སྤྲུལ་བའི་མཁའ་ལྡིང་ཁྱུ་བྱུག་སྔོན་མོ་དང་ཀུན་ཏུ་བཟང་པོའི་གཏམ་གྱི་བྱུང་བ་ཡི་གེའི་རིས་སུ་བཀོད་པ།

ཀརྨ་པ་བཅུ་བ་ཆོས་དབྱིངས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-06-20

༄༅། །ན་མོ་ནིརྟཱ་ཤྭ་ར་ཡ། དེ་ཡང་ནམ་ཞིག་རྫོགས་ལྡན་དུས།། བདེ་དགེའི་དཔལ་དང་ཕུན་ཚོགས་ཅན།། ས་ལ་གསར་དུ་འོང་པའི་ཚེ།། སྤྱན་ལྡན་ཕན་མཛད་རྣམ་པར་འདྲེན།། མགོན་པོ་པད་དཀར་འཛིན་པ་དེ།། བསམ་གཏན་ལ་ཆགས་སྐྱིལ་ཀྲུང་གིས།། བདག་གིར་བྱས་པའི་བསྟི་གནས་དེར།། བདག་ནི་བག་མེད་ཀུན་ཏུ་རྒྱུ།། གང་ཚེ་འདུས་བྱས་སྐད་ཅིག་མ།། ཕྲེང་བ་འཛིན་པ་འགྱུར་བ་ཅན།། སྒྱུ་མའི་གར་མཁན་རྩེ་བ་ན།། ཆགས་ལྡན་སྐྱེ་བོའང་སད་པར་བྱས།། ཀྱེ་མ་དམ་པའི་བཤེས་གཉེན་ནི།། བྱམས་བརྩེའི་འོད་སྣང་ཟླ་རིས་ཀྱིས།། སྡིག་པའི་དྲི་མས་གནག་གྱུར་པ།། འབྱུང་པོ་ཀུན་ཀྱང་དཀར་བར་བྱེད།། སྐབས་དེར་དབྱར་གྱི་མཛའ་བོ་ཉིད།། དཔྱིད་ཀྱི་དཔལ་མོའི་མགྲོན་དུ་ཆས།། ནོར་འཛིན་དབྱིག་གི་མངལ་ལྡན་མ།། བསྟེན་པ་ཉིད་ཀྱི་ངང་ཚུལ་ལས།། ལུས་མེད་བརྩེ་དགའི་སྤུ་ལོང་གཡོ།། ས་གའི་དཀར་ཕྱོགས་དགེ་མཚན་གྱི།། རི་མོ་གསར་བར་འཛིན་བྱེད་པ།། དེ་ཚེ་བདག་ཀྱང་སྤྲོ་བའི་སེམས།། ཆུ་འཛིན་འཁྲིགས་པའི་དབྱར་རྔ་ལ།། གཅིག་ཏུ་ཆགས་པའི་མདོངས་སྒྲོས་ཅན།། རྨ་བྱ་གཞོན་ནུ་ཇི་བཞིན་དུ།། དུས་ཀྱི་དགའ་སྟོན་ཉིད་ལ་སྤྱོད།། སྐྱེ་བ་སྐྱེ་བར་སྨོན་ལམ་གྱི།། སྲད་བུའི་འཆིང་བས་སྦྲེལ་བྱས་པ།། སྙན་པར་སྨྲ་བའི་དབྱངས་ཅན་མ།། འཇའ་ཚོན་འཁྲིགས་པའི་འདབ་མ་ཅན།། སྤྲུལ་བའི་ཁུ་བྱུག་དེ་ཡང་ནི།། བཏང་སྙོམ་དུས་ཡོལ་མེད་བྱས་ཏེ།། མེ་ཏོག་རྒྱས་པའི་ནགས་ཚལ་དེར། བསོད་ནམས་སླད་དུ་དུས་དེར་ལྷགས།། དེ་ཚེ་སྤྲུལ་བའི་ཁུ་བྱུག་དེས།། སྐད་ཅིག་སྐད་ཅིག་ཁོ་ན་ལ།། བགྲང་དུ་མེད་པའི་འགྱུར་བ་སྟོན།། ཨ་ཤྭ་ཐ་ཡི་ལྗོན་པའི་ཚལ།། མ་ར་ཀ་ཏའི་མྱུ་གུ་ཅན།། ལྷ་ཡི་དགའ་ཚལ་གསར་པ་དེའི།། ལྗོན་ཤིང་དུད་པའི་ཡལ་ག་ལ།། འདུག་ནས་འདི་ལྟ་སྨྲ་བར་བྱེད།། ཀྱེ་ཀྱེ་ཀུན་ཏུ་བཟང་པོ་ཁྱོད།། སྔོན་བྱས་བསོད་ནམས་ཁོ་ནས་འཚོ།། ཁྱོད་ལ་སྙིང་ནས་ཉེ་བ་ཡིས།། ཕྱོགས་འདིར་ཁོ་བོ་ངལ་བས་འོངས།། ཁོ་བོས་སྐྱེ་བར་མགོན་བྱས་པའི།། ལས་དེའི་འཕྲོ་དང་ལྡན་པ་དེ།། ད་ལྟ་ཁྱོད་ཉིད་ཁོ་ནའི་སླད།། འདུས་བྱས་མི་རྟག་གླུ་རུ་ལེན།། རྣག་གི་ལུས་ཅན་འདི་དག་ནི།། ཚེ་སྲོག་མི་རྟག་ཝུ་བ་བཞིན།། ཀུ་ཤའི་རྩེར་ཆགས་ཆུ་ཐིགས་པ།། ལྷུང་བར་ཉེ་བ་དེ་ཁོ་ན།། དར་བ་དེ་ནི་རྒུད་པའི་མཐའ།། གཉེན་བཤེས་དག་ནི་འབྲལ་བའི་མཐའ།། ལོངས་སྤྱོད་རྨི་ལམ་ཚོང་ཟོག་ལ།། བདག་གིར་བྱ་བ་ཁོ་ནར་ངེས།། ཀྱེ་མ་འཁོར་བའི་ནགས་ཚལ་འདིར།། བདག་གི་དོན་ཡང་མ་བྱས་ལ།། ཕ་མ་གཉེན་བཤེས་དག་ལ་ཡང་།། བྱས་པ་དྲིན་མེད་ཁོ་ནའི་ངང་།། ཤ་ཡི་ལུས་ནི་མང་ཞིག་འདས།། ཀྱེ་ཧུད་སྙིང་པོ་མེད་པའི་ལུས།། གཅེས་པར་འཛིན་པའི་འཁྲུལ་པ་ཅན།། ད་ནི་རྩ་བ་རུལ་བའི་ཤིང་།། སྡོང་པོ་རླུང་གིས་བསྒྱེལ་བ་ལྟར།། ཉམས་པ་ཁོ་ན་གདོན་མི་ཟ།། དེ་སྐད་ཕ་མའི་སྙིང་སེམས་ཅན།། རིངས་པ་ལྟར་རུ་འཛེར་འཛེར་སྨྲ།། དེ་འདྲའི་ཚིག་གིས་བསྐུལ་མ་ཐག། སྔོན་མེད་མྱ་ངན་གསར་པའི་མདའ།། འབིགས་བྱེད་སྙིང་ལ་ཟིན་གྱུར་པས།། ཡིད་འབྱུང་སྐྱོ་ཤས་གློང་གློང་པོས།། བྱ་དང་བྱ་མིན་སེམས་ཀུན་སྟོར།། དེ་སྐད་སྤྲུལ་པའི་ལྷ་བྱ་ཡི།། སྙན་པའི་དམ་ཆོས་ཟབ་མོ་དེས།། ཡིད་འཕྲོགས་ཡིད་ཀྱང་ཕྱ་མ་ཕྱོའི།། གནས་སྐབས་འཛིན་པའི་མྱ་ངན་ཚིག། སྤྲུལ་བའི་ཁུ་བྱུག་དེ་ཉིད་ལ།། ལན་དུ་གསོལ་བ་འདི་ལྟ་སྟེ།། དགོངས་ཤིག་བརྩེ་ལྡན་དགེ་བའི་བཤེས།། ཁྱོད་ནི་བྱམས་པའི་ཕ་དང་མ།། དམ་ཆོས་སྟོན་པའི་སློབ་དཔོན་སྟེ།། དགེ་བར་སྐྱོང་བའི་དྲིན་ལྡན་ཡང་།། བྱས་པ་མི་གཟོ་ངང་ཚུལ་ངན།། ནོངས་པ་བདག་ནི་གདོང་ཞུམ་ཞིང་།། རང་སྡིག་དྲན་པས་སྐྱོ་བཞིན་དུ།། འཇིགས་རུང་སྲིད་པའི་ཤུལ་ལམ་དུ།། མགྲོན་པོ་གྲོགས་མེད་གཅིག་པུར་འཁྱམས།། ཀྱེ་མ་བསྟེན་པ་བདག་གིས་ཀྱང་།། ངང་ཚུལ་འདོར་བའི་འཁོར་བ་འདིར།། འདུས་བྱས་མི་རྟག་སྡུག་བསྔལ་མཐའ།། ཆོས་རབ་ཞི་བ་མྱ་ངན་འདས།། དེ་ཉིད་སྟོན་པའི་བླ་མར་གོ། འདུ་འཛིའི་གཉིད་ཀྱིས་མྱོས་པའི་བྱིས་པ་དག། མི་རྟག་གཏམ་གྱིས་གློ་བུར་སད་པར་བྱས།། འདི་ལས་ངེས་པ་རྙེད་པའི་ངེས་འབྱུང་སེམས།། རི་དྭགས་རྨས་མ་ཁྱུ་ལས་འཁྱར་བ་བཞིན།། ནམ་ཡང་བག་ཕེབ་བདེ་བའི་སྐབས་མ་མཆིས།། བདག་བརྩེ་ཞི་བའི་ངང་ནས་ཉེ་བ་ཉིད།། ནགས་ཚལ་དབེན་པ་ཞི་བའི་བསྟི་གནས་འདིར།། ཕྱག་ན་པད་དཀར་འཛིན་པའི་སྒྱུ་འཕྲུལ་གར།། ཅིར་ཡང་རོལ་པ་ལྷ་ཡི་གར་མཁན་ཁྱོད།། ཡ་མཚན་མིག་གི་རི་མོ་གསལ་གྱུར་ཅིག སྙིང་ནས་རིངས་པས་མཁའ་ལྡིང་དེའི།། བྱས་པ་དག་ནི་སྨྲ་བཞིན་དུ།། འབྲལ་བའི་སྡུག་བསྔལ་མཐའ་རྟོག་པའི།། མཚན་མོ་འདི་ནི་ཐུན་བརྒྱ་དང་།། ལྡན་པའི་དུས་ནི་བདག་གིར་བྱས།། རོ་བྲལ་སྙིང་པོ་མེད་པའི་སྲིད་པ་འདིར།། དུས་ཀྱི་དཔལ་མོ་དགོད་པས་ཡིད་འཁྲུགས་ཏེ།། སྐད་ཅིག་ཆ་ཤས་འཛིན་པའི་རིག་བྱེད་ལས།། ཡི་གེ་འཁྲུལ་པ་བརྡ་ཡི་ཆོས་རབ་སྟོན།། སླར་ཡང་དུས་གཞན་ཉི་མ་ལ།། མཁའ་ལྡིང་ཁུ་བྱུག་དེ་འོང་ནས།། ཀུན་ཏུ་བཟང་ལ་འདི་སྐད་དུ།། ན་ཚོད་སྨིན་པའི་མཐའ་ཐོབ་ཅིང་།། བྱ་དང་བྱ་མིན་ཀུན་ལ་ཡང་།། སེམས་ཞུམ་ལེ་ལོའི་དབང་གྱུར་པ།། ཁྱོད་ནི་བུས་པའི་ངང་ཚུལ་འཛིན།། རང་ཚུལ་མི་དྲན་བྱིས་པ་ཡང་།། སྐྱེ་བོ་གཞན་