ཐུ་ལུ་ཧུན་(吐谷浑)ནི་རྒྱ་ཆུ་དཀར་མིག་ཡིན་པ་ལས་བོད་རིགས་འ་ཞ་མིན་པའི་ཐོག་མའི་བགྲོ་གླེང་།
དེ་ཡང་བོད་རིགས་འ་ཞ་དང་ཐུ་ལུ་ཧུན(吐谷浑)གཉིས་ར་མགོ་ལུག་སུག་སྦྱོར་སྦྱོར་གྱིས་དཔྱད་གཏམ་སྤེལ་བཞིན་པའི་རིགས་སོ་སོའི་ཆེད་མཁས་སྣ་ཚོགས་ཤིག་མཆིས་པའི་དབང་གིས་རང་ཉིད་ཀྱིས་ཀྱང་བོད་རིགས་འ་ཞ་དང་ཐུ་ལུ་ཧུན་གཉིས་མི་རིགས་མི་གཅིག་པ་ཁ་ཁ་སོ་སོ་ཡིན་པའི་ཕྱོགས་ནས་ཁ་བརྡ་ཐུང་ཐུང་གི་སྒྲུབ་བྱེད་ཅིག་འགོད་འདོད་བྱུང་སོང་།
དང་པོ། ཐུ་ལུ་ཧུན་(吐谷浑)དང་བོད་རིགས་འ་ཞ་གཉིས་མི་རིགས་གཅིག་མིན་པར་བཞེད་པའི་མཁས་པ་སོ་སོའི་ལུགས།
ཐུ་ལུ་ཧུན་(吐谷浑)དང་བོད་རིགས་འ་ཞ་གཉིས་མི་རིགས་མི་འདྲ་བ་ཁ་ཁ་སོ་སོ་ཡིན་པར་བཞེད་པའི་གཟུར་གནས་མཁས་པ་དང་ཆེད་ལས་ཞིབ་འཇུག་པའི་དགོངས་དོན་འགོད་པར་བྱ་སྟེ། སྐབས་འགར་ཐུ་ལུ་ཧུན་(吐谷浑)ལ་བོད་པས་འ་ཞ་ཞེས་བོད་རང་གི་མིང་ཞིག་མི་རིགས་གཞན་པ་དེར་ཅིའི་ཕྱིར་བཏགས་པ་ཡིན་ནམ་ཞེ་ན།དེ་ལའང་གང་འཚམས་ཀྱི་རྒྱུ་མཚན་ཞིག་ཡོད་དེ། སྔོན་གཞིས་སྡོད་བོད་རིགས་འ་ཞས་བཟུང་བའི་ཡུལ་ཐམས་ཅད་ལ་ཕྱིས་ཕྱོགས་ཡོང་བཙན་འཛུལ་བ་ཐུ་ལུ་ཧུན་(吐谷浑)གྱིས་དབང་བསྒྱུར་བས། བོད་པས་ད་གཟོད་དབང་བསྒྱུར་མཁན་གྱི་མིང་ལ་དབང་བསྒྱུར་ཡུལ་གྱི་སྔར་མིང་དེ་ནོར་བ་རྒྱུན་འབྱམས་སུ་བཏགས་པ་ཞིག་རེད། འབོད་ཚུལ་འདི་ཡང་ལོ་རྒྱུས་ཡིག་ཆ་འགའ་རེར་ཐུ་ལུ་ཧུན་(吐谷浑)ལ་འ་ཞ་ཞེས་རྡོ་ཆག་བཙན་སྒྲིག་དང་ནོར་བ་རྒྱུན་འབྱམས་སུ་བཏགས་པ་ལས། དོན་དུ་ཐུ་ལུ་ཧུན་(吐谷浑)གྱིས་དབང་བསྒྱུར་མྱོང་བའི་ཨ་མདོ་མཚོ་སྔོན་གྱི་བོད་པས་ཐུ་ལུ་ཧུན་(吐谷浑)ལ་འ་ཞ་མི་ཟེར་བའི་རྒྱུ་མཚན་སྐབས་བབས་གཤམ་དུ་གླེང་བར་བྱ། ཁོ་བོའི་འདོད་ཚུལ་ལ་ཐུ་ལུ་ཧུན་(吐谷浑)ལ་འ་ཞ་ཞེས་བྲིས་པ་དང་། དེ་ལྟར་འབོད་པ་སོགས་ནི་ཡུལ་མདོ་སྨད་དང་ས་ཐག་རིང་ཞིང་། དེ་ལ་ཆ་རྒྱུས་ཆེར་མི་ལྡན་པའི་སྐབས་དེའི་དབུས་གཙང་གི་མཁས་པ་ལ་ལར་བྱུང་བའི་ནོར་འཁྲུལ་ཞིག་མ་ཡིན་ནམ་སྙམ་ལ། རྒྱུད་བཞི་རུ། རིང་བ་ཐག་རིང་མགྲོན་པོའི་གཏམ་དང་འདྲ། །ཞེས་པ་ལྟ་བུའི་གོ་འཛོལ་ཞིག་མིན་ནམ་སྙམ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་ཀྱང་། དེང་སྐབས་རྒྱལ་ནང་གི་ལོ་རྒྱུས་མཁས་ཅན་འགའ་ཞིག་གིས་གསུང་དོན་དུ། བཙན་པོའི་དུས་སྐབས་སུ་བོད་ཀྱི་རྒྱལ་ཕྲན་ཁོངས་སུ་གཏོགས་པའི་འ་ཞ་ནི་ཀན་སུའུ་དང་མཚོ་སྔོན་ཕྱོགས་སུ་གནས་པའི་ཐུའུ་ལུ་ཧུན་(吐谷浑)ཟེར་བ་དེ་ནི་མ་ཡིན་ཏེ། དེ་ནི་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་ནས་ལྷོ་སྦད་ལན་ལ་ཐུག་གི་བར་དུ་བོད་ཀྱི་ཤར་མཐར་གཞུ་དབྱིབས་ལྟར་བསྐོར་ནས་ཡོད་པ་དང་། དེའི་རྒྱ་ཁྱོན་ལ་ལེ་དབར་སྟོང་ཕྲག་ཙམ་ཡོད་པས་དེ་དང་ཉེ་བའི་བོད་ཀྱི་ཁྱབ་ཁོངས་སུ་གནས་པའི་རྒྱལ་ཕྲན་ལ་བོད་རྣམས་ཀྱིས་འ་ཞ་ཞེས་འབོད་པ་དེ་འདྲ་ཞིག་ཡིན་གསུངས།[1]ཞེས་ཁོང་གི་ཚིག་མཛོད་དུ་བཀོད་འདུག་པ་དང་། དེ་ལས་བོད་རིགས་འ་ཞ་དང་ཐུའུ་ལུ་ཧུན་(吐谷浑)གཉིས་མི་གཅིག་པའི་སྒྲུབ་བྱེད་རིགས་གཞན་གྱི་གཟུར་གནས་ལོ་རྒྱུས་མཁས་པས་ཀྱང་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ལྟར་གསལ་ཐག་བཅད་འདུག་གོ །མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཨ་ཞ་དེ་སོག་རིགས། དེང་སང་ཨུ་རུ་སིའི་ཁོངས་སུ་ཡོད།[2]ཅེས་གསུངས་འདུག་པ་དང་། དེ་ལས་འ་ཞའི་འ་ལ་ཨ་ཆེན་བྲིས་ཡོད་ཀྱང་འ་ཞ་དང་དོན་གཅིག་ཡིན་ལ། འ་ཞ་ནི་སོག་རིགས་ཡིན་པར་བརྗོད་པ་ལ་ཞིབ་འཇུག་པ་འགའ་ཤས་ཀྱིས་མི་འཐད་པའི་ཐ་ཚིག་བསྒྲགས་ཀྱང་། ཁོ་བོས་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་མཆིས་པར་འདོད་པ་དང་། སྐབས་འདིར་མཁས་དབང་དགེ་ཆོས་ལགས་ཀྱིས་བརྗོད་པའི་ཨ་ཞ་ཞེས་པ་ཡང་བོད་རིགས་འ་ཞ་མ་ཡིན་པར། ཐུའུ་ལུ་ཧུན་(吐谷浑)ལ་ཟེར་བ་ཡིན་ཞིང་། དེ་སོག་རིགས་ཤིག་ཏུ་གཏོགས་ཚུལ་ལབ་མཁན་ཡང་མཆིས་པ་རེད། གང་ལྟར་མཁས་དབང་དགེ་ཆོས་ཀྱིས་ཀྱང་། སྲོང་བཙན་སྒམ་པོའི་སྐབས་སུ། རྒྱ་དང་ཨ་ཞ་དཔྱ་བཅད་དོ། ཐོག་མ་དེ་ནས་བཟུང་ཨ་ཞ་འབངས་སུ་མངའ་འོ། །ཞེས་པའི་ཨ་ཞ་ནི་སྟག་རི་གཉན་གཟིགས་སོགས་རྒྱལ་པོ་སྔོན་མ་རྣམས་ཀྱི་སྐབས་སུ་གླེང་བའི་བོད་པའི་འ་ཞ་མ་ཡིན་པར་མི་རིགས་མི་གཅིག་པ་ཞིག་ཡིན་ཚུལ་བློ་ཐག་རྦད་བཅད་མཛད་འདུག་གོ །གཞན་ཡང་F.Wཐོ་མ་སིས་འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་འཚོ་བ་གཅིག་ཡིན་པར་དོགས་དཔྱོད་གང་ལེགས་མཛད་མཐར་ཕྱི་ལོ་༤༡༧ནས་༤༣༠ལོའི་བར་ཐུ་ལུ་ཧུན་གྱི་རྗེ་བོ་ཞིག་གི་མཚན་ལའང་(阿豺)དེ་ལྟར་འབོད་ཅིང་། ཁོང་ནི་ཤ་ཅུ་ཡུལ་དུ་ཐོག་མར་རྒྱལ་ཕྲན་གསར་འཛུགས་བྱས་ཏེ་ཁྲི་ལ་བཞུགས་པའི་ཐུ་ལུ་ཧུན་གྱི་རྗེ་བོ་དང་པོ་ཡིན་ལ། རྗེ་བོ་འདིས་འ་ཞའི་རིགས་ཀྱི་མིང་རང་ཉིད་ཀྱི་མཚན་དུ་བཞེས་པ་ལྟར་སྣང་།[3]ཞེས་པའང་དོན་མཐུན་གཟུར་གནས་ཀྱི་ཞིབ་འཇུག་འབྲས་བུའོ། །གཞན་ཡང་། ཐུ་ལུ་ཧུན་ལ་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་དཔེ་རྙིང་དག་ལ་དངོས་སུ་མཇལ་མ་ཐུབ་པར་ཏུན་ཧོང་གཏེར་ཡིག་གཙོ་བྱས་པའི་འགྱུར་ཡིག་འགའ་ལ་གཞི་བཅོལ་ནས་འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱི་རིགས་རྒྱུད་གཡག་སྣ་ཁུ་ཚུར་གྱིས་བཙན་བསྒྲིགས་བྱས།[4]ཞེས་པའང་དོན་དུ་གནས་པའི་གཏམ། ལོ་རྒྱུས་ལ་ལར་ཐུའུ་ལུ་ཧུན་(吐谷浑)ལ་འ་ཞ་ཞེས་ཅིའི་ཕྱིར་མིང་དོན་མི་མཚུངས་པའི་གོ་འཛོལ་ནོར་འཁྲུལ་ཅན་གྱི་མིང་ཞིག་བོས་པ་རེད་ཟེར་ན། དེ་ལ་སྐུ་ཞབས་འཇམ་དབྱངས་དར་རྒྱས་ཀྱིས། ཐུ་ལུ་ཧུན་གྱིས་བོད་ཀྱི་རུས་ཚན་སྒ་ལས་ཆད་པའི་(སེ་ལས་ཆད་པར་འདོད་མཁན་ཡང་ཡོད)འ་ཞའི་ཡུལ་ཁམས་དབང་འོག་ཏུ་བསྡུས་རྗེས། རྒྱལ་ཁབ་དེར་རང་རེས་འ་ཞ་ཞེས་ཀྱང་འབོད་སྲོལ་ཡོད།[5]ཅེས་པ་ནི་བདེན་པར་འདུག་པ་དང་། དེའི་མཇུག་འབྲས་སུ་ད་ལྟའང་ལོ་རྒྱུས་ཞིབ་འཇུག་པ་མང་ཆེ་ཤོས་ཀྱིས་བོད་རིགས་འ་ཞ་དང་ཐུའུ་ལུ་ཧུན་(吐谷浑)གཉིས་ཀྱི་དབྱེ་འབྱེད་ལ་རྨོངས་བཞིན་པ་ལྟར་རོ། །
གཉིས་པ། བོད་རིགས་འ་ཞ་གླེང་བ།
འདིར་བོད་ཀྱི་རུས་རྒྱུད་འ་ཞ་གླེང་དུས། འ་ཞ་བོད་གཤའ་མ་ཡིན་པའི་ལུང་ཚིག་གལ་ཆེན་འགའ་དང་། རང་གི་ལྟ་ཚུལ། ཡུལ་དངོས་རྟོག་དཔྱོད་ལས་བྱུང་བའི་བདེན་དཔང་གསོན་པོའི་གནས་ལུགས་བཅས་ཉུང་ཙམ་བརྗོད་པར་བྱའོ། །སྔོན་བཙན་པོའི་ལོ་རྒྱུས་སུའང་རྒྱལ་ཕྲན་འ་ཞ་རྗེ་ཞེས་པ་སྟག་རི་གཉན་གཟིགས་ཀྱིས་མངའ་འོག་དུ་བསྡུས་པ་ཡིག་ཐོག་ཟིན་ཐོར་བཀོད་ཡོད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་ཏུ་འདུས། བན་པོ་རྗེ་འ་ཞ་རྗེ་དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ།[6]ཞེས་གསལ་པོར་གསུངས་འདུག་པ་དང་། དེ་ལ་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས། གནམ་རི་སྲོང་བཙན་གྱིས་འ་ཞ་འདུས་པའི་རྒྱལ་ཕྲན་འགའ་དབང་དུ་བསྡུས་པར་བཤད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་རྒྱལ་པོ་འདིས། བོན་པོ་རྗེ་འ་ཞ་རྗེ་དྲང་གར་རྗེ་ཟིན་(ཟེང)པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ།ཞེས་སོགས་འབྱུང་ཡང་། འ་ཞ་དངོས་སུ་བོད་བཙན་པོའི་ཆབ་འོག་ཏུ་འདུས་པ་ནི་སྤྱི་ལོ་༦༤༣ཙམ་ལ་ཡིན།[7]ཞེས་གསལ་འགྲེལ་མཛད་འདུག་མོད། ཁོ་བོའི་འདོད་ཚུལ་ཡིན་ན། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བཤད་པའི་འ་ཞ་རྗེ་དང་། ཕྱིས་སྲོང་བཙན་སྒམ་པོའི་སྐབས་སུ་བཤད་པའི། རྒྱ་དང་འ་ཞས་དཔྱའ་གཙལ་(གཅལ)ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ།[8]ཞེས་པའི་འ་ཞ་གཉིས་ནི་མིང་འདྲ་ཡང་དོན་ཁ་ཁ་སོ་སོ་བ་ཞིག་ཡིན་པར་སྙམ་སྟེ། རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་དབང་དུ་བསྡུས་པའི་འ་ཞ་ནི་བོད་རང་ཡིན་པར་འདོད་དེ། མཁས་དབང་དམུ་དགེ་བསམ་གཏན་གྱིས། འ་ཞ་ཡང་། རུས་མཛོད་ལས། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ། །ཞེས་གསུངས་པ་ལྟར་འ་ཞ་ཡང་བོད་ཡིན།[9]ཞེས་འ་ཞ་བོད་ཡིན་པ་ཁོང་གིས་