གཅོད་ཅེས་པའི་ལྟ་གྲུབ་དེས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཕན་ནུས་སྐོར་ཅུང་ཟད་གླེང་བ།

འབྲུག་མོ་སྐྱིད།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-26

ནང་དོན་གནད་བསྡུས།  
   དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར། མིའི་སེམས་ཁམས་བདེ་ཐང་དང་ཀུན་སྤྱོད་དེ་སྤྱི་ཚོགས་ཡོངས་ཀྱི་གླེང་གཞི་ཞིག་ཏུ་གྱུར་ཡོད། ང་ཚོ་བོད་ལ་མཚོན་ནའང་། དེང་རབས་ཅན་གྱི་རླབས་རྒྱུན་འོག   ཡབ་མྱེས་གོང་མ་དག་ནས་བརྒྱུད་འོང་བའི་སྲོལ་བཟང་འགའ་ཉི་འོག་གི་ཆབ་རོམ་བཞིན་བཞུས་དང་བཞུ་བཞིན་ཡོད་པས།  བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་དེར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད། འདིར་མ་ཅིག་ལས་སྒྲོན་མཆོག་གི་གཅོད་ཅེས་པའི་ལྟ་གྲུབ་དེས་མིའི་སེམས་ཁམས་བདེ་ཐང་དང་ཀུན་སྤྱོད་འཛུགས་སྐྲུན་ཐད་གསོས་པའི་སྨན་གྱི་ཕན་ནུས་ཐོན་ཚུལ་སྐོར་ཅུང་ཙམ་ཞུ་བ་ལགས།
གཙོ་ཚིག  བདུད།  མི་རྟག་པ། གཅོད།
                                                           
                                         གླེང་གཞི།
   བཟོ་ལས་གསར་བརྗེ་ཡིས་མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་ཆར་རྗེས་ཀྱི་སྨྱུག་རྩྭ་བཞིན་གོང་འཕེལ་བཏང་ཡོད། ཡིན་ནའང་། མི་རྣམས་ཀྱི་བདེ་སྐྱིད་ཀྱི་མྱོང་སྣང་དེ་དངོས་པོ་འཕེལ་རྒྱས་སོང་བ་དང་བསྟུན་ནས་ཇེ་མཐོར་སོང་མེད། དེ་ལས་ལྡོག་སྟེ། གཉེན་ཐོར་བ། དུད་ནག་འཐེན་པ། བཙན་གཡེམ། བཟའ་འཁོན། རང་ལྕེབས་རྒྱག་པ་སོགས་སེམས་ཁམས་ཉམས་དམས་ལས་མ་རུང་བའི་བྱ་སྤྱོད་ངན་པ་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད། འདི་ནི་གཙོ་བོ་མིའི་རིགས་ཀྱི་དཔལ་ཡོན་གཉིས་དོ་མཉམ་ཤོར་བ་ལས་བྱུང་བའི་ངན་འབྲས་ཡིན། དེ་རྒྱུ་མཚན་ནི་འགྲོ་བ་མིའི་རིགས་ཀྱིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་བརྒྱུད་ནས་རང་གི་དགོས་མཁོ་དག་སྐོང་བ་ཡིན། ཨ་མེ་རི་ཀའི་མིའི་རིགས་རིག་པའི་མཁས་པ་马斯洛ཡིས་འགྲོ་བ་མིའི་དགོས་མཁོ་རིམ་པ་ལྔ་ཡི་དབྱེ་ཡོད་དེ། དེ་དག་གཅིག་ཏུ་དྲིལ་ན། ཕྱིའི་དངོས་པོ་དང་ནང་བསམ་བློ་གཉིས་ཡིན། ཁོང་གིས་མིའི་རིགས་ཀྱིས་དགོས་མཁོ་དེ་དག་སྐོང་རྗེས་ད་གཟོད་ཚེ་སྲོག་གི་རིན་ཐང་རྙེད་ཐུབ་ཟེར།   