དཔལ་༸རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་འབྲེལ་བའི་གལ་གནད་འགའ་ཞིག་སྔོན་དུ་གླེང་པ།

བེ་རི་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-14

  འོད་གསལ་ཆོས༵་དབྱིངས༵་གདོད་མའི་ཕ་མཁར་ན།།
  མི་ཤིགས་རྡོ༵་རྗེའི༵་གོ་འཕང་མངོན་གྱུར་ཀྱང་།།
  ཐུགས་བསྐྱེད་རླུང་གིས་བདས་པའི་ཤིང་བལ་བཞིན།།
  གང་དུ་གཡོ་བའི་མགོན་དེས་སྲུངས་གྱུར་ཅིག།
  དཔལ་༸རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ནི། རྒྱལ་བ་ཀརྨ་པ་ཀར་རབས་བཅུ་པ་དེ་ཡིན་ཞིང་། སྐུ་རབས་འདི་ཉིད་བོད་ཀྱི་ལོ་རྒྱུས་ཁྲོད་ནས་ཆེས་སྙོགས་འཛིངས་ཆེ་བའི་དུས་མཚམས་ལ་འཁེལ་བའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་ལ། མདོ་སྔགས་གསུང་རབ་དགོངས་འགྲེལ་ཙམ་དུ་མ་ཟད། བྲིས་འབུར་བཟོ་རིག་འདུ་བྱེད་ཕྱག་རྩལ་འབུར་དུ་ཐོན་པ་དང༌།[1] ལྷ་འདྲེ་གདུགས་པའི་རིགས་དམ་ལ་བཏགས་པ། རྡོ་ལ་ཞབས་རྗེས་བཞག་པ་སོགས། བསྟན་པའི་དར་ཆེན་ཕྱོགས་མཐར་འཛུགས་པའི་མཁས་པའི་ཡོན་ཏན་དང་། བཙུན་པའི་སྤྱོད་པ། བཟང་པོའི་འཕྲིན་ལས་གསུམ་ཀ་ཡ་མ་བྲལ་བའི་ཐོག ནང་ཁུལ་ཆགས་སྡང་འཁྲུགས་རྩོད་ཀྱི་མེ་ལྕེ་ཇི་ཙམ་འབར་ནའང་། ཇི་མི་སྙམ་པའི་བཟོད་སྒོམ་གནང་མཁན་གྱི་འབུར་དུ་ཐོན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་ཕྱོགས་སྔ་ཕྱིའི་རྣམ་ཐར་དང་དེབ་ཐེར་དུ་མའི་ནང་གསལ་པོ་འཁོད་ཡོད་པ་རེད། ད་རེས་༸རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་རྩ་ཆེན་ཁག་དྲུག་ཕྱོགས་བསྒྲིགས་ཀྱིས་དཔེ་སྐྲུན་གནང་བའི་མགོ་བརྗོད་དང་བསྟུན་ནས། འདིར་ཀར་རབས་བཅུ་པའི་འཁྲུངས་འདས་བར་གྱི་ལོ་རབས་དེ་དག་གི་ནང་། རྒྱལ་དབང་མཆོག་གི་མཛད་འཕྲིན་དང༌། དེར་འབྲེལ་སྐབས་དེའི་བོད་བསྟན་སྲིད་ཀྱི་གནས་བབ། དེ་དག་དང་འབྲེལ་བའི་བོད་ནང་གི་མི་ཆེན་སྡེ་པ་དང་བླ་ཆེན་གདུང་སྲས་བར་གྱི་འབྲེལ་འདྲིས། རྒྱ་སོག་བལ་ལི་འཇང་གིས་མཚོན་པའི་བོད་ཕྱིའི་མི་ཆེན་དཔོན་རབས་དང་འབྱོར་ལྡན་སྦྱིན་བདག་ཁག་གིས་དད་གུས་ཇི་ཙམ་ཞུ་གི་ཡོད་པ་རྣམས་མཛུབ་མོ་རི་བསྟན་གྱི་ཚུལ་དུ་རགས་ཙམ་ཞུ་བར་འདོད།
 
  ཀར་རབས་བཅུ་པའི་འཁྲུངས་འདས་བར་གྱི་རྣམ་ཐར་གནད་བསྡུས།
ཀར་རབས་བཅུ་པ་ཆོས་དབྱིངས་རྡོ་རྗེ་འདི་ཉིད། སྐུ་ཚེ་དུམ་བུར་ལྔར་ཕྱེས་ནས།
དང་པོ་འཁྲུངས་ཡུལ་མགོ་ལོག་ཏུ་བཞུགས་པ།    1604-1614
གཉིས་པ་དབུས་གཙང་ཁུལ་གྱི་ཕེབས་བཞུགས།  1614-1643
གསུམ་པ་བཙན་བྱོལ་དུ་ཕེབས་བཞུད།             1643-1649
བཞི་པ་འཇང་ཡུལ་སོགས་སུ་ཕེབས་བཞུད།                   1649-1673
ལྔ་པ་སླར་ཡང་དབུས་སུ་ཕེབས་ནས་ཞི་བར་གཤེགས་པའི་བར།1673-1674
  སྤྱི་ལོ་ ༡༦༠༤ ནག་ཟླ་ཧོར་ཟླ་གསུམ་པམདོ་ཁམས་སྨར་སྟོད་མགོ་ལོག་ཁུལ་གམ་ཟི་ཐང་ དེང་སང་མཚོ་སྔོན་ཞིང་ཆེན་མགོ་ལོག་པདྨ་རྫོང་ཁུངས་སུ་ཡིན། ཀཾ་ཚང་གསེར་ཕྲེང་ལས་གམ་ཟི་ཐང་ཞེས་བྲིས་པ་ལས་གཞན་དུ་ཀི་ཟི་ཐང་ཞེས་བྲིས་སྣང་། དུ་སྐུ་འཁྲུངས། ཆུང་དུས་མཚན་ལ་ཨུ་རྒྱན་སྐྱབས་ཞེས་གསོལ། ངོས་འཛིན་མ་ཞུས་གོང་ནས་གོང་མའི་ཡང་སྲིད་ཀྱི་སྙན་གྲགས་རང་བཞིན་གྱིས་ཁྱབ། དགུང་ལོ་ལྔ་པ་ ༡༦༠༨ ཞྭ་དམར་སྐུ་ཕྲེང་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་གོང་མའི་ཡང་སྲིད་འཁྲུལ་མེད་ངོས་འཛིན་གནང༌།
  དགུང་ལོ་ ༡༡ པ་ཤིང་སྟག་ ༡༦༡༤ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཞབས་སོར་བཀྲིས་རེ་ཁ་བཀོད་པའི་ལམ་བར་བེ་རི་རྒྱལ་པོ་སོགས། ཁམས་ཀྱི་ཡུལ་དགོན་སྡེ་གསུམ་ཆེ་རྒུ་ཡོངས་ཀྱིས་མཇལ་ཕྱག་གདན་ཞུའི་བསྙེན་བཀུར་རྒྱ་ཆེར་ཞུས། དབུས་སུ་ཕེབས་ནས་མཚུར་ཕུའི་གདན་སར་ཞབས་སོར་འཁོད། གཙང་པ་སྡེ་སྲིད་སོགས་དབུས་གཙང་ཁུལ་གྱི་ཆེ་རྒུ་ཕལ་པོ་ཆེས་མཇལ་ཕྱག་ལྷུར་བླངས། དགུང་ལོ་ ༡༢ པ་ཤིང་ཡོས་ ༡༦༡༥ ལོར་གདན་སར་དཔའ་བོ་གཙུག་ལག་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་ལ་ཆོས་དབྱིངས་རྡོ་རྗེ་གསོལ། གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་གདན་དྲངས་པ་ལྟར་གཙང་གི་གཞིས་ཀ་བསམ་གྲུབ་རྩེར་ཕེབས་པ་སོགས། དབུས་གཙང་གང་སར་ཞབས་ཀྱི་བཅགས་ཏེ་འགྲོ་དོན་རྒྱ་ཆེར་བསྐྱངས། དགུང་ལོ་བཅོ་ལྔ་ས་རྟ་ ༡༦༡༨ ལོར་ཏཱ་མིང་གོང་མའི་གསེར་ཡིག་པ་འབྱོར། ལྷ་སར་སོག་དམག་སླེབས་པ་དགོངས་གཏད་གནང་བས་ཕྱིར་ལྡོག དགུང་ལོ་༢༡ པར་གར་དབང་ཐམས་ཅད་མཁྱེན་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ ༢༢ པར་ས་སྐྱར་ཕེབས་ནས་བདག་ཆེན་རིན་པོ་ཆེ་དང་ཞལ་འཛོམས་གནང༌། དེ་ནས་ ༡༦༢༠- ༡༦༣༢ ལ་སྟོད་གངས་རི་རིན་པོ་ཆེ། དིང་རི། སྐྱིད་གྲོང༌། ལྷོ་བྲག ཀོང་པོའི་ཁུལ། སྟག་རྩེ་སོགས། དབུས་གཙང་དྭགས་ཀོང་ཁུལ་གྱི་གནས་རི་དང་། དགོན་སྡེ་སྒྲུབ་ཕུག་ཕལ་བོ་ཆེར་ཞབས་ཀྱི་བཅགས་ནས་ཐུགས་སྨོན་རྒྱ་ཆེར་གནང༌། འདྲེ་སྲིན་གདུག་པ་ཅན་མང་པོ་དམ་ལ་བཏགས། རིས་མེད་དགོན་སྡེ་དུ་མར་མཆོད་འབུལ་དང༌། དམ་པའི་ཆོས་ཚུལ་རྒྱ་ཆེར་སྤེལ། དགུང་ལོ་སོ་དགུ་པ་༡༦༤༢ནས་སྐྱིད་སོག་མཉམ་འབྲེལ་གྱིས་གཙང་པ་སྡེ་པ་ལ་གྱེན་ལངས་རྒོལ་འཛིངས་ཀྱི་རླུང་རླབས་ཤུགས་ཆེར་གཡོ་བའི་སྐབས། སུའི་ཕྱོགས་སུ་ཡང་མ་བཞེངས་པར་གདན་སར་བཤད་སྒྲུབ་འཆད་ཉན་གྱི་མཛད་པ་སྐྱོང་ནས་བཞུགས་པར་མ་ཟད། གཤམ་འོག་ཡོངས་ལ་བླང་དོར་བཀའ་སློབ་ཟབ་རྒྱས་གནང་བ་དང༌། པཎ་ཆེན་རིན་པོ་ཆེ་བརྒྱུད་ནས་བཀའ་བསྟན་གདན་ས་ཡས་མས་དམག་སྲིད་གཉིས་ཀའི་ཐོག་ལ་ཐེ་གཏོགས་གང་ཡང་མེད་ཚུལ་ཞུས་ནས་བཞུགས་པས། གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས། བོད་སོག་གི་སྐྱ་སེར་དྲག་ཞན་ལས་བྱེད་མཐའ་དག་ལ། གདན་ས་ཆེན་པོ་འོག་མིན་མཚུར་ཕུའི་བཞི་སྡེའི་མཆོད་གཞིས་སུ་གཏོགས་པ་ལ། སུས་ཀྱང་གནོད་འཚེར་མི་ཆོག་པར་རང་འཇགས་སུ་བཞག་དགོས་པའི་བཀའ་བཙིགས་ནན་པོ་གནང་འདུག་ཀྱང་། གཤམ་འོག་བྱེད་བབ་མི་མཁས་པ་དུ་མའི་བྱེད་སྤྱོད་ལ་བརྟེན། ཕྱག་མཛོད་བསོད་ནམས་རབ་བརྟན་ནམ་རྒྱ་ལེས་ཁག་འདོགས་བྱེད་ས་རག་ནས། གདན་ས་དམག་གིས་འཇོམས་པ་མ་ཟད། ཀརྨ་པ་ཞྭ་དམར་ནག་གི་སྐུ་སྲོག་ལའང་ཉེན་ཁ་ཆེན་པོ་བྱུང་སྟབས་ཡུལ་བྱོལ་དུ་ཕེབས་དགོས་བྱུང་།
  སྤྱི་ལོ་༡༦༤༣-༡༦༤༧ ལྷོ་ཁ་ནས་རིམ་པར་བཞིན་བསམ་ཡས། ཀོང་པོ། ར་ཉག་དགོན་སོགས་སུ་ཡུལ་བྱོལ་ནས་ཕེབས། དེ་དག་ཏུ་བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད།
  སྤྱི་ལོ་ ༡༦༤༧-༡༦༤༩ བར་འཇང་ཡུལ་དུ་བཞུགས་ནས་འཇང་རྒྱལ་པོ་ཡབ་སྲས་གཙོས་ཁུལ་དེའི་ཡུལ་དགོན་སྡེ་གསུམ་ལ་བསྟན་འགྲོའི་བྱ་བ་རྒྱ་ཆེར་སྤེལ། དགོན་པ་དུ་མ་གསར་སྐྲུན་གནང༌། ༡༦༤༩ -༡༦༥༥ བར་འཇང་ནས་བྱོལ་ཏེ་རྒྱལ་ཐང་དང༌། མགོ་ལོག་ཤ་ཡུལ་སོགས་སུ་དཀའ་སྤྱད་འབད་པ་ལྷུར་ལེན་གྱིས་ཕེབས་ནས། གར་དབང་སྤྲུལ་པའི་སྐུའི་ཡང་སྲིད་ངོས་འཛིན་དང་། ཕྱོགས་དེ་དག་ལ་རྣམ་པར་དཀར་བའི་མཛད་པ་རྒྱ་ཆེར་སྐྱོང་ནས་ཕྱིར་འཇང་ཡུལ་དུ་ཕྱག་ཕེབས། ༡༦༥༥-༡༦༧༣ བར་འཇང་ཡུལ་དུ་བཞུགས་ནས་གར་དབང་སྤྲུལ་པའི་སྐུ་སོགས་བཀའ་རྒྱུད་པའི་སྐྱེས་ཆེན་ཕལ་ཆེར་འཇང་ཡུལ་དུ་འཛོམས་པར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་དང་། ཀར་རྒྱུད་བླ་ཆེན་ཕལ་ཆེ་བའི་ཡང་སྲིད་ངོས་འཛིན་གནང་ནས་ཁུལ་དེར་རྒྱལ་བསྟན་སྤྱི་དང་ཡང་སྒོས་ཀར་བསྟན་ཉི་མོ་ལྟར་གསལ་བ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་མཛད་པ་ངོ་མཚར་ཅན་དུ་མ་བསྐྱངས།
  སྤྱི་ལོ་༡༦༧༣-༡༦༧༤ དབུས་སུ་ཆིབས་བསྒྱུར་ནས་གདན་ས་མཚུར་ཕུར་རྒྱུན་ཞུགས་གནང་ནས་བསྟན་འགྲོའི་བྱ་བ་རྒྱ་ཆེར་སྤེལ། རྒྱལ་དབང་ལྔ་པས་མཇལ་འཕྲད་ཐོག་གཞིས་ཀ་གང་འཚམ་ཕྱིར་སློག་གནང༌། དགའ་ལྡན་ཕོ་བྲང་དང་ལུགས་ལེགས་མཐུན་ལམ་ངང་སྤྱི་ལོ་ ༡༦༧༤ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམས།  
 
   བོད་རྒྱ་ཧོར་སོགས་ཀྱི་བླ་དཔོན་དང་མཇལ་འཕྲད།
   རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་འདས་འཁྲུངས་བར་གྱི་ལོ་རབས་ནང་། དུས་འགྱུར་དང་སྲིད་འགྱུར་གྱི་ཡོ་ལང་ཆེས་ཆེར་འཁྲུགས་པའི་སྐབས་ཡིན་ལ། ཡོ་ལང་དེ་དག་གི་ནང་ཁོང་གི་སྐུ་ཚེ་ཡང་རླུང་རླབས་ཁྲོད་ཀྱི་མར་མེ་དང༌། མཚོ་རླབས་སྟེང་གི་གྲུ་རྫིང་བཞིན་གང་སར་གཡོ་བཞིན་སྐྱོད་པའི་ལོ་རྒྱུས་ཀྱི་དངོས་སྒྲུང་ནི་གསོན་ཉམས་ལྡན་ལ་འཁྲུགས་ཆ་དོད་པ་ཞིག་ཡིན། འཁྲུགས་ཆ་དོད་པོའི་རྒྱུད་རིམ་དེ་དག་གི་ནང་། བོད་རྒྱ་ཧོར་གསུམ་གྱི་མི་དཔོན་བླ་དཔོན་མི་ཉུང་བ་ཞིག་དང་མཇལ་འཕྲད་གནང་བའི་ནང་ནས། གལ་ཆེ་འགའ་ཞིག་མཚོན་གཞིའི་ཚུལ་དུ་ཟུར་འདོན་ཞུ་ན།
  བེ་རི་རྒྱལ་པོ་དང་འབྲེལ་བ། བེ་རི་རྒྱལ་པོ་ཨ་འཕེན་རྒྱལ་གྱིས། ཤིང་སྟག་ ༡༦༡༤ ལོར་འབི་ཐང་དུ་སྤྱན་དྲངས་ནས་འབུལ་ཆེན་བསྟབས། སླར་ཡང་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གྱིས། སྤྱི་ལོ་༡༦༣༢ ལོར་རྒྱལ་འཇང་གི་ས་མཚམས་ནས་ཀརྨ་པའི་ཇ་པ་ཕེབས་ལམ་བཀག་པར་བཤགས་པ་ཕུལ་ནས་བཟང་ཕྱོགས་ཀྱི་འབྲེལ་བ་ཆགས། བེ་རི་ནི་སྐབས་དེར་བོད་མདོ་དབུས་སྐོར་གསུམ་དུ་ཕྱེས་པའི་ཁམས་རིགས་བཞི་གསུམ་བཅུ་གཉིས་ཀྱི་ནང་ཚན་ནས། སྟོབས་འབྱོར་མངའ་ཐང་རྩེ་མོར་སོན་པའི་ཁམས་ཀྱི་རྒྱལ་ཕྲན་ཞིག་ཡིན་ལ། ལོ་རབས་བཅུ་ཕྲག་ཁ་ཤས་ནང་ཁམས་རིགས་ཕལ་ཆེ་བ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཧ་ཅང་རིང་སྟེ། རག་ར་རྒྱལ་རབས་ལས།[2] གཙང་རྒྱལ་རྣམས་དང་དུས་མཚུངས་སུ་ཁམས་ལ་བེ་རི་ཤེད་རྒྱས་ཤིང་དོན་ཡོད་རྒྱལ་དུས་སྟོད་དགེ་རྒྱས་རྫ་དཀར་ནག་ནས་སྨད་མེ་ཉག་ལ་ཐུག་པའི་བར་ལ་མདོ་ཁམས་སུམ་གཉིས་དབང་དུ་བསྡུས་པས་དྲག་བཙན་ཕལ་ཆེར་ཀྱང་འདི་པའི་དབང་ཡིན་པ་ཤས་ཆེ་ལ། ཞེས་གསུངས་པ་ལྟར་ལགས་སོ།།
   སྡེ་པ་གཙང་པ་དང་འབྲེལ་བ། སྤྱི་ལོ་ ༡༦༡༥ ལོར་སྡེ་པ་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་སྤྱན་དྲངས་ནས་མཇལ་འཕྲད་དང་གསེར་དངུལ་གྱི་འབུལ་བ་རྒྱ་ཆེར་བསྟར། འདི་ནི་གཙང་པ་སྡེ་སྲིད་དང་དངོས་སུ་མཇལ་བ་ཐེངས་དང་པོ་དེ་ཡིན་མོད། གཙང་པས་ཆེ་མཐོང་བཀུར་བཟོས་དེའི་སྔོན་ནས་ཞུ་གི་ཡོད། དེ་ནས་བཟུང་གཙང་པ་སྡེ་སྲིད་ཡབ་སྲས་ཀྱིས་བློ་ཡུལ་དུ་མི་ཤོངས་པའི་ཚད་ཀྱིས་འབུལ་ཆེར་བསྟར་བ་སོགས། བཟང་ཕྱོགས་ཀྱི་འབྲེལ་བ་ཤིན་ཏུ་ཟབ་མོད། དམག་དོན་དང་དྲག་སྤྱོད་ཀྱི་ལས་འགུལ་དུ་མའི་ཐད། བླང་དོར་ལམ་སྟོན་གནང་བར་སྡེ་སྲིད་ཡབ་སྲས་ཀྱིས་མ་གསན་པས། ཐུགས་འཁྲུགས་ནས་ཕན་ཚུན་ཐུགས་སྣང་མི་གཤིན་པའི་ལོ་རྒྱུས་ཀྱང་ཉུང་ཉུང་མིན། གཙང་པ་སྡེ་སྲིད་ཀྱི་སྲས་ཀརྨ་བསྟན་སྐྱོང་དབང་པོ་དང་རོག་ལར་མཇལ་བ་ཡང་ལོ་འདི་རང་ལ་ཡིན།[3] ཆོས་རྒྱལ་དེ་ཉིད་གུ་རུའི་ལུང་བསྟན་དུ་གླིང་གེ་སར་རྒྱལ་པོའི་རྣམ་འཕྲུལ་ཡིན་པ་དང༌། སྐུ་ཚེ་ལ་བར་ཆད་ཆེ་ཞིང་གལ་ཏེ་བར་ཆད་ལས་གྲོལ་ན་བོད་ལ་བདེ་སྐྱིད་འབྱུང་བ་ཡང་། མཁན་པོ་ལྷ་ཚེ་རིང་གིས་བྲིས་པའི་འབྲས་ལྗོངས་རྒྱལ་རབས་སུ་གསལ། གཙང་པ་སྡེ་བ་ནི་སྐབས་དེར་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཉག་གཅིག་དེ་ཡིན་ལ། བྱེ་བྲག་དབུས་གཙང་ཁུལ་གྱི་སྡེ་པ་མི་དྲག་གི་ཁྲོད་ནས་སྟོབས་འབྱོར་མངའ་ཐང་གི་རྩེ་མོར་སོན་པའི་སྡེ་པ་ཡང་འདི་ཉིད་ཁོ་ན་ཡིན།
