༄༅། །ཡུལ་མདོ་སྨད་ཀྱི་ཙོང་ཁ་ལབ་ཙེ་ཆེན་མོའི་སྤྱི་བསང་འདོད་རྒུ་ལྷུན་གྲུབ་ཅེས་བྱ་བ།
ཀི་ལྷ་རྒྱལ་ལོ། ལྷ་མཆོག་གསུམ་སྐུ་གསུམ་རྩ་གསུང་སྲུང་མ། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་དང་བཅས་པ་རྒྱལ་ལོ། དེ་རིང་ལྷ་ཉི་དཀར་པོ། དགུང་ཨ་སྔོན་གནམ་ལ་ཉི་ཟླ་སྐར་གསུམ་འཛོམས། ས་གྲུ་བཞིའི་ལྟེ་བར་མི་ནོར་ཆོས་གསུམ་ཚོགས། བར་འཇའ་སྤྲིན་འོད་ཀྱི་གུར་ཁང་ནས། དངོས་གྲུབ་གཡང་གི་སྦྲང་ཆར་འབེབས་པའི་དུས་འདིར། ས་འཛམ་གླིང་གོ་ལ་ཟླུམ་པོ་ཆགས་པའི་རྩེ་མོའི། བོད་གངས་ཅན་ཁ་བའི་ལྗོངས་ཀྱི། ཡུལ་ཤར་ཕྱོགས་མདོ་སྨད་ཙོང་ཁའི་ཡུལ་གྲུའི། ཙོང་ལ་རིང་མོའི་རི་རྒྱུད། ས་མི་འགྱུར་གཡང་གི་ལྟེ་བ། གཡུ་འབྲུག་མཁའ་ལ་འཁྱིལ་འདྲའི་རི། ཕྱི་ལྟར་སངས་རྒྱས་སྟོང་སྐུའི་རང་བྱོན་གྱི་རི་མོ་བཀྲ་ས། ནང་ལྟར་ཆོས་ཀྱི་འཁོར་ལོའི་བཀྲ་ཤིས་རྟགས་ཀྱིས་མཚན་པ། གསང་བ་བདེ་མཆོག་ནོར་བུའི་ཕོ་བྲང་ཆེན་པོའི་དབུས་དཀྱིལ་གྱི། ཙོང་ཁ་ལབ་རྩེ་ཆེན་མོ་ནས། བསང་ཁྲི་རིན་ཆེན་སྣ་ལྔའི་བང་རིམ་གྱི་སྟེང་ན། བསང་རྫས་འབྱུང་བའི་དྭངས་མ་སྣ་ལྔ་ལས་གྲུབ་པའི། ཞི་རྒྱས་དབང་དང་དྲག་པོའི་རྩི་བཅུད། ལྷ་ཀླུ་གཉན་གསུམ་དགྱེས་པའི་ཤིང་སྣ། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་སྣ། དཀར་གསུམ་མངར་དང་བསྲེས་པའི་རོ་མཆོག འབྲུ་རིགས་སྣ་ལྔ་ཚོགས་པའི་ཞལ་ཟས། ཇ་ཆང་བདུད་རྩིའི་མཆོད་པའི་གསེར་སྐྱེམས། དར་ཟབ་གོས་ཕྲུག་གཡང་གི་ནོར་སྣ། གསེར་གཡུ་གཟི་བྱུར་ནོར་བུའི་གཏེར་མཛོད་བཅས། འདོད་ཡོན་མ་རྫས་སྣ་ཕུན་སུམ་ཚོགས་པ་དག རཾ་ཡཾ་ཁཾ་གསུམ་མེ་ཆུ་རླུང་གི་ཡི་གེ་གསུམ་ལས། མ་དག་མི་གཙང་བའི་དངོས་པོ་ཐམས་ཅད། མེ་ཡིས་བསྲེགས། ཆུ་ཡིས་སྦྱངས། རླུང་གིས་གཏོར་ནས། ཨོཾ་ཨཱཿ ཧཱུྃ་སྐུ་གསུམ་གྱི་སྙིང་པོས། ཨོཾ་གྱིས་ཟག་མེད་མཆོད་པའི་སྤྲིན་ཕུང་དུ་བྱིན་གྱིས་བརླབས། ཨཱཿ ཡིས་ཟད་པ་མེད་པའི་མང་པོར་སྤེལ། ཧཱུྃ་གིས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་སྣ་ཚོགས་སུ་བསྒྱུར་བ། སྣང་བ་དག་པའི་མེ་ལྕེ་འབར། བྱང་ཆུབ་སེམས་ཀྱི་དུད་སྤྲིན་འཁྲིགས། འཇའ་ཚོན་སྣ་ལྔའི་རླངས་པ་གསལ། རྣམ་པ་སྟོང་གསུམ་ནམ་མཁའ་ཁྱབ་པའི་དུད་སྤྲིན། ངོ་བོ་ཟག་མེད་ཡེ་ཤེས་ཆེན་པོའི་རོལ་བ། བྱེད་ལས་སྣང་སྲིད་མགྲོན་རིགས་མཉེས་པའི་མཆོད་སྦྱིན་དུ་འབུལ་ན། མཆོད་ཡུལ་མགྲོན་རིགས་ཐམས་ཅད། ནམ་མཁའི་ཁ་ཆར་བབས་པ་བཞིན་དུ། ས་གཞིའི་རྡུལ་རླུང་འཚུབས་པ་ལྟར་དུ། བར་སྣང་གློག་དམར་འཁྱུགས་པ་དང་འདྲ་བར། སྐད་ཅིག་ཡུད་ལས་མྱུར་བའི་རྫུ་འཕྲུལ་གྱིས་གནས་འདིར་བྱོན་ཅིག རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུྃ། མཆོད་འགོ་གཅིག་གཉིས་གསུམ་བཞི་་་་་་བཅུ་གསུམ། མཆོད་ཐམས་ཅད་ཀྱི་ནང་གི་མཆོད་པའི་ཕུད་མཆོག དང་པོའི་ནང་གི་དང་པོ་དེ། སྐྱབས་གནས་མཆོག་གསུམ་སྐུ་གསུམ། རྩ་བ་གསུམ་གྱི་ལྷ་ཚོགས། སྟོན་པ་བླ་མེད་སངས་རྒྱས། སྐྱོབ་པ་བླ་མེད་དམ་ཆོས། འདྲེན་པ་བླ་མེད་དགེ་འདུན། ཆོས་སྐུ་རྡོ་རྗེ་འཆང་ཆེན། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རིགས་གསུམ་མགོན་པོ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་བཅས་པ་རྣམས་ལ་གསོལ་ལོ། འབུལ་ལོ། མཆོད་དོ། རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུྃ། ད་དེ་ནས་མཆོད་ཀྱི་དང་པོ་གསུམ། རྒྱལ་བསྟན་སྲུང་ཞིང་སྐྱོང་བའི། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ། ཁམས་གསུམ་སྲིད་གསུམ་གྱི་བདག་མོ། སྔགས་སྲུང་ཨེ་ཀ་ཛ་ཏྲི། དཔལ་ལྡན་མ་མགོན་ལྕམ་དྲལ་དང་། ཀླུ་སྲིན་འཁྲུགས་པའི་ཁྲོ་གཏུམ་ཅན་གཟའ་རྒོད་ཆེན་པོ་ར་ཧུ་ལ། བདུད་སྲིན་ཁྲོས་པའི་མཐུ་སྟོབས་ཅན་དམ་ཅན་རྡོ་རྗེ་ལེགས་པ། ཚེ་དང་གཡང་གི་བདག་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀ་ལ་ཡ། འདོད་ཁམས་དབང་ཕྱུག་ལྷ་མོ་དུད་སོལ་མ། རྡོ་རྗེ་ནག་པོ་ཆེན་པོ་གུར་ཀྱི་མགོན་པོ། དམ་ཅན་ཆོས་ཀྱི་རྒྱལ་པོ། དཔལ་ལྡན་དམག་ཟོར་རྒྱལ་མོ། རྒྱལ་ཆེན་རྡོ་རྗེ་གྲགས་ལྡན། གནོད་སྦྱིན་ཙིའུ་དམར་པོ། གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ། གེ་སར་ནོར་བུ་དགྲ་འདུལ། ཞེ་ཐུལ་ཁྲ་གླག་སྤྱང་གསུམ། ཡང་ཐུལ་དམ་པའི་མི་བདུན། ཕུ་ནུ་དཔའ་བརྟུལ་བརྒྱད་ཅུ། དགྲ་ལྷ་རླུང་རྟའི་ལྷ་ཚོགས་དང་བཅས་པ་ཐམས་ཅད་ལ། གསོལ་ལོ། འབུལ་ལོ། མཆོད་དོ། རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུྃ། མཆོད་བར་བ་གསུམ། འཛམ་གླིང་སྲིད་པའི་ས་ཕྱོགས་ཀྱི། དཀར་ཕྱོགས་སྐྱོང་བའི་གཞི་བདག