པ་དེ་བརྗེས་ནས་རླངས་འཁོར་སོགས་ཀྱི་མིང་རྟ་ལའང་འདོགས་པར་བྱེད་དེ། དཔེར་ན། ད་ཆ་དྲུག་མདོ་དང་ཐོང་ག་གང་རུང་དུ“奔驰”ཞེས་སྲེག་ཐམ་དཔར་ཡོད་པའི་རྟ་རིགས་ཤིག་དངོས་སུ་མཆིས་པ་ལྟ་བུའོ།། དེ་ཙམ་དུ་མ་ཟད། རྟ་གོང་ཡང་ཇེ་ཆེ་ནས་ཇེ་ཆེ་རེད་དོ།། 
  རྨ་ཆུ་ཡར་མར་གྱི་མི་ལ་མཚོན་ན། ང་དང་ང་འདྲའི་རྟ་རྒྱུས་མེད་པ་ཞིག་ཡིན་རུང་སྒོར་ཁྲི་བརྒྱ་ཉིས་བརྒྱ་ཅན་གྱི་རྟ་ལྔ་དྲུག་རེའི་མིང་མི་ཤེས་མཁན་ཞིག་ཧ་ལམ་མེད་པའི་ཚོད་ཡིན་ཞེས་ཐོས་སོ།། 
  ང་ཚོའི་ས་འདི་ལ་ཆ་བཞག་ནའང་། གསེབ་ཕྲུག་ཅེས་པ་ཞིག་འབུམ་ཕྲག་བཞིར་ཉེ་བ་བྱས་ནས་བཙོངས་སྐད་ཡོད་ལ། ངའི་མག་རྒན་ཀླུ་ཐར་རྒྱལ་ཟེར་བ་ཞིག་ཡོད། ཁོའི་རྟ་ཡང་ཁྲི་སུམ་ཅུ་རྩ་གྲངས་ཤིག་བྱས་རབས་ཀྱི་སྐད་ཆ་གོ་མྱོང་། འདི་རིགས་ནི་རྣ་ཐོས་ཙམ་ལས་ཞིབ་ཏུ་རྩད་བཅད་པ་དེ་འདྲ་གང་ཡང་མིན་མོད། གང་ལྟར་རྟ་གོང་འཕར་བཞིན་པ་དང་། རྟའི་བསྟན་པ་དར་སྒང་ཡིན་པ་ནི་བདེན་ལས་རྫུན་མ་རེད་ཅིག་སྙམ་མོ།།
  བཀའ་ཐང་སྡེ་ལྔ་ལས། སློབ་དཔོན་པད་མ་འབྱུང་གནས་རྟ་གོང་ནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཐེག་པའི་རྣམ་པ་ཞིག་ཞིབ་འབྲི་བྱས་ཡོད། རྒྱལ་བློན་རྣམས་མིག་མཆི་མ་ཙ་རེར་ནམ་མཁའི་དབྱིངས་སུ་ཧར་གྱིས་ཅེར། ཉི་ཟེར་གྱི་དྲྭ་བ་དང་རྟ་རྔོག་གི་ལྡེམ་ཆ། འཇའ་སྤྲིན་གྱི་ཡོ་ལང་བཅས་ཀྱང་རབ་ཅིག་མཛེས་མོད། རྟ་དེའི་ཟིལ་ཤུགས་བྲིས་པ་དེ་བས་ཀྱང་རྩོམ་རིག་གི་ཉམས་ཀྱིས་ཁྱོགས་པ་ཞིག་ཡོད། རྟ་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། ངས་ནི་མི་ཤེས་སོ།།
  ད་དུང་ཡར་ལ་དེད་ན། སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་གང་གིས་ཆོས་ཀྱི“བདུད་རྩི”ཐོག་མར་རྙེད་པ་ལའང་རྟ་ཞིག་གིས་མཐུན་འགྱུར་ཞུས་ཡོད་དེ། ལོ་རྒྱུས་སུ་རྟ་དེ་ལ་ཆིབས་པ་སྔགས་ལྡན་ཞེས་སུ་བོས་སོ།།
