སྐྱབས་མགོན་ལྕང་སྐྱ་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བ།
༄༅།།ཐུབ་པ་གཞན་ལས་ལྷག་པའི་ཐུགས་བསྐྱེད་ཀྱི། །ཆ་ཤས་ཡོངས་སུ་རྫོགས་པས་མཐའ་འཁོབ་ཏུ། །གདུལ་དཀའ་འདུལ་ལ་མཚུངས་ཟླ་མ་མཆིས་པ། །བསླུ་མེད་སྐྱབས་གནས་དམ་པའི་ཞབས་དྲུང་དུ། །གང་གི་མཚན་དཔེའི་དཀྱིལ་འཁོར་ཟླ་བའི་གཟུགས། །སྙིང་དབུས་རོལ་མཚོར་ཡང་ཡང་ལྷུང་བ་ན། །དད་པའི་རླབས་གཡོས་ཞུ་འཕྲིན་ངང་མོའི་སྒྲ།།མུ་ཅོར་སྒྲོགས་འདིར་བརྩེ་བས་ཡུད་ཙམ་དགོངས། །གསེར་གྱི་ས་འཛིན་དབུས་སུ་ལྷུན་པོ་འམ། །རྒྱུ་སྐར་ཁྲོད་དུ་མཚན་མོའི་མགོན་པོ་བཞིན། །སྙིགས་མའི་བསྟན་འཛིན་བྱེ་བ་ཁྲག་ཁྲིག་དབུས། །འགྲན་ཟླ་ཀུན་བྲལ་སྐྱེས་མཆོག་དམ་པ་ཁྱོད། །དབང་ཕྱོགས་མཆོག་དམན་མགྲིན་སྔོན་རལ་པ་རུ། །ཞབས་སྐྱེས་རི་བོང་འཛིན་པ་ངལ་གསོ་ཞིང་། །གཞན་ཕན་མཛད་པའི་འོད་ཟེར་སྤྲོ་བ་ཡིས། །སྐལ་ལྡན་ཀུ་མུད་སྐྱོང་བཞིན་བཞུགས་ལགས་གྲང་། །བགྲང་ཡས་ལུང་དང་རྟོགས་པའི་ཟ་མ་ཏོག །ངེས་པའི་དོན་དུ་རྒུད་པ་ཀུན་སྤངས་མོད། །ཐུན་མོང་སྣང་ངོར་ཉེ་ཞོའི་དྲི་མ་ཡིས། །རེག་པ་མེད་པར་འཚོ་ཞིང་གཞེས་ལགས་སམ། །ཆོས་སྲིད་ཀུན་ལ་ཚད་མེད་འཇུག་པ་ནི། །ནམ་མཁའི་མཐའ་ལྟར་མཉམ་ཉིད་ཀློང་དབྱིངས་ནས། །བཀའ་འབངས་བདག་ཀྱང་བརྩེ་བས་མ་བོར་བར། །ཤ་ཚའི་གསུང་མཆིད་སོན་པས་སྤྲོ་དགའ་སྐྱེས། །འདི་ན་ལས་ཀྱི་མཐུ་ནི་བཟློག་དཀའ་བས། །འདུ་འཛིའི་ཁུར་བོས་རི་བཞིན་ཅི་ཡང་ནོན། །འོན་ཀྱང་རེས་འགའ་བཤད་དང་རེས་འགའ་བསྒོམ། །ཕལ་ཆེར་ཆོས་བརྒྱད་འཁོར་ལོ་བསྐོར་བཞིན་མཆིས། །ཉིན་བྱེད་ཟེར་དང་བྲལ་བའི་འདམ་སྐྱེས་དང་། །བསིལ་ཟེར་དབང་པོས་སྤངས་པའི་ཀུ་མུད་བཞིན། །བསྟན་འཛིན་གཞན་གྱི་དོར་བའི་ཐུབ་བསྟན་ལྷག །ཁྱོད་ཀྱི་ཁུར་ཡིན་སྙིང་སྟོབས་ཕྲག་པར་ལོང་། །དབུས་གཙང་ཁམས་གསུམ་རྒྱ་ཧོར་ཡུལ་རྣམས་སུ། །ཐུབ་བསྟན་འཛིན་པར་རློམ་པ་འགའ་མཆིས་ཀྱང་། །མེ་ཁྱེར་འོད་ཀྱིས་པདྨའི་ཚལ་ལ་བཞིན། །བཤད་སྒྲུབ་ཟེའུ་འབྲུ་འབྱེད་པར་ནུས་མ་ཡིན། །སྡེ་སྣོད་གསུམ་དང་ངེས་གསང་རྒྱུད་སྡེ་བཞིའི། །མཐར་སོན་གྲུབ་མཐའ་རྒྱ་མཚོའི་དེ་ཉིད་རྟོགས། །ཐོས་དོན་སྒྲུབ་ལ་རྩེ་གཅིག་གཞོལ་བ་ཁྱོད། །ཐུབ་བསྟན་རྒྱལ་མཚན་འཛིན་པའི་སྲོག་ཤིང་ཡིན། །དེ་ཕྱིར་དམན་པ་རྣམས་ནི་མངོན་མཐོ་དང་། །བར་མའི་འགྲོ་རྣམས་ངེས་པར་ལེགས་པའི་དཔལ། །དབང་པོ་མཆོག་རྣམས་ཀུན་མཁྱེན་སར་བཀྲི་བའི། །འཕྲིན་ལས་སྒོ་འཕར་སྐལ་བ་བཞིན་དུ་ཕྱེ། །འདས་དང་མ་འདས་དགེ་ལེགས་གཞི་རྟེན་ནི། །ཚུལ་ཁྲིམས་ཡིན་ཞེས་ཐུབ་པ་མཆོག་གིས་གསུངས། །རྣམ་དག་ཚུལ་ཁྲིམས་ལྡན་པའི་འདུས་སྡེ་ཡིས། །ནོར་འཛིན་བཞིན་རས་ཡོངས་སུ་ཁྱབ་པར་མཛོད། །གུར་ཀུམ་མཚོན་དང་ལྡན་པའི་ལུས་མཛེས་ཀྱང་། །བག་མེད་སྤྱོད་པ་ཁོ་ནས་འཚོ་བ་ཀུན། །ཁྱོད་ཀྱི་ལེགས་མཛད་སྦྱོར་བས་ཚར་བཅད་དེ། །ཆོས་འདུལ་ནོར་བུའི་བྱི་དོར་མཛད་པར་ཞུ། །ཉིན་མཚན་ཁོར་ཡུག་ཟབ་མོའི་རྣལ་འབྱོར་ལ། །རྩེ་གཅིག་གཞོལ་བ་མཁས་པས་བསྔགས་འོས་ཀྱང་། །མི་བསྲུན་སྐྱེ་བོ་འདི་དག་གདུལ་དཀའ་བས། །གང་འཚམ་མཛད་པ་མོས་པ་བཞིན་དུ་སྟོན། །མཐའ་དབུས་སྐྱེ་འགྲོ་ཀུན་གྱི་ཕན་བདེ་ཡི། །གཞི་དང་རྟེན་གྱུར་མགོན་པོ་ཁྱོད་ཉིད་ལགས། །དེ་ཕྱིར་གཟུགས་སྐུའི་བཀོད་པ་སྲིད་མཐའི་བར། །རྟག་པར་འཚོ་གཞེས་ཟབ་རྒྱས་ཆོས་འཁོར་བསྐོར། །གང་གི་གསུང་གི་ཟེགས་མའི་ཆ་ཤས་ཙམ། །ཡིད་ཀྱི་བུམ་པར་ཐོབ་པའི་སྙོམས་ལས་བདག །བརྩེ་བའི་ལྕགས་ཀྱུས་ནམ་ཡང་མི་འདོར་ཞིང་། །འདི་ཕྱིར་ཕན་པའི་ཞལ་གདམས་ཡང་ཡང་སྩོལ། །དེ་ལྟར་མདོ་སྨད་ནགས་ཀྱི་སྨན་ལྗོངས་ནས། །བཀའ་དྲིན་དྲན་ཚེ་གང་ཤར་ཐོལ་བྱུང་དུ། །བཀའ་འབངས་གང་དེས་གསོལ་བའི་ཞུ་མཆིད་འདི། །ཀུན་མཁྱེན་དགྱེས་པའི་མཆོད་ཡོན་ཉིད་གྱུར་ཅིག །རྟེན་མཚོན་པར་མཛོད་བཏགས་བཅས་ས་ཁྱི་ཟླ་༡ཚེས་༥དགེ་བར་བཀྲ་ཤིས་འཁྱིལ་བླ་བྲང་ནས།
རྩོམ་སྒྲིག་པ། དབང་མོ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།