ལྷ་ཀླུ་བཙན་དང་དམུ་བདུད་ཀྱི་རིགས་གྱུར་ཐམས་ཅད་དང་། སྲིད་པའི་ལྷ་རབས་མཆེད་དགུ། འཛམ་གླིང་བསྟན་མ་བཅུ་ཉིས། རྗེ་ཡི་མགུར་ལྷ་བཅུ་གསུམ། དག་བསྙེན་སུམ་བརྒྱ་དྲུག་ཅུ། ཁྱད་པར་དུ་བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་འདིའི། སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག མོན་ཡུལ་རྡོ་དང་ལྷོ་རོང་ལ་སོགས་པའི། སྲུང་མ་གཏེར་གྱི་བདག་པོ། ས་ལ་དབང་ཞིང་ཡུལ་ལ་ཆེ་བའི་གཞི་བདག་ཐམས་ཅད་དང་། ཤར་སྟོད་ཀྱི་རྨ་ཆེན་སྤོམ་ར། རྨ་རིགས་སུམ་བརྒྱ་དྲུག་ཅུ། ལྕམ་སྲིང་བཞི་བཅུ་ཞེ་ལྔ། རྨ་ལུང་ཉིན་སྲིབ་ཀྱི་གཞི་བདག་དང་། མཚོ་ཆེན་ཁྲི་ཤོག་རྒྱལ་མོ། ལྷ་མོ་སྟོང་གི་བླ་མཚོ། ཀླུ་མོ་འབུམ་གྱི་གནས་ཡུལ་གྱི། གནས་བདག་མཚོ་སྨན་རྒྱལ་མོ། ཀླུ་མོ་མཐིང་འོད་འབར་མ། གྲགས་འཛིན་གསང་བའི་ཌཱཀྐི་འཁོར་དང་བཅས་པ་དང་། ཨ་མྱེས་སྲིན་པོ་རྫ་རྒན་བདུད་འདུལ་གཏུམ་པོ་འཕྲོག་བྱེད། གསེར་ཆེན་རྡོ་རྗེ་དྲག་རྩལ་དབང་དྲག་བཙན་དམར་གྱི་རུ་འདྲེན། རྨ་སྲས་བྲག་དཀར་སྟོབས་ལྡན་རྩེ་གསུམ་དགྲ་ལྷའི་རྒྱལ་པོ། འབམ་མདའི་མཚོ་སྨན་འོད་དཀར་ཀླུ་རྒྱལ་ནོར་འཛིན་གྱི་སྲས་མོ། ཁྲི་ཀའི་ཡུལ་ལྷ་གཉན་པོ་ཤ་འབན་ལྷ་བཙན་གྲགས་འབར། སིལ་ལུང་རི་གཉན་ཁྲ་བོ་དཔལ་ལྡན་ཨ་ཕྱི་གངས་རྒྱལ། གཡག་གླང་བཀྲ་ཤིས་སྟོབས་ལྡན་མཐུ་ཆེན་གཉན་གྱི་དམག་དཔོན། ལྷ་སྨན་ཨ་མ་ཟོ་དགུ་རིན་ཆེན་གཏེར་གྱི་བདག་མོ། རྨ་རྒྱལ་འཕྲུལ་གྱི་སྲས་མཆོག་ཙོང་ཁའི་སྐྱེས་རི་སྨུག་པོ། དྲག་པོའི་གཡུལ་གྱི་རུ་འདྲེན་སྟོབས་ལྡན་མགོན་པོ་བྲག་ནག རིན་ཆེན་ནོར་གྱི་བདག་པོ་ཨ་མེས་ཕྱུག་རི་འབར་བ། བོད་རྒྱ་ཧོར་གསུམ་གྱི་སྲུང་མ་ཨར་ལིང་ལྷ་མགོན་དཀར་པོ། རྨ་གཡང་གཏེར་གྱི་བདག་པོ་རྨ་རྒྱུད་དགྲ་འདུལ་དབང་ཕྱུག རྨ་ཁྲི་ཀའི་ཨ་མེས་དགོ་རྩེ་ཁྱུང་རྒོད་དཔའ་བོ་གཡུལ་རྒྱལ། རེབ་ཀོང་སེ་ཀུ་བྱ་ཁྱུང་སྐུ་ལྷ་ལྷ་བཙན་ཆེན་པོ་ལ་སོགས་པ། ཙོང་ཁ་སྟོད་སྨད་ཉིན་སྲིབ་ཀྱི། ཡུལ་ལྷ་གཞི་བདག