ཀན་ལྷོ་རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཀྱི་ཁྱད་ཆོས་ལ་དཔྱད་པ།
[ནང་དོན་གནད་བསྡུས] རྩོམ་ཡིག་འདིའི་ནང་དུ་བདག་གིས་ཀན་ལྷོ་རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཀྱི་གནས་བབས་སྤྱི་བརྗོད་པ་བརྒྱུད་ནས་སྒྲ་གདངས་ཀྱི་ཁྱད་ཆོས་དང་མིང་གི་ཁྱད་ཆོས། ཚིག་གི་འགྱུར་བ། དེ་མིན་ཁ་གསལ་གོ་སླ་བའི་ཆེད་དུ་ཡུལ་སྐད་དངོས་དཔེར་དྲངས་ཏེ་རང་ནུས་ཀྱིས་ཐུན་མིན་གྱི་རྣམ་པ་དེ་དག་གསལ་སྟོན་དང་དེ་ལ་རང་གི་ལྟ་ཚུལ་ཅུང་ཙམ་རེ་བརྗོད་ཡོད་ལགས།
[བརྡ་ཆད་གཙོ་བོ] རྔོག་རྒྱལ་མོ་དགོན། ཡུལ་སྐད། སྒྲ་གདངས་ཀྱི་ཁྱད་ཆོས།
གླེང་གཞི།
གནའ་ནས་ད་ལྟའི་བར་སྤྱི་ཚོགས་འགྱུར་བ་བྱུང་བ་དང་བསྟུན་ནས་འཛམ་གླིང་སྤྱིའི་འཚོ་བའི་ཆུ་ཚད་དང་སྐད་དང་ཡི་གེ་ལ་སོགས་པ་ཡང་ཁོར་ཡུག་གི་ཆ་རྐྱེན་ལ་བརྟེན་ནས་འགྱུར་བཞིན་ཡོད་པ་རེད། དེ་བཞིན་དུ་སྐད་གདངས་དང་སྒྲ་གདངས་ལ་ཡང་རིམ་བཞིན་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་ནི་གཅིག་ཏུ་སྣང་།ད་ལྟ་བོད་པའི་སྐད་ལ་སྤྱིའི་ཆ་ནས་བཤད་ན། ཤར་དུ་ཨ་མདོ་དང་བར་དུ་ཁམས། ནུབ་ཏུ་དབུས་གཙང་བཅས་ཁྱད་ཆོས་མི་འདྲ་བའི་ཡུལ་སྐད་ཆེན་པོ་གསུམ་ཡོད་པ་དང་།ཡུལ་སྐད་སོ་སོར་གདངས་དང་ཐ་སྙད།བརྡ་སྤྲོད་སོགས་ཐད་ནས་ཅུང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་དབང་གིས་ལུང་སྐད་སྣ་ཚོགས་ཤིག་མཆིས་པ་རེད།བསྟན་པ་སྔ་དར་སྐབས་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ལ་མགོ་འདོགས་འཕུལ་རྟེན་སོགས་ཀྱི་སྒྲའི་ཟུར་ཐོན་མོད། བོད་སིལ་བོར་སྐབས་ནས་བཟུང་ཡུལ་དུས་ཀྱི་དབང་གིས་སྐད་གདངས་ལ་འགྱུར་བ་བྱུང་བར་མངོན། ས་སྐྱ་བསོད་རྩེའི་ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་དག་གིས་ར་སྤྲོད་བྱེད་ཐུབ། དེའི་ཕྱིས་ཀྱི་ལོ་ཟླ་རིང་མོའི་ཁྲོད་དུའང་བོད་ཀྱི་སྤྱི་ཚོགས་ཧྲིལ་བོ་ཚད་མཐོའི་གཅིག་གྱུར་ཅིག་ཆགས་མ་ཐུབ་པས་ཚོ་བའམ་ཤོག་ཀ་སོ་སོ་ཁོངས་གཅིག་ལ་མི་གཏོགས་པར་ཕན་ཚུན་འགྲོ་འོང་སོགས་ཉག་ཕྲ་ཕྱིར།བླ་མ་རེ་ལ་ཆོས་ལུགས་རེ།། ལུང་བ་རེ་ལ་སྐད་རིགས་རེ།།ཟེར་བ་ལྟར་ཡུལ་སྐད་དང་ལུང་སྐད་ཤིན་ཏུ་མང་པོར་འཕེལ་ཡོད་པ་རེད།ཀན་ལྷོ་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ནི་ཨ་མདོའི་ཡུལ་སྐད་ལ་གཏོགས་པ་དང་།ཨ་མདོའི་ཡུལ་སྐད་ལ་ནང་གསེས་སུ་དབྱེ་ན་འབྲོག་སྐད་དང་རོང་སྐད།རོང་མ་འབྲོང་གི་སྐད་བཅས་རིགས་གསུམ་དུ་ཕྱེ་བས།ཀན་ལྷོ་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ནི་ཨ་མདོའི་རོང་མ་འབྲོང་གི་སྐད་དུ་གཏོགས་པ་ཡིན། མི་རིགས་སམ་རྒྱལ་ཁབ་གཅིག་གི་ནང་དུ་ཡུལ་སྐད་སྣ་མང་ཞིག་ཆགས་པ་དེ་ལོ་རྒྱུས་དུས་ཀྱི་སྣང་ཚུལ་ཞིག་གམ་ཡང་ན་རིག་གནས་འབྲེལ་འདྲིས་ཀྱི་དན་རྟགས་ཤིག་ཏུ་མཐོང་། ཡུལ་སྐད་ཕན་ཚུན་བར་གྱི་ཁྱད་པར་གཙོ་བོ་ཡང་ངེད་ཅག་གིས་མགྲིན་གཅིག་ཏུ་བརྗོད་པའི་མིང་དང་ཐ་སྙད།སྐད་གདངས། ཚིག་ཕྲད་དང་རྣམ་དབྱེ་སྦྱོར་ཚུལ་བཅས་ལ་རག་ལས་པས། མིང་དང་ཐ་སྙད།སྐད་གདངས་ཀྱི་ཁྱད་པར་གསལ་ཞིང་།བརྡ་སྤྲོད་ཀྱི་འགྱུར་བ་ཅུང་དལ་བ་ཡིན།ཞེས་པ་བཞིན། ཡུལ་སྐད་ལ་ལའི་མིང་ཁ་ཤས་ཡུལ་སྐད་གཞན་ཞིག་ཏུ་མེད་པའམ། ཡང་ན་ཡོད་ཀྱང་སྐད་གདངས་མི་གཅིག ཡང་ན་སྐད་གདངས་གཅིག་ཀྱང་བརྗོད་དོན་མི་གཅིག ཡང་ན་མིང་འགའ་ཞིག་སྐད་གདངས་དང་བརྗོད་དོན་གཉིས་ཀྱི་ཆ་ནས་མི་གཅིག་པ་རེད། དེར་མ་ཟད་ཡུལ་སྐད་འདི་དང་དེའི་བརྡ་སྤྲོད་ཚུལ་གྱི་ཕྱོགས་ནས་ཀྱང་ཆ་ཀུན་ཏུ་གཅིག་མཐུན་ཡིན་པའི་ངེས་པ་མེད་པ་ཇི་བཞིན་དུ་རྒྱལ་མོ་དགོན་ཡུལ་སྐད་དམ་ལུང་སྐད་ལ་གནའ་བོའི་སྐད་ཀྱི་ཁྱད་ཆོས་དང་རྣམ་པ་ཟུར་མང་པོ་ནས་རང་སར་ལུས་ཡོད། དམིགས་བསལ་ཅན་གྱི་སྐད་ཆའི་སྣང་ཚུལ་ཀྱང་མང་དུ་སྣང་བས། བདག་གིས་རྩོམ་ཡིག་འདིའི་ནང་དུ་ང་རང་འཚར་ལོངས་འབྱུང་སའི་ཕ་ཡུལ་ཀན་ལྷོ་རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་མདོ་ཙམ་བརྗོད་ཡོད་ལགས།
དང་པོ། རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཀྱི་གནས་བབས་སྤྱི་བཤད།
གཅིག ཡུལ་སྐད་ཀྱི་གོ་དོན།
སྤྱིར་སྐད་རིགས་གཅིག་གི་ཡུལ་སྐད་སོ་སོའི་བར་དུ་མིང་མི་འདྲ་བ་ཁ་ཤས་ཡོད།དེ་དག་ས་ཁུལ་གཅིག་ནས་ཐུན་མོང་དུ་སྤྱོད་ཀྱང་ས་ཁུལ་གཞན་དུ་མི་སྤྱོད་པའི་མིང་ལ་ཡུལ་སྐད་ཀྱི་མིང་ཟེར་ལ།ཡུལ་སྐད་ཅེས་པ་གནའ་དུས་ཞང་ཞུང་གི་སྐད་དང་དྭགས་པོའི་སྐད་སོགས་ཡུལ་གྲུ་ཅུང་ཆེ་བ་དག་གི་ཡུལ་ལུང་གི་སྐད་མི་འདྲ་བ་རེ་ལ་རྟོགས་ཤིང་།དེ་དང་ལྟོས་བཅས་སུ་ས་གནས་ཁག་མང་པོར་ཁྱབ་ཅིང་དམངས་ཕལ་ཆེ་བས་གོ་ནུས་པའི་ཕལ་སྐད་ཅིག་ཀྱང་སྣང་ཕྱིར། བློ་བཟང་འཕྲིན་ལས་མཆོག་གིས་བརྩམས་གནང་མཛད་པའི་ཡུལ་སྐད་དང་ཡིག་སྐད་གཅིག་སྐོར་གླེང་བ་ཞེས་པའི་ནང་དུ། ས་གནས་སོ་སོའི་སྐད་ལ་ཡུལ་སྐད་ཟེར་བའི་མིང་བཏགས་ཡོད་པ་དང་། ས་གནས་ཁག་མང་པོར་ཁྱབ་ཅིང་མང་ཆེ་བས་ཐུན་མོང་དུ་གོ་ཐུབ་པའི་སྐད་ལ་ཕལ་སྐད་ཟེར་བའི་མིང་བཏགས་ཡོད་ཅེས་གསུངས་པ་དང་། ཡུལ་སྐད་དང་ཡིག་སྐད་གཉིས་ཕན་ཚུན་བལྟོས་བཅས་སུ་གྲུབ་པར་བརྗོད་དེ། བོད་ཀྱི་སྐད་ལ་མི་ཤེས་པ། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། འགའ་ཞིག་གྱུར་གྱི་བྱེ་བྲག་དང་། ཡུལ་སྐད་དག་གིས་བསྒྲིགས་པའང་ཡོད་ཅེས་པ་དང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི་རོལ་མོའི་བསྟན་བཅོས་ལས། ཡུལ་གྱི་དབང་གིས་སྐད་ཀྱི་ཁྱད་པར་དེ་ཇི་ལྟར་ཞེ་ན། དབུས་པ་རྣམས་སྐད་གདངས་ལྡིར་ཞིང་འགྱུར་བ་ངང་བ་བུང་བའི་སྐད་དང