རུས་དང་བཅས་པ་གསལ་པོར་གསུངས་འདུག་པ་རེད། གཞན་ཡང་། ལོ་རྒྱུས་མཁས་ཅན་རྗེ་བཤད་སྒྲུབ་རྒྱ་མཚོས་ཀྱང་། ཚོང་ལྔ་ནི། རྒྱ་བྱེ་ཚོང་། གྲུ་གུ་གཡུ་ཚོང་། འ་ཞ་གྲི་ཚོང་། ལྡན་མ་དར་ཚོང་། གླན་ཚྭ་ཚོང་བཅས་ལ་ཟེར་ཞིང་། འདི་ལས་རྒྱ་དང་གྲུ་གུ་སོགས་མི་རིགས་གཞན་གྱི་མི་དང་། འ་ཞ། ལྡན་མ་སོགས་བོད་མིའི་རུས་རྒྱུད་ཚོ་བ་ཁག་གི་ཚོང་བ་མང་བོས་རང་རང་གི་ཡུལ་ཐོན་དངོས་རྫས་ཁྱད་པར་བ་དག་ཕན་ཚུན་བརྗེ་རེས་དང་ཉོ་ཚོང་བྱེད་པ་མཚོན།[10]ཞེས་ཁོང་གིས་འ་ཞ་བོད་ཡིན་པ་གསུངས་ཡོད། དེ་བས་འ་ཞ་བོད་ཡིན་པ་མ་ཟད་སྔ་མོ་འ་ཞའི་ཡུལ་ནི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་མྱང་ཡུལ་བར་མ་ཡིན་པར་ངེས་ཏེ། མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་པ་རུ། མྱང་སྟོད་འདྲེ་དང་ཁྱུང་གིས་འཛིན་མྱང་བར་རྩད་(བཙད་)པོ་འ་ཞས་འཛིན།[11]ཞེས་འ་ཞས་མྱང་ཡུལ་བར་མ་བཟུང་ཡོད་པ་གསལ་པོར་བསྟན་འདུག་པ་དང་། ཁོ་བོའི་བསམ་ཚུལ་ལ་སྟག་རི་གཉན་གཟིགས་སྐབས་ཀྱི་འ་ཞ་རྗེ་ཞེས་པའང་མྱང་ཡུལ་བར་མར་མངའ་བསྒྱུར་བའི་བོད་ཀྱི་རྒྱལ་ཕྲན་འ་ཞའི་རྗེ་བོ་ཞིག་ཡིན་པ་ལས། སྲོང་བཙན་སྐབས་སུ་རྒྱ་དང་འ་ཞས་དཔྱའ་གཙལ་(གཅལ)ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ། ཞེས་པའི་མི་རིགས་གཞན་པ་ཐུ་ལུ་ཧུན་(吐谷浑)ཞེས་པ་མིན་པར་འདོད་དོ། །དེ་བས་སྤྱི་ལོ་༦༤༣ཙམ་ལ་བོད་བཙན་པོས་དངོས་སུ་ཆབ་འོག་ཏུ་བཅུག་པའི་འ་ཞ་ཞེས་པ་ནི། ཞན་ཕའེ་རིགས་ལས་ཆད་པའི་ཐུ་ལུ་ཧུན་(吐谷浑)ཡིན་པ་ལས་བོད་རིགས་འ་ཞ་མ་ཡིན་པར་འདོད། སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ལས་ཀྱང་། ཞན་ཆིང་ཁྲི་ལོ་ལྔ་བ།(སྤྱི་ལོ་༦༦༠པ།)ཐུ་ལུ་ཧུན་ཐང་གི་མངའ་ཞབས་སུ་ཞུགས་པའི་རྐྱེན་གྱིས་ཟླ་བརྒྱད་པར་བོད་ཀྱི་བློན་ཆེན་པོ་མགར་སྟོང་བཙན་གྱིས་རང་གི་བུ་ཆི་ཀྲེང་མངགས་ཏེ་ཐུ་ལུ་ཧུན་ལ་དམག་དྲངས།[12]ཞེས་གསལ་པོར་འཁོད་པ་མ་ཟད། ཞན་ཧེང་ཁྲི་ལོ་གསུམ་པ།(སྤྱི་ལོ་༦༧༢པ།)ཟླ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན། ཐུ་ལུ་ཧུན་གྱི་ཚོ་བ་ཧྲན་ཀྲོའུ་ཡི་ཆུ་བོ་ཀེ་མོན་ལྷོ་རྒྱུད་དུ་སྤོས་ཀྱང་། ཐུ་ལུ་ཧུན་བོད་ཀྱི་དཔུང་སྟོབས་ལ་འཇིགས་ཏེ་དེར་སྡོད་མ་ཚུགས། དེའི་ཐོག་ཧྲན་ཀྲོའུ་ས་ཁོད་དོག་པས་ཅུང་མ་འགོར་བར་ལིང་ཀྲོའུ་རུ་སྤོས། ཚོ་བ་དེར་ཨན་ལོ་ཀྲོའུ་བཙུགས་ཤིང་ཁ་གན་ནོ་པོ་ཚི་ཧྲི་དཔོན་དུ་བསྐོས། དེ་ནས་ཐུ་ལུ་ཧུན་གྱི་མངའ་ཁོངས་ཐམས་ཅད་བོད་ལ་དབང་བར་གྱུར།[13]ཞེས་པ་ལ་དཔྱད་ཚེ། བོད་རིགས་འ་ཞ་རྗེ་ནི་སྟག་རི་གཉན་གཟིགས་ཀྱི་སྐབས་ནས་མངའ་ཐང་གཅིག་གྱུར་བྱས་ཟིན་ཡང་། ཐུ་ལུ་ཧུན་(吐谷浑)ནི་ཞན་ཧེང་ཁྲི་ལོ་གསུམ་པ།(སྤྱི་ལོ་༦༧༢པ།)ལའང་། དབང་དུ་སྡུད་ཐུབ་མ་ཐུབ་ཙམ་ཡིན་པ་གསལ་ལོ། །
འ་ཞ་ནི་བོད་རིགས་ཡིན་པ་མ་ཟད་འ་ཞའི་རུས་ནི། རུས་མཛོད་མེ་ཏོག་སྐྱེད་ཚལ་དུ་དཔེ་རྙིང་ལས། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ་ཞེས་པ་དང་། གཏོ་ཕུག་ལྟར། གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་མཆེད།[14]ཅེས་འ་ཞ་ནི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ཞིག་ཡིན་པ་གསལ་པོར་བསྟན་འདུག་པས་འཐུས་པར་བྱ། ད་དུང་ཡང་འ་ཞའི་མཚན་ཟུར་ཙམ་ཡང་མ་འགྱུར་བར་ཡོད་པ་ནི་ཀན་སུའུ་ཐེ་བོ་རྫོང་གི་འ་ཞ་དང་སི་ཁྲོན་མཛོད་དགེ་རྫོང་ཆོས་རྗེ་ཞང་གི་འ་ཞ་གཉིས་ཡིན་ལ།[15]ཞེས་གསལ་བཤད་བྱས་འདུག་པ་ལྟར་དང་། དེང་གི་དུས་སུའང་བོད་གནའ་བོའི་རུས་རྒྱུད་ཚོ་མིང་མ་འགྱུར་བར་འ་ཞ་ཞེས་མཆིས་པ་ནི་ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆ་ཆེས་ཡིད་རྟོན་རུང་བ་ཞིག་མ་ཡིན་ནམ།
ཁོ་བོ་ཡང་སྤྱི་ལོ༢༠༡༩ལོའི་དབྱར་དུས་སུ་ཀན་སུའུ་ཐེ་བོ་རྫོང་དུ་ས་དམའ་སའི་ཤིང་སྨན་དང་འབྲས་བུའི་སྨན་རིགས་ལ་ལྟ་རུ་ཐེངས་ཤིག་བསྐྱོད་པ་ཡིན། འགྲོ་དོན་གཙོ་བོ་ཡང་ཐེ་བོ་རྫོང་བོད་སྨན་ཁང་གི་འགོ་གཙོ་སྟེ། སྐད་འཕྲིན་གྱི་མིང་ལ་འ་ཞ་ཞེས་བཏགས་ཡོད་པའི་གྲོགས་པོ་ཁོང་གི་རམས་འདེགས་ལ་བརྟེན་ནས། ས་དེ་གའི་ཕུན་སུམ་ཚོགས་པའི་དམའ་ཁུལ་གྱི་སྨན་རྩྭའི་རིགས་གང་ལ་གང་འཚམས་ཀྱིས་ངོས་འཛིན་ཤིག་བྱེད་འདོད་པས་ཡིན། ང་རང་ཐོག་མར་ཐེ་བོ་རྫོང་དུ་ཐོན་པ་ན། སྔོན་དུས་ཡིད་ལའང་ཤར་མ་མྱོང་བའི་རི་ཆུ་ནགས་གསུམ་གྱི་ཁོར་ཡུག་མཛེས་སྡུག་ཡིད་དུ་འོངས་པ། ཁྱད་པར་གདོད་མའི་ནགས་ཚལ་གྱི་གཡུ་ལོ་རབ་ཏུ་རྒྱས་པ། སྐྱེ་དངོས་སྣ་ཚོགས་ཤིན་ཏུ་བཀྲ་བ། ཁ་དབུགས་དྭངས་ཤིང་གཙང་བ། འདི་ནི་ཀླུ་ཡུལ་ཞེས་པ་མིན་ནམ་སྙམ་པ་ཞིག་རེད། དེ་ལས་ཧ་ལས་ཤིང་ཧང་སངས་པ་ཞིག་ནི། ཉིན་ཤིག་ལྷ་རྗེ་ཁོང་གི་སྡེ་ཚོ་ཡིན་ཞེས་པའི་ལུང་མདོ་རུ་སླེབས་པ་ན། ལམ་འགྲམས་ཀྱི་ལྕགས་ལེབ་ངོས་སུ། འ་ཞ། ཞེས་བོད་ཡིག་གིས་གསལ་འགྲེལ་མིང་བྱང་བཀོད་འདུག་པ་མཐོང་བྱུང་བས། ང་རང་དར་ཅིག་ལ་མ་གཞི་བོད་བཙན་པོའི་ལོ་རྒྱུས་སུ་བཀོད་འདུག་པའི་འ་ཞ་ཞེས་པའི་བོད་སྡེ་དེ་ངས་ད་གཟོད་རྙེད་བྱུང་བསམ་པའི་དགའ་སྤྲོ་ཞིག་ངང་གིས་སྐྱེས་བྱུང་ངོ་། །
འདི་ལྟར་འ་ཞའི་རུས་རྒྱུད་ཚོ་བ་ད་ལྟ་ཡང་ད་དུང་མདོ་སྨད་ཐེ་བོ་རུ་དངོས་སུ་མཆིས་པས། ལོ་རྒྱུས་ཞིབ་འཇུག་པ་ཚོས་བོད་རིགས་འ་ཞ་དང་ཐུ་ལུ་ཧུན་(吐谷浑)གཉིས་ལ་གོ་འཛོལ་མི་འབྱུང་ཕྱིར་ཡིག་ཆ་སྐམ་པོར་འཇུས་ནས་མི་འདུག་པར། ཡུལ་དངོས་རྟོག་ཞིབ་ལས་བདེན་དཔང་གསོན་པོར་བརྟག་རྒྱུ་གལ་ཆེའོ། །
གསུམ་པ། ཐུ་ལུ་ཧུན་(吐谷浑)ཞེས་པ་ནི་བོད་རིགས་འ་ཞ་མ་ཡིན་པར་རྒྱ་ཆུ་དཀར་མིག་ཅེས་པའོ། །
ཁོ་བོ་ནི་མཚོ་སྔོན་མཚོ་ལྷོའི་དར་མཚོ་རྫོང་ངམ་བྲག་དཀར་རྫོང་ཞེས་པའི་མི་ཡིན་པ་དང་། རང་གི་ཕ་ས་ཕ་ཡུལ་གྱི་ལོ་རྒྱུས་སྣ་ཚོགས་ཡིག་ངོས་མ་ཡིན་པར། གནའ་མི་རྒན་པོའི་ངག་ཐོག་ནས་ཀྱང་མང་པོ་ཞིག་ཐོས་མྱོང་བ་ཡིན། ལོ་བརྒྱ་ཐུབ་པའི་མི་མེད་ཀྱང་། །བསྐལ་བ་སྟོང་གི་ཚིག་ཡོད། །ཅེས་པའི་དཔེ་ལྟར་དུ། མཚོ་སྔོན་པོའི་འགྲམ་རྒྱུད་ཡིན་ན་འདྲ། ཕ་ཡུལ་དར་མཚོ་རྫོང་ཡིན་ན་འདྲ། ས་གནས་འདི་དག་དང་འབྲེལ་བའི་གནའ་མཁར་མང་པོ་ཞིག་གི་མཁར་ཤུལ་ལ། ས་འདི་གའི་རྒན་རབས་པར་བཤད་ཚུལ་ཐུན་མོང་མ་ཡིན་པ་ཞིག་མཆིས་པ་རེད། དཔེར་ན། ང་ཚོ་དར་མཚོ་རྫོང་གི་ར་མོའི་མཁར་དམར་རམ་ར་མོའི་མཁར་ཤུལ་ཞེས་པ་དེར་ཡང་། རྒྱ་ཆུ་དཀར་མིག་གི་མཁར་ཟེར་བ་རེད། དཔེར་དྲངས་ན། ར་མོ་མཁར་དམར། ར་མོ་མཁར་དམར་ནི་འབྲོང་འཐུས་ཡུལ་ཚོའི་ར་མོ་ཐང་ཞེས་པའི་ས་ཆར་ཡོད་ཅིང་། དེའི་མཁར་གྱང་ས་དམར་ཁོ་ནས་གྲུབ་པ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས། འདི་ལ་ཡོངས་གྲགས་སུ་ར་མོ་མཁར་དམར་ཟེར་ཞིང་། མིང་གཞན་ལ་ར་མོ་མཁར་ཆག་ཀྱང་ཟེར། ངག་རྒྱུན་ལྟར་ན། གནའ་སྔ་མོ་ཞིག་ལ་རྒྱ་ཆུ་དཀར་མིག་ཟེར་བའི་བློན་ཆེན་ཞིག་གོང་མའི་ཁྲིམས་དང་འགལ་བས་ཐབས་ཟད་དེ་ཡུལ་བྱོལ་དུ་ཡོང་། ཐོག་མར་ད་ལྟའི་ཐང་ནག་ཡུལ་ཚོའི་ན་རྒན་སྡེ་བའི་ཕྱོགས་སུ་སའི་འཐབ་ར་བརྩིགས་ནས་བསྡད་ཅིང་། དེ་ནས་ད་ལྟའི་འབྲོང་འཐུས་ཡུལ་ཚོའི་ར་མོ་མཁར་ཆག་ཡོད་སར་གནས་སྤར། རྒྱ་ཆུ་དཀར་མིག་ཟེར་བ་དེ་ནི་འཁོར་མང་ལ་གདུག་རྩུབ་ཆེ་བ་ཞིག་ཡིན། འདིར་སླེབས་རྗེས་མི་གསོད་རྒྱུ་འཕྲོག་གིས་ཡུལ་འདིའི་མི་རྣམས་ལ་ཡ་ང་བའི་མནར་གཅོད་བཏང་། བྲན་གཡོག་ཏུ་བཀོལ་བའི་ཡུལ་མི་རྣམས་ཕོ་མོ་བཀར་ནས་ར་མོ་མཁར་དམར་བརྩིག་ཏུ་བཅུག། སྐབས་དེར་བུད་མེད་ཅིག་གི་རྨི་ལུམ་དུ་བྱ་སྒྲོ་ཞིག་གིས་འདོད་པ་སྤྱད་པའི་ཉམས་སྣང་ཞིག་ཤར་སྟེ་བུ་ཞིག་སྐྱེས་པའི་མིང་ལ་སྒྲོ་རིང་མདུང་རྩེ་རུ་བཏགས། ཡུལ་འདིའི་གཞི་བདག་བུ་ཆེན་རྩེ་རྒྱལ་རིང་མོའི་རྫུ་འཕྲུལ་ཏེ། སྒྲོ་རིང་མདུང་རྩེ་ནི་རྒྱ་ཆུ་དཀར་མིག་འདུལ་ཕྱིར་མི་ཡུལ་དུ་སྐྱེས་པའི་ལྷའི་བུ་ཞིག་ཡིན་ཟེར། བུད་མེད་དེས་སྒྲོ་རིང་མདུང་རྩེ་གསང་བའི་སྒོ་ནས་ལེགས་པར་བསྐྱངས། བུ་དེ་ཆུང་ངུའི་དུས་ནས་དཔའ་ཞིང་རྟུལ་ཕོད་ཅིང་སྟོབས་རྩལ་རྒྱས་ཏེ་མི་ངན་དེ་འདུལ་རྩིས་བྱས་ཀྱང་། རྒྱ་ཆུ་དཀར་མིག་ནི་གཡོ་སྒྱུ་ཧ་ཅང་ཆེ་བའི་མི་ཞིག་ཡིན་པས། རྒྱུན་པར་དགྲ་འོང་བར་དོགས་ནས་ར་མོ་མཁར་དམར་ནང་དུ་འཛུལ་ནས་སྡོད་པ་ལས་མཁར་དེའི་ཕྱི་རོལ་དུ་གཏན་ནས་འཐོན་ཕོད་ཀྱི་མེད། ནམ་ཞིག་དབྱར་ཟླ་གསུམ་ལ་བསྟུད་མར་ཆར་བབས་པ་ན། རྒྱ་ཆུ་དཀར་མིག་ནི་མི་ཚོན་པོ་ཞིག་ཡིན་པས། ཁོའི་ལྟོ་ཤའི་ལྟེབ་ཁུག་ལས་དྲི་ངན་ཐུལ་ནས་སྡོད་མི་ཐུབ་པར་གྱུར། ཉིན་ཞིག་ཆར་པ་འབབ་འཚམས་བཞག་ནས་གནམ་ཐང་བ་ན། རྒྱ་ཆུ་དཀར་མིག་དེས་རང་གི་ལྟོ་བ་ཉི་མར་ལྡེ་དགོས་སྙམ་སྟེ་མཁར་གྱི་ཕྱོགས་བཞིར་དགྲ་ཡོད་མེད་ལ་སོ་ལྟ་བྱེད་པར་མངགས། སོ་པས་མདུན་ཕྱོགས་ཀྱི་བུ་ཆེན་རྩེ་རྒྱལ་རིང་མོའི་རི་གསེབ་ཏུ་ཡུ་མོ་དཀར་པོ་ཞིག་གིས་བག་ཡངས་སུ་སྤང་རྩྭ་ཟ་བ་མ་གཏོགས། ཕྱོགས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག་ཚུལ་ཞུས་པར། ཁོ་རང་མཁར་སྒོའི་ཕྱི་རུ་བུད་དེ་སེམས་ལྷོད་ལ་བབས་ནས་ཉི་མར་ལྡེས། མ་གཞི་རྩྭ་ཟ་བཞིན་པའི་ཡུ་མོ་དེ་སྒྲོ་རིང་མདུང་རྩེ་ཡིས་དགྲ་བོ་བསླུ་ཐབས་སུ་བཟོས་པའི་ཡུ་མོའི་པགས་གསོབ་ཅིག་ཡིན་ཞིང་། ཁོས་མདའ་གཞི་ཐོགས་ཏེ་དེའི་ཕག་ཏུ་བསྐུངས་ནས་ཉིན་ཞག་མང་པོར་བསྒུགས། ཉིན་དེར་རྒྱ་ཆུ་དཀར་མིག་དོགས་ཟོན་ཤོར་ནས་ར་མོ་མཁར་དམར་གྱི་ཕྱི་རུ་ཐོན་འཕྲལ་དུ། སྒྲོ་རིང་མདུང་རྩེ་ཡིས་ལྕགས་མདའ་ཞིག་རྒྱ་ཆུ་དཀར་མིག་གི་ལྟོ་བར་གཟས་ནས་འཕངས་ཏེ་བསད། རྒྱ་ཆུ་དཀར་མིག་ཤི་བས་དེའི་འཁོར་གཡོག་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ལ་བྲོས་སོང་བར་བཤད།[16]ཅེས་པ་འདི་ལྟ་བུ་རེད། འདི་ནི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་དཀའ་གནད་ཅིག་གི་མདུད་པ་བཀྲོལ་བ་ལྟ་བུའི་བྱ་གཞག་གལ་ཆེན་ཞིག་ཡིན་ཏེ། རྒྱུ་མཚན་ནི། བོད་རིགས་འ་ཞ་དང་ཐུ་ལུ་ཧུན་(吐谷浑)ཞེས་པའི་མི་རིགས་གཉིས་རིགས་གཅིག་ཏུ་རྡོ་ཆག་བཙན་སྒྲིག་དང་ར་མགོ་ལུག་སུག་ཏུ་སྦྱོར་ཨེ་ཐུབ་ལ་རེ་བའི་ལོ་རྒྱུས་འཁྱོག་བཤད་མཁན་འགའ་དང་། ཡང་འ་ཞ་དང་ཐུ་ལུ་ཧུན་(吐谷浑)ཞེས་པའི་མི་རིགས་གཉིས་རིགས་གཅིག་མ་ཡིན་པ་ཅུང་ཙམ་རྟོགས་ཡོད་ཀྱང་ཞིབ་ཏུ་གསལ་ཁ་འབྱེད་དཀའ་བ་ཅན་གྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ། སྲོང་བཙན་སྒམ་པོའི་སྐབས་སུ་བཤད་པའི། རྒྱ་དང་འ་ཞས་དཔྱའ་གཙལ་(གཅལ)ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ། ཞེས་པའི་འ་ཞ་ནི། བོད་རིགས་འ་ཞ་མ་ཡིན་པར།ངའི་ཕ་ཡུལ་ནས་ད་ལྟའང་རྒན་རབས་པའི་སྨྲ་བཞིན་པའི་རྒྱ་ཆུ་དཀར་མིག་སྟེ། དོན་དུ་ཐུ་ལུ་ཧུན་(吐谷浑)ཞེས་པའི་མི་རིགས་དེ་ཡིན་པ་ནམ་ལངས་ལངས་ཉི་མ་ཤར་ཤར་ཡིན་ནོ། །དེ་ལས་རྒྱ་ཞེས་པས་ཐུ་ལུ་ཧུན་(吐谷浑)ཞེས་པ་ནི་བོད་མ་ཡིན་པར་མི་རིགས་གཞན་ཞིག་ཡིན་པ་གསལ་པོར་རྟོགས་ནུས་ཏེ། བོད་པས་ཁ་ཆེ་རིགས་ལ་རྒྱ་ཧེ་ཟེར་བ་དང་། ནུབ་ཕྱོགས་པ་ལ་རྒྱ་སེར། གཞན་དུ་རྒྱ་གར། རྒྱ་ནག་ཅེས་ཟེར་བ་ལས་ཀྱང་ཁ་ཚོན་གཅོད་ནུས། དེ་ལས་ཆུ་དཀར་མིག་ཅེས་པ་དེས་ཀྱང་ཐུ་ལུ་ཧུན་(吐谷浑)ཞེས་པའི་མི་རིགས་དེའི་མིག་གི་ཁ་དོག་ཀྱང་མིག་ལམ་དུ་ཤར་རྒྱུ་ཡོད་པ་ཞིག་འགྲེལ་བཤད་བརྒྱབ་འདུག་སྟེ། བོད་པའི་མིག་མདོག་དང་མི་མཚུངས་པར་ཆུ་དཀར་སྟེ། སྔོ་དཀར་ཀྱི་ཁ་དོག་ཅིག་ཡིན་པར་འདོད་སྟེ། སྔོན་དུས་ངའི་ཕ་ཡུལ་ནས། ཆུ་དཀར་ཞེས་ཆུ་ཁོལ་དུ་འབྲི་མོའི་འོ་མ་བླུགས་ནས་སྐོལ་ཞིང་། དེའི་མདོག་ནི་སྔོ་དཀར་ཞིག་ཡིན་པ་དང་། འདིར་ཡང་རྒྱ་ཆུ་དཀར་མིག་ཅེས་པའི་མིག་གི་ཁ་དོག་ནི། དཔེ་དེ་ལ་བླངས་པར་གདོན་མི་ཟ་བར་འདུག་སྙམ་མོ། །དེ་བས་ཞིབ་འདང་ཞིག་རྒྱོབས་དང་། དེང་དུས་ཀན་སུའུ་ཐེ་བོ་རུ་མཆིས་པའི་བོད་རིགས་འ་ཞ་ལ་རྒྱ་ཟེར་རམ། རྒྱ་ཆུ་དཀར་མིག་ཟེར་རམ། ཁོ་ཚོའི་མིག་གི་ཁ་དོག་དཀར་སྔོ་ཇ་ཆུ་དཀར་ཀྱི་མདོག་ཡིན་ནམ། རྒྱུ་མཚན་འདི་ལ་དཔྱད་པས་ཀྱང་བོད་རིགས་འ་ཞ་དང་ཐུ་ལུ་ཧུན་(吐谷浑)ཏེ་རྒྱ་ཆུ་དཀར་མིག་ཅེས་པ་གཉིས་མི་རིགས་མི་གཅིག་པ། ཐ་ན་མིག་གི་ཁ་དོག་ཀྱང་མི་འདྲ་བ་གཉིས་ཡིན་པ་ཤིན་ཏུ་གསལ་ལོ། །ད་དུང་ང་ཚོ་དར་མཚོ་རྫོང