  རྒྱ་ནག་ཏྭ་མིང་གོང་མ་པོག་ཏ་དང་འབྲེལ་བ་བྱུང་ཚུལ། ས་རྟ་༡༦༡༨ལོར་ཏཱ་མིང་གོང་མའི་འབུལ་ཆེན་འབྱོར། ཀར་རབས་རིམ་བྱུང་དང་ཏཱ་མིང་གོང་མ་རིམ་བྱུང་བར་གྱི་འབྲེལ་བ་ནི་ལོ་རབས་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཡིན་མོད། སྐུ་རབས་འདིར་གོང་མས་གསེར་ཡིག་པ་འབྱོར་བ་ཐེངས་དང་པོ་དེ་ཡིན་ལ། དེ་ནས་མུ་འཐུད་སྤྱི་ལོ་ ༡༦༤༤ བར། སྲིད་འགྱུར་ཉམས་ཉེས་མ་བྱུང་བར་དུ་སྐུ་རབས་གོང་མའི་ལོ་རྒྱུས་ལྟར་གོང་མའི་བླ་ན་བཀུར་འདུག ཏཱ་མིང་རྒྱལ་རབས་ནི་ཧན་མི་རིགས་རང་གིས་རང་ཉིད་ཀྱི་རྒྱལ་ཁབ་བཟུང་བའི་རྒྱལ་རབས་ཤིག་ཡིན་ཞིང་། གོང་མ་འདི་ནི་ཧན་མི་རིགས་རང་ཉིད་ཀྱིས་རང་གི་རྒྱལ་ཁབ་སྐྱོང་པའི་མཐའ་མཇུག་གི་གོང་མ་དེ་ཡིན།
ཡུ་གུར་ཁརྵ་རྒྱལ་པོ་དང་འབྲེལ་བ། སྤྱི་ལོ་༡༦༤༢ལོར་ཡུ་གུར་ཁརྵ་རྒྱལ་པོས་ཀྱང་འབུལ་ཚན་འབྱོར་འདུག ད་དུང་ཡུ་གུར་ཆ་གར་རྒྱལ་པོའི་བསྔོ་རྟེན་མུ་ཏིག་གི་ཕྲེང་བ་གསེར་སྲང་བྱེ་བ་རི་བ་སོགས་དང༌། སྐྱབས་ཆེ་བླ་མ་སོགས་ཀྱིས་དར་གོས་སོགས་ཀྱི་འབུལ་ཆེན་འབྱོར། འདིའི་ཐོག་ནས་སྐུ་རབས་གོང་མའི་སྐབས་ནང་བཞིན་ལི་ཡུལ་ནས་རྗེ་ཉིད་ལ་རྩི་བཀུར་ཆེན་པོ་བྱེད་བཞིན་པ་འདི་ཤེས་ཐུབ། ཡུ་གུར་ནི། གནའ་བོའི་ལི་ཡུལ་དང་། དེང་སང་གི་ཤིན་ཅང་ཞེས་འབོད་པའི་ས་ཁུལ། ཏུར་ཀི་སི་ཐན་གྱི་རྒྱལ་ཁབ་ད་ལྟར་རྒྱ་ནག་གི་མངའ་ཁུལ་ཤིན་ཅང་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་སུ་གྱུར་པ་འདི་ཉིད་ཡིན། ས་གནས་དེ་དག་ཏུ་འང་བོད་ཀྱི་བླ་ཆེན་སྤྱི་དང་ཡང་སྒོས་རྒྱལ་བ་ཀརྨ་པའི་འཕྲིན་ལས་ནི་ཉི་མ་དང་ཟླ་བ་ལྟར་གྲགས་ཤིང་གྲུབ་པའི་ལོ་རྒྱུས་ཉུང་ཉུང་མིན།
  འཇང་རྒྱལ་པོ་ཀརྨ་འཆི་མེད་ལྷ་དབང་དང་མཆོད་ཡོན་འབྲེལ་བ་བྱུང་ཚུལ། འཇང་རྒྱལ་པོ་དང་དངོས་སུ་མཇལ་འཕྲད་བྱུང་བ་ནི་སྤྱི་ལོ་༡༦༤༩ལོར་ཡིན། དེ་སྔོན་སྐུ་རབས་གོང་མའི་སྐབས་ནས་རང་གི་ཡབ་འཇང་རྒྱལ་པོ་བསོད་ནམས་རབ་བརྟན་སྐབས་ནས་མཆོད་ཡོན་བཟང་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་གཞི་བཅོལ་ནས། སྐུ་རབས་འདི་ཉིད་ལ་སྐུ་ན་ཆུང་དུས་ནས་སྔ་ཕྱིར་འབུལ་ཚན་དང་སྐྱབས་ཞུའི་མི་སྣ་ཐེངས་མང་བོད་དུ་འབྱོར། སྐུ་རབས་འདི་ཉིད་འཇང་ཡུལ་བཞུགས་པའི་རིང་ཕྱི་ནང་གི་སྲིད་ཞུ་རྒྱ་ཆེར་བསྐྲུན་པའི་རྣམ་ཐར་འགོང་ཆེ། ཀྃ་ཚང་གསེར་ཕྲེང་ལས་གསུང་པ་ལྟར་ན། འཇང་གི་རྒྱལ་བརྒྱུད་ནི། ལྷ་རིས་གནམ་ལས་བབ་པ་དང་པོར་འཇའ་ཁྲ་འབུ་ཐང་ཟེར་བ་ལས་མཆེད་པ་ཡིན་ཟེར། བོད་ཆོས་རྒྱལ་གྱི་གདུང་རིགས་བནྡེ་ཨ་ཙུ་ཟེར་བའི་རིགས་ཡིན་ཡང་ཟེར། གང་ལྟར་ཡང་རྒྱལ་རབས་བཅོ་ལྔ་ཙམ་འདྲེན་རྒྱུ་འདུག  ཀར་རབས་བདུན་པ་ཡན་ཆད་དུ་འཇང་ཡུལ་འདི་གནམ་མཆོད་ཅིང་ཕ་མ་ཤི་བའི་དོད་དུ་ལོ་བསྟར་བཞིན་སྲོག་གཅོད་པའི་མཆོད་པ་བྱེད་པ་ཞིག་ཡིན་འདུག་ཅིང༌། ཀར་རབས་བརྒྱད་པ་མི་བསྐྱོད་རྡོ་རྗེ་ཡུལ་འདིར་ཕེབས་སྐབས་གླང་པོ་ཆེས་ཕྱག་ཕུལ་བ་དང༌། གླང་པོ་ཆིབས་དུས་དུལ་བའི་སྤྱོད་པས་ས་ལ་ཉལ་བས་ལྷ་ཡིན་པར་འདུག་བསམ་ནས། གང་གསུངས་པ་མཉན་ཏེ་དགེ་བཅུའི་ཁྲིམས་ལ་བཀོད། དེ་ནས་རྗེ་ཀརྨ་པའི་བསྟན་པའི་སྦྱིན་བདག་ཏུ་གྱུར་པ་ཡིན་ནོ། །འཇང་ཡུལ་ལ་སྐབས་དེར་མི་ཁྱིམ་འབུམ་དང་ཉི་ཁྲི་གཅིག་སྟོང་ཡོད་པར་གྲགས།[4]
  མན་ཆིང་གོང་མ་ཧྲུན་ཀྲི་(顺治ཐབས་སྐྱོང་རྒྱལ་པོ།) དང་འབྲེལ་བ་བྱུང་ཚུལ། མན་ཆིང་ནི། དེང་སང་གི་ཧེ་ལུའུ་ཅང་འབྲུག་ནག་གཙང་པོཞིང་ཆེན་སོགས་རྒྱ་ནག་བྱང་ཤར་ཁུལ་གྱི་མི་རིགས་ཤིག་ཡིན། མི་རིགས་འདིས་༡༦༤༤ -༡༩༡༡རྒྱ་ནག་ལ་བཙན་འཛུལ་བྱས་ཏེ་ཏཱ་མིང་གོང་མ་པོག་ཏ་བཀྲོངས། རྒྱ་ནག་ཡོངས་སུ་དབང་བསྒྱུར་བྱས་རྗེས་སུ་བཙུགས་པའི་རྒྱལ་རབས་ཤིག་ཡིན་ལ། ད་ལྟའི་བར་བོད་རྒྱའི་དཀའ་རྙོག་སྡོམ་ཐག་ལྟར་འཛིངས་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཀྱང་ཡིན། མན་ཆིང་མི་རིགས་རྣམས་སྐུ་རབས་གོང་མའི་སྐབས་ནས་དད་པ་ལྡན་པའི་ཐོག ཏཱ་མིང་མན་ཆིང་གིས་དབང་བསྒྱུར་ཟིན་པའི་རྗེས་སུའང་མན་ཆིང་གིས་བོད་ཀྱི་བླ་ཆེན་ཚོར་འབྲེལ་བ་འཛུགས་རྒྱུ་དོ་སྣང་ཆེན་པོ་གནང་གི་ཡོད་པ་དང༌། དེ་ཡང་ཆབ་སྲིད་ཀྱི་སྟོབས་ཤུགས་ཐོག་ཕན་ཚུན་རམ་འདེགས་ལ་དམིགས་ནས་ཡིན་པས། དབུས་ཀྱི་རྒྱལ་དབང་ཡབ་སྲས་ལའང་འབྲེལ་བ་ཆེད་འཛུགས་ཞུས་པ་དེ་དང་ཆབས་གཅིག རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་གནས་སྐབས་ཀྱི་གནས་བབ་ཇི་ཙམ་ཉམས་ཉེས་སུ་གྱུར་ནའང་། ཆབ་སྲིད་ཀྱི་རྒྱབ་བཅོལ་པའི་ཆེད་དུ་མིན་པར་དོན་དངོས་ཀྱི་དད་གུས་དང་ཆེ་མཐོང་མཚོན་པའི་གསེར་ཡིག་དང་འབུལ་ཚན་འདོགས་མཁན་གཏོང་གནང་མཛད་པའི་ལོ་རྒྱུས་ཀྱང་རྣམ་ཐར་ནང་གསལ་བ་ལྟར་ཡིན།
   སོག་པོའི་རྒྱལ་རིགས་ཁག་དང་འབྲེལ་བ།  སྐབས་འདིའི་སོག་རིགས་ཁག་ནི། སོག་པོའི་ས་ཆ་ནས་མིན་པར། མི་སྣ་དེ་རིགས་སོག་ཡུལ་ནས་རྐུ་ཇག་ཁྲམ་པའི་བྱེད་བབ་ཐལ་ཆ་ཆེས་དྲགས་པས། རང་ཡུལ་དུ་ས་མ་ཆགས་ནས་བོད་ཤར་ཕྱོགས་མདོ་སྨད་མཚོ་སྔོན་མོ་ཆབ་ཆ་སོགས་སུ་བཙན་འཛུལ་གྱིས་གཏན་གཞིས་ཆགས་པའི་སོག་རིགས་ཚོ་ཡིན། དེ་ལ་ནང་གསེས་ཇག་ཚོགས་ཆེ་ཁག་གཉིས་ཏེ། གཅིག་ནི་ཧི་པིང་ལི་སྟེ་ཇག་ཚོག་ཁྲི་ཚོ་བརྒྱད་ཀྱི་མགོ་དཔོན་ཡིན་ལ། མཚོ་སྔོན་ཁུལ་དུ་སྟོབས་ཤུགས་ཆེ་ཤོས་དེ་ཡིན།[5] གཅིག་ཤོས་ནི་སོག་པོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་ཏེ།[6] སོག་ཇག་ཁྲི་ཚོ་གཉིས་ཀྱི་མགོ་དཔོན་ཡིན། སོག་པོ་རྒྱལ་པོ་ཧི་པིང་ལི་ནི། དེ་སྔོན་རྒྱལ་དབང་ཀརྨ་པར་དད་པ་ལྡན་ཞིང་གཙང་པ་སྡེ་སྲིད་དང་འབྲེལ་བ་ཟབ་པའི་སོག་པོའི་དཔོན་རིགས་ཆེ་ཤོས་དེ་ཡིན། ཁོ་བས་རང་ཉིད་བོད་དབུས་གཙང་ཁུལ་དུ་མགོ་ཐར་དཔུང་འཇུག་གི་ཆེད། གཙང་སྐྱོབ་དགེ་གཏོར་གི་དར་ཆ་འཕྱར་ནས། རང་གི་བུ་ཚ་ཨར་ས་ལང་ལ་སོག་དམག་ཁྲི་ཕྲག་ཁྲིད་ནས་དབུས་སུ་བརྫངས་པ་དེ་ཉིད། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ལ་མཇལ་བཅར་ཞུ་སྐབས། དམག་འཐབ་ཁྲག་སྦྱོར་ལ་ཐུགས་རྩ་ནས་མཉེས་པོ་མེད་སྟབས། མཇལ་ཁ་ཙམ་ཡང་མ་གནང་བར་ཕྱིར་སློག་གནང་བ་འདིར་གཙང་ཕྱོགས་ཀྱི་ཆེ་མཐོ་མང་པོ་ཞིག་བློ་ལོག་པ་བྱུང་མོད། བློ་གཟུ་བོར་གནས་མཁན་ཞིག་གིས་བལྟས་ན། ཆོས་སྲིད་གཉིས་ཐད་ནས་བརྗེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་རྡོ་རིང་གལ་ཆེ་ཞིག་བསྐྲུན་པ་རེད་སྙམ། གནས་ཚུལ་འདི་གོ་བས་ཁམས་ཀྱི་བེ་རི་རྒྱལ་པོ་བོན་པོ་ཡིན་ཡང་ཡིད་ཆེས་ཏེ། སོག་པོའི་སྣེ་ལེན་མི་བྱེད་པ་དེ་ཀརྨ་པ་རང་ཡིན་འདུག་ཅེས་སྔར་ཕེབས་ལམ་བཀག་པ་ལ་བཤགས་པ་ཕུལ།[7]
   སོག་རྒྱལ་མཁའ་འགྲོ་བསྟན་སྐྱོང་ནི། གོ་ཤྲི་བསྟན་འཛིན་རྒྱལ་གྱི་ཚ་བོ་ཡིན། སོག་ཇག་གིས་བོད་སར་བཙན་འཛུལ་བྱས་སྐབས། འབའ་ལི་རྒྱལ་གསུམ་དང་། ཕྱག་ཕྲེང་། འདབ་པ། རྫ་ཡུལ། རྨི་ལི་བཅས་པའི་སྤྱི་ཁྱབ་ཀྱང་འདི་ཉིད་ཡིན་ལ། ཁམས་ཀྱི་ཀར་དགོན་བརྒྱ་ཕྲག་དུ་མ་གཏོར་གཤིགས་དང་། གྲྭ་བླ་ཁྲི་ཕྲག་མང་པོའི་ཚེ་སྲོག་ལ་གོད་ཆག་གཏོང་མཁན་ཡང་འདི་ཉིད་ཡིན་ལ། འདབ་པ་རྫོང་ཁུལ་གཅིག་པུར་ཡང་བཀའ་དགོན་༡༣༠གཏོར་ཚུལ་དཀར་མཛེས་ཁུལ་གྱི་དགོན་སྡེ་ལོ་རྒྱུས་ནང་གསལ།[8] འདི་ཉིད་སྡེ་སྲིད་རྒྱ་ལེའི་ཁ་ཕྱོགས་སུ་རྒྱུགས་ནས་བཀའ་བསྟན་དུག་ནང་བཞིན་རྩི་མཁན་ཞིག་ཀྱང་ཡིན་མོད། རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་ཕེབས་ནས་ཕྱོགས་དེར་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འཇང་རྒྱལ་པོ་ལ་དམག་འཐབ་མི་ཉན་པའི་བསླབ་བྱ་དང་དགོན་སྡེ་དུ་མ་གསར་འཛུགས་བྱས་པ་སོགས། ཆོས་དང་མཐུན་པའི་སྙན་གྲགས་ལ་བརྟེན། དཔོན་མཁའ་འགྲོ་ཡང་སྔར་བྱས་འགྱོད་སེམས་དྲག་པོས་རྒྱལ་དབང་ཀརྨ་པར་དངོས་སུ་མཇལ་བཅར་ཞུས། ཚུལ་དེ་དབུས་ནས་གོ་སྟེ་གོ་ཤྲིས་རང་གི་ཚ་བོ་ལྐོག་གསོད་གཏོང་མཁན་དབུས་ནས་ཆེད་གཏོང་བྱས་པའི་ལོ་རྒྱུས་ཀྱང་དེབ་ཐེར་གཞན་དང་གཞན་ན་གསལ།[9]
  སོག་པོ་ཆེ་ཆེན་དཔོན་པོ་སོགས་སྤྱན་འདྲེན་ལ་སླེབ་པས་སོག་ཡུལ་དུ་ཆིབས་བསྒྱུར་གནང༌། རྒྱལ་པོ་ཆེ་ཆེན་དའི་ཆིང་སྡེ་དམངས་བཅས་ཀྱིས་མཇལ། དེ་ཕྱོགས་ཀྱི་སྐྱ་སེར་ཐམས་ཅད་སྲོག་བཅད་སྤངས་པའི་སྡོམ་པ་ལ་བཀོད་པའི་འགྲོ་དོན་སྐྱོང་ཚུལ་ཡང་རྣམ་ཐར་ན་གསལ།
   ཆ་གར་རྒྱལ་པོའི་བསྔོ་རྟེན་མུ་ཏིག་གི་ཕྲེང་བ་གསེར་སྲང་བྱེ་བ་རི་བ་སོགས་དང༌། སྐྱབས་ཆེ་བླ་མ་སོགས་ཀྱིས་དར་གོས་སོགས་ཀྱི་འབུལ་ཆེན་འབྱོར་བ་དང་། གཞན་ཡང་དབུས་གཙང་ཁུལ་གྱི་སྡེ་པ་མི་དྲག་ཁག་དང་། ཁམས་ཀྱི་རྒྱལ་ཕྲན་ཕལ་བོ་ཆེས་དད་གུས་ཆོས་ཞུ་དང་། གསོལ་འདེབས་འབུལ་ཆེན་གཏེགས་པ་སོགས་ཀྱི་ལོ་རྒྱུས་ཤིན་ཏུ་རིང་ཞིང་མང་བས་འབྲི་བ་མི་ནུས་པས་ཆེ་ལོང་ཙམ་བྲིས་པ་ལགས།
  མདོར་ན་རྒྱལ་བ་ཀརྨ་པ་དེ་ཉིད་དུས་འགྱུར་དང་དམག་འཁྲུགས་ཀྱི་རླུང་རླབས་ཤུགས་ཆེར་གཡོ་བའི་ཁྲོད། གངས་ཅན་འགྲོ་བའི་བསོད་ནམས་ཀྱི་འཕེལ་གྲིབ་དང་འགྲོགས་ཏེ། མཚོ་རླབས་སྟེང་གི་གྲུ་ཆེ་དང་རླུང་རླབས་ཁྲོད་ཀྱི་དར་ཆེན་བཞིན་མཐོ་བར་འཕར་བ་དང་དམའ་བར་བབ་པ། ཤར་བསྐྱོད་ནུབ་གཡོའི་འགྱུར་འགྲོས་ཇི་ཙམ་ཕྱིན་ནའང་རྒྱལ་ཁབ་ཕྱི་ནང་གི་བླ་དཔོན་ཆེ་རྒུས་ཆེ་མཐོང་གུས་ཞབས་ལ་འགྱུར་བ་གང་ཡང་མེད་པར་རྟག་བརྟན་ཐེར་ཟུག་གི་རང་བཞིན་དུ་གནས་པའང་ལོ་རྒྱུས་འདི་དག་གི་ཐོག་ནས་མཁྱེན་ངེས་སྙམ།
 
  ༸ གོང་ས་ལྔ་པ་ཆེན་པོས་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ལ་གཟིགས་སྟངས།
   གོང་ས་ལྔ་པ་ཆེན་པོ་ནི་དམ་པའི་ཆོས་དང་རིག་གཞུང་ཐོག་བཅུ་ཕྲག་ཤེས་བྱའི་གནས་ལ་འཆད་རྩོད་རྩོམ་པའི་འཁོར་ལོས་བསྒྱུར་བའི་ངེས་དོན་གྱི་མཁས་པ་ཆེན་པོ་ཞིག་ཡིན་པར་མ་ཟད། སྡེ་བཞིའི་སྲིད་ཀྱི་ཐོག་ལའང་སུས་ཀྱང་འགྲན་དུ་མེད་པའི་དཔའ་མཛངས་རྟུལ་ཕོད་དང༌། རྒྱལ་སྐྱོབ་དམངས་སྐྱོང་གི་མཛད་འཕྲིན་ཤིན་ཏུ་ཡངས་པ་ཞིག་ཡིན་ལ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་བོད་ཀྱི་དབུ་ཁྲིད་གནང་མཁན་དང་པོ་དེ་ཡང་ཡིན།
ཁོང་གིས་རྗེ་ཆོས་དབྱིངས་རྡོ་རྗེ་ལ་གཟིགས་སྟངས་ཐད། ཁོང་ཉིད་དགུང་ལོ་ཆུང་ངུའི་སྐབས་ནས། ས་སྐྱ་གོང་མ་དང་། ཀརྨ་པ་ཞྭ་དམར་ནག ཇོ་ནང་ཏཱ་ར་ན་ཐ་བཅས་སྐབས་དེར་བོད་མདོ་དབུས་སྐོར་གསུམ་དུ་རྩོད་མེད་ཡོངས་གྲགས་ཀྱི་བླ་ཆེན་དེ་དག་ལ་འདྲ་མཉམ་དང་འགྲན་བསྡུར་གནང་རྒྱུ་ཐུགས་ཀྱི་ཟུར་དུའང་མེད་པར་ངེས་ཏེ། དུ་ཀཱུ་ལའི་གོས་བཟང་ལས།[10] གཙང་པས་དགེ་ཕྱོགས་ཆོས་སྡེ་རྣམས་ལ་མཆོད་གནས་འཚོལ་བའི་ཆོས་མཐོང་ཡང་དགའ་མོ་འདུག སེར་འབྲས་ལ་དམག་ཕོག་པ་ནི་ལྷ་ས་དང་རི་མགོར་སྡེ་གཟར་དེ་འདྲ་བྱུང་བའི་ལན་དུ་གདའ། ས་སྐྱ་གོང་འོག ཀརྨ་པ། ཇོ་ནང་པ་གསུམ་ནི་རྩ་བའི་བླ་མར་སོང་བས་འགྲན་ཟླར་ཅི་ལ་ཡོང་། དེ་ཕྱིན་དགེ་ལུགས་བསྟན་པའི་ལ་རྒྱ་དང་དགའ་ལྡན་ཕོ་བྲང་སྒེར་གྱི་སྟོབས་འབྱོར་གྱིས་ཀྱང་འཐུས་པ་ནས་བྱེད་རྒྱུ་མངས་ན་སྔར་ཁ་ཡར་བྱུང་འདུག་པ་ལྟར་ད་ལྟར་ཡོད་པ་འདིའང་དམིགས་མེད་དུ་རྒྱས་འདེབས་པ་ཡོང་ཉེན་ཆེ་སོགས་ཞུས་པར། ཞལ་ངོས་ཅི་ཟེར་བཞིན་ཡིན་ནམ། དགེ་ལུགས་ལ་འཐུས་པའི་དབང་དུ་བྱས་ཀྱང་འཕྱོངས་རྒྱས་པའི་གནས་ཚུལ་གསུངས་པར། གཙང་པ་དང་འཕྱོངས་རྒྱས་པའི་བར་འཕྱོངས་རྒྱས་པ་རང་མ་འདྲ་བ་ལས་གཙང་པར་འཁང་ར་བྱེད་རྒྱུ་མེད། གལ་ཏེ་དགྲ་ཤ་བླངས་ཀྱང་ང་འཕྱོངས་རྒྱས་པའི་མི་མཇུག་ཐམས་ཅད་མཁྱེན་པའི་གདན་སར་སྡོད་པའི་བཙུན་པ་ཞིག་བན་ལོག་ལ་མི་འཆར་ཐག་ཆོད་ཀྱི་གསུང་གླེང་ཞིབ་པར་མོལ། ཞེས་འབྱུང་བ་དང༌། དབུས་གཙང་གི་སྡེ་གཟར་རབས་དང་རིམ་པར་བྱུང་བ་དེ་རིགས་ཀྱང༌། ཐོག་མར་དབུས་ཕྱོགས་ནས་མ་འགྲིག་པ་རང་ལ་ངོས་འཛིན་གནང་འདུག་སྟེ། དཔེར་ན་སྐུ་གོང་མ་རྒྱལ་དབང་ཡོན་ཏན་རྒྱ་མཚོའི་སྐབས། དབུས་གཙང་ནང་འཁྲུགས་ཚབས་ཆེན་བྱུང་བ་དང༌། ཕྱག་མཛོད་རྒྱ་ལེས་ཇུས་བཏིང་ཏེ། སྒོ་མང་ཀུན་མཁྱེན་གུང་རུ་བ་དང༌། ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པ། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང༌། རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་སྡེ་པ་ཡར་སྐུ་གཙང་གསུམ་གྱི་མིང་བྱང་བཀོད་ནས་མངོན་སྤྱོད་ཀྱི་ལས་སྦྱོར་རྣམ་གྲངས་མང་པོ་གནང་པར། དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་ཆོས་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ཐུགས་མ་རངས་ནས། ཐོག་མར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ལ་གོ་རིམ་མ་ལོག་པར་འཁྲིད། དེ་ནས་རྡོ་རྗེ་ཐེག་པའི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་རིམ་པ་རྣམས་མཛད་དགོས་པ་ལ། སྐུ་ཡོན་གཞན་རྣམས་འབུལ་བའི་མགོ་བྱིང་ཙམ་ཡང་མ་དོད་པར། གཤིན་རྗེ་འཁོར་ལོ་སོགས་དྲག་པོའི་ལས་སྦྱོར་ལ་བཙན་ཁྲིད་བྱེད་པ་འདི། དབེན་ས་རྗེ་དྲུང་གི་མཛད་ལུགས་ཐུགས་ལྷིས་མ་མཐིངས་པ་ཡིན་ཞེས་ཀྱང་གསུངས་ཚུལ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ན་གསལ།[11] སྐུ་གོང་མ་ཞི་བར་གཤེགས་རྗེས་གཙང་པས་ཡང་སྲིད་ངོས་འཛིན་མི་ཆོག་པར་བཟོས་པའི་རྒྱུ་མཚན་ཡང་འདི་ལ་ཐུག་པ་ཡིན། དོན་སྐྱོན་འདིའི་རྐྱེན་པས་དབུས་གཙང་གི་སྡེ་གཟར་ཚབས་ཆེན་བྱུང་བའི་མཇུག་འབྲས་དགེ་བསྟན་ཆགས་འཇིག་ལ་གྱར་པའི་གནས་སུ་ལྷུང་བ་དེ་བྱུང་འདུག
  ད་དུང་དེ་ལས་ཁ་གསལ་བ་ཞིག་ནི། ཕོ་བྲང་པོ་ཏ་ལ་གསར་རྒྱག་ཇི་ལྟར་བྱས་རིམ་ཐད། དུ་ཀཱུ་ལའི་གོས་བཟང་ལས། སྤྱི་ལོ་༡༦༤༣བོད་ཆུ་ལུག་ལོར་ ྋགོང་ས་ཏཱ་ལའི་བླ་མ་མཆོག་སེ་ར་ཐེག་ཆེན་གླིང་དུ་བཞུགས་དུས གླིང་སྨད་ཞབས་དྲུང་རིན་པོ་ཆེ་གསང་ཕུ་ནས་ཕེབས། སེ་ར་གཟིམས་ཁང་གི་ཐོག་ཏུ་ཞབས་འཆག་སྐབས། གཟིགས་རྟོག་གནང་བའི་རྙིང་མའི་ལུང་བསྟན་འདྲ་ལ་ཡོད་ཟེར་བ་བདེན་མི་བདེན་ཇི་ལྟར་ཡང༌། དམར་ལྕགས་གཉིས་སྦྲེལ་བའི་བཙན་རྫོང་ཤིན་ཏུ་རྒྱ་ཆེ་བ་ཞིག་བྱུང་ན་སེ་འབྲས་གཉིས་དང་ཟུང་དུ་འའབྲེལ་བའི་འཕྲལ་ཕུགས་སུ་བརྟན་བརླིང་ཆེ་ཞིང༌། ཐུགས་རྗེ་ཆེན་པོའི་གནས་ཡིན་པས་མ་ཎི་སྒྲུབ་སྡེ་ཞིག་ཚུགས་ན་མཆོད་ཡོན་གོ་ཤྲི་དང་སྡེ་པ་ཟུང་གཉིས་ཀྱི་སྐུ་སྡིག་སྦྱོང་བ་ལ་ལེགས་ཚུལ་ཕེབས་པར། སོག་པོ་ཡོད་རིང་ནི་སྐྱོན་མི་ཡོང༌། དེ་མིན་རྫོང་ལ་འཕྲ་བའི་ཐུགས་རྩིས་སྡེ་པ་ལའང་ཡོད་མདོག་མ་ཁ་ཞུས་པས། དེ་ལྟར་ན་བདེ་གཟར་འདི་འདྲ་སློང་དོན་ཅི་ཡོད། ཐུགས་ལྷུས་ཐིང་པོ་མཛད་ལོས་དགོས། སྔར་ཡང་བདེ་གཟར་འབྲེལ་མེད་རེ་བསླངས། མཐའ་མ་ཚེས་པར་བྱང་ལ་བྲོས་པས་བསྟན་པ་ལ་ཉམས་ཆག་བྱུང་བ་ཡིན། ཞེས་གསུངས་ལ་ལས་གསལ་བར་ཤེས་ནུས་པ་ཞིག་རེད།
  ༸གོང་ས་སྐུ་རབས་སྔ་ཕྱི་གཉིས་ཀའི་སྐབས། གཙང་པ་སྡེ་སྲིད་ཀྱིས་དབུས་གཙང་གི་མཐུན་ལམ་དང་ཆོས་ལུགས་ཀྱི་དབྱེ་ཟླུམ་གང་ནུས་གནང་འདུག་སྟེ། སྡེ་པ་གཙང་པའི་མ་ཡུམ་གྱིས་རྒྱལ་དབང་ཡོན་ཏན་རྒྱ་མཚོ་ལས་བཀའ་ཆོས་གསན་ཞིང་མཆོད་ཡོན་དབར་བཟང་ཕྱོགས་ཀྱི་འབྲེལ་བ་གང་ལེགས་བསྐྲུན་འདུག་པ་དང་། གཙང་པ་སྡེ་སྲིད་རང་ཉིད་ཀྱིས་ཀྱང་ཐུགས་དཀྱེལ་ཆེན་པོས་རྒྱལ་དབང་ཡོན་ཏན་རྒྱ་མཚོ་སྐུ་དངོས་ལ་ཚེ་དབང་ཞུས་ཀྱང་། རང་ཕྱོགས་ཀྱི་ཞེན་ཁོག་ཅན་དག་གིས་བཀག་ནས་མཇུག་འབྲས་ལམ་ལྷོངས་ཡག་པོ་མ་བྱུང་ཚུལ་ཡང་། དུ་ཀཱུ་ལའི་གོས་བཟང་ནང་གསལ་ཏེ། དེ་ཉིད་ལས། གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ལྷ་སར་ཕེབས། ཚེ་དབང་བརྒྱ་ཚར་དང་ཡན་ལག་བརྒྱད་པའི་སྡོམ་པ་ཞུ་བའི་སྙན་གསན་བྱུང་བ། གནང་ཐུབ་ན་མཆོད་ཡོན་ཚང་མ་ལ་སླེབས་དཀྱུས་ཆེ་བ་ཡོང་རྒྱུ་ཡིན་འདྲ་ཡང་། རབ་འབྱམས་པ་བསོད་ནམས་གྲགས་པས། སྡེ་བ་གཙང་པ་བསྟན་དགྲ་ཡིན་པས་དེ་འདྲ་བ་གནང་མི་རིགས། མྱུར་དུ་བསྒྲལ་བ་ཡིན་ཞེས་བཀག[12] ཅེས་གསུངས་པས་སོ།  ༸གོང་ས་ལྔ་པའི་སྐབས་གཙང་པ་སྡེ་པས་སེར་འབྲས་ཀྱི་ལྷ་ལྡན་སྨོན་ལམ་ནང་འགྱེད་དང་གཏོང་རྩ་བཞག་པ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པས་གཙང་པ་སྡེ་སྲིད་ཀྱི་ཞབས་བརྟན་མཛད་པ་ཚོགས་སུ་ཡག་པོ་འདོན་ཁ་མ་ཉན་པ་སོགས་ཀྱི་མཇུག་འབྲས་ཡག་པོ་མ་བྱུང་བ་ཡང་། རང་ཕྱོགས་ཀྱི་ལན་པ་ཁོ་ནར་ངོས་འཛིན་གནང་འདུག་སྟེ། དེའི་སྐོར་དུ་ཀཱུ་ལའི་གོས་བཟང་ལས།[13] པཎ་ཆེན་རིན་པོ་ཆེའི་ཐུགས་རྩོམ་གྱི་གཙང་སྡེ་སྲིད་ཀྱི་བརྟན་བཞུགས་དེ་སྨོན་ལམ་ཚོགས་ཆེན་ལ་འཛུགས་དགོས་ཚུལ་ཕེབས་པ་བཞིན་ཞལ་ངོས་ཐུགས་ཁུར་བཞེས་ཀྱང་གྲྭ་དམངས་ཀྱིས་གསུང་མ་ཉན་པར་དབུ་མཛད་གཅིག་པུས་རྒྱུགས་སྤྲོད་པ་ལྟ་བུས་གཙང་པའི་མི་སྣས་མཐོང་སར་མཛེས་ལམ་ཆུང་བ་བྱུང་སོང་། ཁོང་དཔོན་བློན་རྒྱུ་མཚན་འདི་འདྲའི་རིགས་ལ་བརྟེན་རང་ཕྱོགས་ལ་མི་མཉེས་པ་ནི་གཟུར་གནས་ཀྱིས་བལྟས་ན་ཐུགས་བདེན་པར་གདའ། ཞེས་གསུངས་འདུག   གཙང་སྲིད་ཡོངས་སུ་གཏོར་བའི་རྗེས་ནས་གཙང་པ་སྡེ་སྲིད་ལ་ལྟོ་སྐལ་གཞིས་ཀ་ཆུང་ངུ་ཞིག་སྤྲོད་ནས་བཞག་རེ་ལས་བཀྲོངས་རྩིས་མེད་པར་མ་ཟད། ད་དུང་༸གོང་ས་ལྔ་པ་སྐུ་དངོས་ཀྱིས་མཇལ་འཕྲད་བྱེད་འདོད་ཀྱང་བྱུང་འདུག་སྟེ། དུ་ཀཱུ་ལའི་གོས་བཟང་ལས།[14] མཛད་པ་ལ་དཔགས་ན་སྡེ་སྲིད་དེ་ཆོས་རྒྱལ་ཞིག་ཡིན་པ་འདྲ་བསམ་པ་ཤར། ངེད་རང་གིས་ལས་སྦྱོར་མང་བའི་སྟབས་ཀྱིས་ངོས་མཇལ་དང་རྒྱུན་འགྲུལ་བྱེད་མ་ནུས། དེ་འདྲའི་དོགས་པ་མ་དགོས་ན། དབུས་ཕྱོགས་ནས་གསོལ་སྐལ་རྟེན་ཐུབ་དང་བཅས་པའི་སླུ་ཞབས་སུ་མ་སོང་ཙམ་ཞིག་ཐུབ་པ་འདུག ཞེས་གསུངས་པ་ལས་ཤེས་ནུས་པ་ཞིག་རེད།
  དེར་བརྟེན་༸གོང་ས་ལྔ་པ་རང་ངོས་ནས་གཙང་སྲིད་དང་ཀར་ལུགས་གཉིས་ཀར་དེ་ཙམ་སྡང་པོ་གནང་མི་འདུག་ལ། རང་གི་ཨ་ཞང་གཙང་པ་སྡེ་པའི་སྐུ་སྲོག་དང་། ས་བཀའ་རྙིང་གསུམ་གྱི་ཆོས་བརྒྱུད་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་མི་དགོས་པར་རང་འཇགས་ཐོག ཚུར་རྒོལ་མ་བྱུང་ན་ས་རིས་བདག་རྐྱེན་དང་བཅས་པ་རང་འཇགས་བཞག་རྒྱུ་རང་གི་ཐུགས་འདུན་ཤུགས་ཆེར་གནང་འདུག་པའང་ལོ་རྒྱུས་ཀྱི་བབ་ལས་ཟུར་བལྟས་ལེབ་མཐོང་ནུས་ཤིང་། དུ་ཀཱུ་ལའི་གོས་བཟང་ལས།[15] གོ་ཤིས་གོང་ས་ལྔ་པར་བོད་ཀྱི་རྒྱལ་སྲིད་ཕུལ་དུས། འདི་རིགས་དམ་ཆོས་སྒྲུབ་པའི་གྲོགས་སུ་ནི་ག་ལ་འགྲོ།   འོན་ཏེ་བོད་འདིར་མགོ་ཆིངས་ཤིག་ཡོད་ན་དུས་ཀྱང་བདེ་ཞིང༌།  ས་བཀའ་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང༌། ཞེས་གསུངས་པ་ལས་ཤེས་ནུས་པ་ཞིག་རེད།
ཀར་བསྟན་ཆགས་འཇིག་ལ་སོང་བའི་གཞི་རྩ་ངོས་འཛིན་གནང་སའི་ཇ་མ་ཆོས་དབྱིངས་ཀྱི་གའུ་ནས་ཐོན་པའི་ཡི་གེ་ཞེས་སྒྲོགས་པ་དེ་ཡང། དུ་ཀུ་ལའི་གོས་བཟང་ལས།[16] སྒར་པའི་མི་སྣ་ཇ་མ་ཆོས་དབྱིངས་བཙོན་དུ་བཟུང་བའི་ག་འུའི་ནང་དུ། རྒྱལ་པོ་མཆོད་ཡོན་བཀྲོངས། པཎ་ཆེན་རིན་པོ་ཆེ་དང་ངེད་དཔོན་སློབ་གཉིས་ཀོང་པོར་བཙོན་ལ་འཁྲིད། དགེ་དགོན་རྣམས་བཤིགས། སྐུ་རབ་པ་ལ་ལྕགས་སྤྲེལ་བདེ་གཟར་གྱི་དུས་ལ་ཆ་བཞག་གི་རྫོང་གཞིས་གཏོད། འཕྱོངས་རྒྱས་རི་སྒོ་འོལ་དགའ་གསུམ་རྩེ་ཟུར་ཞོལ་གསུམ་གྱིས་འཛིན། གོང་དཀར་སྒར་པའི་ཕྱག་མཛོད་ཁུངས་བྱེད། བྱ་པས་ངོ་ལོག་རྒྱག་གཤིས་ད་ལྟ་ཕན་རང་འཇགས། གཉལ་དང་འོལ་དགས་མཚོན་པའི་ས་ཚབ་སྐུ་རབ་པ་ལ་བཞག་ནས་སྤྲོད། རིན་སྤུངས་པ། ལྷོ་སྟོད་པ་སོགས་བཀག་པོ་རྣམས་ཚང་འཛུད་པའི་གཙང་པ་གཞིས་ཀ་སྣེའུར་ཡོད་པ་བཏོན་པའི་ཁྱོད་ཀྱིས་ས་སྐྱ་བ་དང་ཇོ་ནང་པའི་སྦྱིན་བདག་བྱས་ཏེ། ཀར་ལུགས་པ་འབའ་ཞིག་མ་བྱས་པའི་བསྒྱུར་བྱང་བཏང་ངོས་གཞིས་ཀ་རྩེ་དང་ཤངས་རྣམ་གླིང་པ་གསུམ་གཏོད། སྡེ་པ་སྐྱིད་ཤོད་པ་འདི་གཞན་དུ་མ་འཁྱར་བ་དགབ་འདུག་པས་བདེ་ཆེན་ཚལ་བྱིན་ནས་འཇོག་པའི་གཤོམ་རའི་བརྗེད་ཐོ་ཀརྨ་པའི་བཀའ་ཤོག་འབྱར་བའི་ངོ་བོ་ཡོད་པ་མཆོད་ཡོན་གྱི་ཕྱག་ཏུ་བརྒྱབ་པས། རྒྱལ་པོ་ལྷག་པར་ཐུགས་ཁྲོས་ཏེ་ཀར་བསྟན་ཆགས་འཇིག་ལ་སོང་བའི་རྩ་བར་སོང་། ཞེས་འབྱུང་ལ་ལྟར་ལགས་ཏེ། གལ་ཏེ་ཡི་གེ་དེ་འདྲ་ཞིག་དངོས་སུ་ཐོན་ཡོད་ན། དེ་ནི་ཤིན་ཏུ་ཚབས་ཆེན་པོ་ཡིན་པས་༸གོང་ས་ལྔ་པ་རང་ལ་སྤྱན་འབུལ་ཞུ་ངེས་ཡིན་ཡང༌། རང་རྣམ་དུ་ཀུ་ལའི་གོས་བཟང་ལས། ཡི་གེ་དེ་འདྲ་ཞིག་མཆོད་ཡོན་སོག་རྒྱལ་གོ་ཤྲི་དང་སྡེ་སྲིད་བསོད་ནམས་རབ་བརྟན་གྱི་ལག་ཏུ་བརྒྱབ་རབས་ལས། ༸གོང་ས་ལྔ་པ་རང་ཉིད་ཀྱིས་དངོས་སུ་གཟིགས་པའི་ལོ་རྒྱུས་ཡིག་འབྲུ་གཅིག་ཀྱང་བྲིས་མེད་པ་དེས།  སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་༸གོང་ས་མཆོག་ལ་ཞུ་ལོག་ཕུལ་ནས། མདའ་མོ་འཕེན་འདོད་མ་ཡིན་པར་གཞུ་མོ་གཅོག་འདོད་ཀྱི་དཔེ་ལྟར། ཀརྨ་པ་ཞྭ་དམར་ནག་དང་སྡེ་པ་གཙང་པ་མེད་པ་བཟོ་རྒྱུའི་ངན་ཇུས་རང་ཡིན་པ་ངེས་ཏེ།  གལ་ཏེ་དེ་ལྟར་མ་བྱས་ན་༸གོང་ས་མཆོག་དང་རྒྱལ་པོ་ཡབ་སྲས་ཀྱིས་གཙང་སྡེ་སྲིད་དང་ཀརྨ་པ་ཡབ་སྲས་ལ་གནོད་པ་བྱེད་རྩིས་མེད་པ་གསལ་པོ་ཤེས་ཀྱི་ཡོད་པ་རེད།  གོང་གསལ་ཡི་གེ་དེ་འདྲ་ཞིག་དངོས་གནས་ཡོད་ན་འདྲ་བཤུས་སམ་དེ་ལྟར་མིན་ནའང་དེའི་འབྲུ་དོན་རེ་རེ་བཞིན་ལོ་རྒྱུས་སྨྲ་བ་ཚོས་མིག་མཐོང་ལག་ཟིན་གྱིས་བགྲང་ཆོག་ཆོག་ཅིག་དགོས་ཏེ།  དགའ་ལྡན་ཕོ་བྲང་པ་རྣམ་པར་རྒྱལ་ནས་མི་ལོ་བརྒྱ་ཕྲག་ཁ་ཤས་ལ་སོང་བ། དེའི་རིང་ལོ་རྒྱུས་ཡིག་ཆ་འདི་རྩ་ཆེན་དང་གལ་ཆེར་བརྩིས་ནས་ཕྱོགས་རིས་ཀྱི་སྨྱོ་ནད་ཤིན་ཏུ་འཐུག་པའི་ཕྱག་མཛོད་རྒྱ་ལེ་ལྟ་བུ་ལག་ལྡུམ་ཚོས་བྲིས་མ་ཐུབ་ནའང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུའི་རང་བསྟོད་གཞན་འཇོམས་ཀྱི་ཡིག་འཇོག་མང་པོ་བྱེད་མཁན་ཚོས་གསལ་གསལ་ཏིག་ཏིག་བྱས་ནས་མ་བགྲངས་པ་དཔེ་ག་ལ་སྲིད། དེང་སང་པོ་ཏཱ་ལའི་ཡིག་ཚང་ནས་ཤོག་ལྷེ་གཅིག་ཀྱང་མ་ལུས་པར་ཞིབ་གཤེར་གཙང་མར་ཟིན་པའི་དུས་ཡིན་ནའང་ཡིག་ཆ་དེ་འདྲ་ཞིག་ཡོད་རབས་འབུ་སྦྲང་མའི་སྐད་ཙམ་ཡང་གོ་རྒྱུ་མེད་པ་དེ་ཡང་དཔང་རྟགས་ཀྱི་གྲུབ་ཆ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་སྙམ།  མཁས་པའི་དབང་པོ་དུང་དཀར་སྤྲུལ་པའི་སྐུ་བློ་བཟང་འཕྲིན་ལས་ཀྱིས། ཡི་གེ་དེ་འཁོར་གཡོག་མ་རུང་པ་ཚོས་བྲིས་ཏེ་ཀརྨ་པའི་ཕྱག་དམ་བརྐུས་ནས་བརྒྱབས་ཏེ། ཀརྨ་པའི་བཀའ་ཤོག་གི་ངོ་བོར་བརྫུས་པ་ཡིན་ཚུལ་གསུངས་འདུག[17] རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་རང་ས་བཞག་ནས་མི་ཡུལ་དུ་གྱར་དགོས་བྱུང་བའི་གཞི་རྩ་ཡང་དེ་ཉིད་ཁོ་ན་ཡིན་ལ།  སྡེ་པ་གཙང་པར་ས་སྐྱ་གོང་མ་ཆེན་པོ་དང་པཎ་ཆེན་ཐམས་ཅད་མཁྱེན་པས་བབ་མཛད་ནས། སྲོག་ཆད་མི་གཅོད་པར་ལྟོ་སྐལ་གཞིས་ཀ་ཆུང་ངུ་ཞིག་དང་བཅས་ཟུར་འཇོག་གནང་རྒྱུ་ཐག་གཅོད་གཙང་མ་ཟིན་ནའང༌། སྲོག་ཆད་ཀྱི་ཁྲིམས་སར་བསྐྱལ་བ་ཡང་ཡི་གེ་འདིས་བྱས་པ་ཞིག་ཡིན།  ཡིག་ཆ་འདི་ཉིད་ཕྱག་མཛོད་རྒྱ་ལེས་རང་བཟོ་བྱས་པའི་མཇུག་འབྲས་ལས། དེ་ནས་བཟུང་ས་ཕག་དུས་འགྱུར་བར། མདོ་དབུས་སྐོར་གསུམ་གྱིས་བསྡུས་པའི་བོད་ཀྱི་བླ་ཆེན་མི་ཆེན་ཕལ་བོ་ཆེ་སྡེ་སྲིད་དང་གཞུང་འཛིན་རིམ་པའི་བྱེད་བབ་ལ་ཡིད་ཆེས་མི་ཕོད་པའི་ས་བོན་འདེབས་ས་དང་། མྱུ་གུ་སྨིན་ས་ཡང་འདི་ནས་མགོ་འཛུགས་བྱས་པ་ཞིག་ཡིན། སྐྱུགས་བྲོ་བའི་བྱ་སྤྱད་དེ་དག་ཕྱག་མཛོད་རྒྱ་ལེ་ཁོ་ན་ལས། སོག་རྒྱལ་བསྟན་འཛིན་ཆོས་རྒྱལ་དང་༸གོང་ས་ལྔ་པ་ལ་ལན་པ་གང་ཡང་མེད།  དུ་ཀཱུ་ལའི་གོས་བཟང་ལས།[18] རང་ཕྱོགས་དགོན་པ་དང་ས་རིས་ཕར་ཤོར་བ་རྣམས་ཚུར་ལེན་དགོས་པ་གཞིར་བཅས། དེ་ཕྱིན་བསྟན་དོན་ལ་རྒྱར་མི་བཏུབ་པ་དང་། ཚུར་རྒོལ་གྱི་ཞབས་འདྲེན་མ་བྱུང་ཕྱིན་གྲུབ་མཐའ་མཐའ་དག་རང་འཇགས་སུ་བཞག་ན་རང་གཞན་ཚང་མར་སླེབས་མི་ཆེ་ཚུལ་ཆོས་ཀྱི་རྒྱལ་པོ་འཕགས་པའི་རྣམ་ཐར་དཔེ་དྲངས་ནས་མཆོད་ཡོན་གཉིས་ཀར་ཞུས་པས། རྒྱལ་པོས་ཐལ་མོ་ཐུགས་ཀར་སྦྱར་ཏེ་དབུ་གུག་གུག་མཛད་འདུག སྡེ་པའི་དགོངས་པར་བབ་མ་བབ་ནི་མ་ཤེས། ཞེས་གསུངས་འདུག གསུང་འདིས་གཙང་སོག་དམག་ཐག་ཆོད་རྗེས་ཀྱི་བྱ་ངན་སྤྱོད་ངན་དང་། རོ་ཐོག་རྟ་རྒྱུག་གཏོང་མཁན་ཡོངས་རྫོགས་སྡེ་སྲིད་ཁོ་ན་ཡིན་པའི་གསལ་བཤད་དང་། གོང་ས་ལྔ་པ་རང་ཉིད་དང་སོག་རྒྱལ་གོ་ཤྲི་གཉིས་དཀར་འདོན་གནང་བ་ཡིན་ཏེ། རྒྱལ་དབང་རང་ཉིད་ཀྱིས་གང་གསུང་པ་དང་། སྐབས་དེར་སོག་གོ་ཤིའི་ལུས་ཀྱི་རྣམ་འགྱུར་དང་སྡེ་སྲིད་ཀྱི་རྣམ་འགྱུར་བར་འགྲེལ་བརྗོད་གནང་བ་འདིའི་ཐོག་ནས་ཤེས་ཐུབ་པ་ཞིག་རེད། སོག་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཆུ་རྟ་༡༦༤༢གཙང་སོག་གཡུལ་འགྱེད་ཀྱི་རྒྱལ་ཁ་ཐོབ་མ་ཐག་ནས། གཙང་པཎ་ཆེན་གྱིས་ཁག་ཐེག་བབ་དཔང་གནང་དོན་ལྟར། ཀར་ལུགས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་མི་ཆོག་པའི་བཀའ་ཤོག་བཀོད་པའི་ནང་།
 ༄༅། །སྟོབས་ཀྱི་འཁོར་ལོའི་བསྒྱུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཡི་གེ།
  བོད་སོག་གི་སྐྱ་སེར་དྲག་ཞན་ལས་བྱེད་མཐའ་དག་ལ་སྤྲིངས་པ། གདན་ས་ཆེན་པོ་འོག་མིན་མཚུར་ཕུའི་བཞི་སྡེའི་མཆོད་གཞིས་སུ་གཏོགས་པ་ལ། ཁྱོད་སུས་ཀྱང་གནོད་འཚེར་འགྲོ་བ་བརྟན་མ་བྱེད་པར་བདེ་བར་གནས་ཆུག །གལ་སྲིད་འགལ་བ་བྱས་ན། རྒྱལ་ཁྲིམས་ཀྱི་ཆད་པ་དྲག་པོས་འོང་བས་ཤེས་པ་གྱིས། ཞེས་ལྕགས་སྦྲུལ་ཟླ་ཚེས་ལ། གཡུལ་ལས་རྣམ་པར་རྒྱལ་བའི་དཔུང་ཐོག་ནས་བྲིས།།ཞེས་འཁོད་འདུག[19] འོན་ཀྱང་སྡེ་སྲིད་འདིས་ཀར་ཐམ་ཕབ་པའི་ཡིག་ཆ་རྫུན་བཟོ་ལ་བརྟེན་ནས་རྩ་ཚིག་ལྟར་གྱི་ལམ་ལྷོང་བྱུང་མི་འདུག མདོར་ན་གཙང་སོག་དམག་འཁྲུགས་དང་། ཀར་དགེའི་དོགས་འདྲོགས་ཡོངས་རྫོགས་ཀྱི་ཆར་སྣ་རླུང་ཁྲིད་དང་དགྲ་སྣ་ཟས་ཁྲིད་བྱེད་མཁན། ནད་ཀྱི་རྩ་བ་དང་། གདོན་གྱི་སྣ་འདྲེན་ནི། སྡེ་སྲིད་བསོད་ནམས་རབ་བརྟན་ཉག་གཅིག་ལ་ཐུག་པ་ཡིན།
  ཀརྨ་པ་ཞྭ་དམར་ནག་ཡུལ་བྱོལ་དུ་ཕེབས་པའི་སྔ་གཞུག་ཏུ་༸གོང་ས་ལྔ་པའི་རང་རྣམ་ལས།  ཀརྨ་པ་ཞྭ་དམར་ནག་གང་དུ་ཕེབས་ཀྱང་བཀྲ་མི་ཤིས་པ་དང་ལམ་ལྷོང་མི་ཡོང་བའི་སྐོར་བཀོད་འདུག་པའང་ཕྱག་མཛོད་རྒྱ་ལེའི་ཁ་ཤུགས་ལ་བརྟེན་པ་ངེས་ཏེ། ཕྱག་མཛོད་འདི་ཉིད་སྤྱི་ལོ་ ༡༦༥༨ ལོར་ཤི་ལམ་དུ་སོང་བ་དེ་རྗེས་ཀྱི་གོང་སའི་རང་རྣམ་དུ་དེ་འདྲ་ཚིག་འབྲུ་གཅིག་ཀྱང་མི་འབྱུང་བས་སོ།།
  སྤྱི་ལོ་ ༡༦༧༣ ལོར་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་འཇང་ནས་རང་ཡུལ་དུ་ཕེབས་ཏེ༸གོང་ས་ལྔ་པ་དང་མཇལ་ཕྲད་སྐབས་དུ་ཀཱུ་ལའི་གོས་བཟང་ལས།[20] ཚེས་དྲུག་ལ་པོ་ཏཱ་ལར་ཕེབས་ཉིན་བཀུར་གཟོས་རྗེ་ཞྭ་དམར་བ་དང་ཕྱོགས་འདྲ་ཙམ་ཞུས།[21] ཞེས་དང་།  རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་འདི་བ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཅན་གྱི་ཀར་ལུགས་པ་ཡོད་དོ་ཅོག་གི་བསྟན་པའི་རྩ་བ་སོ་སོར་ཐར་པའི་མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་བསྟན་པའི་བདག་པོ་ཆེན་པོར་གདོན་མི་ཟ་ནའང་། དབུ་རལ་དང་སྟོད་ཧོར་གྱི་ན་བཟའ་ཇོ་མོ་དང་སྲས་ཕོ་མོ་སོགས་འཁོར་གྲངས་མེད་པ་དང་ཆབས་གཅིག་ཏུ་ཕེབས་པར་མི་གུས་པའི་བསམ་པ་ཅན་རྣམས་ཀྱང་བློ་འགྱུར་བ་བྱུང་འཕྲོས་འདུག་པ། འདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཅེས་པའི་དོན་ནམ་སྙིང་རྗེ་གྱེན་ལ་སྐྱེས་པ་ཡིན་ཆ་མ་འཚལ། གནང་སྐྱེས་ནི་ཆོས་རྗེ་སྒར་པའི་བརྟུལ་ཞུགས་ཀྱིས་ཤིན་ཏུ་དཔངས་མཐོ། དྲིལ་ཡུག་ལ་ཕྱག་འདར་འདར་སིལ་སིལ་མཛད་མཁན་རྣམས་དང་མ་འདྲ། གསོལ་ཇའི་ཐོག་སྐུ་མི་ངལ་བས་མཚོན་སྐྱེས་ཆེན་དམ་པའི་རྣམ་ཐར་དང་མཐུན་པའི་དྲི་བ་ཞུས་ཀྱང་དྲུང་རམས་པས་ལན་ཕུལ་གསུངས་སོང་བ་བཞིན་འཕྲོས་གླེང་མང་དུ་བྱུང་། ཞེས་དང་། རྒྱལ་བ་ཀརྨ་པའི་ཕྱག་གིས་ངེད་ཀྱི་ཕྱོགས་སུ་སྤོས་ཕོར་པའི་མི་ཆོས་མཁས་ཤིང་སྐུ་ན་ཕྲ་མོ་ནས་དབུས་གཙང་གི་སྡེ་པའི་བླ་མ་མཐའ་དག་དང་ཐུགས་འདྲིས་པའི་ཕྲ་ལག་སྦོམ་གསུམ་གྱི་གནང་སྒོ་གཞན་དང་མི་འདྲ་བར་མཆིས། རྗེ་ཀརྨ་པའི་སྐུ་སྐྱེ་ལུང་ཟིན་ཡོངས་སུ་གྲགས་པ་དད་པའི་ཡུལ་ཡིན་པར་མ་ཟད། གསང་སྔགས་པ་རྣམས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་འཁྱེར་བ་འདི་གནད་ཟབ་པས། སྐུར་ཞུས་བྱེད་མི་ཁ་ཡར་འདུག་ཀྱང་རང་ངོས་ལོག་ལྟ་ཡེ་མ་ཤོར་བར་བྱས། ཞེས་འབྱུང་བ་དེའི་ཐོག་ནས་བལྟས་ན། བར་ལམ་དབུས་གཙང་གི་སྡེ་གཟར་དང་བཀའ་དགེ་ཕྱོགས་འཛིན་བླ་ཆེན་ཁག་གི་ཆེ་མཐོང་བཅས་ཀྱི་བར། འཁྲུགས་ཆ་ཤིན་ཏུ་དོད་པའི་སྙོག་འཛིང་གི་ཟློས་གར་སྐྱུགས་བྲོ་བ་དུ་མ་རང་དབང་མེད་པར་འཁྲབ་དགོས་བྱུང་ནའང༌།  ཀརྨ་པ་ཞྭ་དམར་ནག་ལ་དད་པ་དམ་སྣང་མ་བརླགས་པར་བྱུང་ཚུལ་གསལ་བ་དེས། དོན་དངོས་ཐོག་རྒྱལ་བ་ལྔ་པས་ཀརྨ་པ་ཞྭ་དམར་ནག་ལ་གདེངས་འཇོག་ཅི་ཙམ་གནང་ཡོད་པ་དེ་གསལ་པོར་མཛད་འདུག་ལ། ད་དུང་ཁོང་སྙིང་ནད་ཆེ་ཤོས་དེ་སྐུ་གོང་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ཀརྨ་པ་ཞྭ་དམར་ནག་དང་མཇལ་མཛོམས་སྐབས། ཞྭ་ནག་པ་བཞེངས་ཙམ་ཡང་མ་གནང་པ་དེ་ནན་གྱིས་བགྲང་པ་ལས།  སྐུ་རབས་འདིས་ཆོས་སྲིད་གཉིས་ཐད་ནས་མ་འགྲིགས་པ་འདི་བྱས་ཀྱིས་བྱས་ཡུས་བགྲངས་པ་ཉུང་ཉུང་ཡིན། ༸གོང་ས་ལྔ་པ་ཆེན་པོའི་ངོས་ནས་རྗེ་ཆོས་དབྱིངས་རྡོ་རྗེ་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་ནང་། ཆོས་སྲིད་གཉིས་ཐད་ནས་བྱེད་འཛོལ་མ་འགྲིགས་པ་གང་ཡང་གཟིགས་མེད་པ་དེ་གསལ་པོ་རེད། དོན་དམ་ཡང་སྙིང་སྐྱེས་ཆེན་དམ་པ་ཟུང་ཀུན་རྫོབ་སྤྲོས་པའི་རླུང་རླབས་ལང་ལོང་གཡོ་ནའང་དོན་དམ་ཐུགས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་པའི་གནས་ལུགས་ཀྱང་གསལ་བཤད་ཐུབ་པ་འདུག་སྙམ།།
  འདིར་ཞར་ལ་གཙང་པཎ་ཆེན་རིན་པོ་ཆེས་རྒྱལ་བ་ཀརྨ་པ་ལ་གཟིགས་ཕྱོགས་ཇི་ལྟར་ཡོད་པའི་སྐོར་ཡང་ལོ་རྒྱུས་ཀྱི་གཞི་འཛིན་ས་གལ་ཆེ་ཞིག་ཡིན་པས། ཟུར་ཙམ་གླེང་པར་འདོད་དེ། གཙང་པཎ་ཆེན་རང་གི་རྣམ་ཐར་ལས། ཆུ་རྟ་ ༡༦༤༢ ལོ་གཙང་སོག་གཡུལ་འཁྲུགས་ཆེན་པོ་དེ་ལོང་གྲབས་སྐབསགཙང་ས་བབས་རྗེས་སྒར་ཆེན་ཡབ་སྲས་ཕེབས་བྱུང་ཡང་ཐལ་ཆར་སོང་། སྒེར་གྱིས་སོ་སོར་ཇ་ཞུས་འབུལ་བ་ཅི་དྲག་དང་། རྒྱལ་ཚབ་དྲུང་པས་དྲི་བ་མཛད་བྱུང་བར་བསམ་པ་དག་པས་ལེགས་གྱི་རྒྱུ་མཚན་ཡང་དག་ཕུལ། ཞེས་གསུངས་འདུག[22] སྐབས་དེ་དུས་སུའང་གཙང་པཎ་ཆེན་དང་མཚུར་ཕུ་ཀརྨ་པའི་བར་བཟང་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་སྟབསས། དེ་ལོ་རང་ལ་གཙང་སྲིད་ཕམ་ཉེས་སོང་ནས། ཀར་ལུགས་བསྟན་པ་བསྟན་འཛིན་ས་རིས་དང་བཅས་པར་ས་གས་རི་ཉིལ་བ་ལྟ་བུའི་ཆགས་འཇིག་གི་འགག་འཕྲང་ལ་སླེབས་སྐབས། རྒྱལ་དབང་ཀརྨ་པའི་དགོངས་པར་རེ་བ་ཆེ་ཤོས་དེ་གཙང་པཎ་ཆེན་ལ་བཅོལ་འདུག་སྟེ། ཀཾ་ཚང་གསེར་ཕྲེང་ལས། སྐབས་དེར་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་དམག་དཔུང་གཙང་ཕྱོགས་སུ་ཐེགས་པར། པཎ་ཆེན་རིན་པོ་ཆེ་བརྒྱུད་ནས་རྗེ་ཐམས་ཅད་གཟིགས་པ་ལྔ་པ་ཆེན་པོའི་དྲུང་དུ་བཅར་སྤྲོད་ཆོག་པར་ཞུས་པར། པཎ་ཆེན་རིན་པོ་ཆེ་ནས་རྒྱལ་བའི་དབང་པོར་ཀར་དགེའི་དོན་ལ་ཐུགས་ཁག་མེད་པ་ཁོ་བོས་ཁག་ཐེག་ཀྱང་ཀར་ལུགས་པ་འདི་རྣམས་མཛད་པ་མ་མཁས་པས་ལན་སོགས་ཀྱི་བཀོད་འདོམ་བཅས་གོང་དུ་ཞུ་སྦྱོར་གནང་བས། ཀར་ལུགས་པ་རང་སར་འཇགས་ཆོག་པའི་བཀའ་ཐམ་རིན་པོ་ཆེ་ཕེབས་ཀྱང་། ནག་པོའི་ཕྱོགས་དག་གིས་རང་གཞན་གྱི་རྒྱུད་མང་དཀྲུག་སྟེ་གཡུལ་འཁྲུག་ཆེན་པོ་དེའི་མགོ་ཚུགས། ཞེས་གསུངས་འདུག འདིའི་ཐད་གཙང་པཎ་ཆེན་གྱི་རང་རྣམ་དུ། བར་རླུང་སྡེ་འཁྲུག་དེའི་ཐོག་མ་ཀོང་ཕྱོགས་ཀར་ལུགས་ཀྱི་ཆོས་སྡེ་མང་པོའི་དམག་མིས། འོལ་དགའ་རྫིང་ཕྱིའི་གཙུག་ལག་ཁང་སྐྱ་སེར་ལྔ་བརྒྱ་ཙམ་དང་བཅས། འཇིག་དུས་ཀྱིས་མེས་ཇི་ལྟ་བ་བཞིན་དུ་བསྲེགས། ཕྱིས་དགའ་བ་གདོང་འོག་མིན་གླིང་སོགས་རྡོ་ཆར་བབ་པའི་པད་ཚལ་ལྟ་བུར་སོང་རྗེས། རྒྱལ་བ་ཀརྨ་པས་ཆོས་སྡེ་རྣམས་ལ་ཕན་པ་བྱེད་དགོས་པའི་བཀའ་ཡིག་བྱུང་ཡང་གཞན་མ་རྣམས་ནི་ཐལ་ཟིན། དཀར་བྲག་གསུང་རབ་གླིང་པ་གཉིས་ཀྱིས་རྣམ་གླིང་བཟུང་དེའི་གཉན་པོར་དབུས་གཙང་གི་དམག་རགས་མས་བསྐོར། ཤངས་ནང་ཕལ་ཆེར་གཟན་སོ་ཆེ་བར་བྱུང་སྐབས། ཕྱི་ནང་ཕན་ཚུན་ཐམས་ཅད་ལ་ཕན་པར་བསམས། རྣམ་གླིང་དུ་ཕྱིན། བར་ཆིངས་བྱས། ཕྱིའི་དམག་རྣམས་ཀྱང་འགྱེས་སུ་བཅུག གསུང་རབ་གླིང་གི་བཙན་དམིགས་ཙམ་བཤིག་ནས་སྔར་འཇགས་གདེངས་ཁེལ་གྱི་རྒྱལ་བའི་དབང་པོར་ཡང་དམ་ཕྲུག་ཞུས་ཤིང་། མཆོད་ཡོན་གཉིས་ལ་ཡང་ནན་ཏན་བསྔགས་ཡོད་པའི་ཡོང་ངེས་བྱས་ཀྱང་། ཁོང་རྣམས་ཀྱིས་ཚོད་མ་ཟིན། སླར་ཉེན་ཆེན་དུ་སོང་བ་ལ་འཇིགས་སྐྱོབ་ཏུ་འགྲོ་བར་བརྩམས་པ་ཆུ་ཧ་ཅང་ཆེས་པས་གེགས་བྱས་ཀྱང་། དངོས་སུ་ཕྱིན་པ་དང་འདྲ་བར་མཆོད་ཡོན་ལ་ནན་ཆགས་བྱས་པའི། གཉིས་ཀའི་ཆོས་གཞིས་ཕྱེད་འཇགས། གནས་གཞི་བརྗེ་བ་ཙམ་མ་གཏོགས་དགེ་འདུན་གྱི་སྡེ་འཐོར་རྐྱེན་དུ་མི་འགྲོ་བའི་ཕན་ཐོགས་པ་བྱས།[23]ཞེས་འབྱུང་བ་འདིའི་ཐོག་ནས། དབུས་ཀྱི་རྒྱལ་བ་ཡབ་སྲས་གཉིས་ཀ་རྒྱལ་བ་ཀརྨ་པ་ལ་གཟིགས་སྟངས་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པ་གསལ་པོ་ཤེས་ནུས་པ་ཞིག་རེད་སྙམ།
 
   ཀརྨ་པ་ཆོས་དབྱིངས་རྡོ་རྗེས་དགའ་ལྡན་ཕོ་བྲང་པར་ཇི་ལྟར་གཟིགས་ཚུལ།
   སྤྱི་ལོ་ ༡༦༡༨ སོག་ཇག་དབུས་སུ་ལྷག་སྟེ་གཙང་སོག་གི་སྡེ་གཟར་ཆེན་པོ་དེ་ལངས་པའི་སྐབས། དགོངས་གཏད་མཛད་ནས་ཕྱིར་ལྡོག་གནང་ཚུལ་གསུངས་ཤིང་།[24]  དེ་ནི་དགེ་ལྡན་པའི་ཁྲོད་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། སྐབས་དེའི་དགའ་ལྡན་ཁྲི་པ། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་སོགས་ཀྱིས་གཤོལ་ནས་སོག་དམག་ཕྱིར་ལྡོག་གནང་འདུག་ལ། རྒྱལ་དབང་གོང་མ་ཡོན་ཏན་རྒྱ་མཚོའི་སྐབས་ཀྱང་རང་ཉིད་བཀྲུས་ན་མི་དག་པའི་སོག་རིགས་ཡིན་ཡང་བོད་མི་རིགས་ལ་ཐུགས་ཞེན་ཆེན་པོ་གནང་ནས། ང་ཡོན་ཏན་རྒྱ་མཚོ་སྡོད་རིང་སོག་པོས་བོད་ལ་གནོད་བསྐྱལ་མི་ཡོང་ཞེས་གསུངས་ཚུལ་གོང་ས་ལྔ་པས་མཛད་པའི་རྒྱལ་དབང་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ནང་གསལ་བས། སོག་ཇག་བོད་ལ་ལུད་པ་འདི་བཀྲིས་པ་དང་ལམ་ལེགས་པ་ཞིག་དགེ་ཕྱོགས་པའི་དགོངས་པའི་ཕུགས་ལའང་མེད་པ་འདྲ།
སྤྱི་ལོ་ ༡༦༢༠ ལོར་དྭགས་པོ་སྐུ་རབ་པའི་ཐོག་གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ལ་དམག་བྱེད་མི་ཉན་པ་ནན་གྱིས་མངགས་ཀྱང་མ་ཉན་པས། དམ་ཚིག་ལ་སེལ་ཞུགས་ཏེ་དམག་ས་གནས་འབྲུམ་ནད་ཕོག་པ་དང༌། དགོངས་པ་རྫོགས་ཁར་ཁོང་གི་སྲས་ཀརྨ་བསྟན་སྐྱོང་དབང་པོས་ནན་གྱིས་གདན་འདྲེན་ཞུས་ནའང་། ཀརྨ་པ་དེ་ཉིད་དགོངས་ཚོམ་གནང་ནས་ཕེབས་མི་འདུག དེ་ནས་བཟུང་གཙང་སྲིད་དང་ཇོ་ནང་པའི་བར་མཆོད་ཡོན་ཇེ་ཉེར་སོང་བ་ལས། ཀརྨ་པ་དང་ཐུགས་སྣང་དེ་ཙམ་མི་གཤིན་པ་ཆགས་འདུག གཙང་སྡེ་སྲིད་དགོངས་པ་རྫོགས་རྗེས་གཞི་ནས་ཕེབས་ཉན་ཙམ་གནང་འདུག་སྟེ། བཀའ་བརྒྱུད་གསེར་ཕྲེང་ལས།  གཙང་སྐུར་གཉིས་ལ་ལྷན་རྒྱས་ནས་བཀའ་བཀོད་ནན་ཆེར་བསྩལ་ཡང་གཙང་པ་ནས་རྩི་འཇོག་མ་གནང་ནས་ཡར་སྟོད་ལྷུན་པོ་སྒང༌། སྐུ་རབ་རྙིང་ཁུང་སོགས་ཐམས་ཅད་བླངས་ནས། སྐབས་དེར་གཙང་སྡེ་སྲིད་ཇུས་ཀྱི་འགྲོ་ཁྱབ་ལེགས་པ་ཙམ་བྱུང༌། བླ་མའི་བཀའ་ལ་མ་རྩིས་པས། ཇི་སྐད་དུ། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས།། ཞེས་པ་ལྟར་ཕུན་ཚོགས་རྣམ་རྒྱལ་ཡར་ལམ་དུ་གྲར་འབྲུམ་ནད་ཀྱིས་གྲོངས། ཡབ་སྲས་གསུམ་གཙང་ཕྱོགས་སུ་གདན་དྲངས་ཡང་མ་གསན་ནས་ལྷོ་བྲག་ཏུ་ཕེབས་པས། གཙང་སྡེའི་སྐུ་ཚབ་རྣམས་ཀྱི་ངན་བཤད་ཚིག་རྩུབ་མང་པོ་ཕུལ་ནས་སོང༌།[25] ཞེས་གསུངས་འདུག
  སྤྱི་ལོ་ ༡༦༤༢ ལོར་སོག་དམག་བོད་དུ་ལུད་སྐབས་ཀརྨ་པ་ཡབ་སྲས་གཙང་པའི་རྒྱབ་ཏུ་ཡོད་བཟོའི་འུར་སྒྲོག་ཆེ་བ་དང༌། དགའ་ལྡན་ཕོ་བྲང་པའི་མི་སྣའི་ནང་དུ་སྨོན་ལམ་ལོག་པའི་བྱེད་གཏེ་འགས་ཀྱང༌། གཅམ་གཏམ་ལ་རྩ་འཛིན་བྱས་ནས་དབུས་གཙང་ཁུལ་དུ་དབུས་སོག་དགེ་གསུམ་མཉམ་འབྲེལ་དང་བཀའ་གཙང་མཉམ་འབྲེལ་ཡིན་པའི་འུར་སྒྲོག་གིས་ཕན་ཚུན་གྲིབ་ནག་འདྲེར་མཐོང་གི་དོགས་ཟོན་ཧ་ཅང་ཆེན་པོ་བྱེད་བཞིན་པའི་སྐབས། རྗེ་འདི་ཉིད་དགྲ་གཉེན་གྱི་ཁྱད་པར་གཞར་ཡང་མ་གོས་པར། མི་བསད་རྟ་འགྱེལ་གྱི་དམག་འཐབ་དང་རྐུན་འཕྲོག་བཅོམ་གསུམ་གྱི་ཇག་ལས་ལ་ནམ་ཡང་ཐུགས་མི་མཉེས་པ་ཞིག་ཡིན་པས། རི་བོ་ཆེན་པོ་དང་རྒྱ་མཚོ་ཆེན་པོ་ནང་བཞིན་སུ་ལའང་ཉེ་རིང་གི་ཕྱོགས་སུ་མ་བཟུང་བར་ཧྲང་ངེར་དཀྱིལ་དུ་བཞུགས་ནའང༌། ད་དུང་གཞི་མེད་དོགས་ཟོན་དང་སྒྲོ་བཏགས་འུར་སྒྲོག་བར་མཚམས་མི་ཆད་པ་བྱས་འདུག སྐབས་དེ་དུས་ཀྱང་། བཀའ་དགེའི་དམ་ཚིག་དང་དབུས་གཙང་སྤྱིའི་ལར་ཞེན་ལ་དགོངས་ནས་གཙང་པཎ་ཆེན་རིན་པོ་ཆེ་བརྒྱུད་ནས་༸གོང་ས་ལྔ་པ་ཆེན་པོར་གསེས་བཀྲོལ་མཇལ་བཅར་ཆོག་རེ་བྱས་པ་ལྟར། བཀའ་ལུགས་རང་སར་གཞག་ཆོག་པའི་བཀའ་ཐམ་ཡང་གནང་འདུག འོན་ཀྱང་དགའ་ལྡན་ཕོ་བྲང་པའི་སྨོན་ལམ་ལོག་པའི་བྱེད་གཏེ་ཁག་གཅིག་གི་འཕྲུལ་དང་། བཀའ་བླ་བྱེད་བབ་མི་མཁས་ཤིང་ཕྱོགས་ཞེན་གཏིང་ནད་ཀྱི་གཞན་དབང་དུ་སོང་བ་ཁག་གཅིག་གི་ཕན་འདོད་གནོད་སྐྱེལ་གྱི་བྱེད་བབ་ལ་བརྟེན་ནས། རྒྱལ་དབང་ཀརྨ་པ་རང་ཉིད་ཀྱང་བཞུགས་བཟོད་མི་བདེ་བར་ལྷོ་བྲག་ཏུ་ཕེབས་དགོས་པ་ཤར་ཚུལ་ཀར་བརྒྱུད་གསེར་ཕྲེང་ལས་ཞེས་གསུངས།[26] འདིའི་ཐོག་ནས་དབུས་སོག་སྡེ་གཟར་ཁྲོད། མི་རྟ་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་བཞི་ཤད་འཐེན། དུད་ཁྱིམ་ཁྲི་ཕྲག་མང་པོའི་འཚོ་གནས་ལ་གོད་ཆག་བཟོས། དགོན་སྡེ་བརྒྱ་ཕྲག་མང་པོའི་རྩིག་རྨང་གཏིང་ནས་སྒྱེལ། དགེ་འདུན་ཁྲི་ཕྲག་ལྷག་གི་འདུས་སྡེ་རྩམ་ཕུད་བཞིན་འཐོར། གུ་རུའི་ལུང་བསྟན་ལྟར།[27] ཀླ་ཀློའི་མཐའ་དམག་བོད་ལ་སླེབས་ནས་ལྷ་སའི་གླིང་དུ་ཁྲག་གི་ཆར་པ་འབབ་པའི་ཡིད་སྐྱོའི་ལོ་རྒྱུས་དེའི་དངོས་ཤུགས་བརྒྱུད་གསུམ་གང་དུའང་ཞུགས་མེད་པའི་གསལ་བཤད་གནང་འདུག་ལ། དེ་ནི་གངས་ཅན་པའི་སྐྱེས་ཆེན་དམ་པའི་གདན་གྲལ་སྙེག་མཁན་ཚོའི་ནང་ནས་འབུར་དུ་ཐོན་པའི་རྣམ་ཐར་ནམ་ཡང་ངོམ་རིན་ཡོད་པ་ཞིག་རེད་སྙམ། དུས་སྐབས་དེར་བོད་སྤྱི་པའི་མགོ་ཆིངས་༸གོང་ས་ལྔ་པས་གནང་བ་ཡང་། འདོད་ཡོན་ལོངས་སྤྱོད་དང་སྲིད་བདེར་ཆགས་པས་མ་ཡིན་པར། བོད་མཐའ་དམག་གི་འོག་ཏུ་སྡོད་པ་ལས་བོད་རང་གི་མགོ་ཆིངས་ཤིག་ཡོད་ན་དགའ་བ་དང་། དེ་ཡང་པདྨའི་ལུང་གིས་ཟིན་པའི་བསམ་བཞིན་སྐྱེ་བ་བཞེས་ནས་བྱོན་པའང་རྣམ་ཐར་དེ་རང་ནས་གསལ་བར་འབྱུང་བས་སོ། །[28]  ཀམ་ཚང་མ་ལག་དང་བཅས་པར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཤིན་ཏུ་ཡིད་སྐྱོ་བའི་ཉམས་ཉེས་བྱུང་བའི་སྐབས། སླར་ཡང་པཎ་ཆེན་རིན་པོ་ཆེར་ཞུ་སྦྱོར་གནང་འདུག་ཀྱང་། སྐབས་དེར་ཕྱག་མཛོད་རྒྱ་ལེ་དབང་བཙན་པས་གྲུབ་འབྲས་གང་ཡང་བྱུང་མི་འདུག་པ་ཡང་རྣམ་ཐར་དེ་ཉིད་ལས་[29]  གསལ་བ་བ་ལྟར་ལགས་སོ།།
  དེས་ན་གོ་ཤྲིའི་སོག་དམག་འོག དགའ་ལྡན་ཕོ་བྲང་དང་ཀརྨ་པའི་དབར་ཚེས་གཅིག་ནས་གནམ་སྟོང་བར་གྱི་འགལ་འདུ་རབ་རིབ་འཁྱར་འཁྱོར་ཡོངས་རྫོགས་ཀྱི་བརྒྱུད་ལམ་ནང༌། ༸གོང་ས་ལྔ་པ་ཆེན་པོ་དང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་གཉིས་ཁ་གཏད་དུ་དངོས་ཤུགས་བརྒྱུད་གསུམ་ནས་མེད་པ་དེ། ལོ་རྒྱུས་ཐོག་ནས་ཐག་གཅོད་གསལ་པོ་ཐུབ་པ་ཞིག་ཡིན་ལ། དེ་བའི་གཞན་བཞི་བརྒྱ་རྩ་བཞིའི་ནད་ཀྱི་རྩ་བ་དང་། སུམ་བརྒྱ་དྲུག་ཅུའི་གདོན་གྱི་སྣ་འདྲེན་ནི། ཕྱག་མཛོད་བསོད་ནམས་རབ་བརྟན་ནམ་སྡེ་སྲིད་བསོད་ནམས་ཆོས་འཕེལ་འདི་ཉིད་ཁོ་ན་ཡིན་པ།[30] ༸གོང་ས་ལྔ་པའི་དུ་ཀཱུ་ལའི་གོས་བཟང་དང་། བཀའ་བརྒྱུད་གསེར་ཕྲེང་[31]གཉིས་ཀར་བལྟས་ན་གསལ་པོ་ཤེས་ཐུབ་པ་ཞིག་རེད།
  སྤྱི་ལོ་༡༦༤༧ ལོར་འཇང་རྒྱལ་པོས་གདན་ཞུས་པ་ལྟར། འཇང་ཡུལ་ལ་ཞབས་སོར་འཁོད་རྗེས། འཇང་རྒྱལ་པོས་བོད་དུ་འཇང་དམག་འབུམ་གཉིས་གཏོང་རྒྱུ་དང་། དམག་ཐོབ་རྗེས་ཀརྨ་པའི་ས་རིས་བདག་རྐྱེན་གང་ཡོད་ཕྱིར་འབུལ་དང༌། གཞན་རྣམས་འཇང་གིས་གཟུང་གྲོས་མགོ་བཏོན་ཀྱང་། ཀརྨ་པ་ཆོས་དབྱིངས་རྡོ་རྗེས། བསྟན་པ་ཉམས་ཆགས་ཕྱིན་ཟིན་པས་སླར་དམག་གིས་བསྟན་པ་སླར་གསོ་མི་ཐུབ། འདི་ནི་ལས་དབང་རང་ཡིན་པས་སུས་ཀྱང་ལྡོག་ནུས་མིན། ངའི་ཆེད་དུ་དམག་བྱས་ནས་ཕྲུ་གུ་ཆུང་ཆུང་ཞིག་ལ་སྲོག་སྐྱོན་བཏང་ན་ང་ཀརྨ་པ་མ་ཡིན་པའི་རྟགས་རེད། ཅེས་མཐའ་ལ་བཀར་ནས་ཞལ་བཞེས་མ་གནང༌།[32] གསུང་འདིས་འཇང་རྒྱལ་པོ་ལྷག་པར་དད་ནས། འཇང་ཡུལ་དུ་དགོན་སྡེ་བཅུ་གསུམ་བཏབ་པའི་ཡོན་སྦྱར། འཇང་དང་འདབས་འབྲེལ་དུ་ཡོད་པའི་རྒྱལ་ཐང་དང་འདབ་པ་སོགས་སུའང་གསུང་དེའི་གཟི་བྱིན་གྱིས་ཁྱབ་སྟེ། དེ་སྔོན་ཁུལ་དེ་གཅིག་པོར་ཡང་བཀའ་དགོན་བརྒྱ་དང་སུམ་བཅུ་ལྷག་གཏོར་མཁན་གོ་ཤྲི་ཚ་བོ་དཔོན་མཁའ་འགྲོ་ཡང་དད་གུས་ཀྱིས་སྔ་བཤགས་དང་ཕྱི་སྡོམ་དུ་བཅར་བའི་གནས་ཚུལ་དེ་དབུས་ནས་ཤེས་ཏེ། ལྐོག་བསད་བཏང་འདུག བཀའ་བརྒྱུད་གསེར་ཕྲེང་མཛད་པོས། དཔོན་མཁའ་འགྲོ་སྔ་འགྱོད་ཕྱི་སྡོམ་གྱི་བཤགས་པ་ཕུལ་ནའང་། དེ་སྔོན་བཀའ་དགོན་མང་པོ་གཏོར་བའི་སྙིང་ནད་མ་སངས་ནས། ཀཾ་ཚང་གསེར་ཕྲེང་དུ། སོག་རྒྱལ་མཁའ་འགྲོ་བློ་བཟང་བརྟན་སྐྱོང་ཀརྨ་པ་མཇལ་བར་རྒྱལ་ཐང་དུ་ཆས་བྱུང་བར་རྗེ་ཡབ་སྲས་འཕེལ་ཆུ་ཁར་ཡར་ཆིབས་བསྐྱོད་གནང་ནས་མཇལ་འཛོམ་གནང༌། ཁོ་རང་གི་ཆུང་སྲིད་ལ་ལུང་བསྟན་དགོས་ཟེར་གྱིན་འདུག །བོད་སོག་གི་དམག་མི་རྣམས་ཀྱིས་ཟང་ཟིང་གི་དངོས་པོ་དུ་མ་ཕུལ། ལས་འབྲས་ཀྱི་ཆོས་བཤད་སོགས་གནང་ནས་དགེ་བསྐུལ་རྒྱ་ཆེར་བསྒྲུབས། སྐབས་ཤིག་སོག་པོའི་རྒྱལ་པོ་དེ་ཡི་དམག་དཔུང་རྒྱ་ནག་གི་རྒྱལ་ས་འཕྲོག་པའི་བསྙེམས་པས་དེ་ཕྱོགས་སུ་ལྷགས་པར་རྒྱལ་བ་ཉིད་ནས་ནན་གྱིས་བཤོལ་ཀྱང་མ་ཉན་པར་སོང་བས་རྒྱ་ནག་གི་སོ་པ་ཙམ་གྱི་འཐབ་ཡ་ཡང་མ་བྱུང་བར་བྲོས་དགོས་བྱུང་སོང༌། སོག་རྒྱལ་ནས་ལྷ་ཁང་བཞེངས་རྒྱུ་ཡིན་པས་ཕྱག་ནས་གནང་དགོས་ཟེར་བར་དེ་འདྲ་མ་བྱེད་གསུངས་ཀྱང་མ་ཉན་པར་རྒྱལ་པོ་རང་གིས་ཁང་རྨང་བྲུས་པས་སྦྲུལ་ཐན་དང་ཐུག་པ་སོགས་བྱུང་སོང༌། དུར་བྱའི་མགོ་ཅན་ལུས་ལ་སྤྱང་ཐུལ་གྱོན་པ་གཉིས་ཀྱིས་རྒྱལ་པོ་མཁའ་འགྲོ་མགོ་མཇུག་ལྡོག་སྟེ་ཤ་ཁྱེར་ཁྲག་ཁྱེར་དུ་ཟོས་སོང་བ་གཟིགས་པས། མི་རིང་བར་དཱ་ལས་ཧུང་ཐའི་ཇིས་དཔུང་གིས་བཅིངས་ཏེ་བཙོན་ཁང་དུ་འཆི་བའི་དུས་བྱས་སོ།། ཞེས་བྲིས་འདུག
  འཇང་ཡུལ་དུ་བཞུགས་རིང་ཀརྨ་པའི་མཛད་སྤྱོད་ཡ་མཚན་པ་དེ་དག་དབུས་ནས་༸གོང་ས་ལྔ་པས་ཀྱང་གསན་ཏེ། གང་མགྱོགས་དབུས་སུ་ཕེབས་དགོས་དང་། དེ་ཡང་ས་རིས་བདག་རྐྱེན་གདན་ཐོབ་དང་བཅས་སྔ་སྲོལ་ལྟར་ལས་འགྱུར་བ་གང་ཡང་མེད་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ནས་དབུས་སུ་གདན་ཞུས་གནང་།[33] ཕེབས་ལམ་ནས་དེ་སྔོན་ཕྱག་མཛོད་རྒྱ་ལེའི་མགོ་སྐོར་འོག་ཀརྨ་པ་འདྲེ་ནང་བཞིན་རྩི་མཁན་སོག་པོའི་དཔོན་དམག་དང་བོད་དམག་ཚོས་སྔ་ཕྱི་འཚང་ཀ་བྱས་ནས་མཇལ་འཕྲད་ཕྱག་དབང་ཞུས་པ་དང༌། ལོ་འདིའི་ནག་ཟླའི་ཚེས་གསུམ་ལ་ལྷ་ལྡན་དུ་འབྱོར། ༸གོང་ས་ལྔ་པ་ཆེན་པོ་དང་ཕན་ཚུན་མཇལ་འཕྲད་ཀྱི་གོ་སྐབས་ཐོབ། སྐབས་དེ་ལྷན་རྒྱས་ནས་ཇི་ལྟར་བྱས་ཚུལ་ཐད་བཀའ་བརྒྱུད་གསེར་ཕྲེང་ལས་༤༧། ནག་ཟླའི་ཧོར་ཟླ་གསུམ་པཚེས་གསུམ་ལ་ལྷ་གདན་དུ་ཕེབས། པོ་ཏ་ལར་ཚེས་དྲུགརྒྱལ་དབང་ལྔ་པ་ཆེན་པོའི་ཞལ་དཀྱིལ་མཇལ། ལམ་བར་སོགས་ཀྱི་གསུང་འཕྲོས་ལྷུག་པར་སྩལ་བ་ལ། ཀརྨ་པ་སྐུ་ན་བགྲེས་པ་དང་སྙན་ཐག་རིང་བས་བཀའ་ལན་ཇི་ལྟ་བ་ཕུལ་ཚོད་མ་མཁྱེན་ནས། རིམ་གྲོ་པར་བཀའ་ལན་ཕུལ་ཅིག་གསུངས་པ་ལྟར་རིམ་གྲོ་པས་བཀའ་ལན་རྣམས་ཕུལ། ཆོས་ཀྱི་དྲི་བཤད་ཀྱང་མང་པོ་གནང༌། ཁྱད་པར་ཕྱག་ཆེན་སྐོར་ལ་གནས་ལུགས་ཕྱག་ཆེན་ཞེས་པ་ལྟ་བའི་ཆ་ནས་དང་དབང་བཞི་པའི་དབང་དོན་གྱི་ཡེ་ཤེས་ཕྱག་ཆེན་མཚན་ཉིད་པ་ཡིན་ཚུལ་སོགས་བཀའ་སྩལ། ཞེས་དང་། གསོལ་སྟོན་གནང་སྦྱིན་བཟང་པོ་མཛད། མཚུར་ཕུར་རྒྱུན་བཞུགས་ཆོག་པ་སོགས་ཞུས། ཞེས་འཁོད་འདུག འདི་དང་དུ་ཀཱུ་ལའི་གོས་བཟང་ནང་གསལ་བ་གཉིས་ཁུག་ནང་ཁུག་རྒྱབ་དང་པར་བཤུས་རྒྱགས་པ་ནང་བཞིན་རེད་འདུག དུ་ཀཱུ་ལའི་གོས་བཟང་ནས་བཀའ་འདྲི་ཞུས་པའི་ལན་དུ། རིམ་གྲོ་བས་གནང་ཚུལ་གསུང་པའི་རྒྱུ་མཚན་ཡང་འདིར་གསལ་བཤད་གནང་འདུག དེ་ནས་བཟུང་རྒྱལ་བ་ལྔ་པ་དང་ཀརྨ་པ་བཅུ་པ་གཉིས་ཀྱི་ཐུགས་ཀྱི་དགོངས་པའི་མཁའ་དབྱིངས་སུ་གློ་བུར་བའི་སྤྲིན་པ་དཀར་ནག་དེ་དག་ཡོངས་སུ་བདས་ཏེ། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གི་ངོ་བོ་གཙང་མར་ཆགས་འདུག གཞུང་ས་དགའ་ལྡན་ཕོ་བྲང་ནས་སྟོད་ལུང་མཚུར་ཕུར་བླ་བྲང་གི་ས་རིས་བདག་རྐྱེན་རང་འཇགས་སུ་བསྩལ་ཚུལ་ཡང་། དུ་ཀཱུ་ལའི་གོས་བཟང་དང་། བཀའ་བརྒྱུད་གསེར་ཕྲེང་གཉིས་ཀར་གསལ་བ་ལྟར་ལགས་སོ། །