་འདྲ་བར་ཤས་ཆེ་ལ། གཙང་པ་རྣམས་ཀྱི་སྐད་ཀྱི་གདངས་གསལ་ཞིང་འཚེར་བ་ཁྱིམ་བྱའམ་རྟ་སྐད་འདྲ་བ་ཤས་ཆེ་བ་ཞིག་ཡིན་ཞིང་། དེ་བཞིན་དུ་གཙེར་ཞིང་མདུད་པ་སྟོད་མངའ་རིས་པ་དང་། ཁམས་པ་རྣམས་ཀྱི་སྦོམ་ཞིང་མི་ཁུགས་པས་བརྗིད་ཅིང་གྱོང་བ་བོང་བའི་སྐད་འདྲ་བ་འབྱུང་ལ། དེ་ལྟ་བུའི་སྐད་རྣམས་ཡང་སོ་སོར་ཕྱེ་ན། གཙང་ལ་སྟོད་ལ་སྨད་སོགས་དང་།མངའ་རིས་སྐོར་གསུམ། ཁམས་ལ་མདོ་སྟོད་ཀྱི་སྐད་སོགས་རྣམ་པ་མང་ཞེས་གསུང་ཚུལ་ལས་ཡུལ་སྐད་ལ་དབྱེ་བ་མང་ཙམ་ཡོད་པ་རྟོགས་ཐུབ་ལ། ལྷག་པར་དུ་དེང་རབས་ཀྱི་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་ཉིད་ཀྱིས་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བྱེད་རྒྱུའི་གནད་འགག་ཐུག་ས་གང་ཡིན་སྐོར་ཞེས་པའི་གསུང་ཚུལ་ལས་དུས་ད་ལྟ་ཉིད་དུའང་ཡིག་སྐད་ལ་སྤྱི་སྐད་ཀྱི་ངོ་བོ་ལྡན་པ་དག་གཞིར་བྱས་ཏེ། དེ་དག་དོན་གཅིག་ཏུ་ངེས་པར་བརྗོད་ཅིང་། དེ་དང་ཁ་གཏད་ཀྱི་སྐད་བརྡའི་སྣང་ཚུལ་གཞན་ཞིག་ནི་ས་བབ་ཡུལ་ལུང་རང་བཞིན་གྱི་ཡུལ་སྐད་འབའ་ཞིག་ལས་མ་འདས་པ་གསལ་བོར་རྟོགས་ནུས་སོ།། དེ་ལས་ཁ་གསལ་དུ་བཏང་ན། མི་རིགས་ཤིག་གི་སྤྱི་མཐུན་གྱི་སྐད་ཆ་ལ་དུས་ཀྱི་འཕེལ་འགྱུར་དང་ས་གཤིས་གནས་བབས་ཀྱི་དབང་གིས།ཡི་གེའི་བཀླགས་གདངས་དང་།ཐ་སྙད།སྒྲའི་སྦྱོར་ཚུལ་སོགས་ཀྱི་ཆ་ལ་ཡུལ་སྐད་ཀྱི་ཁྱད་པར་ཅུང་ཟད་རེ་བྱུང་བ་དེ་ལ་ཡུལ་སྐད་ཅེས་བྱ། སྤྱིར་བཏང་དུ་ས་བབ་ཀྱི་ཡུལ་སྐད་ལྟར་ངེས་ཤེས་བསྐྱེད་དེ་སྤྱི་སྐད་དང་ལྟོས་བཅས་སུ་རྟོགས་པ་དང་།རང་བྱུང་ས་བབས་ཀྱི་ཁོར་ཡུག་དང་སྲིད་འབྱོར་རིག་གསུམ་གྱི་རྒྱུ་རྐྱེན་དང་འབྲེལ་བའི་ཚོགས་པའི་གྱེས་སྟངས་ལྟར་སྐད་ལ་ཡུལ་ལུང་གི་དབང་དུ་གྱུར་བའི་སྒྲ་གདངས་དང་། ཐ་སྙད། ཚིག་གི་སྦྱོར་སྟངས་བཅས་དམིགས་བསལ་ཅན་དུ་གྲུབ་ཅིང་། མི་རིགས་ཐུན་མོང་གི་སྤྱི་སྐད་ལས་ཐ་དད་དུ་མངོན་ཞིང་སྤྱོད་སྒོ་དོག་ལ་ཚད་གཞི་ཅན་དུ་མ་སོན་པའི་སྐད་བརྡའི་ཡུལ་ཁམས་ཀྱི་འགྱུར་གཟུགས་སུ་གོ་བར་བྱས་པ་ཡིན། རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་ཡུལ་སྐད་ཅེས་པ་ནི་སྐད་ཆ་ཞིག་ལ་ས་གནས་དང་། དུས་སྐབས། སྤྱི་ཚོགས་ཀྱི་འགྱུར་བྱང་སྟེ།ཡི་གེའི་བཀླགས་གདངས་དང་། ཐ་སྙད། སྒྲའི་སྦྱོར་ཚུལ་ཅི་རིགས་ཀྱི་ཆ་ནས་ཐུན་མོང་གི་སྐད་ཆ་དང་མི་མཐུན་པའི་ཆ་དེ་ལ་ཟེར་བ་ལྟར། ཡུལ་སྐད་ནི་སྤྱི་སྐད་ལས་སྤྱོད་སྒོ་ཆུང་ལ་བཀོལ་མཁན་ལྟོས་བཅས་ཀྱིས་ཉུང་བ་ཞིག་ཏུ་ངེས་སོ།།
གཉིས། རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཀྱི་བྱུང་ཚུལ།
རྔོག་རྒྱལ་མོ་དགོན་ནི་མདོོ་སྨད་ཀྱི་སྣེ་ཟིན་པའི་བྱང་གཉིས་པའི་ཡུལ་གྱི་ལྟེ་བ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ནས་སྤྱི་ལེ་རེ་ལྔས་བགྲོད་པའི་ལྷོ་ཕྱོགས། ཀན་སུའུ་ཞིང་ཆེན་གྱི་ལྟེ་བ་ལན་ཇུ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་༢༦༣བསྐྱོད་པའི་མཚམས། སི་ཁྲོན་ཁྲི་འདུ་ནས་ཤར་དུ་སྤྱི་ལེ༨༢༦གི་བར་མཚམས། མཚོ་སྔོན་ཟི་ལིང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་༣༣༡བགྲོད་པའི་ཞིང་ཆེན་གསུམ་གྱི་འདབས་སུ་འབྲེལ་བའི་ས་ན་མདོ་སྨད་ཤར་མཐའི་བོད་རིགས་ཀྱི་གཞི་མ་དང་ལྟེ་བར་སོན་པའི་ཀན་ལྷོ་བོད་རིགས་རང་སྐྱོངས་ཁུལ་ནས་སྤྱི་ལེ་བཞི་བཅུ་ཙམ་སོང་བའི་ཉེ་འདབས་སུ་གཞིས་ཆགས་ཡོད།
༡ མི་རྒྱུད་མཆེད་སྟངས།
དེ་ཡང་བོད་ནི་བོད་མི་གདུང་དྲུག་གམ་རུས་བཞི་ལས་གྱེས་པ་ཡིན་ཞིང་། ཨ་མདོ་མང་ཆེ་བ་ནི་ལྡོང་གི་རུས་ལས་མཆེད་པར་བཤད་ན་ཡང་།ཆོས་འབྱུང་མཁས་པའི་དགའ་སྟོན་དུ་“རྔོག་ཟིངས་པོ་རྗེ་བྱ་བ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་འཕྲུལ་དགའི་ལྷ་ཞིག་མི་ཡུལ་དུ་བབས་ཀྱང་ཟེར་ལ་མི་བུ་རིགས་བཞི་ལས་སྟོང་དུ་གཏོགས་ཀྱང་ཟེར་”ཞེས་པར་གཞིགས་ན་རང་རེ་ནི་མདོ་སྨད་བྱིངས་མ་དང་འདྲ་བར་རུས་ཆེན་ལས་སྟོང་དུ་གཏོགས་དགོས་པར་འདོད། འགའ་རེས་རྔོག་ནི་རྡོག་ཅེས་པའི་རུས་ཤིག་ལ་འབྲེལ་རབས་ཟེར་ཡང་། ལོ་རྒྱུས་སྨྲ་བ་རྔོག་རྒྱུད་འཇམས་དབྱངས་འཕྲིན་ལས་གིས་ཁ་ཚོན་ཆོད་པོས་“རྔོག་ནི་བོོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བློན་པོ་རྔོག་ཆེན་པོའི་རྒྱུད་པ་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་དུ་གཞིས་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་གཞོན་ནུ་རྡོ་རྗེ་ལ་སྲས་ལྔ་ཡོད་པའི་ཆེ་བ་རྔོག་ལེགས་པའི་ཤེས་རབ་སོགས་ཀྱི་མི་རྒྱུད་ཡིན་”ཞེས་གསུངས་ཡོད་པ་དང་། རྗེ་ལྷ་ཁང་ལུང་ན་དགེ་འདུན་རྒྱ་མཚོའི་རྣམ་ཐར་ལས། “སྔོན་གྱི་རྔོག་ལེགས་པའི་ཤེས་རབ་དང་།རྔོག་སྟོན་ཆོས་རྡོར་སོགས་མཁས་གྲུབ་ཆེན་པོ་གྲགས་ཆེ་བ་མང་དུ་བྱོན་པའི་གདུང་རུས་སུ་གྱུར་དབབ་པ་རྔོག་ཅེས་བྱ་བ་ལས་འགའ་ཞིག་རིམ་གྱིས་མདོ་སྨད་དུ་མཆེད་པ་དེང་སང་འདི་ན་ཡང་རྔོག་ཅེས་གྲགས”ཞེས་གསུངས་པ་ལྟར་རང་རེ་རྔོག་གི་མཆེད་ཁུངས་ནི་དབུས་གཙང་ཡིན་པ་གསལ་བར་བསྟན།ཡིན་ནའང་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་རྔོག་ཆེན་པོ་ཞེས་པ་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་དུ་མར་བཙལ་ཡང་མི་རྙེད་མོད། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ “རྔོག་བཙན་གཉན་གྱིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་སྲོག་བཏོན་ཞིང་རྔོག་གཙན་གཟིགས་སྣང་ཞེས་སློབ་དཔོན་པད་མའི་དངོས་སློབ་ཏུ་གྱུར་པས་རྒྱལ་བོོའི་སྐུ་རིམ་པ་སྔགས་མཁན་ཆེན་པོ་མཛད།”ཅེས་པ་ལས་རྔོག་གཙན་གཉན་ཞེས་པ་ཨེ་ཡིན་འདོད།