་གི་འབྲས་ཐང་ཞེས་པ་དེར་ཡང་རྒྱ་ཆུ་དཀར་མིག་དང་འབྲེལ་བའི་བཤད་རྒྱུན་ཐར་ཐོར་མཆིས་ལ། གཞན་ཡང་རྒྱ་ཆུ་དཀར་མིག་གིས་རྨ་ཆུ་གཡག་གི་ཀོ་བ་མཐུད་ནས་ཁོ་ཚོའི་རྒྱལ་ས་རུ་དྲངས་རྩིས་བྱས་པ་རེད་ཅེས་པའི་ངག་རྒྱུན་ཡང་ཡོད་པ་རེད། གཞན་ཡང་ཁོ་བོས་ཉེ་ཆར་ར་མོའི་རྒྱ་ཆུ་དཀར་མིག་གི་མཁར་ཡོད་སའི་བུད་མེད་ཅིག་ལ་ཁ་བརྡ་བྱས་པ་གཤམ་ལྟར། མཁའ་XXམོ། མོ། ད་ལོ་ལོ་༦༩སྡེ་བ་རྒྱ་བཟའ་ར་མོ། དྲི་བ། ཁྱེད་ཅག་གི་ས་ཆར་ཡོད་པའི་ར་མོ་མཁར་ཟེར་བ་དེ་ཅི་ཞིག་གི་མཁར་ཡིན་ཟེར་བ་རེད། དྲིས་ལན། རྒྱ་ཆུ་དཀར་མིག་ཟེར་བའི་མཁར་ཡིན་ནི་རེད་ཟེར། དྲི་བ་འདོན་དུས༢༠༢༡ལོའི་ཟླ༡༢པའི་ཚེས༢༤ཡི་སྔ་དྲོ་ཆུ་ཚོད་༡༠དང་སྐར་མ་༢༠ཡིན། ས་གནས་དར་མཚོ་རྫོང་བོད་སྨན་ཁང་གི་སྒོ་སྟེན་གྱི་ཁོ་བོའི་གཞུང་ལས་ཁང་ཡིན། དྲི་བ་འདོན་ཡུལ་གྱི་ནད་པའི་མགོར་དངུལ་ཁབ་འགའ་གདབ་རྗེས་དྲིས་པ་ཡིན། འདི་ལྟར་སྔོན་དུས་རྒྱ་ཆུ་དཀར་མིག་སྟེ་ཐུ་ལུ་ཧུན་(吐谷浑)གྱིས་དབང་བསྒྱུར་མྱོང་བའི་ས་ཆ་དག་ཏུ་མི་རབས་ནས་མི་རབས་བརྒྱུད་པ་དང་། ངག་ཐོག་ནས་ངག་ཐོག་བརྒྱུད་པའི་ལོ་རྒྱུས་སུ་ཐུ་ལུ་ཧུན་(吐谷浑)ལ་རྒྱ་ཆུ་དཀར་མིག་ཟེར་བ་ལས་འ་ཞ་ཞེས་གཏན་ནས་མི་འབོད་པ་རེད། དེ་ལྟར་མིན་ན། མཚོ་ལྷོའི་ལོ་རྒྱུས་མཁས་པ་རྗེ་བཤད་སྒྲུབ་རྒྱ་མཚོ་ཚང་ཡང་མཚོ་སྔོན་པོའི་འགྲམ་རྒྱུད་ནས་འཁྲུངས་པ་ཡིན་ཞིང་། ས་གནས་འདི་གའི་ལོ་རྒྱུས་ལ་བྱང་ཆ་ལྡན་པས། ཁོང་གིས་ཀྱང་ཅིའི་ཕྱིར་ཐུ་ལུ་ཧུན་(吐谷浑)ཏེ་རྒྱ་ཆུ་དཀར་མིག་ནི་འ་ཞ་རེད་མི་ཟེར་བར། ཇི་སྐད་དུ། འ་ཞ་ཞེས་པ་མདོ་སྨད་དུ་གནས་པའི་བོད་རིགས་ཚོ་སྐོར་ཆེན་པོ་ཞིག་ཡིན་ཚུལ་གོང་ནས་བཤད་ཟིན་ལ།[17]ཞེས་གསུངས་སྲིད་དམ། དེ་ལས་འ་ཞ་དང་ཐུ་ལུ་ཧུན་གཉིས་མི་གཅིག་པ་ཧ་ཅང་གསལ་ལ། རྒྱ་ཆུ་དཀར་མིག་ནི་ཐུ་ལུ་ཧུན་(吐谷浑)ཡིན་ཟེར་ན། རྒྱ་ཆུ་དཀར་མིག་གི་ར་མོ་མཁར་དམར་དར་མཚོ་རྫོང་དུ་མཆིས་པས། ཐུ་ལུ་ཧུན་(吐谷浑)སྔོན་དུས་དར་མཚོ་རྫོང་དུ་གནས་པའི་བདེན་དཔང་ཡོད་དམ་ཞེ་ན། དེ་ཡང་ཡོད་དེ། ཅིན་རྒྱལ་རབས་སུ་གནས་པའི་ཐུ་ལུ་ཧུན་གྱི་སྐོར་ཞེས་པ་རུ། དེར་ཆི་ཧྥུ་ཆན་ཀུའེ་ཡིས་ཆེར་སྡང་སྟེ་རྟ་དམག་ཉིས་ཁྲི་ཁྲིད་ནས་ཁྲི་ཧྲུའེ་ས་ཆར་འཐབ་པར། ཧྲུའུ་ལོ་ཀན་ཆེར་ཕམ་སྟེ་མགོ་བཏགས།[18]ཞེས་འཁོད་པ་དང་། ཁྲི་ཧྲུའེ་ཞེས་པ་འདི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ངམ་ཞིན་ཧེ་རྫོང(兴海县)གི་ཁོངས་སུ་ཡོད་པར་འདོད།[19]ཅེས་གསལ་འགྲེལ་བྱས་འདུག་པས་འཐུས་ལ།ཧྲུའུ་ལོ་ཀན་ལ།ཐུ་ལུ་ཧུན་གྱི་རྒྱལ་པོ་ཞེས་སུ་འབོད།[20]ཅེས་མིག་མཐོང་ལག་ཟིན་དུ་བཤད་འདུག་པས། སྔོན་དུས་དར་མཚོ་རྫོང་དུ་ཐུ་ལུ་ཧུན་(吐谷浑)ཡོད་པ་བདེན་པར་གྲུབ་པ་དང་། དེ་ལས་ཐུ་ལུ་ཧུན་(吐谷浑)རྒྱ་ཆུ་དཀར་མིག་ཟེར་བ་ཡིན་པ་ཡང་ས་འཕྱར་ན་རྡོ་ལྷང་ལ་འབུད་པའི་དཔེ་ལྟར་སོང་འདུག་སྙམ་མོ། །
འོ་ན། ཐུ་ལུ་ཧུན་(吐谷浑)ནི་བོད་རིགས་འ་ཞ་མ་ཡིན་པར་རྒྱ་ཆུ་དཀར་མིག་ཅེས་པ་ཡིན་ན། ད་ལྟ་ཐུ་ལུ་ཧུན་(吐谷浑)ནམ་རྒྱ་ཆུ་དཀར་མིག་ཅེས་པའི་མི་རྒྱུད་འདི་རེད་ཟེར་རྒྱུ་ཞིག་ཡོད་དམ་ཞེ་ན། དེ་ཡང་ཡོད་དེ། ང་རང་ད་ལོ་སྟེ༢༠༢༡ལོའི་ཟླ༦པའི་ཚེས༩ཉིན་ཧུའུ་ཀྲོའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཡུལ་དངོས་བལྟ་ཞིབ་ཏུ་སོང་བ་ཡིན་ཞིང་། དེ་རུ་ཁོ་ཚོའི་མེས་པོའི་ལོ་རྒྱུས་དང་འབྲེལ་བའི་གནའ་རྫས། གྱོན་ཆས། མཚོན་ཆ། ཐ་ན་ཐུ་ལུ་ཧུན་གྱི་རྗེ་བོའམ་མེས་པོ་ཨ་ཚེ་(阿豺)ཡི་གཟུགས་བརྙན་ཡང་བཞེངས་འདུག་ལ། མེས་པོ་ཨ་ཚེ་ཡིས་མདའ་གཅོག་ཏུ་བཅུག་པའི་སྣང་བརྙན་ཡང་བསྐྲུན་འདུག་པས། ང་རང་ཐོག་མར་ཧ་ལས་སོང་། མ་གཞི་ང་ཚོས་ལོ་རྒྱུས་ཐོག་བོད་རིགས་འ་ཞ་དང་ཐུ་ལུ་ཧུན་(吐谷浑)ནམ་རྒྱ་ཆུ་དཀར་མིག་གཉིས་ཀྱི་དབྱེ་བ་འབྱེད་མ་ཐུབ་པར་མགོ་འཐོམས་ཤིང་འུ་ཐུག་པར་འདུག་མི་དགོས་པར་ས་ཐག་ཉེ་མོ་འདིར་ཡུལ་སྐོར་ལྟ་ཞིབ་ཙམ་བྱས་པས་ཀྱང་ཁ་གསལ་གཏིང་ཐག་ཆོད་འདུག་སྙམ་སོང་། ད་དུང་ང་ལ་གནའ་རྫས་བཤམས་སྟོན་ཁང་དུ་འགྲེལ་