马斯洛ཡི་སྐད་ཆ་དེ་ལས་ང་ཚོས་འགྲོ་བ་མིའི་དགོས་མཁོ་དག་ནི་ཕྲེང་སྐོར་ལྟ་བུ་གཅིག་མཐུད་ཀྱི་བདག་ཉིད་ཅན་ཞིག་ཡིན་པ་ཤེས་ཐུབ། ཕྲེང་རྡོག་གཅིག་ཆད་ལྷག་བྱུང་ཚེ་ཕྲེང་སྐོར་ཧྲིལ་བོ་ཞིག་གྲུབ་ཐུབ་མེད་པས་མིའི་དགོས་མཁོའང་ཕྱིའི་དངོས་པོ་དང་ནང་བསམ་བློ་གཉིས་ཀ་འཛོམས་དགོས། མི་རྣམས་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་སོ་སོར་ཐུན་མིན་གྱི་རིག་གནས་ཤིག་ཡོད་ལ། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་གི་ལྟ་བ་ཐད་ཀྱང་ཐུན་མོང་ལ་གཏན་འཇགས་ཀྱི་རྣམ་པ་ཞིག་ཡོད་པས། དེ་དག་མི་རིགས་ཤིག་གི་རྟགས་དང་མཚན་མ་སུ་གྱུར་ཡོད། བོད་ལ་མཚོན་ན། ཆོས་ཐམས་ཅད་མི་རྟག་པ་དང་ལས་རྒྱུ་འབྲས། དེ་མིན་སྐྱེ་བ་སྔ་ཕྱི་སོགས་ཀྱི་ལྟ་བ་ནི་མི་རིགས་འདིའི་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས། དུས་རྒྱུན་འཚོ་བའི་ཁྲོད་བྱ་བ་གང་དང་ཅི་ཞིག་སྒྲུབ་རུང་། གོང་གི་ལྟ་བ་དེ་དག་གིས་མི་རྣམས་ཀྱི་བྱ་སྤྱོད་དང་རིན་ཐང་གི་ལྟ་བ་ཐད་མིག་ལ་མི་མངོན་པའི་ཤུགས་ཞིག་གིས་ཚོད་འཛིན་བྱས་ཡོད། དེ་བས་བོད་ཀྱི་རིག་གནས་འདི་ནི་ནང་བསམ་པའི་དགོས་འདོད་གཙོ་སྒྲུབ་བྱས་པ་ཞིག་ཡིན། ཡིན་ནའང་དེང་རབས་ཅན་གྱི་རླབས་རྒྱུན་འོག ཁྲེལ་དང་ངོ་ཚ་འཕོངས་ཕྱིས་ཀྱི་རྡོ་བཞིན་གཡུགས་ཤིང་ཤ་ཐང་ཐང་དུ་ཁྲ་ཁྲ་རིག་རིག་གི་འདོད་ཡོན་སྒྲུབ་པར་འབད་པས། ཡབ་མྱེས་སྲོལ་བཟང་དག་ཀྱང་ཤུན་ལྐོགས་ཙམ་ལས་ལྷག་མེད། འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་སྟེ་ང་ཚོས་བྱ་དངོས་ཀྱི་བར་གྱི་བསླུ་མེད་ཀྱི་ཆོས་ཉིད་མ་རྟོགས་པས་དགེ་སྡུག་གི་ལས་སྣ་ཚོགས་བྱུང་བ་ཡིན། འདིར་མ་ཅིག་མཆོག་གི་གཅོད་ཅེས་པའི་ལྟ་གྲུབ་དེས། སྙིགས་མའི་དུས་འདིར་འགལ་འདུའི་བསྣོལ་བའི་འཚོ་བའི་ཁྲོད་ཚ་ཐབ་སྟེང་གི་གྲོག་མ་བཞིན་གར་འགྲོ་མི་ཤེས་པའི་མི་རྣམས་ལ་སེམས་ཁམས་གསོ་བའི་ཆེད་དུ་ཐུན་མིན་གྱི་སྒྲུབ་བརྒྱུད་འདིའི་ཕན་ནུས་གླེང་བ་ཡིན།