རྔོག་ནི་རུས་དང་རུ་ནི་དམག་གི་དོན་ཡིན་པས། རུས་རྔོག་ཡིན་པའི་དམག་རུ་ཞིག་བོད་བཙན་པོས་མངའ་ཐང་རྒྱ་བསྐྱེད་སྐབས་སྟོད་དབུས་གཙང་ནས་མཐའ་མཚམས་སྲུང་དུ་མངགས་པ་རྣམས་ཡུལ་འདིར་གཞིས་ཆགས་པ་ཡིན་ཟེར། ཡིན་ནའང་། དུས་ནམ་ཞིག་ལ་དབུས་ནས་སྨད་ལ་ཆད་ཚུལ་གྱི་ལོ་རྒྱུས་ལ་གསལ་ཆ་མི་ངེས་ཀྱང་ཡུལ་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཀྱི་རྔོག་གི་རུས་རྒྱུད་དང་གཅིག་ཡིན་པ་བསྙོན་དུ་མེད་པ་སྟེ། རྒྱུ་མཚན་ནི་ང་ཚོའི་ཡུལ་སྐད་ཀྱི་ཁྲོད་དུ་དབུས་གཙང་དང་ཀློག་གདངས་མཐུན་པ་མང་ཤས་ཤིག་ཡོད་པ། དཔེར་ན་སྔོན་འཇུག་དང་རྗེས་འཇུག མགོ་ཅན་མང་ཆེ་བའི་སྒྲ་གདངས་ཞན་ཙམ་ལས་མི་ཐོན་ཞིང་། སྒྲའི་ལྕི་ཡང་གི་ཆ་ནས་མང་མང་ཡང་ཞིང་ཟོར་ཡང་བོས་ཀློག་གིན་ཡོད་པ་དང་། རྗེས་འཇུག་ང་ཡི་ཀློག་སྟངས་ཕལ་ཆེར་དབུས་གཙང་གི་གདངས་དང་ཁད་ཉེ་བ་སྟེ། དཔེར་ན།
ཤིང་ལ་ཤིན་ནམ་ཤིས།
ཞིང་ལ་ཞིན་ནམ་ཞིས།
གཏིང་ལ་གཏིས།
སོགས་ཀློག་གདངས་ཀྱང་ཕལ་ཆེར་འདྲ་བ་དང་། ལྷག་པར་དུ་དམག་རུ་ཡིན་པ་གང་ནས་ཤེས་ཞེ་ན། སྐད་ཆ་བཤད་སྟངས་སོགས་ཕུ་རུང་ཐུང་ཞིང་བཟོ་བདེ་ཡིན་སྐད་ལས་ཀྱང་ཤེས་ཐུབ་པར་མ་ཟད། རྔོག་རྒྱལ་མོ་དགོན་ས་ཆ་དང་ཁད་ཉེ་ཞིང་ཁྱིམ་མཚེས་སུ་གྱུར་བའི་ཅོ་ནེ་བ་དང་ཐེ་བོའི་ས་ཆ་མང་ཆེ་བར་མ་རུ་དང་མ་རུ་ཞེས་འབོད་ཀྱིན་པ་དེ་ཚོ་ཡང་དོན་དུ་དམག་རུ་ཡིན་པ་ནི་དབུས་གཙང་གི་ཀློག་གདངས་ཀྱི་དབང་དུ་སོང་བ་སྨོས་མ་དགོས་ལ། གཞན་ལྷོ་རོང་ཆོས་འབྱུང་དུའང“རྔོག་གི་གདུང་རབས་ཆེ་དགེ་ཡིག་ཚང་ན་བོད་ཀྱི་རྒྱལ་བོ་ལྷ་ཐོ་ཐོ་རུ་སྙན་ཤལ་དང་།རྔོག་ཟིང་པོ་རྗེ་བྱ་བ་གཅིག་གི་དུས་མཉམ་དུ་སྣང་བ་ནི་རྔོག་གི་གདུང་རབས་ཤེས་པར་བྱའོ”ཞེས་པ་དང་། ལོ་རྒྱུས་སྨྲ་བ་ཧོར་གཙང་འཇིགས་མེད་ལགས་ཀྱི་《མདོ་སྨད་ལོ་རྒྱུས་ཆེན་མོར》རྔོག་རྒྱུད་པ་ནི་དབུས་གཙང་གི་རྔོག་རྒྱུད་དང་ཐུག་པ་ཡིན་ན། རྔོག་ཆོས་སྐོར་བ་དང་རྔོག་བློ་ལྡན་ཤེས་རབ། རྔོག་བྱང་ཆུབ་འབྱུང་གནས། རྔོག་ལེགས་པའི་ཤེས་རབ་སོགས་བསྟན་པ་ཕྱི་དར་གྱི་མགོ་སྟོད་དུ་བྱོན་པའི་ལོ་ཙཱ་བ་དང་མཁས་གྲུབ་དེ་དག་དང་རུས་རྒྱུད་གཅིག་ཡིན་དགོས།ཞེས་ཟེར་བ་སོགས་མང་།གང་ལྟར་རྔོག་རྒྱལ་མོ་དགོན་ཞེས་པའི་རྔོག་ནི་དབུས་གཙང་གི་རྔོག་ལས་མཆེད་པ་ཤ་སྟག་ཡིན་ཡང་བཙན་པོ་ཁྲི་སྲོང་བཙན་དང་ཁྲི་སྲོང་ལྡེ་བཙན།བོད་སིལ་བུའི་དུས་བཅས་གང་གི་སྐབསས་སུ་ཡིན་པ་ལོ་རྒྱུས་ཀྱི་རྒྱུ་ཆ་མི་རྙེད་པས་ཁ་ཚོན་གཅད་དཀའ་ན་ཡང་།ང་ཚོས་རིག་པས་དཔག་ན་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་བཞག་ན་འོས་པར་སེམས་ཏེ། རྒྱུ་མཚན་སྐབས་དེར་མཚོན་ན་མངའ་ཐང་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པའི་སྐབས་ལ་འཁེལ་བ་དང་། དམག་དོན་སོགས་ཆེས་དར་བའི་སྒང་ཡིན་པས་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོར་ཡང་མཐའ་མཚམས་བརྟན་སྲུང་གི་སོ་དམག་གམ་སོ་རུ་མངགས་ཡོད་པ་ནི་བཤད་མ་དགོས་པ་ཞིག་ཏུ་འཁུམས། ཆོསའབྱུང་མཁས་པའི་དགའ་སྟོན་དུ། ཤར་སྐར་མ་སྨིན་དྲུག་འཆར་བའི་མཐའ་ཀེམ་ཤིིང་ཁྲི་སྒོ་་ལ་ཐུག ལྷོ་མེ་བཞི་འཆར་བའི་མཐའ་ཆུ་བོ་གངྒཱའི་འགྲམ་དུ་རྡོ་རིང་བཙུགས་པ་ལ་ཐུག་སྟེ་འཛམ་བུའི་གླིང་སུམ་གཉིས་ལ་མངའ་མཛད་དོ།།ཞེས་པར་གཞིགས་ན་སྐབས་དེར་རྒྱ་དཀར་ནག་གི་ས་ཆ་མང་བོ་ཞིག་ཀྱང་དབང་དུ་བསྡུས་ཡོད་ཙ་ན་ང་ཚོའི་མདོ་སྨད་ནི་དམག་རུ་མང་བོ་མངགས་སའི་གནས་ཤིག་ཡིན་པ་སྨོས་ཅི་ལ་དགོས།རྐྱེན་དེས་ང་ཚོ་ཡང་བོད་བྱིངས་ཀྱི་ས་ཆ་དང་འདྲ་བར་རུས་རྒྱུད་རྔོག་ཡིན་པའི་དམག་རུ་ཞིག་མདོ་སྨད་དུ་མངགས་པ་ལས་གནས་འདི་གཏན་སྲུང་གི་རིམ་བཞིན་གཞིས་ཆགས་པར་བསྙད་ན་དོན་དངོས་དང་ཡང་མཐུན་པར་སྣང་། ཉེ་རབས་ཀྱི་ངག་རྒྱུན་ཐར་ཐོར་ལ་བསམས་ཚེེ། ང་ཚོ་མ་མཐའ་ཡང་གནས་འདིར་གཞིས་ཆགས་ཏེ་མི་ལོ་ཆིག་སྟོང་ལྷག་ཙམ་སོང་ཡོད་པ་ནི་སྨོས་མེད་དུ་སྣང་ངོ་།།
༢ ས་དབྱིབས་ཆགས་སྟངས་ཐད།
ས་ཁོག་དོག་ཅིང་རི་ལུང་རྩུབ་པས་འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱི་ཐད་ནས་ཡུལ་སྐད་དེ་རྒྱུན་བསྲིངས་ཐུབ་པར་ཆ་རྐྱེན་གང་ལེགས་འཛོམས། སྤྱིར་བྲག་རི་དང་ནགས་རི་མོད་སའི་མིའི་སྐད་ཆར་རེག་རྩུབ་ཆེ་ཞེས་བརྗོད་པ་ལྟར། དེ་ནི་དངོས་གནས་དེ་འདྲ་ཡིན་པར་འདོད། ང་ཚོའི་ས་ཆ་མཚོན་ན་བཤད་ན་སྤྱིའི་ཆ་ནས་སྐད་གདངས་མཐོ་བ་དང་རེག་རྩུབ་ལྡན་པ་དོན་དངོས་ཡིན་ལ། སྐད་ཆ་མང་བོ་རྗེས་སུ་སྒྲ་རིང་ཆ་ཅན་ཞིག་གསོར་འཇོག་བྱེད་ཡོད། དེ་མིན་ཨ་མདོའི་སྐད་ནི་དམག་གི་སྐད་ཡིན་ཞེས་པའི་ཐུན་མོང་གི་ཆ་ཡང་མང་དུ་སྣང་། གོང་གསལ་གྱི་རྒྱུ་དང་རྐྱེན་གཙོར་བྱས་ཐུན་མིན་གྱི་ཡུལ་སྐད་འདི་ཆགས་པར་ཁོར་ཡུག་སྐྲུན་པ་ཡིན་སྲིད་མོད་དེ་ཙམ་ཁོ་ན་ཡང་ཡིན་མི་སྲིད། རྒྱུ་ཆ་རྙེད་དཀའ་བ་དང་དེའི་ཐད་ལ་མིག་སྔར་ཞིབ་འཇུག་བྱེད་པ་གང་ཡང་མེད་རྐྱེན་འདི་ཙམ་ལས་བློས་དཔོག་མ་ནུས་སོ།།
གསུམ། རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཀྱི་ཁྱབ་ཡུལ།