  དེ་བས་ན་རྒྱ་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་སོག་ཇག་གིས་བོད་ས་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་ལེའུ་ནང་། རྒྱལ་བ་ཡབ་སྲས་དང༌། ཀརྨ་པ་ཞྭ་དམར་གཉིས་བཀའ་དགེ་སོ་སོའི་དམག་སྤྱི་ཡིན་པའི་བཟོ་འདྲ་བོ་དང་། བཀའ་དགེ་གཉིས་དམག་སྡེ་ཡིན་པའི་བཟོ་འདྲ་བོ། རྒྱལ་བ་ལྔ་པ་དང་ཀར་རབས་བཅུ་པ་གཉིས་མེ་དང་སྤུ་ནང་བཞིན་ཡིན་པའི་བཟོ་འདྲ་བོ། གཙང་སོག་དམག་འཐབ་ཀྱང་མཐར་གཏུགས་ན་བཀའ་དགེ་དམག་འཁྲུགས་ཡིན་པའི་བཟོ་འདྲ་བོ་ངོས་འཛིན་གནང་མཁན་དེ་རིགས་ལ། ཧ་ཅང་མདོར་བསྡུས་པའི་ལུགས་སུ་བྱས་ནས་ཁུངས་དང་བཅས་པའི་གསལ་བཤད་ཅིག་འདིར་ཞུ་རྒྱུ་སྐབས་སུ་བབ་འདུག་སྙམ་ནས་བཀོད་པ་ལགས། གནས་ལུགས་འདི་དག་གི་གསལ་བཤད་ཞིབ་ཕྲ་ནི་འདི་ཙམ་གྱིས་མི་རྫོགས་པས་སླད་ནས་རྒྱས་འབྲི་ཞུ་རྩིས་ཡོད།
  ད་ལན་འདིར་འཛམ་གླིང་ཤར་ནུབ་ཡོངས་སུ་མཛད་པ་ཉི་ཟླ་ལྟར་གསལ་ཞིང་འཕྲིན་ལས་ནམ་མཁའ་བཞིན་ཡངས་པའི་དཔལ་ཕྱག་རྒྱ་ཆེན་པོའི་སྒྲུབ་རྒྱུད་ཤིང་རྟའི་སྲོལ་འཛིན་པ་ཆེན་པོ་སྲིད་ཞིའི་རྣམ་འདྲེན་དཔལ་རྒྱལ་དབང་ཀརྨ་པ་ཆེན་པོའི་ཡོངས་སུ་འཛིན་པ་ཆེན་པོ་ཁྲ་འགུ་སྤྲུལ་པའི་སྐུ་རིན་པོ་ཆེའི་གདན་ས་གནས་མཆོག་ཝཱ་ཎཱའི་ཁྲ་འགུ་དགོན་གྱི་བཛྲ་བིདྱ་དཔེ་མཛོད་ཁང་ནས། <<ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་དགུང་ལོ་བཅུ་གསུམ་ཕན་ཆད་ཀྱི་རྣམ་ཐར་བདུད་རྩིའི་བུམ་བཟང་(འཇིག་རྟེན་དབང་ཕྱུག་ཀརྨ་པ། །བཅུ་པ་ཆོས་དབྱིངས་རྡོ་རྗེ་ཡི། །དགུང་ལོ་བཅུ་བཞི་ཕན་ཆད་ཀྱི། །རྣམ་ཐར་བདུད་རྩིའི་བུམ་བཟང་བཞུགས་སོ།།)>>དང་།  <<རང་རྣམ་རྟོགས་པ་བརྗོད་པ་འདོད་འཇོ་བ་མོ་།བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་ཞིང་ཀུན་ཏུ་རང་ཉིད་འོང་བ་གདུལ་བར་བྱ་བ་ཀུན་གྱི་འདོད་པ་འཇོ་བའི་བ་མོ་ཞེས་བྱ་བ་བཞུགས་སོ།།>>། << ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་ཚིགས་སུ་བཅད་པ་རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་བཞུགས་སོ།།>>།  <<རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མདོ་སྡེ་རྒྱན་དང་སྦྱར་བརྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མདོ་སྡེ་རྒྱན་གྱི་ལུང་དང་སྦྱར་བ་བཞུགས་སོ།།>>། <<ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྟོགས་བརྗོད་ངེས་པར་འབྱུང་བ་ཆོས་ཀྱི་དབྱངས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གི་རྟོགས་བརྗོད་ངེས་པར་འབྱུང་བའི་ཆོས་ཀྱི་དབྱངས་ཞེས་བྱ་བ་བཞུགས་སོ།།>>། <<ཀྃ་ཚང་གསེར་ཕྲེང་ནས་བྱུང་བའི་ཀར་རབས་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར>>འདི་ལ་ཀར་བསྟན་དར་རྒུད་ཅི་རིགས་པའི་དབང་གིས་རྒྱས་བསྡུས་ཀྱི་ཁྱད་པར་རེ་འབྱུང་ཡོད་འདུག བཅས། ཕྱོགས་བསྒྲིགས་ཀྱིས་དཔར་བསྐྲུན་གནང་བ་ལྟར། རྨད་དུ་བྱུང་བའི་རྣམ་ཐར་དེ་དག་སྐྱེས་ཆེན་དམ་པ་གཅིག་གི་རྣམ་ཐར་ཡིན་ཡང་ཁྱད་ཆོས་མི་འདྲ་བ་དུ་མ་མངོན།
  དང་པོ།    <<ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་དགུང་ལོ་བཅུ་གསུམ་ཕན་ཆད་ཀྱི་རྣམ་ཐར་བདུད་རྩིའི་བུམ་བཟང་>>ནི། རྒྱལ་དབང་ཀརྨ་པ་འཁྲུངས་པ་ནས་དགུང་ལོ་བཅུ་གསུམ་(༡༦༠༤-༡༦༡)བར་གྱི་རྣམ་ཐར་ཏེ། རྣམ་ཐར་འདི་གཙང་སྲིད་ཕམ་ཉེས་མ་སོང་བའི་སྔོན་དུ་བྲིས་པ་ཡིན་པས། ཡུལ་དུས་གནས་བབ་དང་ཐབས་མཁས་བསྟུན་མཁས་མི་དགོས་པར། དངོས་བྱུང་དེ་བརྗོད་ཀྱི་གོ་སྐབས་ཆ་ཚང་ལྡན་པའི་སྐབས་ཡིན་སྟབས་སྐབས་དེའི་བྱུང་བ་དངོས་་ཀྱི་དཔྱོད་གཞི་རིན་ཐང་དམིགས་བསལ་ལྡན་པ་སྣང་། ལོ་རབས་དེ་དག་གི་ནང་མདོ་དབུས་ཁམས་གསུམ་དུ་རྒྱལ་དབང་ཀརྨ་པའི་མཛད་འཕྲིན་ཇི་ཙམ་རྒྱས་པའི་ལོ་རྒྱུས་ཁ་གསལ་ཤོས་དང་གྲ་རྒྱས་ཤོས་དེ་ཆགས་འདུག   རྣམ་ཐར་འདི་ཉིད་ད་ལྟའི་བར་པར་སྐྲུན་རྩ་བ་ནས་ཞུས་མ་མྱོང་བའི་མ་དཔེ་དབུ་མེད་བྲིས་མ་དཔེ་རྙིང་རྩ་ཆེ་ཡིན་ཞིང་། དཔེ་ཚུགས་སྐུངས་ཡིག་མང་བས་ཡིག་འབྲུ་ཁ་ཤས་ཇི་ཙམ་བརྟགས་ཀྱང་ཀློག་མི་ཤེས་པ་དེ་འདྲ་འང་མཆིས། མཁས་དབང་དུང་དཀར་རིན་པོ་ཆེས་མཇལ་མྱོང་ཡང་ཀློག་རྒྱུའི་གོ་སྐབས་མ་བྱུང་བ་དང་། དཔེ་གཟུགས་ཤོག་གྲངས་༤༧འདུག་གསུང་པ་ཡང་འདི་ཉིད་དུ་ངེས་སོ།[34] འདིའི་མཇུག་ཤོག་མི་ཚང་བར་ཤོག་གྲངས་གཅིག་ཁོ་ན་ཆོད་པ་གོང་གསལ་དུང་དཀར་གྱི་གསུང་ལས་ཤེས་ནུས་ལ། མ་དཔེ་རྩ་ཆེན་འདིའི་དབུ་ཤོག་གི་ཟུར་དུའང་ཨང་གྲངས་ ༤༧ ཞིག་བྲིས་འདུག་པ་ནི་དཔེ་ཧྲིལ་པོའི་ཤོག་གྲངས་ཡིན་པ་གོ་མ་ཆག ཤོག་གྲངས་གཅིག་ཙམ་མ་ཚང་བ་དེས་མཛད་བྱང་མི་གསལ་བས་མཛད་པ་པོ་སུ་ཡིན་མ་ཤེས་ཀྱང་རིང་མིན་བརྩད་གཅད་ཐུབ་པའི་རེ་བ་ཞུ་གི་ཡོད།
  གཉིས་པ།  << བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་ཞིང་ཀུན་ཏུ་རང་ཉིད་འོང་བ་གདུལ་བར་བྱ་བ་ཀུན་གྱི་འདོད་པ་འཇོ་བའི་བ་མོ>>ནི། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་རང་ཉིད་ཀྱིས་ས་ཕག་སྤྱི་ལོ ༡༦༤༧་ནས་མགོ་བཙུགས་ཏེ་ས་བྱི ༡༦༤༨ ལོར་མཇུག་རྫོགས་པར་མཛད་ཅིང་། འདིའི་ནང་དོན་ནི་རྒྱལ་མཆོག་ཀརྨ་པ་རང་ཉིད་སྐུ་སྐྱེ་བ་བཞེངས་པ་ནས་དགུང་ལོ་ཞེ་ལྔ་བར་གྱི་སྐུ་ཚེ་ལོ་རྒྱུས་སྤྱི་དང་། ལྷག་དོན་གོང་ས་ལྔ་པ་ཆེན་པོས་རྒྱལ་དབང་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ནང་། ཞྭ་དམར་ཐམས་ཅད་མཁྱེན་པ་གར་དབང་ཆོས་ཀྱི་དབང་ཕྱུག་ཅེས། ཆོས་ཕྱོགས་ཀྱི་སྐུ་ཡོན་དང་འཇིག་རྟེན་ཀྱི་མཁྱེན་པ་མཐའ་དག་མཚུངས་པ་མེད་པའི་རྣམ་དཔྱོད་མེས་པོ་ཚངས་པ་དང་ཁྱབ་འཇུག་གི་བློ་ཡི་ར་བ་ལས་བརྒལ་བ་དེས། ཞེས་བསྔགས་པ་ཆེས་ཆེར་མཛད་ཡུལ་ཞྭ་དམར་དྲུག་པ་གར་གྱི་དབང་པོར་བསམ་སྦྱོར་གཉིས་ཀྱི་སྒོ་ནས། རྟག་ཏུ་ངུ་ཡིས་ཆོས་འཕགས་དང་། ན་རོ་ཏ་བས་ཏེ་ལོ་པ་ཇི་ལྟར་བསྟེན་པ་དང་འདྲ་བའི་རྣམ་ཐར་བདག་གིར་སྐྱོང་ཚུལ་འབུར་དུ་བཏོན་ནས་མཛད་པའི་རྣམ་ཐར་ཡིན་ཞིང་། ཚིག་གི་སྦྱོར་བ་ནི་བཅད་ལྷུག་སྤེལ་མའི་སྙན་ངག་གི་ལམ་ནས་སྤེལ་བ་སྟེ། བསྟན་འགྱུར་ཁྲོད་ཀྱི་རྟོགས་བརྗོད་གླེགས་བམ་དག་ལའང་ཅོ་འདྲི་བའི་ཉམས་དང་ལྡན་ཞིང་། ད་ཕན་ཁོ་བོའི་མིག་ལམ་དུ་སོན་བའི་བོད་རྩོམ་ཞིག་ལ་རྒྱ་གཞུང་གི་རྟོགས་བརྗོད་རྩོམ་འགྲོས་དང་ཆུ་ལ་ཆུ་བཞག་པ་ནང་བཞིན་མཐོང་བ་ནི། རྟོགས་བརྗོད་འདི་དང་ཁོང་གིས་མཛད་པའི་རང་རྣམ་ཀ་ལ་པིང་ཀའི་ལམ་གླུ་གཉིས་ཁོ་ན་ཡིན། དེས་ན་ལྷོ་འབྲུག་གི་རྗེ་མཁན་པོ་ཤཱཀྱ་རིན་ཆེན་གྱིས་མཛད་པའི་ཀར་རྣམ་ལས། གསུང་རྩོམ་གནང་བ་དག་ཀྱང་སྙན་ངག་ཕུལ་དུ་ཕྱིན་པ་སྐྱེས་རབས་སོ་བཞི་པ་དང་། དཔག་བསམ་འཁྲི་ཤིང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པས་ཀྱང་འགྲན་མི་བཟོད་པ་མཆིས། །[35] ཞེས་གསུངས་པ་འདི་དོན་ལ་གནས་པའི་གཏམ་ཉིད་དོ། །
  གསུམ་པ། << ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་ཚིགས་སུ་བཅད་པ་>>ནི། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོས་མཛད་པ་ཡིན་ཞིང་། རྩོམ་ལུས་ཚིགས་བཅད་ཀྱི་ངོ་བོར་གྲུབ་ཅིང་། བརྗོད་གཞི་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སྐུ་འཁྲུངས་པ་ནས་དགོངས་པ་ཞི་བར་གཤེགས་པའི་བར་གྱི་བྱུང་རིམ་ཡོངས་རྫོགས་བསྡུས་ཡོད། ཚིག་ཉུང་ལ་དོན་འདུས་པ། གོ་རིམ་གསལ་ལ་ལོ་ཚིགས་འཁོད་པས། འདི་ནི་སྐུ་ཚེའི་མཛད་པའི་སྙིང་དོན་གལ་ཆེན་ཕྱོགས་བསྡོམས་བརྒྱབ་པའི་བསྡོམས་ཚིག་ཅིག་ཡིན་ཟེར་ན་ཆོག མཁས་དབང་དུང་དཀར་རིན་པོ་ཆེས་ཚིག་མཛོད་སྒྲིག་པའི་སྐབས་ཀྱང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་སྐོར་ཁུངས་དང་གཞི་བཅོལ་ས་འདི་ཉིད་གཙོ་བོ་གནང་འདུག །[36]
  བཞི་པ། <<རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མདོ་སྡེ་རྒྱན་དང་སྦྱར་བ>>ནི།  རྩོམ་པ་པོ་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ལྷན་དུ་ལྷོ་མོན་དུ་ཕེབས་ཏེ་ཞབས་དྲུང་གི་ཡོངས་འཛིོན་གནང་མཁན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་མཆོག་ཡིན་ལ།[37] ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་དུས་མཉམ་དུ་བྱུང་བ་ཞིག་ཡིན། ཁོང་ནི་བློ་གཟུ་བོར་གནས་ཤིང་། གང་ཞིག་མཐོང་ཐོས་བྱུང་བ་རྣམས་མི་རབས་དེ་རང་གི་གནས་སྟངས་ཡིན་སྟབས་ཁུངས་བཙན་པ། རྒྱལ་སྲས་ཆེན་པོའི་རྣམ་ཐར་རྩོམ་སྲོལ་གྱི་འགྲོས་དང་ལྡན་པ། བདག་བསྟོད་གཞན་སྨོད་ཀྱི་ཁྱད་བསད་དང༌། གཞི་མེད་སྐུར་འདེབས་ཀྱི་འུར་སྒྲོག་གཞར་ཡང་མ་གོས་པར། བྱུང་རིམ་དངོས་ལ་རྩ་འཛིན་གནང་གང་ཐུབ་བྱས་པ།  དམ་པའི་མཛད་པ་དང་གཞུང་ལུགས་ཆེན་པོའི་དགོངས་དོན་གཉིས་ཆུ་ལ་ཆུ་བཞག་པ་དང་། མེ་ལ་དྲོད་ཞུགས་ལ་ལྟར་ངོ་བོ་དབྱེར་མེད་དུ་འདྲེས་འགྲོ་བ། རྒྱལ་སྲས་ཀྱི་སྤྱོད་པར་བསླབ་ན་དཀའ་བ་ཁུར་དུ་ལེན་སྟངས་དང་། གཞན་དོན་ཕྲག་དུ་བཞེས་སྟངས་ཀྱི་མིག་དཔེ་བལྟ་ས། ཀློག་ན་དང་བ་འདྲེན་པ་དང་། བསམ་ན་དད་པ་འཕེལ་བ། དཔྱད་ན་རྒྱུ་མཚན་ཟབ་པ། གོམས་ན་ཉམས་རྟོགས་བརྟས་པའི་རྨང་གཞི་བརླིང་བ་བཅས་ཀྱི་ཁྱད་ཆོས་ལྡན།
  ལྔ་པ། <<ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྟོགས་བརྗོད་ངེས་པར་འབྱུང་བ་ཆོས་ཀྱི་དབྱངས་>>ནི། ལྷོ་མོན་གྱི་རྗེ་མཁན་རབས་དགུ་པ་ཤཀྱཱ་རིན་ཆེན་གྱིས་མཛད།[38] འདི་ནི་སྐུ་འཁྲུངས་པ་ནས་ཞི་བར་གཤེགས་པའི་བར་གྱི་རྣམ་པར་ཐར་པ་བསྟར་ཆགས་སུ་སྒྲིག་པ་མ་ཡིན་པར་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་ཏེ། མཁས་པའི་ཡོན་ཏན། བཙུན་པའི་སྤྱོད་པ། བཟང་པོའི་འཕྲིན་ལས་ཡ་མཚན་པ་རྣམས་འབུར་དུ་བཏོན་པའི་རྣམ་ཐར་གྱི་དོན་སྙིང་གཅིག་ཏུ་བསྒྲིལ་ཏེ། སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་སྐྲུན་པའི་ཆེད་ཁོ་ན་ལྷུར་བླངས་ནས་བསྒྲིགས་པ་ཞིག་ཡིན། རྩོམ་པ་པོ་ཤེས་བྱའི་གནས་ཀུན་དང་ལྷག་དོན་ཚིག་རྒྱན་ལ་མཁས་པས་སྙན་ངག་གིས་མ་བཅོས་ཀྱང་ཚིག་སྦྱོར་ཕུན་སུམ་ཚོགས་པས་གོ་བདེ་ཞིང་ཉན་སླ་བ། བརྗོད་གཞིའི་ཐད་སྐྱེས་ཆེན་དམ་པའི་མཛད་སྤྱོད་ལ་རང་དབང་མེད་པར་དད་པའི་ཡིད་ག་འཇོ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད།