             གཅིག   གཅོད་ཀྱི་འབྱུང་ཁུངས་སྐོར་གླེང་བ།
   གཅོད་ཅེས་པའི་ལྟ་གྲུབ་འདི་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་བར་དར་ཁྱབ་ཆེ་བའི་ཞི་བྱེད་པའི་སྒྲུབ་བརྒྱུད་ཀྱི་ཡ་གྱལ་ཞིག་ཡིན། གདམས་པ་ཕ་དམ་པ་སངས་རྒྱས་ནས་སྲོལ་བཏོད་ཅིང་། “གཅོད་ཅེས་པ་ནི་ཤེས་ཕྱིན་མན་ངག་ལ་བརྟེན་ནས་སྐྱེས་བུ་ཆུང་ངུའི་སྐབས་ཚེ་འདིའི་རྣམ་ཤེས་གཅོད་པ། འབྲིང་གི་སྐབས་སུ་འཁོར་བའི་སྡུག་བསྔལ་གཅོད་པ། ཆེན་པོའི་སྐབས་རང་དོན་ཡིད་བྱེད་དང་། བདག་འཛིན་གཉིས་གཅོད་པ་ལ་ཟེར།”འདི་ལ་ཕོ་གཅོད་དང་མོ་གཅོད་གཉིས་ཡོད་པ་ལས་ཤེས་རབ་ཀྱི་བདག་མེད་མ་མ་ཅིག་ལས་སྒྲོན་མཆོག་གི་བརྒྱུད་པ་མོ་གཅོད་འདི་ནི་གཅིག་གཞི་ལམ་འབྲས་གསུམ་ཐད་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་། གཉིས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་བའི་ཕུལ་བྱུང་གི་བུད་མེད་རྣལ་འབྱོར་མའི་གདམས་པ་དང་པོ་ཡིན་པས་སྒྲུབ་བརྒྱུད་གཞན་དག་གི་མཁས་པ་རྣམས་ཀྱིས་མོའི་བཞེད་ཚུལ་འདོད་པ་མ་ཟད་བསྟོད་པའི་མཐེ་བོང་བསྒྲེངས་ཡོད། དཔེར་ན། ལྩང་སྐྱ་རོལ་པའི་རྡོ་རྗེས། “མ་ཅིག་ལབ་སྒྲོན་གྱི་གསུང་རྣམས་ཀྱང་ཐལ་འགྱུར་བའི་ཕྱོགས་དང་མཐུན་ཚབ་ཤིན་ཏུ་ཆེའོ།” ཐུའུ་བཀྭན་ཚང་གིས་ཀྱང་“ཨ་ཏི་ཤ་ཡི་སྲོལ་དང་རྗེས་མཐུན་པ། །ཨ་དོན་སྐྱེ་མེད་བསྒོམ་པའི་གདམས་པ་མཆོག །ཨ་མ་ལབ་ཀྱི་སྒྲོབ་མའི་གཅོད་འདི་ཡང་། །ཨ་ཧོ་ཐེག་ཆེན་ཆོས་ཀྱི་ཉིང་ཁུར་སེམས། །” གཅོད་ཀྱི་གདམས་པ་འདི་སྒྲུབ་བརྒྱུད་གཞན་དག་དང་འདྲ་བར་སངས་རྒྱས་ཀྱི་གསུང་བའི་བཀའ་རྒྱ་ཆེར་བཀྲལ་བ་ལས་རིང་དུ་སོང་མེད།  “སྤྱིར་དམ་པའི་ཆོས་ཐམས་ཅད་སྡུག་བསྔལ་ཞི་བར་བྱེད་པ་ལ་མཐུན་ཡང་ཁྱད་པར་ཅན་གྱི་ཐབས་འདིས་སྡུག་བསྔལ་གྱི་སྡུག་བསྔལ་སོགས་འཕྲལ་དུ་ཞི་བར་བྱེད་པས་སྤྱི་མིང་སྒེར་དུ་ཆགས་པ་སྟེ་ངོ་བོ་ཕ་རོལ་དུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་ཞེས་མདོ་རྒྱུད་ཐམས་ཅད་ཀྱི་གནད་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་”ཞེས་མདོ་སྔགས་ཟུང་འབྲེལ་གྱི་ལྟ་གྲུབ་ཅིག་ཡིན། མ་ཅིག་མཆོག་ལ་སློབ་མ་གྲུབ་ཐོབ་ཕོ་མོ་ཉི་ཤུ་ལྷག་བྱུང་ཚུལ་ཡོད་ལ། མོས་གདམས་པ་སྲས་ཐོད་སྨྱོན་བསམ་གྲུབ་ལ་གནང་ཞིང་སྐུ་ཚེ་སྨད་ལ་ཟངས་རི་མཁར་རི་མཁར་མར་ཕུ་སོགས་སུ་སྒྲུབ་པ་མཛད། ཡིན་ནའང་། གཅོད་ཀྱི་ལྟ་གྲུབ་འདིས་དུད་ཁྲོད་དང་དབེན་གནས་སོགས་སུ་ཉམས་ལེན་མཛད་པས་གདན་ས་ཆོས་འཁོར་གྱི་འཛུགས་སྐྲུན་ཐད་དོ་སྣང་མི་བྱེད་ལ་དཔལ་འབྱོར་གྱི་རྨང་གཞི་ཧ་ཅང་ཞན་པ། དེ་མིན་གྲུབ་མཐའ་བར་གྱི་འགལ་བ་དང་དུས་འཁྲུག་སོགས་ཀྱིས་ཆོས་བརྒྱུད་དར་སྤེལ་དུ་གཏོང་མ་ཐུབ་པར་རིམ་བཞིན་ཉམས་རྒུད་དུ་སོང་།
མདོར་ན། གཅོད་ཀྱི་གདམས་པ་འདི་ནི་འབྱུང་ཁུངས་རྒྱ་གར་གྱི་ཕ་དམ་པ་སངས་རྒྱས་ནས་བརྒྱུད་ཅིང་མ་ཅིག་ལབ་སྒྲོན་གྱི་སྐབས་སུ་གཅོད་ལུགས་《བདུད་བཞིའི་རྣམ་བཤད》སོགས་བརྩམས་པས་རྒྱ་ཆེར་དར།

            གཉིས་པ།  བདུད་ཀྱི་ངོས་འཛིན།
   སེམས་ཅན་གང་ཞིག་ཡིན་རུང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནི་ཐམས་ཅད་གཅིག་ཡིན། མ་ཅིག་མཆོག་གི་དགོངས་པ་ལྟར་ན། མི་རྣམས་སྡུག་བསྔལ་གྱི་མནར་ཞིང་ཐར་པ་སྒྲུབ་པ་གེགས་བྱས་པ་ནི་བདུད་ཀྱི་ཉེས་དམིགས་ཡིན་པས། ནད་ལ་བསྟེན་པའི་སྨན་བཞིན་བདུད་འདི་དག་རེ་རེ་བཞིན་བཅད་ན་ད་གཟོད་སྡུག་བསྔལ་ཐམས་ཅད་ཞི་ཞིང་རང་སེམས་བདེ་ལ་ཡོང་ཐུབ། ཡང་གཅིག་བཤད་ན། དེང་གི་དུས་འདིར་མི་རྣམས་ཀྱིས་བདེན་དངོས་མཛེས་གསུམ་གྱི་ཞིང་ཁམས་སྟེ་ཐར་བ་རྙེད་མི་ཐུབ་པ་ནི་གཙོ་བོ་བདུད་ཡི་བར་ཆད་བྱས་པ་ངོས་འཛིན་ཆོག མོས་“བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བ་ཅན་ནི་དངོས་སུ་ཡོད་པ་མ་ཡིན་ནོ། བདུད་ཅེས་བྱ་བ་ནི་ཐར་པ་སྒྲུབ་པའི་གེགས་སུ་གྱུར་པ་གང་ཡིན་པ་དེ་བདུད་ཡིན་ནོ་་་་་་” མོས་ཐར་བའི་གེགས་སུ་གྱུར་པའི་བདུད་ལ་ནང་གསེས་རིགས་བཞི་རུ་དབྱེ་ཡོད་སྟེ། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད། དགའ་བྲོད་ཀྱི་བདུད་བཅས་སོ། དེ་དག་ཉུང་བསྡུས་བསྒོས་བཤད་ན། ཐོགས་བཅས་ཀྱི་བདུད་ནི་ང་ཚོའི་སེམས་དེ་ཕྱི་རོལ་ཡུལ་གྱི་སྣང་སྲིད་ཐམས་ཅད་ཀྱི་བདག་འཛིན་གྱི་རྟོག་པ་སྣ་ཚོགས་དེར་འཕྲུལ་ནས། ཡུལ་དེར་ཆགས་ཤིང་སྡང་པས་ཐར་བའི་ལས་ཀྱི་བགེགས་སུ་གྱུར་བ་དེ་ཡིན། དཔེར་ན། ཕྱེ་ལེབ་གཟུགས་ལ་ཆགས་པ་དང་རི་དྭགས་སྒྲ་ལ་ཆགས་པ། སྦྲང་མ་དྲི་ལ་ཆགས་པ་དང་ཉྭ་རོ་ལ་ཆགས་པ། གཞན་གླང་ཆེན་རེག་བྱ་ལ་ཆགས་པས་གཞན་དབང་དུ་ཚུད་ནས་ལུས་ཡོད། དེ་བཞིན་དུ་དེང་གི་དུས་འདིར། མི་རྣམས་རི་ཆུ་ལྗོན་ཤིང་གི་བསྐོར་བའི་བཟོད་བཀོད་ལེགས་པའི་ཁང་བ་དང་རྟ་མཆོག་རྟགས་ཅན་གྱི་རླངས་འཁོར་སོགས་མཐོང་ན་རང་ཡིད་དུ་བཅོས་མིན་དུ་འདི་ལེགས་པོ་འདུག་ཅེས་དགའ་སྣང་ཞིག་སྐྱེས་ལ། དེ་ལས་ལྡོག་སྟེ། ཞིག་རལ་དུ་གྱུར་པའི་ཁང་ཆག་དང་ཙ་ཀྱིས་ཞེན་པའི་ལྕགས་རྟ་རྙིང་བ་སོགས་རིག་དུས་རྟག་ཏུ་ཐབས་རྡུགས་གི་ཡུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་རྣམས་ཀྱིས་རང་གི་རྟོག་པས་ལེགས་འདོད་པའི་དངོས་པོ་དེར་ཆགས་ཤིང་ཐབས་བརྒྱ་ཇུས་སྟོང་གི་ཐོབ་པར་འདོད་ལ་ངན་པ་དེར་སྡང་བས་དགེ་སྡུག་གི་ལས་སྣ་ཚོགས་མྱངས་ནས་ཐར་བར་བགེགས་བྱས་པ།
   “དབང་བོའི་ཡུལ་དུ་དངོས་སུ་མི་སྣང་ཡང་།རང་གི་ཡིད་ལ་བཟང་ངན་གྱི་རྟོག་པ་གང་སྐྱེས་པ་དེ་ལ་འདྲེ་ཞེས་པའི་འཇིགས་སྣང་བཟུང་བས་ཡ་ང་བ་དང་། ལྷ་ཞེས་པའི་དག་སྣང་བཟུང་བས་བག་བྲོ་ཞིང་ཉམས་དགའ་བ་སྐྱེས་ཏེ།དེ་ལྟར་བཟང་ངན་གྱི་རྟོག་པ་གཉིས་ཡིད་ལ་བཟུང་བས། དེའི་རྐྱེན་གྱིས་ཡིད་ཉོན་མོངས་ཅན་དུ་གྱུར་ཅིང་།ཉོན་མོངས་དེ་ལ་དངོས་སུ་ཐོགས་པ་མེད་ཅིང་། དངོས་པོའི་ཡུལ་དུ་གྲུབ་པ་མེད་ཀྱང་། དགེ་བའི་ལས་འཆོར་བར་བྱེད་པའི་གནོད་པ་བྱེད་ངེས་པར་ནུས་པས་ན་བདུད་ཅེས་བྱ་སྟེ། དེ་སྔ་དངོས་སུ་གྲུབ་པ་མེད་ཅིང་དངོས་སུ་ཐོགས་པ་མེད་པའི་ཕྱིར་ན། ཐོགས་མེད་ཀྱི་བདུད་ཟེར་བ་ཡིན་་་་” དེང་སེང་མི་གང་མང་ཞིག་གི་སེམས་ཁམས་བདེ་ཐང་མ་ཡིན་པ་ནི་བདུད་འདི་ལས་བྱུང་བ་ཡིན།