ས་ཆ་རེ་ལ་ཆ་ལུགས་རེ། ལུང་པ་རེ་ལ་སྐད་རིགས་རེ་ཞེས་པའི་ཁ་དཔེ་ལྟར། ཀན་ལྷོ་ཁུལ་དུ་ཡུལ་སྐད་མང་བོ་མཆིས་པ་ལས། ས་ཁུལ་གྱི་ཐད་ནས་དབྱེ་ན་རྨ་ཆུ་དང་ཀླུ་ཆུ་གཙོ་བོར་སི་ཁྲོན་ཐེ་བོའི་སྐད་དང་ཆ་འདྲ་ལ། མཛོད་དགེ་སྟོད་མ་དང་རྒན་གྱ། ཁ་གྱ་སོགས་བླ་བྲང་སྐད་དང་འདྲ་ལ། མཛོད་དགེ་སྨད་མ་དང་ཁ་གྱ་སོགས་ཀྱི་སྐད་དེ་གཙོས་ཚོ་བ་ཉེར་གཅིག་གི་སྐད་དང་ཅུང་ཆ་འདྲ་བ་དང་ཁ་ཟག་དང་ཧོར་ལམ་སྡེ་བ་སོགས་འབོ་ར་དང་ཐག་ཉེ་བས་དེའི་སྐད་ཀྱི་ཤན་ཤུགས་འོག་ནས་དེ་དག་གི་སྐད་ཀྱི་ནང་ན་འབོ་རའི་སྐད་ཀྱི་ཁྱད་ཆོས་མངོན་གསལ་འདུག ད་དུང་རྡོ་དཀར་དང་མཐའ་འབྲེལ་གྱི་སྡེ་བ་དག་རྡོ་དཀར་སྐད་ཀྱི་ཁྱད་ཆོས་ཙམ་འདུག་ལ། ཀླུ་ཤོད་སྐད་དེ་ང་ཚོའི་རྔོག་རྒྱལ་མོ་དགོན་ས་ཆའི་སྐད་དང་ཅུང་འདྲ། རྒྱུ་མཚན་ནི་རིགས་ནི་རྔོག་དང་རུས་ནི་ཨ་མཆོག་ཞེས་བརྗོད་ཡོད་པ་ལྟར། ཀླུ་ཤོད་དང་ང་ཚོ་མི་རྒྱུད་ཀྱི་མཆེད་ཁོངས་གཅིག་པ་དང་དུས་རབས་རིམ་བྱུང་ལ་ཕན་ཚུན་འགྲོ་འོང་རྒྱུན་མ་ཆད་ལ་ས་ཐག་ཉེ་བས་སྐད་གདངས་ལ་ཁྱད་པརཆེར་མ་བྱུང་མོད་ནང་གསེས་སུ་སྔར་བཞིན་དབྱེ་ཁྱད་ཡོད། རྒྱལ་མོ་དགོན་ས་ཆའི་སྐད་གདངས་ནི་གཙོས་ས་ཁུལ་གྱི་ཚོ་བ་དང་སྡེ་བ་གཞན་དག་དང་བསྡུར་ན་མི་འདྲ་ས་མང་བས་ཆེད་དུ་གདམས་པ་ཡིན། དེ་ལས་གཞན་ད་དུང་ཡུལ་སྐད་ཀྱི་ཁྱབ་ཚུལ་དེ་རོང་འབྲོག་ཐད་ནས་ཡང་བར་ཁྱད་གནས་ཡོད། དེ་གཙོ་བོ་རོང་འབྲོག་གི་ཐོན་སྐྱེད་བྱེད་སྟངས་ཐད་ཀྱི་ཁྱད་པར་དང་། དཔལ་འབྱོར་རྣམ་པ་དང་བསམ་པའི་དཔལ་ཡོན་བཅས་ལ་མི་མཐུན་པའི་ཆ་གནས་པས་སྤྱི་ཚོོགས་ཆ་རྐྱེན་དེ་ལ་གཞིར་བཟུང་ནས་གྲུབ་པའི་ཐ་སྙད་མ་ལག་ལ་བར་ཁྱད་བྱུང་བས་ས་གནས་རང་བཞིན་གྱི་ཐ་སྙད་མང་པོ་བྱུང་ནས་སོ་སོའི་་སྐད་ལ་རང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་གྱུར་ཡོད་པ་རེད། དེང་སྐབས་རྒྱལ་མོ་དགོན་ས་ཆའི་ཤར་དུ་ཅོ་ནེ་དང་མཛོད་དགེ ནུབ་ཏུ་འབོ་ར་དང་ཨ་མཆོག ཀླུ་ཆུ། རྨ་ཆུ་སོགས་དང་འབྲེལ་ཡོད། དུས་རབས་ཀྱི་འཕོ་འགྱུར་ཁྲོད་ནས་རྒྱལ་མོ་དགོན་ས་ཆའི་སྐད་ཀྱི་ནང་དུ་བརྡ་རྙིང་མང་བོ་སྔར་སྲོལ་གྱི་རྣམ་པར་ཡོད། སྐད་ཆའི་སྦྱོར་བ་དང་སྒྲ་གདངས་ལ་སོགས་མཐའ་འབྲེལ་གྱི་ཞང་དང་རྫོང་དེ་མིན་ཨ་མདོ་ཡུལ་སྐད་གཞན་གྱི་ནང་དུ་གཏན་ནས་སྦྱོར་སྲོལ་མེད་པ་ཡང་མང་པོ་ཡོད།
བཞི། རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཀྱི་ཁྱད་ཆོས།
སྐད་ཆ་ནི་སྤྱི་ཚོགས་ཆགས་པ་དང་བསྟུན་ནས་བྱུང་བར་མ་ཟད། སྒྲ་གདངས་ནི་སྤྱིའི་ཆ་དང་མ་ལག་རང་བཞིན་གྱིས་བརྟག་ཞིབ་གཏོང་དགོས་པ་ཞིག་ཡིན་ལ། སྐད་རིགས་སོ་སོ་ལ་དེ་མཐུན་གྱི་ཐུན་མོང་མ་ཡིན་པའི་སྒྲ་གདངས་ཆགས་ཚུལ་རེ་ཡོད། སྒྲ་གདངས་ནི་མ་ལག་ཏུ་གྲུབ་པ་ཞིག་ཡིན་པར་མ་ཟད་བང་རིམ་ཀྱང་ངེས་གཏན་ཡིན། བང་རིམ་མི་འདྲ་བའི་སྒྲ་གདངས་ཀྱིས་ཕྱིར་མངོན་པའི་གདངས་ཡང་མི་འདྲ། སྐད་ཆའི་ཁྲོད་ཀྱི་དབྱངས་དང་གསལ་བྱེད། ད་དུང་སྒྲ་མཚམས་ཀྱི་སྡེབ་སྦྱོར་དག་གིས་སྒྲ་གདངས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ལ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཐུན་མོང་མ་ཡིན་པའི་སྒྲ་གདངས་ཀྱི་ཁྱད་ཆོས་ཤིག་ཆགས་ཡོད་ལ།ངག་ནས་བརྗོད་ཚེ་སྒྲ་ཤུགས་རན་ལ་ཡང་བ། གདངས་མི་གསལ་ལ་མགྱོགས་པ། སྔོན་རྗེས་མགོ་འདོགས་མི་ཚང་བ། སྒྲ་ལྡན་སྒྲ་མེད་དུ་གྱུར་བ། སྲོག་ཆེན་སྲོག་ཆུང་དང་། བརྡར་སྒྲ་དང་འགོག་སྒྲ། སྣ་སྒྲ་སོགས་ཀྱི་དབྱེ་བ་མི་གསལ་བ་བཅས་ཀྱི་འགྱུར་ལུགས་སྣ་ཚོགས་ཡོད། དོན་ཚན་འདིར་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཁྲོད་ནས་གསལ་བྱེད་ཁ་ཤས་དོར་བའམ་སྒྲ་གདངས་ནང་ཐོན་མེད་པ། དབྱངས་འགྱུར་གྱི་གནས་ཚུལ་སྐོར་བརྗོད་པར་བྱའོ།།
༡ རྗེས་འཇུག་ལ་དོར་བའི་གནས་ཚུལ།
རྗེས་འཇུག་བཅུ་ལས་རྗེས་འཇུག་ཁ་ཤས་ཡུལ་སྐད་ཀྱི་ཁྲོད་ནས་དོར་བའམ་མེད་པའི་གནས་ཚུལ་འདི་རྗེས་འཇུག་རང་སྟེང་གི་སྒྲ་གདངས་དྲག་ཞན་གྱི་ཁྱད་པར་དང་མིང་གཞིའི་ཡི་གེ་དང་སྡེབས་ནས་འདོན་པའི་སྒྲ་གདངས་དྲག་ཞན་ལའང་འབྲེལ་བ་ཡོད། དེ་ལས་ཀྱང་ད་དུང་ཐ་སྙད་དེ་རྒྱུན་པར་སྐད་ཀྱི་ཁྲོད་དུ་བཀོལ་བཞིན་ཡོད་མེད་དང་ཡང་ན་རྗེས་ནས་དར་བའི་ཐ་སྙད་ཡིན་མིན་བཅས་ལ་འབྲེལ་བ་ཡོད། རྗེས་འཇུག་དོར་བའི་སྣང་ཚུལ་འདི་སླ་མོར་འདོན་སྟངས་ཀྱི་སྣང་ཚུལ་ཞིག་ཀྱང་རེད། གཤམ་ནས་དཔེར་བརྗོད་ཀྱི་ལམ་ནས་རྗེས་འཇུག་ལ་དོར་བའི་སྣང་ཚུལ་གསལ་བཤད་བྱ་ཡོང་།
དཔེར་བརྗོད། བཀླགས་གདངས།
གལ། ka
སྐལ། hka
མཁལ། kha
ཡལ། ja
ཉལ། na
བརྡལ། hda
གསལ། hsa
བལ། wa
རྗེས་འཇུག་ལ་དོར་བ་སྟེ་སྒྲའི་སྐྱེ་གནས་དང་སྒྲ་འདོན་ལ་འབྲེལ་བ་དམ་པོ་ཡོད། ལ་ཡིག་ལྟ་བུ་ནི་མཐའ་སྒྲ་དང་སྒྲའི་སྐྱེ་གནས་ལྕེ་རྩེའི་དཀྱིལ་མ་ནས་སྒྲ་འབྱིན་པ་ཡིན་པའི་གསལ་བྱེད་གཞན་དང་སྡེབས་ནས་ཀློག་སྐབས་མཐར་གནས་མིན་པའི་གསལ་བྱེད་ཀྱི་གདངས་དབྱངས་ཀྱིས་མཐར་ནས་ཡིན་པ་མ་ཟད།ལྕེ་རྩའི་དཀྱིལ་མ་ནས་སྒྲ་འབྱིན་པའི་ལའི་སྒྲ་གདངས་དབང་དུ་བསྡུས་ནས་ལ་སྒྲ་ཟུར་ཆག་པའི་སྣང་ཚུལ་བྱུང་བ་རེད། ལ་ཡིག་ལྟ་བུ་ནི་སྒྲ་ཤུགས་མཐོ་ཚད་དང་ཆེ་ཆུང་།རིང་ཚད་བཅས་ཕྱོགས་གང་ཐད་ནས་ཞན། དེ་གསལ་བྱེད་གཞན་དང་སྡེབས་ནས་སྒྲ་འབྱིན་སྐབས་གསལ་བྱེད་སྔོན་མས་དབང་འཁྱེར་བའི་ཤས་ཧ་ཅང་ཆེ། ཡང་གཅིག་ན་སྒྲའི་སྐྱེ་གནས་ལྕེ་རྩེའི་ཡིན་པའི་གསལ་བྱེད་ལས་ན་ར་ས་མ་གཏོགས་རྗེས་འཇུག་ཡིན་པ་མེད་ལ།ལ་ལས་གཞན་པའི་རྗེས་འཇུག་ཡོ་གེ་གསུམ་ལ་ཐུན་མོ་དུ་གནས་པའི་ཆ་ཞིག་གནས་ཡོད་པ་རེད།དེ་ནི་སྒྲ་འདོན་སྟངས་འདར་སྒྲ་ཤུགས་རིང་ཐུ་ཆེ་ཆུང་།མཐོ་དམའ་བཅས་ནས་ལ་ཡིག་དང་བསྡུར་ཚད་རིམ་ཅུང་མཐོ་བས་དེདག་གསལ་བྱེད་གཞན་དང་སྡེབས་ན་རྗེས་འཇུག་དོར་བའི་སྣང་ཚུལ་དེ་འདྲ་མངོན་གསལ་མིན།
༢ རྗེས་འཇུག་ང་དོར་བའི་གནས་ཚུལ།