བཤད་རྒྱག་པའི་ཧོར་རིགས་བུ་མོ་དེས་ཁོ་ཚོ་ནི་ཐུ་ལུ་ཧུན་(吐谷浑)གྱི་མི་རྒྱུད་ཡིན་ཞེས་གསལ་པོར་བཤད་བྱུང་། ཁོ་ཚོའི་ཐོག་མའི་ཆོས་ལུགས་ནི་ས་མན་ཆོས་ལུགས་(萨满教)ཞེས་པ་ཡིན་པ་དང་། ད་ལྟ་ཕལ་ཆེར་གྱིས་ནང་བའི་ཆོས་ལུགས་ལ་དད་པ་བྱེད་པ་རེད་ཟེར། དེ་ལས་ང་ཚོའི་ཀན་སུའུ་ཐེ་བོའི་འ་ཞ་བས་ད་དུང་བོད་ཀྱི་གནའ་བོའི་ཆོས་ལུགས་གཡུང་དྲུང་བོན་ལ་དད་པ་བྱེད་བཞིན་མཆིས་པ་ལས་ཀྱང་། དེ་གཉིས་ཆོས་ལུགས་དད་མོས་ཀྱི་ཆ་ནས་མི་གཅིག་པ་ཡང་ཧ་ཅང་གསལ། འདིར་གསལ་བཤད་བྱ་རྒྱུ་ཞིག་ལ། ཧུའུ་ཀྲོའུ་ཧོར་རིགས་ལ་མཚོ་སྔོན་གྱི་བོད་ཀྱིས་ཧོར་ཟེར་ཞིང་རྒྱ་ཡིས་(土族)ཟེར། འདི་ལས་མཁས་དབང་དགེ་ཆོས་ཀྱིས་ཨ་ཞ་(སྐབས་འདིའི་ཨ་ཞ་ནི་བོད་མ་ཡིན་པར་ཐུ་ལུ་ཧུན་ལ་གོ)ནི་སོག་རིགས་ཤིག་ཡིན་ཟེར་བར་གནས་ལུགས་མེད་པ་ཞིག་མིན་ལ། དེབ་ཐེར་དམར་པོ་ལས། ཐུ་ལུ་ཧུན་ཧོར་སེར་ཡིན།[21]ཞེས་པ་དང་། གཞན་ཡང་རྒྱལ་རབས་གསལ་བའི་མེ་ལོང་ལས། ཧོར་སེར་ཐུ་ལུ་ཧུན་གྱིས་རྒྱ་རྗེ་ལ་ཕྲ་མ་ཞུས་པས་ལོན་(ལན)ཞུས་པས། བོད་ཀྱི་རྒྱལ་པོ་ཁྲོས་ནས་བོད་དམག་འབུམ་ཕྲག་གཅིག་ཁྲིད་དེ། ཟུང་ཅིའུ་བྱ་བའི་ས་ཆ་བར་དུ་བྱོན། དེ་ནས་བློན་པོ་གཡའ་ཐུང་བྱ་བ་ལ་དམག་བསྐུར་ནས་ཐུ་ལུ་ཧུན་རྣམས་གཙང་ཁའི་མཚོ་སྔོན་ཕན་ལ་བྲོས།[22]ཞེས་པ་ནི་མཚོ་སྔོན་གྱི་ཐུ་ལུ་ཧུན་(吐谷浑)ལ་ཆ་རྒྱུས་ཆེན་པོ་ལྡན་པའི་ལོ་རྒྱུས་མཁས་པའི་ལེགས་བཤད་དེ། ཁོང་ཚལ་བ་ཀུན་དགའ་རྡོ་རྗེ་དང་ས་སྐྱ་བསོད་ནམས་རྒྱལ་མཚན་རྣམ་གཉིས་ཀྱིས་ད་གཟོད་མདོ་སྨད་ཀྱི་ཐུ་ལུ་ཧུན་(吐谷浑)ཧོར་སེར་རེད་ཅེས་ཁ་གསལ་དོན་ལ་གནས་པ་ཞིག་གསུངས་པ་ནི་ཇི་འདྲའི་ངོ་མཚར་ཆེ་ལ་བཀའ་དྲིན་ཡང་ཞུ་འོས་པ་ཞིག་མ་ཡིན་ནམ། ད་ལྟའི་ཐུ་ལུ་ཧུན་(吐谷浑)གྱི་མི་རྒྱུད་ཀྱིས་བཤད་པ་དང་ཇི་མ་ཇི་བཞིན་འདུག་སྟེ། མཚོ་སྔོན་གྱི་ཧུའུ་ཀྲོའུ་ཧོར་རིགས་(土族)ཀྱིས་ཁོ་ཚོ་ཐུ་ལུ་ཧུན་ཡིན་ཞེས་བཤད་པ་དང་ཨ་འགྲིག་ཆ་འགྲིག་ཡིན་པ་མ་ཟད། ཧུའུ་ཀྲོའུ་ཧོར་རིགས་(土族)ལ་མཚོ་སྔོན་གྱི་བོད་པ་ཚོས་ཧོར་ཟེར་བ་དང་ཡང་ཆུ་ལ་ཆུ་བཞག་གི་དཔེ་རུ་སོང་བ་མ་ཡིན་ནམ། མཁས་པའི་ཁྲོད་ན་མཁས་པ་ཡོད་ཅེས་པ་འདི་འདྲ་ཞིག་ལ་མི་ཟེར་རམ། དེས་ན་ཕྱིས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་ཐུ་ལུ་ཧུན་(吐谷浑)ལ་ཞིབ་འཇུག་བྱ་དུས། དེབ་དམར་དང་རྒྱལ་རབས་གསལ་བའི་མེ་ལོང་གི་གསུངས་ཚད་མའི་ལེགས་བཤད་འདི་གཞིར་མི་འཛིན་པར། ལོ་རྒྱུས་གཞན་པ་བོད་རིགས་འ་ཞའི་མིང་བཙན་གྱིས་ཐུ་ལུ་ཧུན་(吐谷浑)ལ་ར་མགོ་ལུག་སུག་ཏུ་སྦྱར་བའི་རྙོག་དྲ་དེ་ལ་ཁུངས་བཅོལ་དོན་མི་འདུག་གོ །དངོས་གནས་དེབ་དམར་དང་རྒྱལ་རབས་གསལ་བའི་མེ་ལོང་ནི་ཐུ་ལུ་ཧུན་(吐谷浑)བོད་རིགས་འ་ཞ་མ་ཡིན་པར་མཚོ་སྔོན་གྱི་ཧུའུ་ཀྲོའུ་ཧོར་རིགས་(土族)ཡིན་པ་གསལ་པོར་རྟོགས་བྱེད་ཀྱི་མེ་ལོང་ཞིག་རེད་འདུག།
ཡང་མཚོ་སྔོན་གྱི་ཧུའུ་ཀྲོའུ་ཧོར་རིགས་(土族)ནི་ཐུ་ལུ་ཧུན་(吐谷浑)ཡིན་པའི་སྒྲུབ་བྱེད་ཡིག་ཆའི་ཐད་ནས་སྟོན་རྒྱུ་ཡོད་དམ་ཞེ་ན། དེ་ཡང་ཡོད་དེ། མཚོ་སྔོན་ཧུའུ་ཀྲོའུ་ཧོར་རིགས་ཀྱི་ལོ་རྒྱུས་ཆད་ཁུངས་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། མདོར་དྲིལ་ན་གསུམ་ཙམ་དུ་འདུ་སྟེ། དེ་ཡང་ཐུ་ལུ་ཧུན་(吐谷浑)ལས་ཆད་པར་འདོད་པ་དང་། སོག་པོ་ལས་ཆད་པར་འདོད་པ། གྲུ་གུ་ལས་ཆད་པར་འདོད་པ་བཅས་ཡིན་ཞིང་། དེ་ལས་ཐུ་ལུ་ཧུན་(吐谷浑)དང་སོག་པོ་ལས་ཆད་པར་འདོད་པ་ནི་ཁུངས་བཙུན་པར་སྙམ།(关于土族的族源,历来众说不一,归纳起来,主要有三种,即吐谷浑说.蒙古说.沙陀突厥说。其中以吐谷浑和蒙古说影响最大。)[23]ཞེས་སྐུ་ཞབས་མ་ཙི་ཞང་དང་མ་ཀྲོ་ཞིས་གཉིས་ཀྱིས་ཀྱང་འདི་ལྟར་སྡོམ་ཚིག་བཞག་འདུག་གོ །
བཞི་བ། མཇུག་སྡུད་པ།
