མག་མོག་གི་རེ་སྙེག
མདུན་གྱི་རི་བོ་དེ་སྨུག་པས་བསྒྲིབས་འདུག།
ཕྲ་རགས་གཟུགས་ཕུང་གི་དབྱེ་བ་མི་གསལ།།
གསུང་སྐད་སྙན་མོ་ཞིག་རྣ་བས་ཐོས་ཀྱང་།།
མིག་གིས་ཅི་བཞིན་ཞིག་མཐོང་ཐབས་མ་ལྡན།།
མོག་མོག་ནམ་ཟླ་འདི་ཇི་ལྟར་རུབ་ཀྱང་།།
འདུ་ཤེས་གསལ་བོ་ཡིས་མདུན་ལམ་འཚོལ་ཡོད།།
མུན་ཁྲོད་ཁ་དོག་དེ་རྟོགས་པར་དཀའ་ཡང་།།
གྲུ་བཞི་ཟླུམ་པོ་སོགས་ལག་པས་ཤེས་ཐུབ།།
རེ་བ་སྣུམ་པོ་ཞིག་སེམས་སུ་བཅུག་ནས།།
ཚོར་བ་རྣོན་པོ་ཡིས་མདུན་ལམ་འཚོལ་སྐབས།།
སྤོབས་པ་གསོན་པོ་ཡིས་སྔུན་ནས་ཁྲིད་དེ།།
གཅིག་སྤོས་གཉིས་སྤོས་ཀྱི་མདུན་ལ་ཆས་ཡོད།།
རང་སྔུན་ལྟ་བྱེད་ཀྱི་མིག་ཟུང་མེད་ན།།
གཞན་གྱིས་བཤད་ཚད་ནི་བདེན་པར་མ་ངེས།།
ཕྱོགས་ལྷུང་བསླུ་བྲིད་ཀྱི་སྐད་ཆ་མང་བས།།
མདུན་ལམ་འཕྱུག་མེད་ཅིག་འཚོལ་རྒྱུར་དཀའ་འོ།།
མིག་མཐོང་ལག་ཟིན་གྱི་བདེན་རྟགས་མེད་ཀྱང་།།
སྡོང་ལོ་ཆུར་ལྷུང་གི་ཅལ་སྒྲ་ཐོས་ཚེ།།
འདི་ན་མང་པོ་ཞིག་ཡར་འདྲོག་མར་འདྲོག།
དོན་མེད་རེ་དོགས་དེ་གཅིག་སྐྱེས་གཉིས་སྐྱེས།།
དྭངས་གསལ་མཁའ་དབྱིངས་ཀྱི་ཟླ་འོད་དཀར་པོ།།
དག་གཙང་མཚོ་མོ་ཡི་ངོས་སུ་འཆར་ཚེ།།
མཁའ་དབྱིངས་ཟླ་བ་ལས་རིན་ཐང་ཆེ་འདི།།
དཔྱད་པ་མ་རྫོགས་པའི་ལྟ་བ་རྐྱང་རྐྱང་།།
གསལ་ལ་མི་གསལ་བའི་གསང་བའི་སྐད་ངག།
བདེན་ལ་མི་བདེན་པའི་སྐད་ཆ་མང་པོ།།
འདི་ཡིན་འདི་མིན་གྱི་རེ་དོགས་སྣ་ཚོགས།།
ཡུན་ཐུང་རྨི་ལམ་གྱི་གསང་བ་མིན་འགྲོ།།
མ་དག་འབག་གཙོག་ཀྱི་མཆིལ་ལྷམ་གྱོན་ནས།།
གནས་ལུགས་ཤོག་དཀར་དེ་རྡོག་རྫིས་གཏོང་ན།།
ཐོབ་བྱའི་རེ་བ་དེ་ཇེ་ཆུང་ཇེ་ཆུང་།།
འགལ་འདུའི་ཕུང་པོ་དེ་ཇེ་ཆེ་ཇེ་ཆེ།།
འཆི་མེད་ལྷ་ལམ་ནས་ཅང་ཤེས་བཅིབས་ཏེ།།
མེ་ཏོག་དཀར་པོ་ཞིག་ལག་པས་འཐུས་ནས།།
དྲི་བསུང་མྱོང་བ་ཡི་ཉམས་ཤིག་འཆར་དེ།།
མདང་སུམ་རྨི་ལམ་གྱི་འཆར་ཆ་ཡིན་ནམ།།
རི་བོ་གཟར་ས་ནས་དབབ་རྡོ་འགྲིལ་ཚེ།།
གཞོལ་ནས་མཐུ་སྣེ་དེ་བཙན་གྱིས་བཟེད་ན།།
གླེན་པའི་དཔའ་རྟགས་ཀྱི་ལོ་རྒྱུས་མ་གཏོགས།།
ཐོབ་བྱ་ཕུན་ཚོགས་ཤིག་རྙེད་པར་མི་སྲིད།།
ལྷག་བསམ་བུམ་བཟང་ལ་བདུད་རྩི་བླུགས་ཏེ།།
ལྷད་མེད་བདེན་དོན་གྱི་བསང་ཆུ་བསྒྲུབས་ནས།།
མ་དག་འཐེན་འཁྱེར་ལ་ལན་གཅིག་བྲན་ན།།
དྭངས་གསལ་བཞིན་རིས་དེ་ཕལ་ཆེར་མཐོང་སྲིད།།
རྩོམ་ཁུངས། ངེད་དྲ་བ།