སྐད་ཆ་ལ་སྤྱི་ཚོགས་ཀྱི་རང་བཞིན་ལྡན་པས་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བཞིན་ཡོད། གདོད་མའི་ངག་ནས་འདོན་པའི་ཐ་སྙད་ཀྱི་གདངས་དེ་དེང་སྐབས་ས་ཁུལ་དེ་ན་གནས་ཡོད་པའི་མི་རྣམས་ཀྱི་ཐ་སྙད་དེའི་འདོན་སྟངས་ལ་འགྱུར་ལྡོག་ཆེན་པོ་འབྱུང་སྲིད།རྒྱུ་མཚན་ནིམིའི་སྒྲ་འདོན་མ་ལག་འཐུས་ཇེ་ཚང་དང་ཐ་སྙད་ཀྱི་སྒྲ་གདངས་སྟབས་བདེ་དང་།ཐ་སྙད་དག་སྒྲ་འབྱིན་སླ་བའི་ཕྱོགས་ལ་འཕེལ་བའི་བཞིན་པའི་ཕྱིར། དེ་བཞིན་རྔོག་རྒྱལ་མོའི་དགོ་ན་ས་ཆའི་ཡུལ་སྐད་ཡང་སྣང་ཚུལ་དེ་ལས་མ་འདས། རྗེས་འཇུག་བཅུ་ལས་རྗེས་འཇུག་ཁ་ཤས་དོར་ནས་སྐད་ཆའི་ཁྲོད་དུ་སྒྲ་གདངས་ཕྱིར་འདོན་བཞིན་མེད་ལ།ཡུལ་སྐད་དང་ཡིག་སྐད་གཉིས་བར་ཁྱད་པར་ངེས་ཅན་བྱུང་ཡོད།གཤམ་ནས་དཔེ་བརྗོད་ལམ་ནས་གསལ་བཤད་ཅུང་ཙམ་བྱའོ།།
དཔེར་བརྗོད། བཀླགས་གདངས།
ཀྲང་། tsa
ནང་། na
ཁང་། kha
ཚང་། ma
མང་། nda
མདང་། nda
ཡང་། ja
དཔེར་བརྗོད་ལས་མཐོང་ཐུབ་པ་ལྟར། ཀན་ལྷོ་རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་དུ་རྗེས་འཇུག༼ ང ༽ དེ་ཕལ་ཆེར་ཉམས་ཡོད། མིང་གཞི་གང་དང་གང་ཡིན་རུང་རྗེས་སུ་ང་སྦྱར་ན་མིང་གཞི་རང་སྟེང་གི་སྒྲ་ཐོན་པ་ལས་ངའི་ཐོན་མེད། ༼ ང ༽ ནི་དབུགས་རྒྱུན་སྣ་ཁོག་ནས་ཡོང་བས་སྣ་སྒྲ་ཡིན་ལ། དེ་ལས་ཤེས་ཐུབ་པ་ནི་ལྕེ་ངོས་གཞུག་མའི་སྒྲ་དེ་མགྲིན་སྒོའི་སྒྲ་རུ་ལོག་པའི་སྣང་ཚུལ་ཞིག་ཡིན་ལ། དེ་ཡང་མཐར་གཏུགས་ན་དེ་ནི་ཟོར་ཡང་གི་རྣམ་པ་དང་སྒྲ་འདོན་དབང་བོ་ལ་རྩོལ་བ་ཤུགས་ཆེར་བཀོལ་ཏུ་མ་གཅུག་པར་སྒྱིད་ལུག་གི་སྣང་ཚུལ་ཞིག་རེད།
༣ དབྱངས་ཨིའི་འགྱུར་ཚུལ།
ཕལ་ཆེར་དུས་རབས་བདུན་པ་ཡས་མས་སུ་དབྱངས་གསལ་གྱི་སྒྲ་གདངས་ཕན་ཚུན་ལ་ཐ་དད་པར་མ་ཟད་དེ་དག་གི་སྦྱོར་བས་བོད་པའི་སྐད་ཀྱི་སྒྲ་གདངས་ཇི་བཞིན་དུ་མཚོན་པར་ནུས། འོན་ཀྱང་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་དུ་སྒྲ་གདངས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བས་ས་ཁུལ་ཁ་ཅིག་གི་དབྱངས་གསལ་སོ་བཞི་ལས་ཆེ་ཆེར་མང་དུ་འཕེལ་ཞིང་ཁ་ཅིག་ཉུང་ངུར་བྲི་བའི་སྣང་ཚུལ་ཤིན་ཏུ་མང་བོ་བྱུང་ཡོད། སྤྱིར་དབྱངས་ཀྱི་འགྱུར་བ་ནི་སྐད་གདངས་འགྱུར་བའི་རྟགས་མཚན་གལ་ཆེན་ཞིག་རེད། ད་ལྟའི་ཀན་སུའུ་རྨ་ཆུ་རྫོང་གི་འབྲོག་སྐད་ལ་དབྱངས་རྐྱང་བ་བརྒྱད་མཆིས་ཤིང་། ཐེམ་ཆེན་རྫོང་གི་སྐད་ལ་དབྱངས་རྐྱང་བ་དྲུག་ཡོད་པར་བཤད།ལྷ་སའི་སྐད་ལ་དབྱངས་རྐྱང་བ་བརྒྱད་དང་། ཁམས་སྡེ་དགེ་ལྟ་བུར་དབྱངས་རྐྱང་བ་དང་སྣ་ལྡན་གྱི་དབྱངས་གཉིས་ཀ་བརྩིས་ན་བཅུ་བཞི་མཆིས། མཚོ་སྔོན་དཔའ་ལུང་སྐད་ལ་དབྱངས་རྐྱང་བ་བཅུ་གཉིས་མཆིས། དབྱངས་གསལ་གྱི་སྒྲ་གདངས་སོགས་ལ་འགྱུར་བ་མོད་པོ་བྱུང་བར་བརྟགས་ཚེ་ཡང་ང་རང་ཚོ་ནི་ས་རྒྱ་ཆེ་ཞིང་ཁ་ཐོར་དུ་གནས་པ་དང་འགྲིམ་འགྲུམ་སྟབས་མི་བདེ་བ་སོགས་ལ་རེག་ལས་པ་གསལ་བོ་རེད། རྔོག་རྒྱལ་མོ་དགོན་ས་ཆའི་སྐད་ཀྱི་ནང་དུ་དབྱངས་ཞན་དུ་འགྱུར་བའམ་ཉམས་པར་གྱུར་པའི་རྣམ་པ་མངོན་གསལ་ཡིན་ལ། འདིའི་རྔོག་རྒྱལ་མོའི་དགོན་ས་ཆའི་སྐད་ཀྱི་ནང་དུ་དབྱངས་ཞན་དུ་འགྱུར་བའམ་ཉམས་པར་གྱུར་བའི་རྣམ་པ་མངོན་གསལ་ཡིན་ལ། འདིའི་རྔོག་རྒྱལ་མོའི་དགོན་ཡུལ་སྐད་ལ་སྤྱི་ལ་འགྱུར་བ་མངོན་གསལ་བཏང་ཡོད། སྔོན་འཇུག་དང་རྗེས་འཇུག་མི་འདྲ་བ་དང་བསྟུན་སྒྲ་གདངས་ལ་ཡང་ལྕི་སོགས་ཁྱད་པར་གསལ་ལ་དབྱེ་འབྱེད་ཀྱང་དེའི་སྟེང་ནས་བཀར་བ་རེད། གཞིས་ཀ་རྩེའི་སྐད་དུ་མིང་ལ་མིན་པ་དང་ཤིང་ཞིན། གཙོད་ལ་ཉེ་འཁོར་གྱིས་མིང་ལ་མྱིང་དང་ཤིང་ལ་ཤིང་ཞེས་ཕལ་ཆེར་ཨ་མདོའི་སྤྱིའི་སྒྲ་གདངས་དང་མཐུན། ཐེ་བོའི་སྐད་གསལ་བོ་ཡོད། དེ་མིན་སི་ཁྲོན་རྔ་བའི་ཨ་མཆོག་ནས་མིང་ལ་ནིས་དང་ཤིང་ལ་ཤིས་ཞེས་ཀན་ལྷོའི་རྔོག་རྒྱལ་མོ་དགོན་དང་སྒྲ་གདངས་ཡོངས་སུ་མཐུན། གཤམ་ནས་དེའི་སྐོར་བརྗོད་པར་བྱ།
དཔེར་བརྗོད། བཀླགས་གདངས།
འཆིང་། tchi
རྙིང་། ni
གཏིང་། hti
ན་ནིང་། na-ni
ཞིང་། ci
སིང་། si
༤ དབྱངས་ཨུའི་འགྱུར་ཚུལ།
ཡུལ་སྐད་དུ་སྲོག་ཆུང་གི་སྒྲ་ལྡན་གསལ་བྱེད་ཁ་གཅིག་སྲོག་ཆེན་སྒྲ་མེད་དུ་གྱུར་བ་སོགས་སྣང་ཚུལ་མང་དུ་ཡོད་ལ། རྔོག་རྒྱལ་མོའི་སྐད་ཀྱང་དེ་ལས་མ་འདས། རྗེས་འཇུག་ང་ཡིན་དབྱངས་ཨུའི་སྒྲ་གསལ་བོ་ཐོན་ལ། རྗེས་འཇུག་འགྱུར་བ་དང་བསྟུན་ཨུ་སྒྲ་འགྱུར་ཏེ་ཨི་སྒྲ་དང་དབྱེ་བ་མི་གསལ་བ་སྣང་། འདི་ལས་རྔོག་རྒྱལ་མོའི་དགོན་སྐད་དུ་དབྱངས་གཞན་དུ་འགྱུར་གྱི་རིགས་ལ་འགྱུར་ལུགས་ངེས་ཅན་མེད་པ་ཤེས་ཐུབ། གཤམ་ནས་དེའི་སྐོར་བརྗོད་པར་བྱ།
དཔེར་བརྗོད། བཀླགས་གདངས།
དུང་། tu
ཐུང་། thu
གཞུང་། zu
བཟུང་། zu
ལུང་པ། lu~wn
༥ དབྱངས་ཨེ་ཡི་འགྱུར་ཚུལ།
རྔོག་རྒྱལ་མོའི་དགོན་སྐད་དུ་མིང་དང་ཚིག་གང་རུང་སྐབས་སུ་རྗེས་འཇུག་བཅུ་ལས་གང་རུང་ཞུགས་ན་དབྱངས་ཨེ་སྒྲ་ཉམས་ཟིན། མང་གཞི་རྐྱང་བའི་སྐབས་སུ་ཨེ་སྒྲ་གསལ་བོ་ཐོན། དཔེར་ན། བསྡད་ལེ་བསྡད་ལེ། ཡོད་ལེ་ཡོད་ལེ་ལྟ་བུ། གཤམ་ནས་དེའི་སྐོར་བརྗོད་པར་བྱ།
དཔེར་བརྗོད། བཀླགས་གདངས།
རེད། ra
དེད། ta
ཐེད། t’a
མེད། ma
ལེན། lan
ཁེན། khan
བཙེམ། tsan
དེམ། tam
ཁེམས། khan
ཁེར། khar
དཔེར་བརྗོད་ལས་ཤེས་གསལ་ལྟར། འདིའི་རིགས་ནི་འགྱུར་བ་ཚབས་ཆེ་བ་དང་ཅུང་དམིགས་བསལ་ཅན་ཡང་ཡིན། འདིའི་རིགས་ལ་སྣང་ཚུལ་གཅིག་ལས་ཕལ་ཆེར་མེད་ཚོད་རེད། དེ་ནི་རྗེས་འཇུག་གང་རུང་གི་རྗེས་སུ་སྦྱར་ན་ཨེ་སྒྲ་ཡོངས་སུ་ཉམས་ནས་གདངས་ལས་ཅི་ཡང་རྟོགས་མི་ཐུབ།
༦ དབྱངས་ཨོའི་འགྱུར་ཚུལ།
ལྕེ་རྩེ་ཅན་གྱི་རྗེས་འཇུག་གི་སྒྲ་ཟུར་ཆག་པས་དབྱངས་དམའ་བ་དེ་མཐོ་བར་གྱུར། དཔེར་ན་ཨ་མདོའི་བླ་བྲང་དང་རེབ་གོང་སོགས་ཀྱི་སྐད་དུ་བཅོལ་ལ་བཅོའུ་དང་བཀོལ་ལ་བཀོའུ་ཞེས་རྒྱུན་འབྱམས་སུ་སོང་བ་ཁ་ཤས་ཡོད་མོད། དོང་ལ་དོའུ་ཞེས་མི་བརྗོད་པར་དོང་ཞེས་བརྗོད་པར་དཔག་ན། རྗེས་འཇུག་ལའི་སྐབས་སུ་དབྱངས་ཨོའི་སྒྲ་ཟུར་ཆག་པའི་སྣང་ཚུལ་འདི་རིགས་ནི་ཨ་མདོ་སྤྱིའི་ཁྱས་ཆོས་དང་། ལྷག་ཏུ་རོང་སྐད་དང་འབྲོག་སྐད་དེ་མིན་རོང་མ་འབྲོག་གི་སྐད་དུ་བཀོལ་བ་ཁྱབ་ཆེ། རྔོག་རྒྱལ་མོའི་དགོན་སྐད་དུ་ཁྱད་མེད་དུ་དེ་འདྲའི་སྣང་ཚུལ་ལྡན། གཤམ་ནས་དེའི་སྐོར་བརྗོད་པར་བྱ།