ལོ་རྒྱུས་དེབ་ཐེར་དང་། ཕྱིས་ཀྱི་གཟུར་གནས་མཁས་པ་མང་པོས་བོད་རིགས་འ་ཞ་མང་དུ་གླེང་ཡོད་པ་མ་ཟད། འ་ཞ་བོད་མིའུ་གདུང་དྲུག་གི་གང་ལ་གཏོགས་ཚུལ་བཅས་ཁ་གསལ་ཁུངས་དག་ཅིག་གསུངས་འདུག་པ་དང་། ལོ་རྒྱུས་ཞིབ་དཔྱོད་པ་མང་པོས་ཀྱང་། རང་རང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རྩལ་དང་། ལོ་རྒྱུས་ཡིག་ཆ་ཁུངས་བཙུན་མང་པོར་བརྟེན་ནས། འ་ཞ་བོད་རིགས་རྣལ་མ་ཡིན་པའི་སྲ་རྒྱ་བྲག་ལྟ་བུའི་བརྟན་བརླིང་གི་སྒྲུབ་བྱེད་རབ་དང་རིམ་པ་བཀོད་ཡོད་པ་གཞིར་བྱས་ནས། ཐེངས་འདིར་ཁོ་བོའི་ཕ་ཡུལ་གྱི་ས་གནས་ལོ་རྒྱུས་དང་། གནའ་མི་རྒན་རབས་པའི་ངག་རྒྱུན། ཡུལ་དངོས་རྟོག་ཞིབ། རང་གི་བསམ་གཞིགས་བཅས་ལ་བརྟེན་ནས། ཐུ་ལུ་ཧུན་(吐谷浑)ནི་བོད་རིགས་འ་ཞ་མ་ཡིན་པར་རྒྱ་ཆུ་དཀར་མིག་ཅེས་པ་སྟེ། དེང་དུས་ཀྱི་ཧོར་རིགས་(土族)རེད།ཅེས་ཡུལ་ཕྱོགས་འདིར་མི་རབས་ནས་མི་རབས་དང་ངག་ཐོག་ནས་ངག་ཐོག་ཏུ་བརྒྱུད་ཡོང་བའི་ལོ་རྒྱུས་རྒྱུ་ཆ་དེ་ཡིག་ཐོག་ཏུ་བཀོད་པ་ཡིན་མོད། འདི་ལ་མ་རྟོགས་ལོག་རྟོག་གི་ཆ་མཆིས་ན་ཞུ་དག་གནང་རོགས་ཞུའོ། །
དཔྱད་གཞིའི་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༢ལོའི་ཟླ༤པར་དཔར་ཐེངས་དང་པོ་བརྒྱབ། P༡༨༣༤
[2] དེབ་ཐེར་དཀར་པོ། དགེ་འདུན་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ལོའི་ཟླ༣པར་པེ་ཅིན་དུ་དཔར་ཐེངས་གསུམ་པ་བརྒྱབ། P༦༩
[3][4][14][15] འ་ཞའི་རིགས་རྒྱུད་ལ་དཔྱད་པ། ཤ་བོ་ཀླུ་རྒྱལ། 西藏考古དྲྭ་བ། P༩ P༩ P༢༥ P༢༧
[6] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༢ལོའི་ཟླ་གསུམ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ། P༩༣
[7] བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། རྒྱལ་མོ་འབྲུག་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༥ལོའི་ཟླ་བཅུ་པར་པེ་ཅིན་དུ་པར་ཐེངས་༡བརྒྱབ་པ། P༡༤༩
[8][10][17] རྗེ་བཤད་སྒྲུབ་རྒྱ་མཚོའི་གསུང་རྩོམ་པོད་གཉིས་པ་བཞུགས་སོ།། མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་བསྒྲིགས། ནང་ཁུལ་ཡིག་ཆ།P༧༡༧ P༧༧༨ P༨༦༤
[9] བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ།། དམུ་དགེ་བསམ་གཏན་གྱིས་བརྩམས། བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་ཧྲེ་ཝན་ཀྲེ་གཉིས་ཀྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོའི་ཟླ༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༢༥༩
[11] མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།། ཇོ་ནང་ཏཱ་ར་ན་ཐས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༣ལོའི་ཟླ་༥པར་ལྷ་སར་པར་ཐེངས་༡བཏབ།P༧ནས༨
[12][13] རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།(དང་པོ།)སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས། འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ་༧པར་པར་ཐེངས་གཉིས་པ་བཏབ། P༡༥ནས༡༦ P༢༣
[16] མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།(མཚོ་ལྷོའི་གླེགས་བམ།)སྤྱི་ཁྱབ་རྩོམ་སྒྲིག་པ། བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༦ལོའི་ཟླ་དང་པོར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བཏབ། P༥༥༤ནས༥༥༥
[18][19][20][5] རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།(གཉིས་པ།)སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས། འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ་༧པར་པར་ཐེངས་གཉིས་པ་བཏབ།P༨༡ P༨༡ P༨༠
[21] དེབ་ཐེར་དམར་པོ། ཚལ་བ་ཀུན་དགའ་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོའི་ཟླ་༡༠པར་པེ་ཅིན་དུ་པར་ཐེངས༡བཏབ། P༢༤
[22] རྒྱལ་རབས་གསལ་བའི་མེ་ལོང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༢ལོའི་ཟླ་༣པར་པེ་ཅིན་དུ་པར་ཐེངས་༥་པ་བརྒྱབ་པ། P༢༢༩
[23] 甘肃少数民族民俗文化概览。马自祥.马兆熙编著。民族出版社2005年12月北京第1次印刷。P184
2021.1.12
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།