དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་བསྟོད་ཅིང་མངའ་གསོལ་བ་རྫོགས་ལྡན་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ།
ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། ཧཱུྃ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ནག་པོ་ཆེ། །དུས་མཐའི་ཆར་སྤྲིན་འཁྲུགས་པ་ལྟ་བུའི་ཞལ། །སྡང་མིག་གློག་སྟོང་འཁྱུགས་ལ་ཕྱག་འཚལ་བསྟོད། ། རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་ངང་ཉིད་ལས། །སྙིང་རྗེ་ཆེན་པོའི་དབང་ཕྱུག་འབར་བའི་སྐུ། །དད་པའི་རྒྱལ་མཚན་རྩེ་མོར་ལེགས་བཀོད་དེ། །ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོར་མངའ་གསོལ་ལོ། ། སྡིག་ཅན་སྙིང་གི་ཁྲག་རྒྱུན་འཛག་པ་ཡི། །གངས་རི་ལྟར་དཀར་རྣོ་དབལ་མཆེ་བ་གཙིགས། །འབར་བའི་ལྗགས་འདྲིལ་ཧཱུྃ་ཕཊ་འབྲུག་སྟོང་སྒྲས། །བདུད་དཔུང་སྐྲག་པར་མཛད་ལ་ཕྱག་ འཚལ་བསྟོད། །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་ཆེ། །འདོད་ཡོན་བདུད་རྩིའི་ཟེར་ཕྲེང་མཁའ་ཁྱབ་འཕྲོ། །བདེ་ཆེན་དགྱེས་རྒུར་འཆར་བའི་དམ་རྫས་ཀྱིས། །རྣལ་འབྱོར་ཀུན་གྱི་དགྲ་ལྷར་མངའ་གསོལ་ལོ། །བསྐལ་པའི་མུན་པ་ལྟ་བུར་གནག་པ་ཡི། །དར་ནག་བེར་ཆེན་སྐུ་ཡི་རྒྱན་དུ་བཀླུབས། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་སོགས། །འཇིགས་རུང་རྒྱན་ ཆས་རྫོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་རྡོ་རྗེ་སྲུང་བའི་གུར་ཆེན་པོར། །རྣལ་འབྱོར་བདག་ཅག་ལྟོས་པར་བཅས་པ་རྣམས། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །རིག་ འཛིན་སྲོག་ཤིང་མཆོག་ཏུ་མངའ་གསོལ་ལོ། །ལྷ་མིན་གཡུལ་བཟློག་ཙན་དན་བིང་ཆེན་བསྒྲིལ། །གདུག་པའི་སྙིང་ཁྲག་རོལ་པའི་ཐོད་རློན་འཛིན། །བརྐྱང་བསྐུམ་སྟབས་ཀྱིས་ལོག་འདྲེན་སྙིང་གར་བརྫིས། །འབར་བའི་གར་དགུ་ལྡན་ལ་ཕྱག་འཚལ་བསྟོད། །མགོན་མཛད་ཁྱེད་ལ་བསྟེན་པའི་རྣལ་འབྱོར་པར། །སྡང་ཞིང་གདུག་པའི་སེམས་འཆང་མི་བསྲུན་སྡེ། །དུས་ མཐའི་མེ་ཡིས་རྩྭ་སྦུར་བཞིན་འཇོམས་པ། །བདུད་འདུལ་ལས་ཀྱི་དབང་ཕྱུག་མངའ་གསོལ་ལོ། །སྟེང་འོག་ཕྱོགས་མཚམས་སྐྱོང་བའི་མགོན་པོ་བཅུ། །སྡེ་བརྒྱད་དྲེགས་པའི་གཙོ་བོ་ཆེ་ རྣམས་དང་། །བཀའ་སྡོད་ལྷ་དམག་དགྲ་བླ་སྤྲུལ་འཁོར་བཅས། །རབ་འབྱམས་དཔུང་གིས་བསྐོར་ལ་ཕྱག་འཚལ་བསྟོད། །སྒྲུབ་མཆོག་བདག་གི་མཐུ་དཔུང་ སྡོང་གྲོགས་ཀྱི། །རྒྱལ་མཚན་དམ་པར་ཆོས་སྐྱོང་ཁྱེད་ཕྱར་བས། །ཕ་རོལ་རྒོལ་བའི་ཕྱོགས་ལས་རྣམ་རྒྱལ་བ། །སྙན་པའི་བ་དན་ཆེན་པོར་མངའ་གསོལ་ལོ། །དུས་གསུམ་རྒྱལ་བའི་བསྟན་པ་སྲུང་མཛད་ཅིང་། །སྐུ་གསུམ་ཞིང་ཁམས་ཡོངས་ལ་མངའ་དབང་བསྒྱུར། །ས་གསུམ་གནས་ན་ཆེ་བཙན་འགྲན་ཟླ་བྲལ། །སྲིད་གསུམ་མགོན་པོ་ཁྱོད་ལ་ཕྱག་འཚལ་ བསྟོད། །སྐྱེ་འཆིས་ཉེན་པའི་འགྲོ་ལ་ར་མདའ་མཛད། །དུག་གསུམ་ནད་ཆེན་ཤེས་རབ་སྨན་གྱིས་གསོ། །མི་གནས་ཡེ་ཤེས་མཆོག་ལ་མངོན་སྦྱོར་བའི། །མཐར་ཐུག་ལམ་གྱི་གྲོགས་སུ་མངའ་གསོལ་ལོ། །ཚོགས་ཀྱི་བདག་པོ་ཁྱོད་ལ་མངོན་བསྟོད་པས། །ཚོགས་ཆེན་རབ་རྫོགས་སྲིད་ཞིའི་ཕུན་ཚོགས་ལ། །ཚོགས་ཀྱི་དབང་ཕྱུག་ལྟ་བུར་དབང་ཐོབ་ནས། ། ཚོགས་ཀུན་དབང་གྱུར་བསམ་དོན་མཐར་ཕྱིན་མཛོད། །དཔལ་ལྡན་རྒྱལ་བའི་བསྟན་པ་དར་བ་དང་། །དཔལ་འབྱོར་མངའ་ཐང་ཚེ་བསོད་སྙན་གྲགས་འཕེལ། །དཔལ་མགོན་ཁྱེད་དང་དབྱེར་ མེད་མཐུ་ཐོབ་ནས། །དཔལ་གྱི་གཟི་བརྗིད་ཕྱོགས་བརྒྱར་འབར་བར་མཛོད། །ཅེས་པ་འདི་ནི་ཆོས་སྲིད་ལུགས་བརྒྱའི་མདུན་ས་ཆེན་པོ་དཔལ་ལྷུན་གྲུབ་སྟེང་ཞེས་གྲགས་པ་ས་ལ་དབང་བའི་ཕོ་བྲང་ཆེན་པོའི་ཡང་རྩེར། རྒྱལ་བ་ཤིང་རྟའི་ལོ་ཡི་རྒྱལ་ཟླའི་ཡར་ཚེས་ལྔ་ལ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པའི་རྟེན་འབྲེལ་གྱིས། ཆོས་ལྡན་གྱི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །མངྒ་ལཾ། ། དགེའོ། །དགེའོ། །དགེའོ། །
རྩོམ་སྒྲིག་པ། དབང་མོ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། 《འཇུ་མི་ཕམ་གྱི་གསུང་འབུམ》