གྱི་ཚུལ་ལུགས་ལ།། རྟོག་ཅིང་ང་རྒྱལ་རློམ་སེམས་ཀྱིས།། རྣམ་པ་དུ་མ་ཉིད་དུ་ལྟ།། བདག་ཉིད་ཆེན་པོ་སྙིང་རྗེ་ཡི།། སྙིང་སྟོབས་ཁོ་ནས་འཇིག་རྟེན་གསུམ།། བདག་གིར་བྱེད་པའི་མཐུ་མངའ་བ།། འཇིག་རྟེན་དབང་ཕྱུག་འདི་ཡང་ནི།། རྡོ་རྗེའི་སྐུ་བརྙེས་འཆི་འཕོ་ཡི།། སྔར་ནས་ཉོན་མོངས་བྲལ་བྱས་པ།། ད་ལྟ་མ་རིག་ཉོན་མོངས་ཅན།། ཆུ་བུར་མིག་ལ་བགྲེས་ཚུལ་སྟོན།། ནགས་ཚལ་འདིར་ནི་ཀུན་ཏུ་བཟང་།། ཁྱོད་དང་བདག་ཉིད་མཚུངས་པ་དེ།། སེམས་ལ་དགའ་བ་ཇི་ལྟར་རྙེད།། དེ་ལྟའི་གཏམ་གྱིས་བསྐུལ་མ་ཐག། སེམས་མེད་སྡོང་དུམ་ཇི་བཞིན་དུ།། དུས་ནི་ཡུན་རིང་ལུས་པར་གྱུར།། མྱ་ངན་ཟུང་རྔུས་བརྒྱལ་བའི་སེམས།། སླར་ཡང་དྲན་པའི་གྲོགས་རྙེད་པས།། ཡང་དག་ཞི་བའི་སྙིང་པོ་དེ།། སྔར་འདྲིས་དྲི་མེད་ལང་ཚོ་ཅན།། མཚན་མ་གསལ་བ་ཆ་ཡི་གདོང་།། དཀྱིལ་འཁོར་ལ་ནི་ཆགས་པར་གྱུར།། ཞི་བའི་སེམས་ཀྱིས་བསིལ་བྱས་པ།། ཙན་དན་མ་ཡིན་ག་བུར་མིན།། ནགས་ཀྱི་དཔལ་མོའི་བདུད་རྩི་དེས།། སྭ་སྟིའི་ཤིས་བརྗོད་འགྱུར་དབྱངས་ཀྱིས།། བདག་ལ་བྱ་དགའ་ཆེ་ན་སྦྱིན།། སྐབས་དེར་བྱམས་པའི་འཚོ་སྲོག་ཅན།། སེམས་དཔའ་ནམ་མཁའི་གར་མཁན་དེ།། སྐད་ཅིག་རེར་ཡང་འདུ་བ་དང་།། འབྲལ་བའི་སྡུག་བསྔལ་མཚན་མ་ལ།། རྟོག་ཅིང་དྲོ་བའི་ཤུགས་རིང་འབྱིན།། མྱ་ངན་རིག་བྱེད་རྣམ་འགྱུར་གྱི།། ཅ་ཅོའི་ཚེར་མས་སྔོ་བསངས་མའི།། རྣ་བ་གསར་དུ་ཕུག་པར་གྱུར།། དེ་བསམ་བདག་ཀྱང་གཅེས་པའི་ལུས།། ཤ་རུས་འབྲལ་བའི་སྡུག་བསྔལ་གྱི།། ཚོར་བ་མི་ཟད་མྱོང་བ་དེས།། སྲིད་པའི་ཕུན་ཚོགས་ཀུན་ལ་ཡང་།། ཡིད་ནི་ཆགས་བྲལ་ལྟ་བུར་བསྒྲུབས།། འདོད་པ་ཆང་གི་བསླུ་བྲིད་ཀྱིས།། གང་ཚེ་མྱོས་པར་བྱེད་པ་ན།། མེ་ཏོག་གིས་ཀྱང་བསྣུན་བྱེད་པའི།། མདའ་ཅན་དེ་ནི