གསུམ་པ་དགའ་བྲོད་ཀྱི་བདུད་ནི། རང་རྒྱུད་དུ་རྒྱུ་འབྱོར་བ་ལོངས་སྤྱོད་སོགས་འཇིག་རྟེན་གྱི་ཡོན་ཏན་ཆེན་པོ་རྒྱས་པས་ཡིད་སེམས་རབ་ཏུ་དགའ་ཞིང་རྟག་འཛིན་གྱི་རྟོག་པའི་ཡུལ་དེར་འཆིང་ནས་མི་གློད་པའི་བདུད་དག་ལ་ཟེར།“་་་་་་འཇིག་རྟེན་རྙེད་བཀུར་སྙན་གྲགས་ཕུན་སུམ་ཚོགས་པ་དང་། འཁོར་ཆེན་པོ་མང་པོ་འདུ་བ་དང་། ཡིདམ་ལྷའི་ཞལ་མཐོང་བ་དང་། ངག་ནུས་ཀྱིས་འདྲེ་གདོན་ཐུལ་ཞིང་ན་ཚ་ཟུག་རྔུ་ཞི་བར་བྱེད་པ་དང་། ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དང་།་་་་་་་་དེ་རྣམས་ལ་དགའ་ཞིང་བྲོད་ནས་དྲེགས་པ་ཆེན་པོ་དང་ང་རྒྱལ་ཆེན་པོ་ཐར་བའི་ལམ་གྱི་བར་ཆད་དུ་འགྱུར་བས་བདུད་དེ་ལ་ཟེར། ”
   བཞི་བ་སྙེམས་བྱེད་ཀྱི་བདུད་ནི་གོ་བདེ་བར་བཤད་ན། བདག་འཛིན་གྱི་ལྟ་བ་ལས་ཕྱི་རོལ་ཡུལ་ཐམས་ཅད་ལ་ཆགས་པའི་རྟོག་པ་རྣམས་ཡིན། དེ་ཡང་“སྙེམས་བྱེད་ཅེས་པ་ནི་བདག་འཛིན་ལ་ཟེར་ཏེ། འཁོར་བར་འཁྱམས་པའི་རྒྱུ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གྱིས་བྱས་ནས་ཐར་བ་ཐོབ་ཏུ་མི་སྟེར་བའི་བདུད་བྱས་པའི་ཕྱིར་སྙེམས་བྱེད་ཀྱི་བདུད་ཟེར་བའམ། བདག་འཛིན་གྱི་བདུད་ཀྱང་ཟེར་བ་ཡིན་ཅིང་། བདག་མེད་པ་ལ་བདག་ཏུ་བཟུང་བས་སེམས་ཉོན་མོངས་ཅན་པ་ཅན་དུ་སོང་ནས་སེམས་ལ་བཟང་ངན་གང་ཤར་ཐམས་ཅན་རྟོག་པས་བཟུང་ཞིང་བདེན་འཛིན་བྱས་པ་ལ” ཟེར།

         གསུམ།གཅོད་ཀྱི་ཕན་ཡོན།
   འགྲོ་བ་སུ་ཞིག་ཡིན་རུང་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་ཐམས་ཅད་གཅིག་ཡིན།ང་ཚོས་རང་གི་རྒྱུ་ནོར་ལོངས་སྤྱོད་དེ་ཅི་ལྟར་སྲུང་ཡང་ཆུ་བུར་བཞིན་རེ་ཞིག་ཡོད་ཀྱང་རེ་ཞིག་མེད་འགྲོ་བ་ནི་འཇིག་རྟེན་གྱི་ངོ་བོ་དེ་ཡིན་ལ།ཡིན་ཡང་སྐྱེས་བོ་གང་མང་ཞིག་གནས་སྐབས་ཙམ་གྱི་བདེ་བ་དང་རྣམ་རྟོག་དེ་ཆགས་པས་དགའ་སྐྱོ་ཆགས་སྡང་གི་རྙོག་དྲ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དངོས་པོ་རྩོལ་གཉེར་བྱེད་པའི་སྙིགས་དུས་འདིར།ཞི་བྱེད་གཅོད་ཀྱི་ལྟ་གྲུབ་འདིའི་ཕན་ཡོན་ནམ་དགེ་མཚན་ནི་གཅོ་བོ་མིའི་སེམས་ཁམས་བདེ་ཐང་ཞིག་སྐྲུན་པར་གནག་ཐོག་ཁབ་བཙགས་ཀྱི་ནུས་པ་འདོན་བཞིན་ཡོད། གོང་དུ་བརྗོད་པ་ལྟར། ཐར་བའི་བགེགས་སུ་གྱུར་པའི་