  དྲུག་པ། <<ཀམ་ཚང་གསེར་ཕྲེང་ནས་བྱུང་བའི་ཀར་རབས་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐརསྒྲུབ་བརྒྱུད་ཀརྨ་ཀམ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ པོད་ད་པ ལས་བཏུས་པ>>ནི།[39] ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ་ཡིན། རྣམ་ཐར་འདིའི་ནང་། རྗེ་ཆོས་དབྱིངས་རྡོ་རྗེ་ཉིད་གང་དུ་སྐྱེ་བ་བཞེས་པ་ནས་དགོངས་པ་ཞི་དབྱིངས་སུ་ཐིམ་པའི་བར་གྱི་བྱུང་རིམ་ཆ་ལག་ཚང་བ། མང་ཉུང་རྒྱས་བསྡུས་འཚམས་པ། བརྗོད་གཞི་བང་རིམ་འགྲིགས་པ། ཚིག་སྦྱོར་གོ་བདེ་བ། ལོ་རྒྱུས་ཁུངས་བཙན་པ། འགྲེལ་བརྗོད་གནད་ལ་འཁེལ་བ། ལོ་ཚིགས་ཀྱི་དུས་མཚམས་ཁ་གསལ་བ། སྤྱི་ལོ་༡༦༢༠-༡༦༣༧ བར་ལོ་ཚིག་གསལ་པོ་མེད་པ་ཕུད་བཅས་ཀྱི་ཁྱད་ཆོས་ལྡན་པས། གལ་ཏེ་ཀར་རབས་བཅུ་པའི་སྐོར་གྱི་ལོ་རྒྱུས་ཉམས་ཞིབ་གནང་མཁན་འདྲ་ཡིན་ན། ཨང་དང་པོ་དང་གཞི་འཛིན་ས་གཙོ་བོ་འདི་ཉིད་བྱེད་འོས་པར་སྙམ། རྣམ་ཐར་སྔ་མ་རྣམས་ལས་འདི་ཉིད་འཐུས་ཚང་བའི་རྒྱུ་མཚན་ནི། རྩོམ་པ་པོ་ཤེས་བྱ་རིག་པའི་གནས་ལྔ་ཀ་ལ་ཆགས་ཐོགས་མེད་པའི་མཁས་པ་ཡིན་པའི་ཐོག རྣམ་ཐར་སྔ་མ་གཉིས་ཀ་དང་། ད་དུངརྟོགས་བརྗོད་འདོད་འཇོ་བ་མོ་སོགས་ཀྱང་སྤྱན་ལམ་དུ་སོན་ཞིང་། ལོ་རྒྱུས་གཞན་དང་གཞན་གྱི་རྒྱབ་ལྗོངས་ཀྱང་མང་པོ་མཁྱེན་པ་བཅས་ཀྱིས་ཡིན་སྙམ།
   མེས་པོའི་ལ་ཐོད་དཀྲིས་པའི་བང་རིམ་འོག།
  བསུབ་མེད་རིས་སུ་ཕབ་པའི་དེབ་ཐེར་འདིས།།
  མི་སྡུག་གཉེར་མར་བཅིངས་པའི་གདོང་ངོས་ན།།
  བདེན་པའི་འཛུམ་ཀོང་བསུ་བའི་དུང་སྒྲ་དངོས།།
  ཞེས་པ་འདི་ཡང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་རྩ་ཆེན་ཁག་དྲུག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཔེ་དེབ་གལ་ཆེ་འདི་བཞིན། ཝཱ་ཎ་ཁྲ་འགུ་དགོན་བཛྲ་བིདྱ་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུ་བར། སྐུ་ན་ཧ་ཅང་ཕྲ་བའི་དུས་ནས་བློ་གྲོས་ཀྱི་འཇུག་པ་ནམ་མཁའ་ལྟར་ཡངས་པ་དཔལ་རྒྱལ་བ་ཀརྨ་པ་སྐུ་རབས་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་ཡིས་སྐུལ་བའི་མེ་ཏོག་གི་ཅོད་པཎ་སྤྱི་བོར་བཅིངས་ཏེ། འབྲེལ་ཡོད་དེབ་ཐེར་བཅུ་ཕྲག་ཁ་ཤས་ལ་བསྐྱར་ཞིབ་ནན་པོའི་ལུགས་སུ་བྱས་ཐོག རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བའི་མཁས་པའི་གྲལ་དབུ་ན་སེངྒེ་སྲབ་མེད་ལྟར་འཕྱོ་བའི་མཁས་པའི་དབང་པོ་ཨ་མྱེས་རྨ་ཆེན་བཀྲ་ཤིས་ཚེ་རིང་ལའང་ལམ་སྟོན་བཀའ་སློབ་ཡང་ཡང་ཞུས་ཏེ། བོད་ཀྱི་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་མོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་འཇུག་པ་དགེ་ཡང་། ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་གྱི་སྐལ་བས་དབུལ་བའི་སེར་གཟུགས། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས། གནས་མཆོག་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བའི་ནགས་འདབས་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་པོའི་རང་ཤག་ཏུ།
                       ཕྱི་ལོ་༢༠༡༡ཟླ་བ་༡༡ཚེས་༦ཉིན་མཇུག་རྫོགས་པར་བྲིས་པ་དགེ་ལེགས་འཕེལ།།
 
 [1] དུང་དཀར་ཚིག་མཛོད་ཆེན་མོ་ལས། ཤོག་གྲངས། ༢༦། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པ། བོད་ལུགས་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་སྲོལ་ཆེན་པོ་ལྔ་ཡོད་པའི་ནང་ནས་སྐད་གྲགས་ཆེ་བའི་འབྲི་རྒྱུན་ཞིག་སྟེ། འདིའི་སྲོལ་ཐོག་མར་དར་སྤེལ་མཛད་མཁན་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་སློབ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཡིན་པར<<ཀམ་ཚང་ཆོས་འབྱུང>>སྡེ་དགེ་དཔར་མ་པོད་གཉིས་པའི་ཤོག་གྲངས་༣༣ན༦པར་གསལ་ཞིང་། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཕྱག་རིས་ལ་མཁས་རྩལ་ཆེ་བ་བཅས་ལ་བརྟེན་བཀའ་བརྒྱུད་ཕྱོགས་ཀྱི་དགོན་རྙིང་མང་པོ་ཞིག་ལ་སྒར་བྲིས་གྱི་སྲོལ་དར་ཁྱབ་བྱུང་བར་མངོན། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་ཕྱག་བྲིས་ཡིན་ཞེས་མཚན་བྱང་འཁོད་པའི་རྗེ་བཙུན་མི་ལ་རས་པ་དང་། ཚེ་རིང་མཆེད་ལྔའི་ཞལ་ཐང་ཆུང་བ་གཉིས་ལྷོ་བྲག་ཉི་ལྡེ་དགོན་པར་ཡོད་ཚུལ་སྐྱེས་ཆེན་དམ་པ་འགའ་ཞིག་གི་རྣམ་ཐར་ནང་གསལ་ཞིང་། ཡང་གྲུབ་ཐོབ་བརྒྱད་ཅུའི་ཞལ་ཐང་སྒར་བྲིས་བྱས་པ་ཞིག་གནས་ནང་དཔའ་བོ་རིན་པོ་ཆེའི་ཐུགས་དམ་རྟེན་གྱི་གྲས་སུ་ཡོད་པ་དང་། ཡང་ལྷོ་བྲག་སྲས་མཁར་དགུ་ཐོག་གི་ལྷ་ཁང་དུ་གྲུབ་ཐོབ་བརྒྱད་ཅུའི་ཞལ་ཐང་སྒར་བྲིས་བྱས་པ་བཅས་ཡོད་ཚུལ་དེའི་དཀར་ཆག་ཏུ་རྒྱས་པར་གསལ་བ་ལྟར་ཐང་ཀ་ཁག་གཅིག་དེ་སྔོན༡༩༨༨ལོ་ང་རང་གིས་ཁྲ་བྲུག་དགོན་པར་མཇལ་མྱོང་ལགས། ཞེས་བྲིས་འདུག
[2] དཔག་ཤོད་རག་ར་རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན། རག་ར་སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་མཛད་པ། གངས་ཅན་རིག་མཛོད།༩། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ཤོག་གྲངས། ༢༨༡།
[3] སྡེ་པ་གཙང་པ་ཡབ་སྲས་ཀྱི་ལོ་རྒྱུས་ཅུང་ཟད་ནི། སྡེ་སྲིད་གཙང་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པ་དང་། སྡེ་སྲིད་གཙང་པའི་ལོ་རྒྱུས། འབྲོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བརྩམས་པ།རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་ཞུས་པའི་ནང་དུ་གསལ།
 [4] ཀཾ་ཚང་གསེར་ཕྲེང་ལས། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་པོད་ད་པ། སུ་ཏི་པཎ་ཆེན་གྱིས་མཛད་པར་འབེ་ལོ་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་ཁ་སྐོང་གནང་བ། (དཔལ་སྤུངས་པར་རྙིང་།) ཤོག་གྲངས། ༡༨༠། ན།
[5] བོད་ཀྱི་ཆོས་སྲིད་ཟུང་འབྲེལ། དུང་དཀར་བློ་བཟང་འཕྲིན་ལས་གསུང་འབུམ། ང་། ཤོག་གྲངས། ༩༤ ནས་གཟིགས་ནས་གསལ་པོ་ཡོད།
[6] གོ་ཤྲི་བསྟན་འཛིན་ཆོས་རྒྱལ་ནི། འཇམ་དཔལ་རྩ་རྒྱུད་སྡེ་དགེ་བཀའ་འགྱུར་པོད་རྒྱུད་ན་པ། ལས། ཡི་གེ་ཧ་མིང་སླར་ལོག་ནས།། ཀླ་ཀློའི་རྒྱལ་པོས་རབ་ཏུ་མཆོད།། ཡི་གེ་ཧ་བྱ་དགེ་དང་ལྡན།། དགེ་བའི་དོན་གྱི་ལས་ཀྱི་ནི།། ཇི་ལྟར་འདོད་པའི་འགྲོས་དག་གིས།། རང་གི་ཡུལ་ནི་ཉོད་དུ་ཕྱིན།། དེ་ཉིད་ཀྱིས་ནི་ལས་བྱས་པས།། རྒྱལ་སྲིད་དགའ་དང་ལྡན་པར་ཐོབ།། ཞེས་གསལ། ཤོག་གྲངས། ༣༡༧།
[7] ཀཾ་ཚང་གསེར་ཕྲེང་ཟླ་བ་ཆུ་ཤེལ་ཕྲེང་བ་ལས་གསལ། ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། ཤོག་གྲངས། ༡༧༢། ན།
[8] དཀར་མཛེས་ཁུལ་གྱི་དགོན་སྡེ་ལོ་རྒྱུས་ཐུབ་བསྟན་གསལ་བའི་ཉིན་བྱེད། པོད་དང་པོ་ནང་གསལ།
[9] བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་དོན་པདྨ་ར་གའི་ལྡེ་མིག ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྡེ་དགེ་ཕུན་བསྟན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
[10] གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༥ ཅ༽། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་སྐྲུན་པ།ཤོག་གྲངས། ༡༩༣-༡༩༤
[11]  རྒྱལ་དབང་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ནོར་བུའི་ཕྲེང་བ། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༡༡ ཉ༽། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་སྐྲུན་པ། ཤོག་གྲངས། ༢༢།
[12] ༸གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༥ ཅ༽། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་སྐྲུན་པ། ཤོག་གྲངས། ༢༢༢། ལྷ་སའི་པར་རྙིང་། ཤོག་གྲངས། ༤༤༠།
[13] ༸གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༥ ཅ༽། ཤོག་གྲངས། ༡༤༡། ལྷ་སའི་པར་རྙིང་། ཤོག་གྲངས། ༩༤།
[14] ༸གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༥ ཅ༽། ཤོག་གྲངས། ༡༦༢། ལྷ་སའི་པར་རྙིང་། ཤོག་གྲངས། ༡༠༨།
[15] ༸གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༥ ཅ༽། ཤོག་གྲངས༡༦༢། ལྷ་སའི་པར་རྙིང་། ཤོག་གྲངས། ༡༠༨།
[16] ༸གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༥ ཅ༽། ཤོག་གྲངས༡༧༢། ལྷ་སའི་པར་རྙིང་། ཤོག་གྲངས། ༡༡༥།
[17] དུང་དཀར་ཚིག་མཛོད་ལས། ཀརྨ་པ་རིན་པོ་ཆེ་ནས་དགེ་ལུགས་ཆོས་བརྒྱུད་འཛིན་སྐྱོང་གནང་མཁན་མཆོག་དམན་ཚང་མར་མཐུན་སྒྲིལ་དམ་གཙང་ཡོང་རྒྱུའི་དགོངས་གཞེད་ཐབས་མཁས་མཛད་པ་སྐྱོང་གང་ཐུབ་གནང་ཡང་རྒྱལ་དབང་ལྔ་པ་ཆེན་པོའི་ཡབ་ཚང་དང་གཙང་པ་སྡེ་སྲིད་བར་འགལ་ཟླ་ཆེ་བའི་ཐོག གཙང་པ་ཀརྨ་བསྟན་སྐྱོང་གིས་བེ་རི་རྒྱལ་པོ་དོན་ཡོད་དང་ཆ་ཧར་ལེགས་ལྡན་རྒྱལ་པོ་བཅས་དང་ངན་འབྲེལ་བྱས་ཏེ། དགེ་ལུགས་པའི་བླ་དགོན་ཚང་མར་སྡང་ཟུག་ཆེ་བའི་སྐབས་དང་འཁེལ་ཏེ། གཙང་བེ་ཆ་གསུམ་གྱི་ངན་གྲོས་ཡི་གེའི་ཐོག་ཀརྨ་པ་རིན་པོ་ཆེ་ཞབས་འབྲིང་འགའ་ཞིག་ནས་ལྐོག་ཏུ་ཕྱག་དམ་བརྐུས་ཏེ་ཆོད་ཡིག་ཐོག་ཕབ་པ་སོགས་རྐྱེན་ངན་མང་པོ་སྣེ་འདོམས་ལ་བརྟེན། ཞེས་བྲིས་འདུག ཤོག་གྲངས། ༣༩།
[18] གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༦ ཅ༽། ཤོག་གྲངས༡༦༥། ལྷ་སའི་པར་རྙིང་། ཤོག་གྲངས། ༡༠༢།
[19] རྩ་ཚིག་ཡིག་ཆ་ལག་བྲིས་མ་དེ་ད་ལྟར་ཡང་མཇལ་རྒྱུ་ཡོད།
[20] ༸གོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༦ ཆ༽། ཤོག་གྲངས ལྷ་སའི་པར་རྙིང་། ཤོག་གྲངས། ༡༨༧།།
[21] ཀརྨ་ཞྭ་དམར་པར་༸གོང་ས་ལྔ་པས་ཕེབས་བསུ་གྲ་རྒྱས་དང་མཇལ་འཕྲད་ལྷུག་པོའི་ཐོག་དད་པ་དོ་སྣང་ཆེན་པོ་གནང་ཚུལ་དུ་ཀཱུ་ལའི་གོས་བཟང་། པོད་ ༦ ཆ༽། ཤོག་གྲངས༢༥༩། ལྷ་སའི་ཤིང་པར། ཤོག་གྲངས། ༡༨༥། ལ་གསལ།
[22] རང་རྣམ་ནོར་བུའི་ཕྲེང་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ། པོད་ ༡ ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་སྐྲུན་པ། ཤོག་གྲངས། ༡༧༡།
[23] པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་པོད་དང་པོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་གྲངས། ༡༧༤།
[24] ཀཾ་ཚང་གསེར་ཕྲེང་ལས། ལྷ་སར་སྐྱིད་སོག་གི་དམག་སླེབ་པར། ཡར་སྟོད་ཞབས་དྲུང་ཁྲིའི་བཞེད་པ་བཞིན་ལྷན་རྒྱས་ནས་དགོངས་གཏད་གནང་བས་དམག་དཔུང་རྣམས་ཕྱིར་ལྡོག །ཞེས་གསུང་འདུག ཤོག་གྲངས། ༡༦༧། བ།
[25] ཀཾ་ཚང་གསེར་ཕྲེང་། ཤོག་གྲངས།་༡༦༨། བ།
