སེམས་གཞས་ལྕི་མོ།
ཆེམ་ཆེམ་འཕྲོ་བའི་སྐར་ཚོགས་རེ་ཟུང་གིས།།
ཡུལ་འདིར་སྨག་རུམ་མུན་པ་མཐའ་ནས་བསུས།།
ཁེར་རྐྱང་སྐྱོ་བས་མནར་བའི་གདུང་བ་དེ།།
སྙན་ངག་ལམ་ནས་དྲངས་བར་རང་དབང་ཅི།།
འུར་འུར་ལྡང་བའི་གྲང་རླུང་ཆེ་དྲགས་པས།།
གཉིད་སྒོའི་བདེ་བ་འཕྲོག་པའི་གཤེད་དུ་འགྱུར།།
དེའི་ཚེ་མིག་ཟུང་ཟླ་བར་འཕངས་པས་ན།།
རི་བོང་དེ་ཡང་འཇམ་པོའི་གཉིད་ལ་གནས།།
ཕྱི་རོལ་ལྕང་མ་གཡོ་བའི་ཡམ་ཡོམ་དང།།
ཁྱི་རྒན་ཀུ་ཅོ་འདོན་པའི་ཟུག་རྔུ་ཡིས།།
དྲོད་མེད་མལ་དུ་ལུས་ཕུང་གཞུ་ལྟར་ཡང།།
གཉིད་ཀྱི་གླ་བ་གློ་བུར་བྲོས་པ་སྐྱོ།།
གང་དེའི་སྐྱོ་གདུང་ཟུག་གཟེར་ཚ་བ་དང།།
འབྱུང་བཞིའི་རླུང་དེ་ངར་གྱིས་ལྡང་བ་ཡིས།།
སྨྲེང་སེམས་ལྕི་མོས་རང་ཉིད་གཅིག་པོ་རུ།།
སྙན་ངག་ཚིག་འབྲུ་བསྲེགས་ཏེ་དྲོད་ལ་རེ།།
༢༠༡༠ལོར་བྲིས།
རྩོམ་ཁུངས། ངེད་དྲ་བ།