བདུད་དེ་ནི་རང་ཡིད་ཀྱི་ཞེན་འཛིན་གྱི་རྣམ་རྟོག་དེ་ལས་བྱུང་ཞིང་ང་ཚོས་ཤ་ཐང་ཐང་དུ་དངོས་པོ་འཚོ་བ་སྐྲུན་ཞིང་དལ་ལོང་མེད་པ་འདི་ནི་རང་རྒྱུད་ལ་ཤེས་རབ་དབེན་པས། རྟོག་པའི་རྗེས་འབྲངས་ནས་འཇིག་རྟེན་ཆོས་བརྒྱད་འཚོལ་བའི་འདོད་པ་དེ་ཅུང་ཙམ་ནང་དུ་བསྡུས་ནས་རང་རྒྱུད་གྱི་ཉོན་མོངས་ཐམས་ཅད་ལེགས་པར་འབྱེད་པའི་ཤེས་རབ་ཞིག་བསྐྱེད་དགོས་ཏེ།འདོད་པའི་ཚོམས་ལས།འདོད་པས་ངོམས་པར་མི་འགྱུར་བས།། ཤེས་རབ་ཀྱིས་ནི་ངོམས་པ་སྐྱེད།། ཤེས་རབ་ཀྱིས་ནི་ངོམས་པའི་མི།།སྲེད་པའི་དབང་དུ་མི་འགྱུར་རོ་ཞེས་རང་ཡིད་ཀྱི་རྣམ་རྟོག་དེ་བདེན་པར་མ་གྲུབ་པས་འདོད་ཡོན་སྤང་ནས་ཤེས་རབ་སློབ་དགོས། འདི་ལྟར་བྱས་ན། བྱ་དངོས་ཀྱི་ཆོས་དེ་མཐོང་ཐུབ་ཞིང་རང་སེམས་གྲོལ་བར་ཡོང་ངེས།དེ་མིན་མ་གཞི་ནས་སྟོང་བའི་ཡུལ་དེར་ཞེན་འཛིན་གྱིས་མི་ལྷོད་པ་ནི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཆུད་ཟོས་སུ་འགྲོ་བ་དང་སྡུག་བསྔལ་ཀུན་གྱི་རྒྱུ་དེ་ཡིན།དེ་བས་རང་སེམས་ཤིན་སྦྱངས་དུ་ཡོང་རྒྱུ་ནི་ཞེན་རྟོག་དེ་ལས་གྲོལ་བའི་ཐབས་ལམ་ཞིག་ཡིན་ལ། འཇིག་རྟེན་རྒད་པོའི་ཁ་དཔེར་། སེམས་ཀྱི་གླང་བོ་དམ་བཏགས་ན་མི་འགྲུབ་བྱ་བ་ཅི་ཡང་མེད། སེམས་དུལ་བ་ནི་ལེགས་པ་སྟེ། སེམས་དུལ་བ་ཡིས་བདེ་བ་འདྲེན་ཟེར་བས།ཉིན་མ་རྟག་ཏུ་འདོད་ཡོན་གྱི་ཆུ་ཁོལ་ལྷོག་ལྷོག་ཏུ་གདུས་བའི་སེམས་དེ་རང་དབང་དུ་ཡོང་བར་སློབ་སྦྱོང་བྱེད་དགོས་ལ།ལྷག་པར་དུ་དུས་རྒྱུན་གྱི་ལས་ཀ་དང་སློབ་སྦྱོང་གི་འཚོ་བའི་ཁྲོད།ཡིད་མུག་པའི་བྱ་བར་འཕྲད་དུས་རྣམ་རྟོག་དེས་སེམས་འཁྲིགས་ཤིང་།རང་ལྕེབས་རྒྱག་པ་དང་སྤྱི་ཚོགས་ལ་འཁོར་ལན་སློག་པ།རང་གི་དབང་ཐང་ལ་ཁེན་ནས་ཕ་རོལ་ལ་དམའ་འབེབས་དང་ཁྱད་གསོ་བྱེད་པ།དེ་བཞིན་དུ་ཚེ་སྲོག་གཞན་པར་མནར་གསོད་གཏོང་བའི་སྐྱེ་བོ་དེ་རིགས་ཀྱིས་རང་གི་དགའ་སྐྱོ་ཆགས་སྡང་གི་རྣམ་རྟོག་དེ་མགོན་མནོན་བྱས་རྒྱུ་ནི་རང་གཞན་གཉིས་ལ་ཕན་པའི་ལས་ཤིག་ཡིན།