[26] ཀཾ་ཚང་གསེར་ཕྲེང་ལས། དེ་ནས་སྐྱིད་ཤོད་པ་དང་སོག་དམག་གི་སྒར་ཆེན་བསྐོར། ཡང་རྗེ་ཉིད་ལ་ནི་བག་ཚ་བ་གཏན་ནས་མི་མངའ་བར་བཞུགས། སྒར་པ་བྱིངས་ལྷ་མོ་དབྱངས་ཅན་མའི་པི་ཝང་གི་ཁོག་པས་བསྲུང་བ་ཡིན་གསུངས་པས་ཉིན་ཞག་མང་པོར་དམག་མིས་མ་མཐོང་བ་དང༌། དམག་མི་རྣམས་ཀྱང་ལ་ལས་དད་པ་དང༌། ལ་ལས་སྡང་བ་སོགས་འདོད་པ་མ་མཐུན་པར་གྱུར་ཅིང༌། ཀརྨ་པ་ཉིད་དམག་མི་འགའ་ཞིག་གི་ཤ་བར་མཐོང༌། འགའ་ཞིག་གི་བྱ་རྒོད་དུ་མཐོང་ནས་རྗེས་སུ་རྒྱུག་པར་བྱེད་དོ། །རྒྱལ་བའི་དབང་པོ་གཅིག་པུ་དང་རིམ་གྲོ་པ་ཀུན་ཏུ་བཟང་པོ་གཉིས་ཞབས་ཐང་དུ་མཁན་པ་ལྗོངས་སུ་ཕེབས། ཞག་བཅུ་གཉིས་ལ་ལྟོ་གོས་གང་ཡང་མེད་མོད། ཨུ་རྒྱན་ཆེན་པོས་བདུད་རྩི་གནང་བ་སོགས་དག་པའི་སྣང་བ་ཁོ་ན་བྱུང༌། དགུ་འདྲེན་པའི་སྐབས་ཡིན་ཡང་སྐུ་ལ་ཉེ་ཞོ་ཅུང་ཟད་ཀྱང་མ་བྱུང་འདུག །སྒར་ཆེན་སོག་དམག་གིས་གཏོར། གྲྭ་པ་ཕལ་ཆེར་བྲོས། འགའ་རེ་རྨས། འགའ་ཞིག་བཟུང་བ་དང་བསད་པ་སོགས་བྱས་སོང་ངོ༌།།སྐབས་དེར་ཡང་དཔོན་སློབ་ལྔ་བསམ་ཡས་སུ་ཕེབས་པ་དང༌། ལྷ་སར་ཕེབས་པ་དང༌། ཀོང་སྨད་རྒོད་ཚང་བྲག་ཏུ་ཕེབས་པའི་མཐོང་སྣང་ཀྱང་མི་འདྲ་བ་དུ་མ་བྱུང་ནས་དམག་དཔུང་གིས་མང་དུ་བརྩལ་སྐད་སྣང༌། དེ་ནས་བྱ་ལོ་སྤྱི་ལོ་༡༦༤༥ཆོ་འཕྲུལ་གྱི་ཚེས་བཅུ་གསུམ་ལ་ལྷོ་བྲག་ནས་ཐེགས་སྨན་ཐང་བཞུགས་འཚེར་དུ་ཕེབས། ཞེས་གསུངས། ཤོག་གྲངས། ༡༧༧། ན།
[27] པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར། རབ་འབྱམས་རྒྱལ་བའི་སྤྱི་གཟུགས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་འཛམ་གླིང་མཛེས་རྒྱན། དཀྱིལ་ཟུར་བློ་བཟང་སྦྱིན་པས་མཛད་པ། པཎ་ཆེན་གོང་མ་ཚོའི་ཁྲོད་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་སྙིང་བསྡུས་གསུང་སྐབསསློབ་དཔོན་པདྨས་མཛད་པའི་ལྷོ་བྲག་གཏམ་ཤུལ་གྱི་ལུང་བསྟན་ལས། དེ་ནས་འགྲོ་ཀུན་སྙིང་ལ་གདོན་ཞུགས་ནས།། ཁྲག་གི་མཚོ་འཁྱིལ་དཀྱིལ་འཁོར་ལྷ་ཁང་བཤིགས།། མཐའ་དམག་འབྱུང་པོ་བདུད་རིགས་ཚོགས་ཀྱིས་གང་།། བོད་ཁམས་སྐྱིད་ཟད་མཚོན་ཆར་འབེབས་པའི་ཚེ།། ཐུགས་རྗེའི་ཤུགས་ཀྱིས་ཧོར་སོག་དམག་དཔུང་ཟློག། བོད་ཡུལ་དབུས་ཀྱི་ར་ས་འཕྲུལ་སྣང་དུ།། ཀླ་ཀློའི་ཚོགས་ལ་དབང་བསྐུར་བྱིན་རླབས་གནང་།། ཞེས་དང་། ཡང་། ཨུ་རྒྱན་གུ་རུའི་ལུང་བསྟན་ལས།། རབ་འབྱོར་སྤྲུལ་པ་གཙང་རོང་མཚམས་སུ་འབྱུང་།། ང་དང་ཁྱད་མེད་བོད་ཁམས་བདེ་བར་བསྒྱུར།། ལས་ཟད་རྙིང་མའི་མཐའ་ལ་ཐུག་པའི་ཚེ།། ཧོར་སོག་དམག་ཟློག་བོད་ཁམས་ཐམས་ཅད་དུ།། བདེ་སྐྱིད་སྤྲིན་བར་ཉི་མ་ཙམ་ཞིག་འབྱུང་།། ཞེས་གསུངས་འདུག སྟོད་ཆ། ཤོག་གྲངས། ༦ པ།
[28] ཀཾ་ཚང་གསེར་ཕྲེང་ལས། སྤྱིར་དུས་གསུམ་གཟིགས་པའི་ཨོ་རྒྱན་ཆེན་པོའི་ལུང་བསྟན་རྣམས་ལས་ལན་གཅིག་མ་ཡིན་པར་ངེས་དོན་སྙིང་པོའི་བསྟན་པ་སྐུ་ངལ་བསོ་བའི་དུས་ཚིགས་དང༌། མཐའ་མི་རྣམས་དབུས་སུ་ལུད་པ་དང༌། བོད་ཁམས་སིལ་བུར་འགྲོ་བའི་སྐབས་དེར། མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྤྲུལ་པ་རྗེ་ལྔ་པ་ཆེན་པོ་འཁྲུངས་པ་དང༌། སྐབས་དེར་གྲུབ་མཐའ་གཞན་རྣམས་ཀྱང༌། ཀརྨའི་གདན་འདིང་སྟག་གི་རེས་མོ་འཚོ།། འབྲི་ཡི་རྭ་གཅོག་འབྲུག་གིས་རང་ཁ་འཚོ།། ཞེས་སོགས་བོད་ཡུལ་སྤྱི་ཡི་བསྒོ་སྐལ་དུ་གྱུར་པ་ལ་བྱ་ཐབས་ཅི་ཡང་མེད་པར་འདུག་གོ། ཞེས་གསུངས། ཤོག་གྲངས། ༡༧༥། བ།
[29] ཀྃ་ཚང་གསེར་འཕྲེང་ལས། སྐབས་དེར་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་དམག་དཔུང་གཙང་ཕྱོགས་སུ་ཐེགས་པར། པཎ་ཆེན་རིན་པོ་ཆེ་བརྒྱུད་ནས་རྗེ་ཐམས་ཅད་གཟིགས་པ་ལྔ་པ་ཆེན་པོའི་དྲུང་དུ་བཅར་སྤྲོད་ཆོག་པར་ཞུས་པར། པཎ་ཆེན་རིན་པོ་ཆེ་ནས་རྒྱལ་བའི་དབང་པོར་ཀར་དགེའི་དོན་ལ་ཐུགས་ཁག་མེད་པ་ཁོ་བོས་ཁག་ཐེག་ཀྱང་ཀར་ལུགས་པ་འདི་རྣམས་མཛད་པ་མ་མཁས་པས་ལན་སོགས་ཀྱི་བཀོད་འདམ་བཅས་གོང་དུ་ཞུ་སྦྱོར་གནང་བས་ཀར་ལུགས་པ་རང་སར་འཇགས་ཆོག་པའི་བཀའ་ཐམ་རིན་པོ་ཆེ་ཕེབས་ཀྱང་ནག་པོའི་ཕྱོགས་དག་གིས་རང་གཞན་གྱི་རྒྱུད་མང་དཀྲུག་སྟེ་གཡུལ་འཁྲུག་ཆེན་པོ་དེའི་མགོ་ཚུགས་པས་རྗ ེ་ཉིད་ལྷོ་བྲག་ཏུ་ཕེབས། ཞེས་གསུངས། ཤོག་གྲངས། ༡༧༥། ན།
[30] སྡེ་སྲིད་བསོད་ནམས་རབ་བརྟན་ནི། མི་རབས་གོང་མར་རྒྱ་ནག་ཏུ་མི་བསད་རྟ་སྒྲིལ་གྱི་གྱོད་གཞིའི་འོག་སྡོད་ཐབསས་མེད་པར་བོད་ཁམས་ལྡན་ཁོག་ཏུ་བྲོས་བྱོལ་ལ་ཡོང་། དེ་ནའང་ས་མ་ཆགས་པར་དབུས་ལམ་འཚོལ་ནས་སྟོད་ལུང་དུ་གཞིས་ཆགས། ས་ཁང་མེད་པས་ཕྲུ་གུ་ཁ་མ་སོས་པར་འབྲས་སྤུངས་བླ་བྲང་དགའ་ལྡན་ཕོ་བྲང་པའི་དགེ་ཕྲུག་ལ་ཕུལ། ཆེར་སྐྱེས་དུས་རླུང་རྟ་རྒྱུག་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཕྱག་མཛོད་ཆགས། དེ་ནས་བཟུང་གུ་རུའི་ལུང་ལས་འབྱུང་བ་ལྟར། སོག་ཇག་དབུས་སུ་འདྲེན། དབུས་གཙང་ཁྲག་བཞིན་དཀྲུགས་དགེ་ལྡན་ནང་ཁུལ་ལའང་འདིས་ཡག་པོ་བྱས་རབས་ཤིག་མི་འདུག ཕ་མེས་རྒྱ་ནག་ནས་འཁྱམས་པས་མིང་ལ་རྒྱ་ལེ། རྒྱལ་དབང་མཆོག་གི་ཕྱག་མཛོད་བྱས་པསཕྱག་མཛོད་བསོད་ནམས་རབ་བརྟན། གཞུང་དགའ་ལྡན་ཕོ་བྲས་གསར་འཛུགས་ཟིན་རྗེས་སྡེ་སྲིད་བྱས་པས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ཞེས་མི་གཅིག་ལ་མིང་གསུམ་ཐོགས་པ་ཡིན། དགའ་ལྡན་ཕོ་བྲང་པའི་སྡེ་སྲིད་དང་པོ་དེ་ཡིན། ལོ་རྒྱུས་ཅུང་ཟད་དགའ་ལྡན་ཕོ་བྲང་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གྱི་མགོ་ན་གསལ། སྔོན་བྱོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་ཁྲིམས་ཡིག་ལ་མ་ཕྱིར་བགྱིས་པའི་ཞལ་ལྕེ་བཅུ་གསུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པ།
[31] ཀཾ་ཚང་གསེར་ཕྲེང་ལས། སྐབས་དེར་གཙང་པ་ནས་ཀོང་དམག་བསྐུལ་མཁན་རྣམས་བྱུང་ཞིང་གཙང་པ་ནས་དཀྲུག་པའི་སྒར་པར་ནང་ཞིག་མི་བསད་བྱེད་མཁན་རྣམས་ཡར་འབྲོག་ཏུ་བཀག་པོ་ལ་དོན། སྣ་དཀར་རྩེ་པའི་རྟ་ཁྱུ་དེད་ནས་ཀོང་དམག་འདེད་སར་སོང༌། རྒྱལ་བའི་དབང་པོ་ཉིད་ཀྱང་གཙང་པ་ལ་ཐུགས་ལོག་དགོས་པ་བྱུང༌། རྩ་ཁུ་བ་དང་བཅས་པའི་བཀའ་བློན་རྣམས་ཀྱིས་དྲུང་སྐོར་དེ་དག་གི་ཞབས་འདྲེན་བྱས་པའི་སྐོར་ལ་གཙང་པ་མི་ཐེ་བའི་དག་པ་ཕུལ་ཀྱང་དོན་དུ་མ་གྱུར། དུས་དེར་ཀོང་དམག་ཚན་གཅིག་སླེབ་བྱུང་བར་མི་སྣ་དང་བཀའ་ཤོག་གནང་སྟེ། ཁྱོད་རྣམས་སྔར་ཡང་སྡོད་མ་ནུས་པས་འདི་བྱུང༌། ད་རུང་ཡང་སྡོད་ཐུབ་པར་གྱིས་ལ་ཕྱིར་ལ་ལོག་ཤིག །གལ་ཏེ་མི་ཉན་ན་སྟོད་ལུང་མཚུར་ཕུས་གཙོས་གདན་ས་གོང་འོག་སོགས་ཀར་བསྟན་གྱི་ཁག་ཁྱེད་རང་ཚོས་ཁུར། ངེད་རྒྱལ་བ་ལྔ་པ་ཆེན་པོར་མགོ་འདོགས་པ་ཡིན་བྱས་པས། ཀར་ལུགས་ཀྱི་མི་ངན་རྣམས་ཀྱི་ཁོག་པར་འདྲེ་འཁྱམ་ཞུགས་ཏེ། ཀརྨ་པས་གཙང་པ་བློས་བཏང་ཏེ་ཀར་ལུགས་པའི་བསྟན་པའི་ཁུར་བོར་ཟེར་ནས་ཀར་ལུགས་པ་རང་འཇགས་ཀྱི་དོན་ལ་རྗེ་ལྔ་པ་ཆེན་པོའི་དྲུང་ནས་གཏན་ཚིགས་བཟང་པོ་ཞུས་ཡོད་པ་རྩི་མེད་དུ་བཏང༌། རྒྱལ་བའི་དབང་པོ་ནས་རྒྱལ་པོའི་རྒྱལ་སྲིད་སྡིག་པས་ཉེ་བར་སྦགས་པ་དུག་དང་འདྲེས་པའི་སྦྲང་རྩི་ལྟར་གཟིགས་ནས་ཀར་གཙང་ཆོས་སྲིད་གཅིག་པ་མི་གནང་བ་ལ་མི་འདོད་པ་ཐོག་ཏུ་ལེན་དགོས་ཟེར་རྒྱུ་ཡིན་འདུག་གོ། ཞེས་གསུངས། ཤོག་གྲངས། ༡༧༥། ན།
[32] པདྨ་ར་གི་ལྡེ་མིག་ནང་གསལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྡེ་དགེ་ཕུན་བསྟན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།
[33] དུང་དཀར་ཚིག་མཛོད་ལས། ལྗང་རྒྱལ་པོས་དགའ་ལྡན་ཕོ་བྲང་ལ་དམག་དྲངས་ཏེ་དགྲ་ཤ་ལེན་རྩིས་བྱས་པ་ཡང་ཆོས་དམ་ཚིག་དང་འབྲེལ་བའི་བཀའ་ནན་པོའི་སྒོ་ནས་བཀག་འགོག་མཛད་པ་སོགས། བསྟན་འགྲོ་སྤྱི་ལ་ཕན་པའི་མཛད་པ་བཟང་པོ་བསྐྱངས་པ་རྣམས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས་གསན་ནས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཚུར་ཕུའི་མཆོག་གདན་ས་ལ་ཕྱིར་ཕེབས་དང་འབྲེལ། སྔོན་ཆད་ཀྱི་དམ་སེལ་གནས་ཚུལ་རྣམས་གླེང་མེད་ཐུགས་མཐུན་དམ་གཙང་མཛད་རྒྱུའི་ཕྱག་བྲིས་ཕྱག་བསྟར་མ་ཡང་ཡང་གནང་བ་བཞིན། ཆུ་གླང་༡༦༧༢ལོར་དབུས་སུ་ཕེབས་ཏེ། གོང་ས་ལྔ་པ་རིན་པོ་ཆེ་དང་མཇལ་འཕྲད་བཀུར་བཟོས་འགྲན་ཟླ་མེད་པ་གནང་སྟེ། མཚུར་ཕུའི་གདན་སར་ལྷོད་བཞུགས་མཛད། ཅེས་གསུངས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་གྲངས། ༣༩།
[34] དུང་དཀར་ཚིག་མཛོད་དུ།  <<ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་བདུད་རྩིའི་བུམ་བཟང་>>ཞེས་པ་བྲིས་མ་ཤོག་གྲངས་ ༤༧ ཅན་ཞིག་འདུག་ཀྱང་ཁོ་བོས་ལྟ་ཀློག་གི་གོ་སྐབས་མ་ཐོབ། ཅེས་བྲིས་འདུག ཤོག་གྲངས། ༣༩།
[35] ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྟོགས་བརྗོད་ངེས་པར་འབྱུང་བ་ཆོས་ཀྱི་དབྱངས་ལས་གསལ། རྗེ་མཁན་པོ་ཤཱཀྱ་རིན་ཆེན་གྱིས་མཛད་པ།
[36] དུང་དཀར་ཚིག་མཛོད་ལས། འདིར་བཀོད་པ་ནི<<ན༌རིམ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར>>ཚིགས་བཅད་མ་ཞྭ་དམར་ཡེ་ཤེས་སྙིང་པོས་མཛད་པ་དང་འབྲེལ་ཡོད་བླ༌མ་གཞན་གྱི་མཛད་རྣམ་ནས་ཕྱོགས་བསྡུས་བྱས་པ་ཡིན། ཞེས་བྲིས་འདུག ཤོག་གྲངས། ༣༩།
[37] གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་ནི། འབྲུག་པ་པདྨ་དཀར་པོའི་ཡང་སྲིད་འབྲུག་དཔག་བསམ་དབང་པོ་བོད་གཙང་པ་སྲིད་གཞུང་གིས་ངོས་ལེན་བྱས་ཤུལ། ཡང་སྲིད་གཞན་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་མོན་དུ་བྲོས་བྱོ་ལ་ཕེབས་རྗེས། ལྷོ་མོན་དུ་འབྲུག་ར་ལུང་ནས་ཆད་པའི་ཆོས་བརྒྱུད་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་རྒྱ་ཆེར་སྤེལ། ཡུལ་ལ་ཆོས་བརྒྱུད་ཀྱི་མིང་བསྒྱུར་གནང་ནས་འབྲུག་ཞེས་པའི་རྒྱལ་ཁབ་དང་པོ་གསར་འཛུགས་གནང་མཁན་དེ་དང་མཉམ་དུ་ལྷོ་འབྲུག་ཏུ་ཕེབས་པ་ཞིག་ཡིན།  
[38] ཤཱཀྱ་རིན་ཆེན་ནི། དཔལ་ལྡན་འབྲུག་པའི་རྗེ་མཁན་པོ་ཁྲི་རབས་དགུ་པ་དེ་ཡིན། འཁྲུངས་ཡུལ་ཤར་རུ་པ་སེམས་སྐྱོང་དུ། རབ་བྱུང་བཅིུས་པའི་ལྕགས་སྟག་༡༧༡༠ ལ་འཁྲུངས། རྗེ་མཁན་ཁྲི་རབས་བདུན་པ་ངག་དབང་འཕྲིན་ལས་ལསབསྙེན་པར་རྫོགས། དགུངས་གྲངས་སོ་ལྔ་པ་ཤིང་བྱི ༡༧༤༤ལོར་རྗེ་མཁན་ཁྲི་རབས་དགུ་པར་བྱོན། ལོ་ངོ་བཅུ་གཅིག་གི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར། དགུང་གྲངས་བཞི་བཅུ་པ་ས་སྦྲུལ་༡༦༤༩ ལོར། ཐུབ་བསྟན་བྱ་རྒོད་ཕུང་པོར་འོག་མིན་རྣམ་པར་རྒྱལ་བའི་ཁང་བཟང་བཏབ། ཞེ་ལྔ་པ་ཤིང་ཁྱི་༡༦༥༤ ལ་དཔལ་ན་ལནྡའི་མཆོད་སྡོང་ཆེན་པོ་བཏབ། ཞེ་དྲུག་པ ༡༦༥༥ ཤིང་ཕག་ལ་ཆོས་ཀྱི་ཁྲི་ལས་བཞེངས་ཏེ། དགའ་ལྡན་གཉིས་པའི་གདན་སར་གཞོལ། ཞེ་བདུན་པ་མེ་བྱི ༡༦༥༦ ལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བཏབ། དགུང་གྲངས་ལྔ་བཅུ་པ པ་ས་ཡོས་༡༦༥༩ལ་ཞི་བར་གཤེགས།
[39] ཀཾ་ཚང་གསེར་ཕྲེང་ལས། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ པོད་ད་པ་ལས་བཏུས་པ། སི་ཏུ་པཎ་ཆེན་གྱིས་མཛད་པར་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་ཁ་སྐོང་གནང་བ། དཔལ་སྤུངས་པར་རྙིང་། ཤོག་གྲངས། ༡༡༠-༡༦༩ །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་༸རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་འབྲེལ་བའི་གལ་གནད་འགའ་ཞིག་སྔོན་དུ་གླེང་པ།

2012-06-14 བེ་རི་འཇིགས་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།