  གཞན་དུ། བོད་ལ་རྟ་དཔྱད་དང་རྟ་བཤད་ཅི་བས་མང་ཞིང་། རྡོ་གྲུབ་ཆེན་ལྟ་བུའི་མཁས་པས་ཀྱང་དབང་ཆེན་རྟ་སྐད་ལས་འཕྲོས་པའི་རྣམ་གཞག་བརྩམས་ཤིང་། གླིང་སྒྲུང་གི་རྟ་འབོད་དང་མི་རྟ་ངོ་སྤྲོད་ཀྱི་སྐོར་ཁོ་ནའང་ཕྱོགས་གཅིག་ལ་ཁོལ་དུ་དབྱུང་བ་ཡིན་ན་ནི། ཕལ་ཆེར་པོད་རྒན་དུ་མའི་ཚད་ཅིག་མཆིས་སམ་སྙམ་མོ།།
  བོད་ཙམ་དུ་མ་ཟད་མི་རིགས་གཞན་ལའང“赤兔马”ལྟ་བུའི་གྲགས་རྒྱུན་སྣ་ཚོགས་བྱུང་ཡོད་ཅིང་། ལར་རྟ་ལ་ཅང་ཤེས་ཟེར་ཞིང་། དེ་ནི་ཅི་ཡང་ཤེས་ཤིང་གོ་བའི་དོན་དུའང་འགྲེལ་ཙང་། རྟ་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། ཁྱོད་ཀྱིས་ཀྱང་ཨེ་ཤེས་སྙམ་མོ།། 
དེ་ནང་བཞིན་དུ། གསེར་ལའང་ཁས་རྒྱག་རྒྱུ་མེད་པ་འདྲ་སྟེ། “སྐུ་འབུམ་གསེར་གདུང”ཟེར་བ་ལས་སྐུ་འབུམ་ལྕགས་གདུང་ཟེར་བ་ཞིག་གོ་མྱོང་མེད་ཅིང་། “བླ་བྲང་གསེར་ཁྲི་རྣམ་བཞི”ཟེར་བ་ལས་བླ་བྲང་ཟངས་ཁྲི་རྣམ་བཞི་ཞེས་སྐད་རྒྱག་མཁན་ཞིག་བྱུང་མྱོང་མེད་པ་འདྲའོ།།
  “གསེར་སྡོང་འཛམ་གླིང་རྒྱན་གཅིག”ཟེར་བ་ལས་ཤེལ་སྡོང་འཛམ་གླིང་རྒྱན་གཅིག་ཀྱང་ཨེ་ཟེར་རམ། སངས་རྒྱས་ལ་བསྔགས་དུས་ཀྱང“གསེར་གྱི་ལྷུན་པོ་ལྟ་བུར་འཕགས་པའི་སྐུ”ཞེས་འབྲི་བར་བྱེད་དོ།།
  “ཇོ་བོ་ལ་ཞལ་གསེར་བཏང”ཟེར་བ་དང་། “སངས་རྒྱས་གསེར་ཐུབ”ཟེར་བ། “གར་ལོག་གི་རྒྱལ་པོས་གསེར་དགོས་ཟེར”ཞེས་དང་།“དགའ་ལྡན་གསེར་ཁྲི་རིམ་བྱོན”ཟེར་བ་དང་། “གོང་མའི་གསེར་ཡིག་པ”ཟེར་བ་དང་། “གསེར་བུམ་དཀྲུག་འདོན”ཟེར་བ་སོགས་ཆ་གང་ལ་བརྟགས་ནས་གཞི་ཅི་ལ་དཔྱད་ཀྱང་། གསེར་ཞེས་པ་འདི་རིན་པོ་ཆེ་རྩ་ཆེན་ཞིག་ཡིན་པ་ཧ་ཅང་འཁྲུལ་མེད་རེད་ལ། དེ་ལ་ལྕགས་ཞེས་འབོད་པ་དང་། ད་དུང“གསེར་གྱི་ལྕགས་ཐག”ཚུན་ཆད་ཀྱང་ཟེར་བ་སོགས་ནི། རང་རང་མ་དགའ་བའི་མདོག་ཅིག་ཡིན་ན་ནི་ཅི་ཤེས་ཀྱང་།གཏམ་དེ་འདྲས་ནི་གསེར་གྱི་ངོ་བོ་དང་དེའི་རིན་ཐང་ལ་གནོད་པ་ཅི་ཡང་བསྐྱལ་མི་ཐུབ་པ་འདྲའོ།། 