   ད་ལྟའི་གནས་བབ་འདིར།བསམ་པའི་དཔལ་ཡོན་གང་ལེགས་བསྒོས་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་སྐུལ་མ་གཏོང་བཞིན་ཡོད་ལ། འདི་ནི་ཡང་གཅིག་བཤད་ན། མིའི་ལྡོག་མེད་ཀྱི་དགོས་མཁོ་ཞིག་སྟེ།མི་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ལ་བརྟེན་ནས་དོ་མཉམ་བསྒོས་འཚོ་དགོས་པའི་ཕྱིར།རྒྱུ་རྐྱེན་རྟེན་འབྱུང་གི་གྲུབ་པའི་འཇིག་རྟེན་འདི་རང་བཞིན་གྱི་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་ལ།རང་ལ་ཡོད་པ་དང་མེད་པ་མཐའ་དག་གཡར་བའི་ལང་ཚོ་བཞིན་གཅིག་ཀྱང་མི་རྟག་པས།སྐད་ཅིག་གི་དགའ་སྐྱོ་ཆགས་སྡང་གི་རྣམ་རྟོག་དེ་སྟོང་པ་ཉིད་ཡིན་པ་བསྒོམས་ནས་བདུད་དེ་དག་ལས་གྲོལ་བར་བྱེད་པ་ནི་ཞི་བྱེད་གཅོད་ཀྱིས་རང་སེམས་ཐར་བ་ཐོབ་པ་སྟོན་པའི་ལམ་ཡིག་ཅིག་ཡིན།

དཔྱད་གཞི་ཡིག་ཆ།
1 《现代心理学》---现代人研究自身问题的科学  张春兴 着  上海人民出版社
2 《བོད་ལྗོངས་ཞིབ་འཇུག》ཤོག་གྲངས ༡༣༢   ༡༩༩༢ལོའི་དེབ་དང་པོ།
3 《ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་བཞུགས་སོ》 ཤོག་གྲངས ༢༢༦མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ལོའི་ཟླ་༨ པར་པར་ཐེངས་གཉིས་པ་བརྒྱབ།
4 《སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་བསྡུས་འགྲེལ》ཤོག་གྲངས། ༥༩༡  མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་༣པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
5 《གྲུབ་མཐའ་ལྷུན་པོའི་མཛེས་རྒྱན》ཤོག་གྲངས༢༠༣  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ལོའི་ཟླ་༦པར་པར་གཞི་དང་པོ་ཐེངས་དང་པོར་དཔར།  

   ༼རྩོམ་པ་པོ་འབྲུག་མོ་འཚོ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་༢༠༡༡ལོའི་ཞིབ་འཇུག་སློབ་མ་ཡིན་པ་དང་མོའི་ཞིབ་འཇུག་ཁ་ཕྱོགས་ནི་བོད་ཀྱི་ཆོས་ལུགས་རིག་གནས་ཡིན༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅོད་ཅེས་པའི་ལྟ་གྲུབ་དེས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཕན་ནུས་སྐོར་ཅུང་ཟད་གླེང་བ།

2013-09-26 འབྲུག་མོ་སྐྱིད།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།