དཔེར་བརྗོད། བཀླགས་གདངས།
དོང་། dou
བོང་། wou
ཙོང་། tsou
ཡོང་། jou
ཁོམ། khan
གོམས། kam
དཔེར་བརྗོད་ལས་ཤེས་གསལ་ལྟར། རྗེས་འཇུག་རེ་རེ་ཡི་འཇུག་ཚུལ་མ་དྲངས། དེ་ཡང་བཀོལ་ཁྱབ་ཆེ་མིན་དང་ས་དེ་གའི་རྒྱུན་འབྱམས་སྐད་དུ་འགྱུར་ཡོད་མེད་སོགས་ལ་གཞིག་ནས་བདམས་པ་ཡིན། རྗེས་འཇུག་ང་དང་ན། མ་བཅས་ཀྱི་འགྱུར་ལུགས་རེད།
༡ རྗེས་འཇུག་ངའི་སྐབས་སུ་དབྱངས་ཨོ་དང་རྗེས་འཇུག་ང་གཉིས་མཉམ་བསྲེས་ཀྱིས་འུའུ་སྒྲ་ཞིག་ཐོན།
༢ རྗེས་འཇུག་ནའི་སྐབས་སུ་དབྱངས་ཨོ་དང་རྗེས་འཇུག་ན་གཉིས་མཉམ་བསྲེས་ཀྱིས་ང་སྒྲ་ཞིག་ཐོན།
༣ རྗེས་འཇུག་མའི་སྐབས་སུ་དབྱངས་ཨོ་དང་རྗེས་འཇུག་མ་གཉིས་མཉམ་བསྲེས་ཀྱིས་རྗེས་འཇུག་ལ་འགྱུར་བ་མ་བྱུང་བར་དབྱངས་ཨོ་ཡིག་དེ་ཨི་ཡིག་ཏུ་འགྱུར་ཡོད།
ལྔ། མིང་གི་ཁྱད་ཆོས།
བོད་ཀྱི་རྩ་བའི་མིང་བརྡ་ལ་ཁྱད་པར་ཆེན་པོ་མེད་ནའང་ཡུལ་སྐད་སོ་སོའི་མིང་གི་གྲུབ་ཚུལ་དང་སྒྲ་དོན་གྱི་འཇུག་ཚུལ། མིང་བརྡའི་བཀོལ་ཚུལ་བཅས་མི་འདྲ་བ་ལས་མིང་བརྡའི་ཁྲོད་དུ་ཁྱད་པར་ཅུང་མངོན་གསལ་ཡིན་ལ། ལྷག་པར་དུ་རྔོོག་རྒྱལ་མོའི་དགོན་སྐད་དུ་ཨ་མདོའི་བྱིངས་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་མངའ་སྟེ། རྫ་མ་ལ་རྫང་དང་། མེ་ལ་ནེ། སྦྲུལ་ལ་བུའུ་ཞེས་པ་སོགས་བོད་ཀྱི་ཡུལ་སྐད་བྱིངས་ན་མེད་པ་ཡོད། དེ་དག་གི་འགྱུར་ཚུལ་ཀྱང་ཆོས་ཉིད་མེད་པར་ཅི་བདེ་དང་ཅི་ཟོར་བྱེད་ཡོད།
༡ མིང་གང་གི་མིང་མཐའི་མ་ཉིད་རྗེས་འཇུག་ང་རུ་འགྱུར་ཚུལ།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།། མོ་ཡིས་མོ་ཡི་མིང་མཐའ་དྲང་།། མ་ནིང་གིས་ནི་མ་ནིང་ངོ་།། ཞེས་གསུངས་པ་ལྟར་མིང་མཐའ་ཞེས་པ་ནི་སྔ་མའི་རྗེས་འཇུག་གམ་ཡང་འཇུག་དང་ཚེག་བར་ཐ་དད་ཀྱི་ཡི་གེ་ཞིག་ཡིན། མིང་སྔ་མའི་ཆ་ཤས་སུ་གྱུར་བའི་རྗེས་འཇུག་གམ་ཡང་འཇུག་ཕོ་ཡིག་དེས་རང་དང་ཚེག་བར་ཐ་དད་དུ་སོང་བའི་མིང་གཞིའི་ཕོ་ཡིས་རྟགས་མཚུངས་ཀྱིས་དྲང་བ་ཡིན། དེ་བཞིན་རྗེས་འཇུག་མོ་ཡིག་གིས་རང་དང་ཚེག་བར་ཐ་དད་དུ་སོང་བའི་མིང་གཞིའི་མོ་ཡིག་དྲང་བ་མོ་ཡིས་མོ་ཡི་མིང་མཐའ་དྲང་བ་དང་། རྗེས་འཇུག་མ་ནིང་གང་དེས་མིང་གཞིའི་མ་ནིང་གི་ཡི་གེ་གང་ཞིག་དྲང་བ་མ་ནིང་གིས་ནི་མ་ནིང་དྲང་བ་ནི་རྟགས་མཚུངས་འདྲེན་པ་ཡིན་ལ། དཔེར་ན། བ་མ་། རྫ་མ་ལྟ་བུ། གཤམ་ནས་དེའི་སྐོར་བརྗོད་པར་བྱ།
དཔེར་བརྗོད། བཀླགས་གདངས།
རྫ་མ། hdza
ར་མ། rag
ཉི་མ། nog-wa
འོ་མ། og-wa
ཤ་མོ། sa-wog
དཔེར་བརྗོད་ལས་རྟོགས་ཐུབ་པ་ལྟར། མིང་མཐའི་[མ]ཉིད་ཡུལ་སྐད་ཀྱི་སྣང་ཚུལ་ལ་ཕྱོགས་ན་རིགས་ཆེན་པོ་བཞི་ཡོད་དེ། ༡ མིང་མཐའི་[མ]ཡིན་སྐབས་ཐད་ཀར་རྗེས་འཇུག་ང་རུ་འགྱུར་བ། ༢ སྐབས་ལ་ལར་མིང་མཐའ་[མ]ཡིན་སྐབས་རྗེས་འཇུག་ང་རུ་འགྱུར་ལ་དེ་བཞིན་དུ་[wa ]སྒྲ་ཐོན་པའི་སྣང་ཚུལ་ཡང་ཡོད། ༣ མིང་མཐའི་[མོ]ཡིན་སྐབས་ཐད་ཀར་རྗེས་འཇུག་ང་རུ་འགྱུར་བ། ༤སྐབས་ལ་ལར་མིང་མཐའ་[མོ]་ཡིན་སྐབས་རྗེས་འཇུག་ང་རུ་འགྱུར་ལ་དེ་བཞིན་དུ་[wog]སྒྲ་ཐོན་པའི་སྣང་ཚུལ་ཡང་ཡོད། འགྱུར་བ་ཅི་འདྲ་བྱུང་ཡང་ཚང་མ་སྣ་སྒྲ་ལས་བརྒལ་མེད། ནང་ཁུལ་གྱི་འགྱུར་བ་ཡིན།
༢ མིའི་མིང་གི་འབོད་སྟངས་ཐད།
ས་ཆ་སོ་སོའི་མིང་གི་འདོགས་སྟངས་དང་འབོད་སྟངས་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད། དབུས་དང་ཨ་མདོའི་བར་ལ་ཁྱད་པར་ཡོད་ལ། འབྲོག་པ་དང་རོང་བའི་བར་ལ་ཡང་ངེས་ཅན་གྱི་ཁྱད་པར་ཡོད། དཔེར་ན། འབྲོག་ཕྱོགས་ནས་ནོར་བཟང་ཆོས་སྒྲོན། ཨོ་རྒྱན་མཚོ་མོ་ལྟ་བུ་ཚེག་བར་བཞི་ཅན་མང་ལ། ཕལ་ཆེར་སྲོག་ཆེན་གྱི་ཡི་གེ་དང་ཆོས་ཕྱོགས་ལ་སྦྱར་བའི་མིང་མང་ཚོད་རེད། རོང་ས་ནས་བན་དེ་འཚོ་དང་ལྕགས་བྱམས་རྒྱལ་ལྟ་བུ། ལྟོས་བཅས་ཀྱིས་ཚེག་བར་གསུམ་ཅན་མང་བ་དང་སྲོག་ཆུང་གི་ཡི་གེ་བཀོལ་བ་མང་། ཡིན་ཡང་རིགས་གཅིག་ཏུ་འདུ་དཀའ་ཚོད་རེད། གཤམ་ནས་རྔོག་རྒྱལ་མོ་དགོན་ས་ཆའི་མིང་གི་སྐོར་ལ་འཇུག་པར་བྱ།
དཔེར་བརྗོད། བཀླགས་གདངས།
མཁར་མོ་ཡག མཁར་མི་ཡག
མགོན་པོ་སྐྱིད། མགོ་འབུ་སྐྱི།
ཀླུ་མོ་རྒྱལ། ཀླུ་མི་རྒྱ།
དཀའ་ཐུབ་ཚེ་རིང་། ཀའ་ཏུམ་ཚེ་རིང་།
སྙིང་མོ་སྐྱིད། སྣོའུ་སྐྱི།
རྔོག་རྒྱལ་མོའི་དགོན་ས་ཆའི་མིང་གི་བཀླགས་གདངས་ལས་ཤེས་ཐུབ། མིང་གང་དེའི་སྔོན་རྗེས་དབྱངས་སོགས་རེ་རེ་ཡི་སྒྲ་གདངས་ཁ་ནང་ནས་གསལ་བོ་མི་བརྗོད་པར་སྒྲ་ཙམ་ཡོང་ཐབས་བྱེད་ཡོད། དེ་ལས་རྔོག་རྒྱལ་མོའི་དགོན་སྐད་ཀྱི་སྒྱིད་ལུག་གི་རྣམ་པ་ཡང་ཤུགས་ཀྱིས་མངོན་ཡོད།
༣ གཅེས་མིང་འབོད་སྟངས་ཐད།
ང་ཚོས་རྒྱུན་པར་མིང་ནས་འབོད་དུས་རྟག་ཏུ་སོར་ཡང་བ་དང་སྟབས་བདེ་བའི་ཆེད་དུ་གཅེས་མིང་དང་བསྡུས་མིང་སོགས་མང་བོ་འབོད། ཡིན་ཡང་ས་ཆ་རེ་ལ་སྐད་རེ་ཞེས་པ་བཞིན་དུ་འབྲོག་པ་དང་རོང་བ། དེ་མིན་རོང་མ་འབྲོག་སོགས་འཚོ་བ་རོལ་སྟངས་མི་གཅིག་པ་དང་བསྟུན་སྐད་ཆའི་གདངས་དང་། སྦྱོར་སྟངས་ཡང་མི་འདྲ་བ་སྣ་ཚོགས་འབྱུང་དང་བྱུང་ཟིན། དེ་བཞིན་དུ་འབྲོག་བར་དུ་མིའི་གཅེས་མིང་འབོད་སྟངས་དེ་ལ་ཡང་སྒྲ་ལྕི་མིན་དང་སྐད་ཆའི་གནས་བབས་དང་བསྟུན་ནས་འབོད་སྲོལ་རེ་བྱུང་ཡོད། སྤྱིར་ཨ་མདོའི་སྐད་དེ་དམག་གི་སྐད་ཡིན་ཞེས་བརྗོད་པ་དང་དེའི་ནང་ནས་ཡང་རོང་བའི་སྐད་དེ་དེ་དང་ཆ་འདྲ་བ་མང་བོ་མཆིས། ཁ་ཚོན་གཅོད་དཀའ་ན་ཡང་འབྲོག་པའི་སྐད་དུ་རོང་བ་དང་བསྡུར་ན་ཞེ་ས་བཀོལ་མང་ལ། གཅེས་མིང་འབོད་པ་སོགས་ཅུང་རྒྱུན་འབྱམས་རེད། འབྲོག་པའི་སྐད་དུ་སྲོག་ཆེན་གྱི་ཡི་གེ་བེད་སྤྱོད་པ་མང་སྟེ། དཔེར་ན་བསོད་བྷེ། ལྷ་བྷ། བཀྲ་བྷོ་ལ་སོགས་ལ་མང་ལ། རྔོག་རྒྱལ་མོའི་དགོན་སྐད་དུ་ཡང་རང་སྐད་ཆའི་གནས་བབ་དང་བསྟུན་པའི་མིང་འབོད་སྟངས་རེད་ཡོད་དེ། མོའི་གཅེས་མིང་ཕལ་ཆེར་རྗེས་སུ་ཏེ་སྦྱོར་བ་དང་ཕོའི་མིང་གི་རྗེས་སུ་ལོ་དང་གོ་སོགས་སྦྱོར་བ་མང་། དཔེར་ན།