  <<རོ་ལངས་གསེར་སྒྲུབ>>ཅེས་པའི་སྒྲུང་དེ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པའི་ཆ་ཤས་ཤིག་ཡིན་པར་གྲགས་ལ། བོད་མི་ཞིག་གིས་བརྩམས་པའི་བཟོ་ཡང་མཆིས་རང་མཆིས་མོད། སྐབས་འདིར་དེ་དག་ནི་གཙོ་བོ་ཅང་མ་རེད་འདོད་དོ།།
སྒྲུང་དེ་ལས་སློབ་དཔོན་དང་བདེ་སྤྱོད་བཟང་པོ་མཉམ་བསྒྲིལ་གྱིས་རོ་ཞིག་ལེན་གྱིན་ཡོད་ལ། རོ་དེའི་ཆེད་དུ་བདེ་སྤྱོད་བཟང་པོས་དཀའ་བ་གྲངས་མེད་ཅིག་སྤྱད་ཡོད། 
  དྲང་མོར་བཤད་ན། རོ་དེ་ལེན་པའང་མིན་པར་རོ་དེའི་ཐོག་གི་གསེར་ལ་དམིགས་ཀྱིན་ཡོད་པ་ཞིག་རེད། མཐར་གསེར་ཉག་མ་ཁ་ཤས་ལས་ཅིས་ཀྱང་མ་ལོན་ནའང་། དེ་ནས་བཟུང་འཛམ་བུའི་གླིང་ལ་གསེར་གྱི་དཀའ་ངལ་དེ་ཙམ་མ་བྱུང་བ་དང་། དབུལ་པོ་ཡང་ཅུང་ཟད་ཇེ་ཉུང་དུ་སོང་ཞིང་། ལོངས་སྤྱོད་ཀྱང་གང་ལ་གང་འཚམ་ཞིག་འཕེལ་བའི་སྐོར་ཞིག་བསྟན་ཡོད་དོ།།
  དེས་ན། མིའི་རིགས་ཀྱི་ཕ་མེས་རྣམས་ཟེར་ནའང་འདྲ། འུ་ཚོའི་ཡབ་མེས་དག་ཟེར་ནའང་འདྲ། གང་ལྟར། མི་ཐོག་གོང་མ་གོང་མ་དག་གིས་གསེར་ལ་ལྕགས་མི་ཟེར་ཞིང་། ལྕགས་ལ་གསེར་ཡང་མི་ཟེར་བ་ནི་ཚེགས་མེད་དུ་གོ་ནུས་སོ།།
                                                                        ༢༠༢༠ ༡༠ ༢༡ 
 
༈ མེ་ཏོག་དང་སེམས་བསྐྱེད། 

  སྐད་ཆ་འདི་ཇི་ལྟར་བྱས་ནས་བཤད་ན་འོས་མིན་ལ་ངས་བསམ་བློ་ཅུང་ཟད་བཏང་མྱོང་། ཕལ་ཆེར་འདི་ལྟར་བཤད་ན་འཚམ་པ་འདྲ་སྟེ། དཔེ་ཞིག་གིས་བཤད་པར་བྱའོ།།