གཏེར་སྲུང་དཀོར་བདག་དང་བཅས་པ་ཐམས་ཅད་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ཀྱཻ། ཁྱེད་མཆོག་གསུམ་སྲུང་མ་མན་ཆོད། གནས་ཡུལ་གཏེར་གྱི་སྲུང་མ། ཡུལ་ལྷ་གཞི་བདག་ཡན་ཆོད་དང་བཅས་པ་ཐམས་ཅད་ཀྱིས། སྤྱིར་ཕན་དང་བདེ་བའི་འབྱུང་གནས། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ། མི་ནུབ་དར་ཞིང་རྒྱས། མཐའ་ཡས་འགྲོ་བའི་ཚོགས་ཀུན་ཕན་བདེའི་དཔལ་ལ་སྤྱོད། ཡངས་པའི་རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་ལེགས་ཚོགས་འཕེལ། ཁྱད་པར་དུ་བདག་ཅག་མཆོད་ཅིང་བསྟོད་དེ། གསོལ་བ་པོ་རྣམས་ཀྱི། ཚེ་དང་བསོད་ནམས་འཕེལ། ནོར་དང་ལོངས་སྤྱོད་རྒྱས། དབང་ཐང་རླུང་རྟ་དར་ཏེ། དགུང་སྔོན་དབྱིངས་ནས་ཉི་ཟླ་ཤར་བ་བཞིན་དུ། དབང་ཐང་གཟི་བརྗིད་ཉམས་པ་མེད་པ་དང་། གངས་དཀར་པོའི་རི་ལ་སེང་ཆེན་འགྱིང་བ་ལྟར་དུ། ཕ་ཁུ་བོའི་བློ་སྟོབས་དབུ་རྨོག་བཙན་པ། སྟག་དམར་ཡག་ནགས་ནས་འཕྱོ་བ་བཞིན་དུ། སྟག་ཤར་བར་དཔའ་དང་རྩལ་དྲུག་འཛོམས་པ། སྤང་ལ་མེ་ཏོག་བཀྲ་བ་ལྟར་དུ། བུ་བུ་མོའི་གཟུགས་དང་ལང་ཚོ་དར་བ། མཚོ་ཆེན་ནོར་བུའི་བང་མཛོད་བཞིན་དུ། ཕྱུག་མངའ་ཐང་གི་འབྱོར་བ་འཛད་མཐའ་མེད་པ། འབྲུག་སྒྲ་མཁའ་ནས་གྲགས་པ་ལྟར་དུ། སྙན་དང་གྲགས་པ་ཕྱོགས་བཅུར་རྒྱས་པ། ཆུ་བོ་རྒྱ་མཚོར་འདུ་བ་བཞིན་དུ། ཕུན་ཚོགས་སྡེ་བཞི་འཛོམས་པར་གྱིས་ཤིག དགྲ་ལྷ་མི་དང་མ་འབྲལ། ཕྲག་ལྷ་ལུས་དང་མ་འབྲལ། སྲོག་ལྷ་ཚེ་དང་མ་འབྲལ། ཁ་ལག་པ་བཞིན་དུ་སྡོང་གྲོགས། ལུས་གྲིབ་མ་བཞིན་དུ་མེལ་ཚེ་གྱིས། མ་རིག་རྣོ་མཐོང་གི་སོ་པ། མ་གོ་རྣ་གསང་གི་ཉུལ་མ། མི་ཤེས་མུན་ནག་གི་གསལ་སྒྲོན་གྱིས། བསྡད་ན་གཞིས་ཀྱི་ཁ་འཛིན། མི་འགྱུར་ཚེ་ཡི་ཀ་བ་མི་ནུབ་གཡང་གི་རྟེན་ཕུར་མཛོད། སོང་ན་ལམ་གྱི་མགྲོན་ལྷ། ཕར་འགྲོའི་སྐྱེལ་མ་ཚུར་འོང་གི་བསུ་མ་མཛོད། མགྱོགས་པ་འདྲ་གཉིས་ཀྱི་ནང་ནས། མགྱོགས་བང་ཁའི་སྔུན་མ་རང་ལ་གཏོད། རྣོན་པོ་འདྲ་གཉིས་ཀྱི་ནང་ནས། རྣོ་ངར་མའི་སོ་ཁ་རང་ཕྱོགས་ནས་འཚོས། གཏམ་ཁ་ལྕེའི་སྒོ་མོ་རྟ་ཕོ་སྒྲོག་བཀྲོལ། བློ་ཤེས་རིག་གི་སྣང་བ་ནམ་མཁའ་ལངས་འདྲ། ནོར་ལོངས་སྤྱོད་རང་འཁོར་ཀླུ་རྒྱལ་གྱི་བང་མཛོད་བཞིན་དུ་གྱིས། ཁ་ལས་མེ་ལྕེ་འབར་འབར། རླུང་རྟ་རྟ་རྒོད་རྒྱུག་རྒྱུག