མོའི་མིང་ལ། ཀླུ་ཏེ། སྒོ་ཏེ། དཀའ་ཏེ། ཡུམ་ཏེ། ལྕགས་ཏེ། འབྲུག་ཏེ། མཁར་ཏེ། སྒྲོ་ཏེ་སོགས་དང་།
ཕོའི་མིང་ལ། རྒྱ་ལོ། ཡག་ལོ སྐྱབས་ལོ། སངས་ལོ། སངས་གོ དཀར་གོ ཁྱི་གོ་སོགས་ལྟ་བུ།
གོང་གསལ་གྱི་མིའི་མིང་དེ་དག་ནི་ས་ཆ་དེ་གའི་ཆེས་རྒྱུན་འབྱམས་སུ་སོང་བའི་མིང་དག་ལས་གདམས་པ་ཡིན། གོང་གི་དཔེ་ལས་ཤེས་གསལ་ལྟར་རོང་འབྲོག་གཉིས་ཀྱི་གཅེས་མིང་འབོད་སྟངས་ལ་ཁྱད་པར་མངོན་གསལ་ཡོད། འབྲོག་པ་ལ་མཚོན་ན་དེ་དག་ངག་ནས་སྦྱོར་དུས་དབུགས་རྒྱུན་ཤིན་དུ་དྲག་པོ་ཡིན་པས་སྲོག་ཆེན་གྱི་ཡི་གེ་བཀོལ་བ་མང་། དེ་ནི་མ་གཞི་འབྲོག་པའི་སྐད་དུ་ནི་ཅུང་ལྷོད་ཆ་ཆེ་བ་དང་སྒྲ་གདངས་ལྕི་བ་སོགས་རང་སྟེང་གི་སྐད་ཀྱི་ཁྱད་ཆོས་དང་འབྲེལ་བ་དམ་ཟབ་ཡོད། རོང་བའི་སྐད་དུ་ཅུང་སྒྲ་ཡང་བ་དང་ངག་ནས་སྦྱོར་དུས་དབུགས་རྒྱུན་ཞན་པས་གཅེས་མིང་འབོད་དུས་ཀྱང་སྲོག་ཆུང་གི་ཡི་གེ་བཀོལ་བ་མང་ངོ།།
དྲུག ཚིག་གི་ཁྱད་ཆོས།
སྐད་བརྡ་ལ་ཕྱོགས་གཅིག་ནས་གཏན་ཆགས་ཀྱི་རང་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་ཀྱི་རང་བཞིན་ཡོད། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་བརྡ་སྤྲོད་ཁྱབ་ཁོངས་དང་སྒྲིག་གཞི་ལ་ཁྱད་པར་ཆེན་པོ་ཞིག་མེད་པར་ཐུན་མོང་གི་ཁྱད་ཆོས་འབུར་ཚུགས་སུ་ཐོན་ཡོད། སྒོས་སུ་ཡུལ་སྐད་གཅིག་གི་ནང་ཁུལ་དུའང་ཁྱད་པར་ཆུང་བས་བོད་སྐད་བརྡ་སྤྲོད་ཀྱི་ཚད་གཞིའི་སྟེང་ནས་ཨ་མདོའི་ཡུལ་སྐད་ཀྱི་སྤྱིའི་ཁྱད་ཆོས་དང་འདྲ་ལ། གཞན་སྐད་ཀྱི་བསྲེས་བསླད་ཉུང་ཞིང་སྔོན་གྱི་རྣམ་པ་མང་དུ་གནས་པ་མངོན་སུམ་གྱིས་གྲུབ་ཡོད། དེ་མི་འདྲ་བའི་ཆ་ནི་གཙོ་བོ་ཚིག་གི་སྦྱོར་སྟངས་སོགས་ནས་མཚོན།
༡ འུ་སེ་དང་ལེ་ཡི་བཀོལ་ཚུལ།
རྔོག་རྒྱལ་མོའི་དགོན་སྐད་དུ་ལ་ཡིག་ལ་དབྱངས་གང་རུང་སྦྱར་ཏེ་བཀོལ་སྲོལ་ཁྱབ་ཆེ། ལེ་ནི་ཚིག་དུམ་གང་རུང་དེའི་བར་དང་མཇུག་ཏུ་སྦྱོར་བ་ཞིག་ཡིན། ང་ཚོའི་ཨ་མདོའི་ཁ་སྐད་མང་ཆེ་ཕྱོགས་ནས། དཔེར་ན། པེ་ཅིན་ནས་མང་ང་བསྡད་ནི་ཡ་ཞེས་པ་རྔོག་རྒྱལ་མོའི་དགོན་སྐད་དུ་པེ་ཅིན་ནས་བསྡད་ལེ་བསྡད་ལེ་ཞེས་བརྗོད། གཤམ་ནས་དེའི་སྐོར་ལ་འཇུག་པར་བྱ།
དཔེར་བརྗོད། བཀླགས་གདངས།
འགྲོ། འི་སས་འགྱོ།
ཡུན་རིང་བསྡད་པ། བསྡད་ལེ་བསྡད་ལེ།
གང་ལ་སོང་བ་ཡིན་ནམ། ག་སོའུ་ལེ།
ཅི་ལྟར་བྱ། འུ་སས་ཆས་དགོ་ལེ།
མང་བོ་ཡོད་པ། ཡོད་ལེ་ཡོད་ལེ།
ཧ་ཅང་ཡག་པ། ཡག་ལེ་ཡག་ལེ།
༢ ལ་དང་ལོ་ཡི་བཀོལ་ཚུལ།
ལོ་དང་ལ་གཉིས་ནི་སྐད་ཆའི་ཚིག་དུམ་གང་རུང་དེའི་མཇུག་ཏུ་སྦྱོར་བ་ལས་སྔོན་ཏུ་བཀོལ་སྲོལ་མེད། དེ་མིན་དུས་གསུམ་གྱི་ཁྱད་པར་ཡང་གསལ་བོ་ཞིག་མི་འདུག གཤམ་ནས་དེའི་སྐོར་ལ་འཇུག་པར་བྱ།
དཔེར་བརྗོད། བཀླགས་གདངས།
འུ་ཡོད། འུ་ཡོད་ལོ།
ནུས་སམ། འུ་བ་ལོ།
འུ་ཆོག འུ་ཆོག་ལོ།
སོང་ངམ། འུ་སོའུ་ལ།
ཡོང་ངམ། འུ་ཡུས་ལ།
དཔེར་བརྗོད་ལས་མཐོང་ཐུབ་པ་ལྟར། རྔོག་རྒྱལ་མོ་དགོན་ས་ཆའི་སྐད་ཀྱི་ནང་དུ་འུ་སས་ཞེས་བའི་ཚིག་འདི་བཀོལ་བ་ཅུང་རྒྱ་ཆེ། ཅུང་འཚིག་པ་ཟ་བ་དང་ཡང་ན་ཐབས་མེད་པའི་འོག་ནས་ད་གཟོད་བཀོལ། ཡིག་སྐད་ཀྱི་ཁྲོད་ནས་དེ་ན་ཞེས་པ་དེ་རེད་སྙམ། ལེ་དང་ལོ་ནི་ཕ་རོལ་བར་དྲི་བ་འདོན་པའམ་ལན་སློག་སྐབས་དབྱེར་མེད་དུ་སྤྱོད། དཔེར་ན། ཟ་མ་ད་རུང་ཟོ་ཞེས་བཤད་དུས་ད་བཟའ་ས་མེད་གི། ཟོས་ལེ་ཟོས་ལེ་ལྟ་བུ། ལོ་ནི་ལན་སློག་པའི་སྐབས་སུ་སྦྱོར། ལ་ནི་འདྲི་ཡུལ་དངོས་མེད་པར་གཞན་དང་གྲོས་འདེབས་དུས་བཀོལ།
༣ ད་དང་བོང་། རྒྱོ་སོགས་ཀྱི་བཀོལ་སྟངས།
སྤྱིར་ད་ནི་ད་ལྟ་བ་སྟོན་པའི་ཚིག་ཅིག་ཡིན་མོད། རྔོག་རྒྱལ་མོ་དགོན་སྐད་དུ་ད་ནི་དུས་གང་རུང་དུ་སྤྱོད། དཔེར་ན། ད་མི་རིག་གི་ཞེས་པའི་སྐབས་ད་ལྟ་བ་དང་།མ་རིག་ད་ཞེས་པའི་སྐབས་སུ་འདས་པའི་དོན་ལ་འཇུག འུ་རིག་ད་ཞེས་པའི་སྐབས་སུ་མ་འོངས་པའི་དོན་ལ་འཇུག བོང་ནི་བྱ་ཚིག་ཡིན་མིན་དང་དོན་ཅི་ཞིག་སྟོན་པ་གོར་མ་ཆག་མོད། རྔོག་རྒྱལ་མོའི་དགོན་སྐད་དུ་བཀོལ་ཁྱབ་ཆེ་ལ། དུས་གསུལ་ལས་ད་ལྟ་བ་ཁོ་ནར་སྦྱོར། རྒྱོ་ནི་ཡིན་རྒྱུ་རེད་ལྟ་བུའི་སྐབས་ཀྱི་རྒྱུ་ཡི་ཨུ་སྒྲ་འགྱུར་ནས་ཨེ་སྒྲ་རུ་ལོག་པའི་སྣང་ཚུལ་ཞིག་རེད་སྙམ། དེ་ཡང་མ་འོངས་པ་ལས་དུས་གཞན་དུ་སྦྱོར་སྲོལ་མི་འདུག་གོ།
བདུན། ཡུལ་སྐད་རང་སྟེང་གི་རྒྱུན་བཀོལ་མིང་ཚིག
ཡུལ་སྐད་ཀྱི་ཁྱད་ཆོས་གཙོ་བོ་ནི་ཚིག་ཕྲད་དང་ཐ་སྙད་ཀྱི་ཆ་ན་ཡོད་པས་གཤམ་ནས་རྔོག་རྒྱལ་མོའི་དགོན་སྐད་དུ་ཆེས་རྒྱུན་འབྱམས་སུ་སོང་བའི་མིང་དང་ཚིག་འགའ་དངོས་དཔེར་དྲངས་ཏེ་བརྗོད། ཡང་གཅིག་ནས་རྔོག་རྒྱལ་མོའི་དགོན་ཡུལ་སྐད་ཀྱི་ཐུན་མིན་ཁྱད་ཆོས་ལ་སྔར་བས་བག་ཆགས་དང་དོ་འཁུར་གྱི་ཆེད་དུ་དངོས་སུ་བཀོལ་བ་ཡིན།
དཔེར་བརྗོད། བཀླགས་གདངས།
སྔ་དྲོ། འོ་རེ།
དོ་དགོང་། དུར་དགོའུ།
སྲིང་མོ། སྲིས་བོང་།
འོ་མ། འོང་བ།
འུ་ཚང་། འུག་བས།
ཚ་བོ། ཚད་བོའུ།
ཁ་སང་། ཁར་ཙ།
ཉི་མ། ནོང་བ།
ད་ལོ། དོ་ཙིག
བྱིས་པ། བྱད་ཡུས།