  ང་རང་མེ་ཏོག་འདྲ་མིན་བཏབ་ཡོད་སའི་དོ་ར་ཞིག་ཏུ་ཐོན་ཡོད་ལ། ངས་དཀར་ཞིང་གཙང་བའི་པད་མ་ཡང་བློས་མི་ཆོད་ཅིང་། མཛེས་ཤིང་བཀྲག་པའི་ཨུག་ཆོས་ཀྱང་འདོར་བར་མི་ཕོད། མཁན་པ་སེར་པོ་སོགས་ལའང་རང་རང་གི་ཁྱད་ཆོས་རྫོགས་ཤིང་གཅིག་ཚབ་གཅིག་གིས་མི་ཉན་པའི་ཚོད་དུ་ཡོད་གཤིས། གདམ་གསེས་འདིའི་ཐོག་ནས་ང་རང་བློ་ཁ་བདེ་ཐབས་མི་འདུག་ལ། ཁོ་ཐག་ཆོད་ཐབས་ཀྱང་མི་འདུག་ཨང་། 
  མེ་ཏོག་འདི་དག་ལ་མི་གཤིས་ཀྱི་བྲོ་བས་གཞལ་ནའང་ཆོག་ལས་ཆེ་སྟེ། ཕལ་ཆེ་བ་ཡག་པོ་རང་དུ་འདུག་པ་ནི། ལ་ལའི་གཤིས་དང་རྒྱུ་བ་བཟང་། ལ་ལའི་གཟུགས་དང་ཁ་ངོ་མཛེས། འགའ་རེའི་སྐད་དང་ངག་སྒོས་འགུགས། སྐོར་ཞིག་གི་ཆ་བྱད་དང་རྣམ་འགྱུར་གྱིས་ཀྱང་འདྲེན་ནོ།།
  ངའི་གཞི་རྩའི་ཀུན་སློང་གི་ཆ་ནས་ཞུས་ན། ཚང་མ་མེ་ཏོག་ཡིན་པ་ཁས་ལོས་ལེན་ལ། མེ་ཏོག་རེ་རེར་རང་རང་གི་ཁྱད་ཆོས་ཡོད་པའང་ཁས་ལོས་ཀྱང་ལེན། འོན་ཀྱང་ངའི་མེ་ཏོག་ཕོག་པའི་ལྷ་སྐལ་དངོས་ནི་གང་ཡིན་པ་སོགས་ལ་ད་དུང་ཡང་ཡིན་གདེང་མིན་གདེང་དེ་ཙམ་མེད་པ་ནི།ང་རང་སོ་སོ་མགོ་ཡང་བས་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་ཞིག་གིས་ཡིན། དྲི་བ་དེ་ལ་དྲིས་ལན་ཁག་པོ་རེད་ཡ། 
  ངའི་ཐག་མི་ཆོད་པའི་དྲན་ཚུལ་ཕྲ་མོར་འདིར་རྐྱེན་བྱས་ཏེ་ལ་ལའི་སེམས་བསྲེགས་པ་དང་། ལ་ལའི་ཡིད་བཅད་པ། ལ་ལའི་བློ་ཕམ་དུ་བཅུག་པ་སོགས་ཡོད་ན་ནི། དེ་དང་དེར་སྙིང་ཐག་པ་ནས་དགོངས་དྭངས་ཞུ་རྒྱུ་ཡིན་ནོ།།
མེ་ཏོག་ཕལ་ཆེ་བ་ཞིག་གི་རྩད་པར་ཚེར་མ་ཡང་ཏོག་ཙམ་ཡོད་པས། སྤྱིར་བཏང་མེ་ཏོག་རེ་རེའི་ཕྱིར་དུའང་ལག་པ་རྨས་ཏེ་ཁྲག་དམར་ཡང་བརྡོལ་ཡོང་མོད། ངས་དེ་ཚབས་ཆེན་རེད་ཅེས་འོ་དོད་ནི་བཏོན་མྱོང་མེད་དོ།།