དབང་ཐང་མཁའ་ལ་ཉི་ཤར། ཚེ་བསོད་ནམས་ཡར་ངོའི་ཟླ་བ་ལྟ་བུ་དང་། དཔག་བསམ་ལྗོན་ཤིང་བཞིན་དུ་གང་འདོད་འབྱུང་ཞིང་། ཡིད་བཞིན་ནོར་བུ་ལྟར་དུ་ཅི་བསམ་འགྲུབ་ནས། འདོད་འཇོའི་བུམ་བཟང་ཇི་བཞིན་ཕུན་སུམ་ཚོགས་ཏེ། བསོད་ནམས་སྟོབས་ཀྱི་རྒྱལ་ཁའི་རྒྱལ་མཚན་མཐོན་པོ། ནམ་ཡང་ནུབ་མེད་རི་ལྟར་བརྟན་པར་གྱིས་ཤིག རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུྃ། མཆོད་ཐ་མ་གསུམ། ས་འོག་ས་སྟེང་ས་བླ་ན་གནས་པའི། ལན་ཆགས་བགེགས་རིགས་ཀྱི་མགྲོན་དང་། རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ། ཀླུ་དང་ས་བདག བཙན་དང་མ་མོ། དམུ་སྲིན་ཐེའུ་རང་ལ་སོགས་པ། སྡེ་བརྒྱད་མི་མ་ཡིན་གྱི་རིགས་སུ་གཏོགས་པ་ཐམས་ཅད་དང་། འཁྲུལ་སྣང་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ལ། སྦྱིན་ནོ། འབུལ་ལོ། བསྔོའོ། གནོད་སེམས་གདུག་རྩུབ་ཞི། ཤ་འཁོན་བུ་ལོན་བྱང་། འཁྲུལ་སྣང་གི་མུན་པ་སེལ། ཡེ་ཤེས་ཀྱི་སྣང་བ་ཐོབ་པར་གྱུར་ཅིག །དཀོན་མཆོག་གསུམ་པོ་མཆོད་པ་ཡིས། །ཚོགས་གཉིས་མྱུར་དུ་རྫོགས་པར་ཤོག །རྩ་གསུམ་ལྷ་ཚོགས་མཆོད་པ་ཡིས། །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །ཆོས་སྐྱོང་སྲུང་མ་མཆོད་པ་ཡིས། །འཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །ཡུལ་ལྷ་གཞི་བདག་མཆོད་པ་ཡིས། །མི་ནད་ཕྱུགས་ནད་ཞི་བར་ཤོག །བགེགས་རིགས་ལན་ཆགས་མགྲོན་རྣམས་དང་། །སྙིང་རྗེའི་མགྲོན་ཀུན་ཚིམས་པ་ཡིས། །འཁྲུལ་སྣང་བག་ཆགས་སད་གྱུར་ནས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །གནམ་ལ་བཀྲ་ཤིས་ཆོས་ཀྱི་ཆར་བ་འབེབས། །ས་ལ་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས། །བར་ལ་བཀྲ་ཤིས་མི་ནོར་ཆོས་གསུམ་འཛོམས། །བཀྲ་ཤིས་མཆོག་གིས་རྟག་ཏུ་བཀྲ་ཤིས་ཤོག ཅེས་བཅུ་གསུམ་ཡར་འཕེལ་གྱི་ལྷ་ཉིར་རྫོགས་ཆེན་པདྨ་སྐལ་བཟང་གིས། གངས་འདབ་དབེན་པའི་རི་ཡི་ཐུན་གསེང་ནས་ཐོལ་བྱུང་རྒྱུག་བྲིས་བྱས་པའོ།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།