གོང་གསལ་ལས་ཤེས་ཐུབ་པ་སྟེ། རྔོག་རྒྱལ་མོའི་དགོན་ས་ཆའི་ཡུལ་སྐད་དུ་སྐད་བརྡའི་ཆོས་ཉིད་ཀྱི་འགྱུར་ཚུལ་དང་མི་མཐུན་པ་མང་པོ་ཡོད་སྟེ། དེ་དག་ཐམས་ཅད་ནི་ངག་ལ་ཅི་བདེ་དང་ཟོར་ཅི་ཡང་གི་སྒོ་ནས་སྨྲས་པ་ཤ་སྟག་ཡིན་ཏེ། དཔེར་ན། ཚང་ལྟ་བུར་མཚོན་ན་ཁྱིམ་ཚང་ཞེས་བརྗོད་པའི་སྐབས་སུ་ཚ་ལྟར་འདོན་ལ། འུ་ཚང་ཞེས་བའི་སྐབས་སུ་བས་ཞེས་བརྗོད་ལ། ཚང་མ་ཞེས་བརྗོད་དུས་བསྡབས་དེ་ཞེས་བརྗོད་པ་ལྟ་བུ། འདི་དག་ནི་གང་ཞིག་ནས་འཁྱེར་ཡོང་བའམ་གང་ཞིག་ལ་གཞི་བཅོལ་བ། ཡང་ན་གང་ཞིག་ལ་ལད་ཟློས་བྱེད་པ་བདག་གིས་ཅིས་ཀྱང་ཤེས་མི་ནུས་བས་འདིར་བརྗོད་པ་ཡང་མཐར་གཏུགས་ན་ང་ལ་རོགས་རམ་ཞིག་གི་ཚུལ་དུ་སྤེལ་བ་ཡིན་ནོ།།
མཇུག་སྡོམ།
དེང་སྐབས་ས་ཆ་སོ་སོའི་ཡུལ་སྐད་དག་ཡིག་སྐད་དང་བསྡུར་ན་སྒྲ་གདངས་དང་ཐ་སྙད་བཅས་ཕྱོགས་སོ་སོ་ནས་ཁྱད་པར་ཆེན་པོ་བྱུང་ཡོད། གནའ་བོའི་བོད་སྐད་ཀྱི་སྒྲ་ལ་སྔོན་འཇུག་དང་མགོ་ཅན། འདོགས་ཅན། དབྱངས། རྗེས་འཇུག་དང་ཡང་འཇུག་གི་སྒྲ་ཇི་བཞིན་ཐོབ་ཐུབ་ཡོད། དེང་སྐབས་ཡུལ་སྐད་མང་ཤོས་ཀྱི་ཁྲོད་ནས་དེ་དག་གི་སྒྲ་རིམ་བཞིན་ཉམས་ནས་ཐོན་མི་ཐུབ་པ་རེད། བོད་ཡིག་བཟོ་པའི་ཐོག་མར་བོད་སྐད་ཀྱི་སྒྲ་གདངས་ལ་གཞིར་བཟུང་ནས་སྒྲ་གདངས་ལྟར་ཡིག་གཟུགས་གཏན་ལ་ཕབ་པ་ཡིན་པ་རྡོ་རིང་ཡི་གེ་སོགས་ལས་གསལ་བོ་རྟོགས་ཐུབ། ཡིན་ནའང་། དེང་སྐབས་ཡུལ་སྐད་སོ་སོའི་སྒྲ་གདངས་ཐོག་མར་རྙིག་འཛིང་ནས་སྟབས་བདེ་དང་། སྒྲ་ལྡན་ནས་སྒྲ་མེད། གསལ་བྱེད་ཀྱི་བུ་སྒྲ་མཐའ་མ་རིམ་གྱིས་ཉམས་པ་མང་བོ་ཡོད། སྤྱིར་བཏང་དུ་སྐད་ཆ་འགྱུར་ལྡོག་གི་འཕེལ་ཕྱོགས་གཅིག་སྟབས་བདེའམ་ཟུར་ཆག་ན་ཕྱོགས་གཞན་དེ་ཇེ་ཞིབ་ཇེ་མང་དུ་འཕེལ་བ་རེད།
མདོར་ན། དེང་སྐབས་རྔོག་རྒྱལ་མོ་དགོན་ས་ཆའི་ཡུལ་སྐད་ཁྲོད་ནས་སྐད་ཀྱི་སྒྲ་གདངས་དང་མིང་། ཚིག་སོགས་རྙོག་འཛིང་ནས་སྟབས་བདེར་གྱུར་དང་འགྱུར་བཞིན་ཡོད་པ་དང་། བོད་སྐད་བྱིངས་ན་མཐོང་དཀོན་པ་ཡང་གོང་ནས་ངོ་སྤྲོད་ཞུས་ཟིན་པ་གནང་བཞིན་ཡུག་སྐད་དང་བསྡུར་ན་ཁྱད་པར་ཆེན་པོ་བྱུང་ཡོད་དོ།།
དཔྱད་གཞིའི་ཡིག་ཆ།
(༡) དུང་དཀར་བློ་བཟང་འཕྲིན་ལས། ༼ བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།༽ [M ] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ལོ། ཤ37
(༢) གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་གཙོ་སྒྲིག་བྱེད་པའི་༼ དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག༽ [G]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན། ཤ 53
(༣) རྔོག་བཀྲ་ཤིས་དང་རྔོག་རུ་བས་འཚོལ་སྡུད་དང་སྒྲིག་རྩོམ་བྱས་པའི་༼ ཕ་སའི་ངག་རྒྱུན་ལས་མེས་པོའི་བྱུང་བ་འཚོལ་བ།༽ ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ཤ12-43
(༤ ) ས་པཎ་ཀུན་དགའ་རྒྱལ་མཚན་༼ མཁས་པ་ལ་འཇུག་པའི་སྒོ༽ [M] མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོ།ཤ 96
(༥) སུམ་བྷ་དོན་གྲུབ་ཚེ་རིང་༼ བོད་ཀྱི་ཡུལ་སྐད་རྣམ་བཤད༽ [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༦ ཤ128
(༦) ལྕགས་ཐར་རྒྱལ། ༼ བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༥ལོའི་དཔར། ཤ ༢༨
(༧) གཙོས་གྲོང་ཁྱེར་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་མདོར་བསྡུས༽ [G]ཤ21
(༨)陈原 《语言和人》[M]商务印书馆 2003年3月P62.
(༩)མ་ངེས་གྲགས་པ་རྒྱ་མཚོ་༼ ཀླུ་སྟོད་ཀྱི་ལོ་རྒྱུས༽ [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ67
(༡༠)多吉才旦等《先祖行踪》[G]西藏藏文古籍出版社,2016 年 11 月 p35.
(༡༡) 周毛草《玛藏语研究》民族出版社,2004 年,第 36 页
(༡༢)华侃《藏语安多方言词汇》甘肃民族出版社,2002 年第 35 页
(༡༣)马学良《汉藏语概论》民族出版社,2003 年,第 126 页
(༡༤)དཔའ་རིས་སངས་རྒྱས། ༼ བརྡ་སྤྲོད་གསལ་བྱེད་ངག་སྒྲོན།༽ [M ]མཚོ་སྔོན་མི་རིགས་དཔེ་སྐྲུན། ༡༩༨༨ལོའི་ཟླ་༦ ཤ96.
(༡༥) ཧྭ་ཁན་དང་བསོད་ནམས་ཚེ་རིང་། ༼ སྐད་བརྡ་རིག་པའི་སྤྱི་བཤད༽ [G ]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༡༡ ཤ 65.
ཟུར་ལྟའི་དཔེ་ཆ།
(1)ངག་དབང་ཆོས་དར། ༼ ཨ་མདོའི་ཁ་སྐད་ཚིག་མཛོད༽ [G ]ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། ༡༩༨༠ལོའི་ཟླ༡༡
(2)ཚེ་བརྟན་ཞབས་དྲུང་།༼ ཐོན་མིའི་ཞལ་ལུང་།༽ [M ]ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། ༡༩༨༠ལོའི་ཟླ་༡༡
(3) ཤེས་རབ་རྒྱ་མཚོ་༼ མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་དྲི་མེད་ཤེལ་དཀར་མེ་ལོང་།༽ [M ]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
(4)དཔའ་རིས་བློ་གྲོས། ༼ བོད་ཀྱི་ཡིག་སྐད་གོ་བདེར་གཏོང་བའི་སྐོར་གྱི་ཕྱོགས་ལྷུང་འགའ༽ [D ]དཔའ་རིས་བློ་གྲོས་ཀྱི་དཔྱད་རྩོམ་གཅེས་བསྡུས། ༢༠༠༠ལོའི་ཟླ༡༢པ།
(5)ལྕགས་ཐར་རྒྱལ། ༼ ཨ་མདོའི་ཡུལ་སྐད་ཀྱི་ཁྱད་ཆོས་དང་འབྱུང་རྐྱེན་སྐོར་རགས་ཙམ་བཤད་པ༽ [D ]ཀྲུང་གོ་བོད་རིག་པ། ༢༠༠༣ལོའི་ཟླ༣པ།
(7) ཚེ་ལོ།༼ རྒྱ་སྐད་ཀྱིས་ཀན་ལྷོའི་གཙོས་ས་ཆའི་བོད་སྐད་ལ་ཐེབས་པའི་ཤུགས་རྐྱེན་གྱི་སྐོར་རགས་ཙམ་གླེང་བ༽ [D ]བླ་སྲོག ༢༠༡༡ལོའི་ཟླ་༨པ།
(8)杨琳《甘南藏语方言内语音差异的混沌性解释》[D ]甘肃高师学报 第 15卷 第 4 期。
(9)华凯 《甘南夏河、玛曲藏语中复辅音声母比较》 [D ]西北民族大学学院学报 1984 年第 4 期
(10)华侃 安多藏语«夏河话»中的同音词 [D ]《 民族语文》1985 年第期
(11)南嘉才让《藏语书面语和各方言的关系》 [D ] 《 民族语文》1985 年第期
(12)桑吉苏奴《 从三大方言的比较来研究藏语共同话的确立》[D ]《 民族语文》1985 年第期
(13)江羊东知 《拉卜楞藏语与其他民族语言接触产生的影响和变化》[D ]《 民族语文》1985 年第期
(14)华侃 《 安多藏语声母的几种特殊变化》 [D ] «民族语文»1983 年第 2 期
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།