  དྲང་མོར་བཤད་ན། མཐོང་མྱོང་བའི་མེ་ཏོག་འདི་དག་ཙམ་དུ་མ་ཟད། རྨི་ལམ་ནང་གི་མེ་ཏོག་ཚུན་ཆད་ཀྱང་འགལ་མེད་དུ་སྐྱོང་ཞིང་ཁྱབ་མཉམ་དུ་གསོ་བའི་ཀུན་སློང་རྒྱ་ཆེན་པོ་ཞིག་ཕྲན་ལ་ཏན་ཏན་མཆིས་ནའང་། ནམ་ཟླའི་དབང་གིས་དང་། ས་ཆུའི་རྐྱེན་གྱིས་དང་། གཞན་ཅི་རིགས་པའི་སྟབས་ཀྱིས་དེ་འདྲའི་བསམ་པ་ཡོད་ནའང་དེ་འདྲའི་ནུས་པ་ཞིག་དངོས་གནས་ཡོད་ཐབས་བྲལ་སོང་། 
  དུས་གཅིག་ལ་མེ་ཏོག་དུ་མ་ལྷན་དུ་གསོ་བ་འདི་རང་ཆེས་དཀའ་མོ་ཞིག་རེད་ཨང་།
  འདིའི་ལོ་མ་སྐྱོབ་པའི་ཞོར་ལ་དེའི་ཡལ་གར་ཕོག་ཐུག་ཤོར་བ་ལྟ་བུ་དང་། འདི་ལ་ཆུ་བཏང་བའི་རིང་ལ་གཞན་དེ་སྐམ་པོར་གྱུར་པ་ལྟ་བུའི་གོ་འཛོལ་དང་འཐུས་ཤོར་སྣ་ཚོགས་བྱུང་ཞིང་འབྱུང་བས། མེ་ཏོག་སྐྱོང་བ་འདི་ལས་སླ་མོ་ཞིག་གཏན་ནས་མ་རེད་ཨང་།
ཛ་ཕོག་གི་མེ་ཏོག་གམ་ཚེར་མའི་མེ་ཏོག་ལ་བལྟས་དྲགས་པ་ལས་ངའི་མིག་ཤེད་རྒྱས་སོང་ལ། བ་དམ་གྱི་ལོ་མ་ཇ་རུ་སྤྱད་པས་ངའི་གཉིད་ཡུལ་བདེ་སོང་། དྲིན་ཆེ་བའི་མེ་ཏོག་འདི་གཉིས་ཁོ་ནའི་དབང་དུ་བྱས་ནའང་། ང་ལ་གཙོ་ཕལ་གྱི་གོ་རྟོགས་གསལ་པོ་ཞིག་ཁྱོན་ནས་མི་འདུག་ཨང་། 
  གཏམ་པད་མའི་ཚལ་གྱི་ཟློས་གར་ལས་ནི། ཆོས་ཀྱི་རིམ་པ་ཞིག་མཚོན་པར་བྱེད་ལ། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལས་ཀྱང་སྐབས་བབ་ཀྱི་བྱ་བ་ཞིག་སྟོན་པར་བྱེད། དཔེ་དེ་བཞིན་དུ། གུས་པོས་ཀྱང་མེ་ཏོག་དང་སེམས་སྐྱེད་ཅེས་པའི་ཚིག་ལྷུག་གི་གབ་ཙེ་འདི་འདྲ་མ་ཞིག་བསྐོར་ཏེ།རབ་རིབ་ཀྱི་ཉིས་སྒོ་ཞིག་གམ་མག་མོག་གི་དྲུག་གཤིབ་ཅིག ཡང་ན་ནི། སེམས་ཀྱི་སྙི་ས་གཉོམ་ས་ཞིག་ལ་ཐུག་ཙམ་བྱེད་དོ།།
                                 ༢༠༢༠ ༩ ༣༠

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེང་རྡོར་གྱི་རྩོམ་གསར་ཕྱོགས་བཏུས་དང་གཞན་དག

2021-09-28 སེང་རྡོར།(རྐང་ཚ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།