་སྐྱེངས་པར་བྱས།། གངས་རིའི་ལུས་ལ་ཟླ་བའི་བཞིན།། སྙིང་རྗེས་དཀར་བའི་གཟུགས་འཛིན་པ།། བྱམས་པའི་སྤྱན་སྟོང་མངའ་བ་དེ།། དང་བའི་ཡིད་མཚོར་གེགས་མེད་དུ།། ཀུན་ནས་ཀུན་དུ་འཆར་བར་ཤོག། ན་རྒ་འཆི་མེད་རྫུ་འཕྲུལ་མཐུ།། བསོད་ནམས་གང་བའི་རི་བོང་ཅན།། གནས་སྐབས་ཡོལ་བ་ཡང་མི་བཟོད།། མགོན་པོ་སྙིང་རྗེའི་དབང་བྱས་པ།། སྲིད་པའི་སྡུག་བསྔལ་དག་ལ་སྦྱོར།། ཅི་སླད་འབྱུང་བོ་གཅིག་གི་ཕྱིར།། དམྱལ་མེར་འཇུག་པའི་སྙིང་སྟོབས་འཛིན།། ཅི་སླད་བརྩེ་བས་སྐྱོང་བའི་བུ།། མྱ་ངན་ཞུགས་ལ་གཞན་ནམ་ཅི།། དེ་སྐབས་སྨྲེ་སྔགས་ལྡབ་ལྡིབ་ཚིག། མང་དུ་ཤོར་ཞིང་ནགས་སུ་འཁྱམས།། རྐང་པ་འདེགས་འཇོག་ལམ་དུ་གོལ།། སེམས་ནི་སྟོར་བ་བཞིན་དུ་བདག། ཏིང་ངེ་འཛིན་གྱིས་ཡུན་རིང་བརྒྱལ།། ཅིར་ཡང་མི་སེམས་གང་ལའང་མི་ཆགས་པའི།། སེམས་ནི་གྱ་གྱུའི་བསླུ་བྲིད་སྒྱུ་མའི་གར།། འཁྲུལ་པའི་དེ་ཉིད་གསལ་བར་གྱུར་པ་ན།། འདུ་འཛིའི་དཔལ་ནི་ཡ་མཚན་གནས་མ་ཡིན།། དེ་སྐད་སྤྲུལ་བའི་སེམས་དཔའ་ཆེ།། ལྷ་བྱ་ཁུ་བྱུག་སྔོན་མོ་དེའི།། དྲིན་ལ་དྲིན་དུ་ཤེས་པ་ཡི།། ཡིད་ནི་རངས་པས་གུས་ཕྱག་འཚལ།།དེ་ལྟར་ས་ག་ཟླ་བའི་དུས་ཁྱད་པར་ཅན་ལ། སྤྲུལ་བའི་མཁའ་ལྡིང་ཁྱུ་བྱུག་སྔོན་མོ་དང་། ཀུན་ཏུ་བཟང་པོའི་གཏམ་གྱི་བྱུང་བ་ཡི་གེའི་རིས་སུ་བཀོད་པ་འདི་འཇིག་རྟེན་དབང་ཕྱུག་ཀརྨ་པའི་ཞབས་རིམ་པ་བཅུ་བ་ཆོས་དབྱིངས་རྡོ་རྗེ་ཡིས་སྦྱར་བའོ། མངྒལཾ།།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲུལ་བའི་མཁའ་ལྡིང་ཁྱུ་བྱུག་སྔོན་མོ་དང་ཀུན་ཏུ་བཟང་པོའི་གཏམ་གྱི་བྱུང་བ་ཡི་གེའི་རིས་སུ་བཀོད་པ།

2018-06-20 ཀརྨ་པ་བཅུ་བ་ཆོས་དབྱིངས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།